ཀོས་ནན་བྱ་མདོའི་ཡུལ་གྱི་ལོ་སར་རོལ་སྟངས་རགས་ཙམ་གླེང་བ། ཀོས་ནན་བྱ་མདོའི་ཡུལ་གྱི་ལོ་སར་རོལ་སྟངས་རགས་ཙམ་གླེང་བ། ཚེ་བྷོ།(མཚོ་ལྷོ)   བྱ་མདོ་ཞང་ནི་མང་ར་གཡང་རྫོང་གི་བྱང་ཕྱོགས་སུ་ཡོད་ལ། བྱ་གཞུང་ནི་མདོ་སྨད་མང་འབའ་བྱ་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ཚུན་བྱ་གཞུང་ཡིན་ལ། ས་འདིའི་མིང་ཆགས་ཚུལ་ལ་བཤད་རྒྱུན་གཉིས་ཡོད་པ་ལས། དང་པོ་ནི། སྨར་ཁམས་སྡེ་བ་ཡུལ་འདིར་ཐོག་མར་ཆགས་དུས། སྨར་ཁམས་སྔགས་མང་གིས་ཡེ་ཤེས་མགོན་ཁྱུང་དཀར་མོའི་ཚོས་ཐོག་ཚོགས་ནས་ཁྱུང་གདན་འབེབ་ཀྱི་སྐབས་སུ། བྱ་རྒྱལ་ཁྱུང་ཆེན་ཞིག་གིས་དངོས་སུ་དུག་སྦྲུལ་ཞིག་ཁུར་ནས་བྱ་གཞུང་ལུང་བའི་ནང་གྱེནདུ་འཕུར་ཡོང་ནས་རི་བོ་ཁྱུང་བབས་སའི་རི་བོ་དེའི་ངོས་སུ་སྨན་རྩྭ་མོད་པས་རི་བོ་ཁྱུང་སྨན་ཞེས་མིང་ཆགས་པར་གྲགས། གཉིས་པ་ནི། སྨར་ཁམས་སྔགས་མང་གིས་མོ་བྱ་དྲུག་འདེབས་པས། མོ་བྱ་དྲུག་གི་བྱ་དྲུག་པོའི་མིང་ས་མིང་དུ་བཏགས་ཏེ་བྱ་དྲུག་གི་མིང་གི་སྒོ་ནས་བྱ་གཞུང་ཞེས་མིང་ཆགས་པར་བཤད། ཡུལ་ཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་ལྷག་ཡོད་ལ། གཙོ་བོ་ཞིང་ལས་གཉེར་ཞིང་མངའ་ཁོངས་སུ་སྡེ་བ་བཅོ་ལྔ་ཡོད་དེ། གོ་རི་མདོ་སྡེ་བ། ཤུག་ཉལ་སྡེ་བ། སྡོང་གཞུང་སྡེ་བ། བ་གླང་གད་པ་སྡེ་བ། གླེགས་ཤིང་སྡེ་བ། མཚེ་ཐང་སྡེ་བ། སྤྲེལ་ནག་སྡེ་བ། ར་རྫ་སྡེ་བ། གྲོགས་ར་སྡེ་བ། གུར་ལྷས་སྡེ་བ། གདོང་རིང་སྡེ་བ། སྡེ་མང་སྡེ་བ། ཚ་རྔ་སྡེ་བ། དགོན་ཐང་སྡེ་བ། བོན་སྐོར་སྡེ་བ་བཅས་སོ། ལོ་སར་གྱི་འབྱུང་ཁུངས། བོད་ཀྱི་ཡུལ་གྲུ་ནི་ཧ་ཅང་རྒྱ་ཆེ་ཞིང་། ས་ཆ་སོ་སོའི་གནམ་གཤིས་དང་ཡུལ་སྲོལ། ཆོས་ལུགས་ཀྱི་གྲུབ་མཐའ་སོགས་མི་འདྲ་བས། དུས་ཆེན་ཡང་མི་འདྲ་བ་མང་པོ་ཡོད་ལ། ལོ་སར་ཞེས་པ་ནི་ལོ་གཅིག་གི་ལོ་མགོ་གསར་དུ་ཤར་བ་ལ་ཟེར་བ་ཡིན། རང་རེའི་བོད་དུ་ལོ་མགོ་འཛིན་ཚུལ་ལ་བཞད་པ་མི་འདྲ་བ་བརྒྱད་ཡོད་པར་གསུངས་ཀྱང་ལོ་གསར་གཏོང་ཚུལ་ཁྱབ་ཆེ་བ་བཞི་ཡོད་དེ། བོད་ཟླ་དང་པོའི་ཚེས་གཅིག་ལ་ལོ་མགོ་འཛིན་པའི་རྒྱ་ལོའི་ལོ་གསར་དང་། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་མགོ་འཛིན་པའི་སོ་ནམ་ལོ་གསར། ཟླ་བཅུ་གཅིག་པའི་ལྟོགས་བླའི་ལོ་གསར། ཟླ་བཅུ་བའི་ལོ་གསར་བཅས་ཡོད་པ་ལས། རྒྱལ་པོ་ལོ་སར་དང་སོ་ནམ་ལོ་སར་གཉིས་ནི་ད་ལྟ་མདོ་དབུས་ཁམས་གསུམ་ན་དར་ཆེ་བའི་ལོ་སར་གྱི་དགའ་སྟོན་ཞིག་ཡིན་ལ། འོ་ན། ལོ་སར་འདི་གཉིས་ཀྱི་འབྱུང་ཁུངས་དང་དར་ལུགས་ཙམ་བསྡུས་པར་བརྗོད་ཚེ། རྒྱལ་པོ་ལོ་སར་ནི་བོད་ཟླ་དང་པོའི་ཚེས་གཅིག་ནས་ཡིན་ཅིང་། ལོ་སར་འདིའི་བྱུང་ཚུལ་ནི་དུས་རབས་བཅུ་གསུམ་པའི་དུས་མགོར་ཧོར་ཇིང་གིར་རྒྱལ་པོས་བོད་ལྗོངས་དབང་དུ་བསྡུས། ལོ་དེར་སྟེས་དབང་གིས་རྒྱ་ནག་ཧོང་ལི་དང་ས་སྐྱའི་ལོ་ཐོ་ལྟར་གྱི་ཟླ་ཚེས་གཅིག་དུ་ཁེལ་ཡོད་པར་བརྟེན། བོད་ཟླ་དང་པོ་ལ་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས་ནས། ཧོར་ཟླ་དང་པོའི་ཚེས་གཅིག་དེ་རྒྱལ་པོ་ལོ་སར་དུ་གཏན་ཁེལ་བྱས། དེ་ནས་བཟུང་བོད་ཁྲི་སྐོར་བཅུ་གསུམ་དང་མདོ་སྟོད་སྨད་བར་གསུམ་གྱིས་རྒྱས་སྤྲོས་ཆེ་ཆུང་ཙམ་མ་གཏོགས་ལོ་སར་འདི་རོལ་བར་བྱེད། ལྷག་པར་དུ་མདོ་སྨད་ཀྱི་ས་ཆ་མང་ཤོས་ཀྱིས་རྒྱལ་པོ་ལོ་སར་འདི་མ་གཏོགས་ལོ་སར་གཞན་མི་རོལ། ཨ་མདོའི་ས་ཁུལ་ནས་འདི་ལ་རྒྱ་ལོ་ལོ་སར་ཡང་ཟེར། སོ་ནམ་ལོ་སར་ནི་བོད་ཟླ་༡༢ཚེས་༡ཉིན་གཏོང་། རྒྱལ་པོ་ཁྲི་སོང་ལྡེ་བཙན་གྱི་དུས་གྱིན་ཤང་ཀོང་ཇོས་ཁྱེར་འོང་བའི་བར་འགྱུར་གསལ་སྒྲོན་སྦས་བཅས་ཅན་གྱི་ལུགས་ཞེས་པའི་རྩིས་གཞུང་ཞིག་བོད་དུ་འགྱུར། དེ་དུས་བོད་ཟླ༡༢ཚེས་༡ཉིན་དེ་ཏག་ཏག་རྒྱ་ནག་གི་སོ་ནམ་དུ་ཁེལ་འདུག དེ་ནས་བཟུང་བོད་ཀྱིས་ཀྱང་ལོ་རེའི་བོད་ཟླ༡༢ཚེས༡ཉིན་སོ་ནམ་ལོ་སར་རོལ་མགོ་བརྩམས། དུས་ཆེན་འདི་ལ་ཀོང་ཇོ་ཕྱི་མའི་ལུགས་ཞེས་ཀྱང་ཟེར། ལོ་སར་འདི་ནི་དབུས་གཙང་ཕྱོགས་ཀྱི་ཡུལ་གྲུ་ཀུན་དང། སྟོད་མངའ་རིས་ཁུལ་གྱི་བྱང་ཐང་འབྲོག་པ་སོགས་ཀྱིས་ཤིན་ཏུ་རྒྱས་པོ་གཏོང་སྲོལ་ཡོད། འདི་ལ་བོད་ཀྱི་ལོ་སར་ཡང་ཟེར་ལ་ད་ལྟ་མདོ་སྨད་དུའང་རོལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་སར་ལ་རོལ་སྟངས། དེ་བས་བྱ་གཞུང་ནས་ཀྱང་མདོ་སྨད་ཀྱི་བོད་པ་བྱིངས་དང་འདྲ་བར་ཧོར་ཟླའི་རྒྱ་ལོ་ལོ་གསར་གཏོང་བའི་སྟ་གོན་ལ་འཇུག་པ་ཡིན་ཏེ། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུའི་ཉིན་དུད་པ་རྒྱག་པ་ཞེས་མ་ཁང་གཙོ་བྱས་པའི་ཁང་པའི་དུད་རྡུང་སྤྲུགས་ལ། སྔོན་དུ་ཁྱིམ་གྱི་ཅ་ལག་སྒུལ་སླ་བ་ཡོངས་རྫོགས་ཕྱི་ལ་སྐྱེལ་ཏེ་ཐོག་མར་ཁྱིམ་གྱི་བདག་མོས་གསར་དུ་བསྡོམས་པའི་རྩི་ཏོག་གི་ཕྱགས་མ་རིང་མོ་ཞིག་གིས་ཐབ་གདུང་གི་ངོས་སུ་དཔྱངས་པའི་དུད་པ་རྣམས་དལ་བུར་གཡས་ལན་གསུམ་གཡོན་ལན་གསུམ་སྤྲུགས་རྗེས་ད་གཟོད་དུད་སྤྲུགས་ཀྱི་མགོ་རྩོམ་ལ། དུད་སྤྲུགས་ནི་ལོ་རེར་ཐེངས་གཅིག་ལས་མི་བྱེད་པ་དང་། དེ་ནི་ལོ་གཅིག་ལ་མ་ཁང་གི་ཐབ་ཏུ་མེ་བཏང་སྟེ་དུད་དྲེག་ཆགས་པ་དེ་གཙང་སྤྲ་ཐེངས་གཅིག་བྱས་པ་ཡིན། ཀ་གདུང་། གནམ་གཅལ། རྩིག་ལྡེབས་བཅས་ཀྱི་དུད་རྡུལ་གཙང་མར་ཕྱགས་རྗེས་གད་སྙིགས་སྣོན་དུ་བླུགས་ཏེ་དགོང་དྲོའི་དུས་སུ་ལོ་དེའི་ལོ་ལྷའི་ལྡོག་པའི་ཕྱོགས་སུ་གཏོར། ཉིན་དེའི་དགོང་ཇར་དུད་ཉོག་ཅེས་འདིར་དར་བའི་ཟར་ཉོག་གམ་སྲན་ཉོག་གང་རུང་གཡོ་བའང་ཡོད། ཚེས་ཉེར་བཞི་ཉིན་ནི་ཐབ་ཀར་འཇིམ་བག་འབྱུག་པའི་ཉིན་མོ་ཡིན་ཅིང་། ཉིན་དེར་ཐབ་ཀ་ལས་གཞན་རྩིག་ལྡེབས་སུ་ཀ་རགས་ཀྱང་འབྱུག་པ་ཡིན་ནོ། ཚེས་ཉེར་ལྔ་ནས་བཟུང་གོ་དམར་འཚོད་པ། ལོ་གསར་ལ་མཁོ་བའི་ཉོ་ཆ་སྒྲུབ་པ། ལྭ་བ་གསར་བ་འཚེམ་བཟོ་སོགས་གང་མཁོ་ཚགས་སུ་ཚུད་པར་བྱེད། ཉེར་དགུ་ཉིན་བུད་མེད་རྣམས་མགོ་འཁྲུད་ཅིང་སྐྲ་བསླ། སྐྱེས་པ་རྣམས་ཀྱི་སྐྲ་བཞར། དགོང་མོར་ཁྱིམ་མི་ལྷན་འཛོམས་ཀྱིས་དགུ་ཐུག་ལ་རོལ། དགུ་ཐུག་གི་དོན་ནི་ཐུག་པ་ལ་རྫས་དགུ་འཛོམས་པས་དགུ་ཐུག་དང་། ཚེས་ཉེར་དགུའི་ཉིན་གྱི་ཐུག་པ་ཡིན་པས་དགུ་ཐུག་ཅེས་བཤད་ཚུལ་གཉིས་ཡོད་དེ། རྫས་དགུ་ནི་ཤ་དང་། ཕྱུར་བ། ལ་ཕུག གྲོ་མ། སྔོ་ཚོད། གྲོ་ནས་སྲན་གསུམ། ཚྭ་བཅས་བགྲང་པ་ཡོད་དོ། འབའ་གཞུང་དུ་དགུ་ཐུག་ལ་རྫས་ཚང་དགོས་པའི་བཤད་སྲོལ་མེད་མོད། དགུ་ཐུག་གི་ཐུག་པ་གཙོ་བོ་ནི་ཧུབ་རིང་སྐེད་དཀྲིས་མ་དང་། ཤ པིན་ཤི་སོགས་བསྐོལ་སྲོལ་ཡོད། ཚོམ་ཕྲུག་ནང་དུ་ཚྭ་དང་། སུར་པན། སྒོག་པ་སོགས་ཀྱི་ནང་སྙིང་ཡོད་པ་བཟོས་ཏེ་དེ་སུའི་དཀར་ཡོལ་དུ་བྱུང་ན་ནང་སྙིང་གི་ནུས་པ་ལྟར་མི་དེའི་གཤིས་ཀ་ལ་དཔྱད་པའི་སྲོལ་ཡོད། གནམ་གང་ལ་གོ་སྡེར། ཤ་སྡེར། ཀ་རའི་སྡེར་ཁ་སོགས་གྲ་སྒྲིག་བྱེད་ཅིང་། ཁྱིམ་གྱི་ལྷ་རྟེན་མདུན་དུ་ཙོལ་རི་དང་ཀ་ར་གསབ་པའི་ཙོལ་སྡོང་བསླངས་ཏེ་མཆོད་བཤམས་བྱེད། མཁར་སྟེང་ཡོངས་རྫོགས་ལ་ཆབ་རོམ་གྱི་ཕྲེང་བས་མཆོད་པ་བཤམས། མཚན་མོའི་ཆུ་ཚོད་གཅིག་ཙམ་ནས་མལ་ལས་ལངས་ཏེ་བསང་གཏོང་། ཤོག་སྦག་འགད། གྱོ ན་ཆས་གསར་བ་གྱོ ན། རྒྱན་ཆ་འདོགས། གྲལ་ལ་ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་བསྒྲིག  ཆང་གི་རྒྱ་མཚོ་བསྐྱིལ། ལྷ་རྟེན་ཆོས་གསུམ་ལ་མཆོད་པ་བཤམས་ཏེ་ཕྱག་འཚལ། ཁྱིམ་གྱི་ཕ་མ་ལ་ཕྱག་འབུལ་བ་དང་། རྒན་པས་ལོ་གསར་གྱི་ཁ་གཡང་འབོད། ལོ་གསར་སྐྱེལ་བ་ཞེས་རྒན་པའི་མདུན་ལ་ལོ་གསར་གྱི་སྐྱེས་འབུལ་དུ་འགྲོ་བ་དང་། ཚུར་ལོ་གསར་སྐྱེལ་འོང་མཁན་རྣམས་ལ་ལོ་སྐལ་སྟེར། ལོ་ཕྱག་འབུལ་སྐབས་ཀྱི་ཁ་གཡང་འབོད་པ། ཚེས་གཅིག་ནས་བཅོ་ལྔའི་བར་ལོ་གསར་ལ་རོལ་ཅིང་། བག་མ་གཏོང་ལེན། གྱ་སྟོན། མདའ་རྩེད། བུ་མོར་སྐྲ་ཕབ། གླུ་ལེན་རྩེད་མོ་སོགས་འདིའི་དུས་བྱེད་པ་ཡིན་ཡང་། རྩེད་མོ་འདི་དག་གི་ཁྲོད་དུ་མདའ་རྩེད་བྱེད་པ་ནི་བྱ་མདོའི་ལོ་གསར་སྐབས་ཀྱི་ཆེས་རྩེད་མཚར་ལྡན་ཞིང་དགའ་བསུ་ཐོབ་པའི་ལོ་སར་གྱི་ལྟད་མོའི་རྣམ་པ་ངོ་མཚར་བ་ཞིག་ཡིན། མདའ་རྩེད་ཀྱི་སྐོར། བྱ་མདོའི་ཡུལ་ཚོ་འདིར་མཚོན་ན་མདོ་སྨད་ཙོང་ཁའི་ལྷོ་རྒྱུད་ཀྱི་དཔའ་ལུང་ཁ་སྒང་དང་གཅན་ཚའི་ཉིན་སྲིབ་གཉིས་ནས་མཆེད་པའི་བུ་རྒྱུད་ཡིན་པས། མདའ་མོའི་སྒྱུ་རྩལ་ནི་གནམ་ལོ་གསར་བའི་དུས་ཏོན་ཁྲོད་ཀྱི་རྩེད་མོ་ངོ་མཚར་བ་ཞིག་ཡིན་ལ། ཡུལ་མི་ཀུན་གྱིས་ཆེས་དགའ་བསུ་ཐོབ་པའི་ཁར་མདའ་རྩེད་ལ་ཞུགས་པའི་མི་གྲངས་ཆེས་མང་ཞིང་མདའ་སྟོན་གྱི་རྣམ་པ་རྒྱ་ཆེ་ལ་གླུ་ལེན་གར་རྩེད་ཀྱི་ལྟད་མོ་ངོ་མཚར་བ་ཡོད་པས། འདིར་བྱ་མདོའི་ཡུལ་གྱི་ལོ་སར་རོལ་སྟངས་གླེང་སྐབས། ཡུལ་དེའི་ལོ་སར་སྐབས་ཀྱི་མདའ་མོའི་སྒྱུ་རྩལ་དེ་མ་གླེང་རང་གླེང་རེད། དེ་ན་གཤམ་དུ་བྱ་མདོའི་ལོ་སར་སྐབས་ཀྱི་མདའ་རྩེད་ཇི་ལྟར་རོལ་བ་གླེང་ན། མདའ་རྩེད་ཀྱི་རྒྱ་ཆུང་ཆེ་བའི་སྐབས་ནི་རྒྱ་ལོའི(ཧོར་ཟླ་དང་པོ)ནང་ཡིན། ཐོག་མར་སྡེ་བ་དང་སྡེ་བའི་བར་མདའ་རྩེད་བྱེད་འདོད་ཡོན་ན་ཆང་དང་ཁ་བཏགས་བཟུང་ནས་ཕན་ཚུན་འབྲེལ་འདྲིས་བྱས་ཏེ་ཉི་མ་དང་སྐར་མ་ཐག་གཅོད་བྱེད་པའི་ལམ་ལུགས་ཡོད། མི་དེ་ཕྱིར་རང་སྡེ་ནང་དུ་ཡོང་ནས་མདའ་འཕེན་གྱི་འབྲེལ་འདྲིས་བགྱིས་པའི་རྒྱུ་མཚན་རྒན་པ་དང་སྡེ་དཔོན་རྣམས་ལ་ཞུས་དགོས་པ་དང་། དེ་ནས་མདའ་རྩེད་བྱེད་ཐུབ་པའི་རྒན་དར་གཞོན་གསུམ་རྣམས་བསྡུས་ཏེ་ཚོགས་འདུ་ཚོགས་པ་དང་། མཚན་སྙན་མཐོ་བའི་རྒན་པོའམ་ཁ་ལས་ཅན་གྱི་དར་མ་ཞིག་མདའ་དཔོན་ལ་གདམ་པ་དང་། དཀར་བསང་དམར་བསང་མཆོད་ནས་ཡུལ་དེའི་ཡུལ་ལྷ་གཞི་བདག་དང་དགྲ་ལྷ་ཝེར་མ་རྣམས་ལ་མཆོད་པ་ལས་གཞན་ད་དུང་ལོ་རིས་སྤར་ཁ་བཏབ་ནས་ཚོགས་སྟེང་དུ་མ་བུ་ཁྲིད་མཁན་གྱི་མི་ཐག་གཅོད་བྱེད་དགོས། ལུགས་སྲོལ་ལྟར་ན་མ་བུ་ཁྲིད་མཁན་དེར་ངེས་པར་དུ་རང་ལ་མ་ཡོད་དགོས་པ་དང་བུ་ཁྲིད་མཁན་ལ་ངེས་པར་དུ་བུ་ཡོད་དགོས་པ་ཞིག་ཡིན། མདའ་བ་རྣམས་སྡེ་བ་གཞན་ལ་མདའ་རྩེད་བྱེད་དུ་འགྲོ་བའི་ནངས་མོར། སྡེ་བའི་ནང་གི་སྔགས་པས་རྩིས་བྱས་པའི་དུས་ཚོད་ལྟར་མ་ནི་ཁང་དུ་ཐོན་དགོས་པ་དང་། ཁྱིམ་ནས་འགྲོ་ཁར་ཟས་གྱ་ནོམ་པ་ཞིག་ཟས་རྗེས་ཞྭ་དང་གོས་ཚར་གྱོ ན་པ་དང་མདའ་ལག་ཏུ་བཟུང་རྗེས་ཨ་མས་ཤུག་བདུག་བྱས་ནས་སྐྱེལ་མ་བྱེད་དགོས་པ་དང་། མདའ་བ་དེར་ཨ་མ་མེད་པ་ཞིག་ཡིན་སྲུང་ཆུང་མས་ཤུག་བདུག་བྱ་དགོས། དེ་ནས་མ་ནི་ཁང་དུ་ཐོན་རྗེས་སྔགས་པས་དགྲ་ལྷ་སྐོར་བ་དང་དགྲ་ལྷ་སྐོར་རྗེས་མདའ་བ་རྣམས་ཀྱིས་སྐ་རགས་ལྷོད་མི་རུང་དང་ཞྭ་ཕུད་མི་རུང་བའི་སྲོལ་ཡོད་ལ་ཁ་ནས་ཡུལ་ལྷ་བསྐང་བ་རྒྱུན་མི་ཆད་པར་འདོན་པའི་དཔེ་ཡང་ཡོད། གཞན་དགྲ་ལྷ་སྐོར་དུས་མ་ཐོན་པའི་མདའ་བའམ་མི་གཞན་པ་མ་ཁྲིད་མཁན་གྱིས་མ་ཁྲིད་ནས་མདའ་བ་རེ་འགས་མདའ་འཕངས་རྗེས་མ་གཏོགས་མདའ་བའི་གྲལ་དུ་ཞུགས་མི་ཆོག་པ་རེད། སྡེ་བ་གཞན་པར་ཐོན་ནས་སྐུ་རའི་ནང་དུ་མ་ཐོན་ཡར་སྔོན་ལ་ཚང་མའི་ལྷན་དུ་ཀི་རིང་ཐེངས་མང་ལ་གཏོང་བ་དང་ཆབས་ཅིག་མཉམ་དུ་རྐང་པ་སར་རྡུང་བའི་སྲོལ་ཡོད། སྐུ་ར་དུ་ཐོན་རྗེས་སྡེ་བ་དེས་ལས་ཡོད་པའི་འཇལ་འབེན(ཨ་མ་ཡང་ཟེར)མདའ་བ་ཚོས་རྡོག་བརྫིས་བྱས་ནས་བཤིག་རྗེས་ཡང་བསྐྱར་འཇལ་འབེན་བཟོ་བ་ཡིན། མདའ་འཕེན་འགོ་བརྩམས་དུས་ཐོག་མར་གཉེན་ཚང(སྡེ་བ་གཞན་དུ་ཡོང་བའི་མདའ་བ་དག་ལ་ཨ་ཞང་ཚང་དང་སྡེ་བའི་དེའི་མདའ་བ་དག་ལ་གཉེན་ཚང་ཚང་ཞེས་འབོད་སྲོལ་ཡོད)ཚང་གི་འཕེན་པ་དང་མ་ཁྲིད་རྣམ་གཉིས་ཀྱིས་འཕངས་རྗེས་རང་རང་གི་སྐུ་ཡ་གདམ་ནས་རིམ་བཞིན་འཕེན་པ་ཞིག་ཡིན། ཉིན་དེར་མདའ་འཕངས་ཚར་རྗེས་གཉེན་ཚང་ཚང་གི་རང་རང་གི་སྐུ་ཡ་ཁྲིད་དེ་རང་གི་ཁྱིམ་དུ་སོང་ནས་ཟས་མགྲོན་ཆང་མགྲོན་བྱེད་པ་དང་། དགོང་མོར་སྡེ་བ་དེའི་གཞུང་ཁང་དུ་སོང་ནས་གླུ་ལེན་གར་རྩེད་བྱེད་པ་ཞིག་ཡིན། ། New Year's Festivals subjects 6011 For more information about this term, see Full Entry below.Subjects CollectionsTibetan and Himalayan CollectionsFestivals of TibetFull EntryRelated Subjects (1)Related Texts (2)Related Audio-video (4) Games in Tibet subjects 6220 For more information about this term, see Full Entry below.Subjects CollectionsTibetan and Himalayan CollectionsRecreation in TibetFull EntryRelated Subjects (1)Related Audio-video (12)Related Images (7)Related Texts (1) Amdo subjects 1079 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanCultural and Environmental GeographyPlacesTibetFull EntryRelated Subjects (1)Related Texts (24)Related Sources (5) Tsolho Tibetan Autonomous Prefecture places 1173 For more information about this term, see Full Entry below.Feature Type Autonomous Prefecture (China)Places EarthAsiaChinaQinghaiFull EntryRelated Subjects (1)Related Places (205)Related Texts (119)Related Audio-video (192)Related Images (631)