མགར་ཐར་གྱི་ངོ་སྤྲོད་མདོར་བསྡུས། མགར་ཐར་ནི་ཤར་མི་ཉག་རབ་སྒང་གི་དཔུང་བ་རུ་ལྗང་ལེམ་མེར་འཁོད་ནས་ཡོད་པའི་གྲུ་ག་ཞིག་དང་། འབྲོག་རོང་འདྲེས་མའི་བོད་ཀྱི་སྲོལ་རྒྱུན་གྱི་ཡུལ་གྲུ་རྣལ་མ་ཞིག་ཡིན། མགར་ཐར་ཞེས་པའི་མིང་འདི་ཡི་ནང་དོན་ནི་ངག་རྒྱུན་ལྟར་ན། དེ་ཡང་དམངས་ཁྲོད་ཀྱི་བཤད་སྲོལ་ཞིག་ལ། སྔོན་བཙན་པོ་ཁྲི་སྲོང་བཙན་གྱི་བློན་ཆེན་མགར་དམ་པ་རྒྱ་ཡུལ་ནས་བྲོས་ནས་ཡོང་སྐབས། ཡུལ་འདི་ནས་རྗེས་དེད་ཀྱི་དམག་ལས་ཐར་སོང་བས་ན། མགར་དམ་པ་ཐར་པའི་གནས་སམ་མགར་ཐར་ཞེས་སུ་གྲགས། གཞན་མགར་དར་དང་གྷ་ཐག་སོགས་ཀྱང་འབྲི་སྲོལ་ཡོད་པ་མ་ཟད། མགར་དར་ནི་བོད་བློན་མགར་གྱི་རུས་རྒྱུད་དར་ས་ཡིན་པ་དང་གྷ་ཐག་ནི་མི་ཉག་གྷ་དང་འབྲེལ་ཡོད་རབས་འདུག ད་དུང་མགར་ཐར་ནི་རིག་གནས་དང་སྔོན་གྱི་ས་མིང་ཡིན་པས་དེང་གི་སྲིད་འཛིན་ཁྱབ་ཁོངས་ཞི་བདེ་ཤང་གི་ས་ཁྱོན་ལས་བརྒལ་ཏེ་ཉེ་འཁོར་གྱི་སྡེ་བ་གཞན་མང་པོ་ལ་ཁྱབ་པར་གྲགས།     དགོན་པ་དང་ལྷ་ཁང་། མདོ་ཁམས་མགར་ཐར་བྱམས་པ་གླིང་ནི་སྤྱི་ལོ༡༧༣༠ལོར་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ཡིས་ཕྱག་བཏབ་པའི་དགེ་ལུགས་པ་ཡི་དགོན་ཆེན་ཞིག་རེད། དགོན་པ་དེ་ནི་མགར་ཐར་ཡུལ་གྱི་རིག་གནས་དང་སློབ་གསོ་ཡི་ལྟེ་གནས་ཆེན་ཤོས་དེའོ།། མགར་ཐར་དགོན་པ་ལ་བཤད་གྲྭ་སློབ་གསོ་ཆ་ཚང་བ་ཞིག་ཡོད་པ་མ་ཟད། ལོ་མང་པོ་ཡི་རིང་དགོན་པ་དེས་སྐྱ་བོ་ཡི་སློབ་གསོའང་སྐྱོང་། ༢༠༡༧་ཙམ་ནས་བཟུང་དགོན་པའི་མི་སྐྱ་སློབ་གསོ་ལ་གཞུང་གི་ཆོག་མཆན་མ་སྤྲད་པས་མཚམས་འཇོག་དགོས་བྱུང་རུང་། དགོན་པ་དང་དགེ་འདུན་པ་སྤྱི་སྒེར་གཉིས་ནས་བོད་ཡིག་སློབ་སྦྱོང་ལ་རྒྱབ་སྐྱོར་གནང་གི་འདུག   མགར་ཐར་ནི་སྤྱི་ལོ་༡༨༣༨ལོར་འཁྲུངས་བའི་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ཡི་འཁྲུངས་ཡུལ་ཡིན་པས། དེང་གི་མན་ཆོད་སྡེ་བ་ན་རྒྱལ་བ་གཟིམ་ཁང་ཞེས་པའི་ལྷ་ཁང་ཆུང་ཆུང་ཉམས་དགའ་བ་ཞིག་ཡོད། རྒྱལ་བ་རིན་པོ་ཆེའི་ཐབ་རྡོ་དང་མ་ཎི་རང་བྱོན། དཔལ་ལྡན་ལྷ་མོའི་དྲེལ་གྱི་རྨིག་རྗེས་སོགས་གནས་ཆེན་རྩ་ཆེན་འགའ་ད་བར་མཇལ་རྒྱུ་ཡོད། ད་དུང་རྒྱལ་བ་མཁས་འགྲུབ་རྒྱ་མཚོ་ཡིས་གཏེར་ལས་བཏོན་པར་གྲགས་པའི་གྲུབ་ཆུའམ་ནད་རིགས་འདྲ་མིན་ལ་ཕན་པའི་སྨན་ཆུ་རྩ་ཆེན་ཞིག་རྒྱལ་བ་གཟིམ་ཁང་གི་མདུན་རིའི་འདབས་སུ་ཡོད།  མར་ཁུ་ཆུ་མིག་ཅེས་པའི་ཆུ་མིག་ཁྱད་པར་བ་ཞིག་ཡོད། མིང་དེ་ཐོགས་དོན་ནི་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་མ་ཡུམ་ཀྱིས་རྒྱལ་དབང་མངལ་ལ་སྦྲིམ་དུས། ཤིང་འཐུ་བར་སོང་ནས་ལམ་བར་དུ་ཆུ་མིག་ཞིག་གི་འགྲམ་དུ་ངལ་གསོས་ཏེ་ཆུ་འཐུང་བར་བྱེད་དུས་ཆུ་མིག་མར་ཁུར་གྱུར་པར་གྲགས།   རྒྱལ་བ་གཟིམ་ཁང་གི་མདུན་རི་དག་ལ་ཤིང་རིགས་སྣ་ཚོགས་སྐྱེས་ཡོད། དེ་ལ་དགོན་པའི་ནགས་ཚུལ་ཞེས་ཡུལ་མི་ཚོའི་གཅོད་སྲོལ་མེད།     རི་བོ་དང་ཆུ། སྤྱིར་བ་མགར་ཐར་གྱི་ཡུལ་གྲུའི་ཆགས་ཚུལ་ནི་ཕྱོགས་མཚམས་ཀུན་དུ་རི་བོ་ཆེ་ཆུང་་གིས་བསྐོར་ནས་ཡོད་པའི་གཞུང་བ་ཞིག་གི་དབྱིངས་སུ་མཐོང་བའི་ཡུལ་གྲུ་ཞིག་ཡིན། དེ་བས། རི་བོ་མང་ལ་ཀུན་གྱི་མིང་ངེས་ཅན་ཞིག་མི་འདུག  ཡིན་ཡང་། སྡེ་བ་རེ་རེར་སོ་སོའི་གཞི་བདག་ཡོད་ལ་ཡུལ་གྲུ་ཡོངས་ལ་སྤྱིའི་གཞི་བདག་ཡོད། དགོན་པ་ལྟེ་བ་བྱས་ནས་བཤད་ན། མདུན་རི་བཀྲ་ཤིས་རྟགས་བརྒྱད་དེ་རྒྱང་ནས་བལྟས་ན་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་སུ་མཐོང་བའི་རི་བོ་ཆུང་ཆུང་བརྒྱད་ལྷག་ཡོད། གཡས་སུ་གཙོ་བོར་ཆག་ནང་སྡེ་བའི་གཞི་བདག་འབུལ་ལོ་སྒང་། སྨན་རྩྭ་སྣ་ཚོགས་སྐྱེས་ཡོད་པའི་སྨན་རི། མན་ཆོད་སྡེ་བའི་གཞི་བདག་མཐོ་ཡས་མ། རྒྱལ་བ་མཁས་གྲུབ་རྒྱ་མཚོའི་གཞི་བདག་བཀྲ་ཤིས་རྫོང་རྒོད། མགར་ཐར་ཡུལ་སྤྱིའི་གཞི་བདག་ལྕམ་མ་དུང་ཕྲེང་། སྒ་ཆག་ལ། གཡོན་དུ་སྐུ་ཞབས་ལབ་ཙེ། རྒྱལ་བ་སྐལ་བ་རྒྱ་མཚོའི་གཞི་བདག་རྨ་ཆེན་འབུམ་ར་ཞེས་པ་ཡིན་སྐད། ལི་ཐང་ལའང་གཞི་བདག་དེ་ཡོད་པར་གསུང་། རྒྱབ་རི་ལྷ་གཡག བྲག་དམར་སྒང་། ༼དེར་རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྒྲུབ་ཕུག་ཅིག་ཡོད་སྐད།༽ རྟ་ར་ཐང་སོགས། ཆུ་གཙོ་བོ་ནི་མགར་ཐར་བྱམས་པ་གླིང་གི་གཡས་ཕྱོགས་སུ་བཞུར་བའི་ཆུ་ཆེན་ཁ། སྨན་རི་ལུང་ནས་གནས་གཟིག་ཕུག་ནས་འབབ་པའི་ཆུ་ལ་གནས་གཟིག་ཆུ། རྒྱལ་བ་གཟིམ་ཁང་གི་མདུན་ཕྱོགས་སུ་འབབ་པའི་གློ་འབབ་ཆུ།  ཆུ་བོ་འདི་གསུམ་པོ་གསུང་ནང་ལ་ཐུག་ནས་མཉམ་དུ་བཞུར་གྱིན་ཡོད།   ༢༠༠༨་ལོ་ཡི་ཞི་བདེ་ཡུལ་ཚོའམ་ཤང་གི་སྲིད་འཛིན་གྱི་ཡིག་ཆ་ལྟར་ན་ཡུལ་ཚོ་འདི་ལ་སྲིད་འཛིན་སྡེ་བ་དང་ས་ཁྱོན་སོགས་གཤམ་གསལ་ལྟར་འདུག དེང་སྐབས་སྲིད་གཞུང་གིས་ཞི་བདེ་ཤང་(协德乡)ཞེས་འབོད་ཀྱིན་འདུག། ཡིན་ཡང་ཞི་བདེ་ཞེས་པའི་ས་མིང་དེ་ནི་གཞུང་ཡིག་གི་ནང་ཙམ་ལས་བཀོལ་ཆེན་པོ་མི་འདུག འདུས་སྡེ་དེང་སང་གི་ཁྱབ་ཚུལ་མདོར་ཙམ་བཤད་ན། ཞི་བདེ་ཤང་ནི་སྲིད་འཛིན་སྡེ་བ་དྲུག་དང་རུ་ཁག་ཆུང་༡༧ལས་གྲུབ་ཅིང་། སྲིད་འཛིན་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་༣༤༠.༥། རྨོ་ཞིང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༦.༦༨༠༠༠༥། རྩྭ་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༡༩༣.༤༣བཅས་ཡོད། ཁྱོན་བསྡོམས་དུད་ཁྱིམ་༥༢༥དང་མི་འབོར ༢༤༢༩ལྷག་ཡོད།   ཆག་ནང་། (街村)རྒྱ་ཆག་ནང་ཡང་ཟེར། རྒྱུ་མཚན་ནི་སྔོན་དུས་རབས་བཅོ་བརྒྱད་པའི་ནང་དུ་རྒྱ་ནག་ཆན་ལུང་གོང་མའི་དུས་སུ། རྒྱ་མི་སྐོར་ཞིག་དེར་ཡོང་ནས་གནས་བཅའ་ནས་འདུག་སྐད། དེང་རབས་ཀྱང་རྒྱ་མིའི་རུས་ཡོད་པའི་ཁྱིམ་ཚང་འགའ་འདུག སྡེ་བ་འདི་ནི་ཤང་གི་ལྟེ་གནས་ཡིན།  སྡེ་བ་ཡོངས་ལ་ས་ཞིང་ཁྱོན་སྨི་གྲུ་བཞི་མ༡༣༠༠༦༥༠། ས་ཞིང་ནགས་སྒྱུར1གྱི་ཁྱོན་སྨི་གྲུ་བཞི་མ༤༤༢༦༢༡། རྩྭ་སའི་ཁྱོན་སྨི་གྲུ་བཞི་མ་༡༨༤༣༥༣༣༣བཅས་ཡོད་ལ། དུད་ཁྱིམ༧༩་དང་། མི་གྲངས་༣༢༣ཡོད།2 ཞི་བདེ་ཤང་ལྟེ་བའི་སློབ་ཆུང་ནི་སྡེ་བ་འདིའི་ནང་དུ་ཆགས་ཡོད།      ད་སྐབས་སློབ་མ་གཉིས་བརྒྱ་ལྷག་ཙམ་ཡོད་ལ། འདི་ནི་ཤང་ཡོངས་ཀྱི་སློབ་གྲྭ་གཅིག་ཁོ་ན་དེ་ཡིན་པས། མགར་ཐར་ས་ཆ་ཡོངས་ཀྱི་་བྱིས་པ་རྣམས་འདིར་འདུས་ཀྱིན་ཡོད། ཡིན་ཡང་། སྐྱོ་འོས་པ་ཞིག་ལ། སློབ་གྲྭ་འདིའི་བོད་སྐད་ཡིག་གི་སློབ་གསོ་ཧ་ཅང་ཞེན་རྐྱེན། ལོ་དྲུག་གི་སློབ་ཐར་ཕྱིན་ཀྱང་གསལ་བཤད་སུམ་ཅུའི་སྦྱོར་ཀློག་ཡང་དག་ཞིག་ཀྱང་མ་ཤེས་ནས་ཕ་མ་ཚོ་ཡིད་མུག་པའི་གནས་སུ་སྐྱེལ་པ་མི་ཉུང་བ་འདུག ཤང་གི་འཕྲོད་བསྟེན་ལྟེ་གནས།      རྒྱ་སྨན་ཁང་ཞིག་ཡིན། ནུབ་ལུགས་སྨན་རིགས་ལས་བོད་སྨན་འཚོང་གིན་མི་འདུག ནད་པའང་མང་ཆེ་བ་ཆམ་ནད་འགོས་མཁན་དག་རེད། སྨན་པ་དང་སྨན་གཡོག་སོགས་ཁྱོན་ལས་བྱེད་མི་གསུམ་འདུག 先锋村 སྲིད་འཛིན་སྡེ་བ་འདི་ནི་ཡོངས་དགེ། གཟིམ་ཁང་ཐོག་མ། གཟིམ་ཁང་ཞབས་མ་དང་ཕན་ཚུན་གྲོང་བཅས་རུ ཁག་བཞི་ལས་གྲུབ་ཅིང་། རྒྱུན་པར་སྲོལ་རྒྱུན་ལྟར་རུ་ཁག་སོ་སོའི་མིང་ནས་འབོད་པས་སྲིད་འཛིན་སྡེ་བ་ལ་བོད་མིང་ཞིག་མི་འདུག 先锋ནི་གདོང་ལེན་གྱི་དོན་ཡིན་ཞིང་རྗེས་སོར་གསར་དུ་བཏགས་པའི་རྒྱ་མིང་ཞིག་རེད། སྡེ་བ་ཡོངས་ལ་ས་ཞིང་ཁྱོན་སྨི་གྲུ་བཞི་མ ༡༤༨༠༧༤༠། ས་ཞིང་ནགས་སྒྱུར་གྱི་ཁྱོན་ནི་སྨི་གྲུ་བཞི་མ༥༦༣༣༤༨། རྩྭ་སའི་ཁྱོན་སྨི་གྲུ་བཞི་མ་༢༠༢༥༨༤༧༨བཅས་ཡོད། ཤང་ལྟེ་གནས་ལས་1.3kmགྱི་མཚམས་སུ་ཡོད། མགར་ཐར་བྱམས་པ་གླིང་གཡས་གཡོན་གཉིས་སུ་ཆགས་ཡོད། དུད་ཚང་༡༠༡དང་མི་གྲངས༤༩༨ཡོད། ཡན་ཆོད་ཁག 上农村 སྡེ་བ་འདི་ནི་རུ་ཁག་ཆུང་བ་རྒྱ་སྒོ་ལུང་མདའ། ལྕགས་མོ་ཁ། བ་ཤས་ཁ་སོགས་ལས་གྲུབ་ཅིང་། ཡན་ཆོད་ཁག་ཟེར་དོན་ནི་མགར་ཐར་བྱམས་པ་གླིང་གི་སྟག་རྒྱབ་བམ་ཡན་ཕྱོགས་སུ་ཡོད་པས་ན། དགོན་པའི་ཡན་ཆོད་ཀྱི་རུ་ཁག་དག་ལ་ཟེར་བས་སོ།།  སྡེ་བ་ཡོངས་ལ་ས་ཞིང་ཁྱོན་སྨི་གྲུ་བཞི་མ ༩༣༠༤༦༥(930465)། ས་ཞིང་ནགས་སྒྱུར་ གྱི་ཁྱོན་སྨི་གྲུ་བཞི་མ༩༦༥༢༡༥.༧། རྩྭ་སའི་ཁྱོན་སྨི་གྲུ་བཞི་མ་༣༩༧༨༠༥༩༤བཅས་ཡོད།   ཤང་ལྟེ་གནས་ལེ་བར་བཞིའི་བར་ན་ཡོད། དུད་ཚང་༡༠༠དང་མི་འབོར༥༣༡ཡོད། མགར་ཐར་ལ་ཁ། 上牧村 སྤྱིར་མགར་ཐར་ལ་ཁ་ནི་མགར་ཐར་ཡུལ་གྱི་ཕྱོགས་མཚམས་ཀྱི་འབྲོག་ཡུལ་ཡོངས་ལ་ཟེར། དེ་དག་དུད་ཚང་ཅུང་ཉུང་ལ། ལ་ལུང་སོ་སོར་ཐོར་ནས་གནས་ཡོད། ཁྱིམ་ཚང་༥༢་དང་མི་འབོར་༢༢༥ལྷག་ཡོད། རྩྭ་ས་ནགས་སྒྱུར་གྱི་ཁྱོན་སྨི་གྲུ་བཞི་མ༦༦༧༠༠་དང་། རྩྭ་སའི་ཁྱོན་ནི་སྨི་ གྲུ་བཞི་མ༦༢༦༠༥༨༦༧ལྷག་ཡོད། མན་ཆོད་རུ་ཁག་དང་པོ། 下一村 སྲིད་འཛིན་སྡེ་བ་འདི་ནི་གསུང་གནང་། འབྲེང་བ། ཆུ་ཁ་གྲོང་དང་རང་འཐག་ཁ་སོགས་རུ་ཁག་འགའ་ལས་གྲུབ་ཡོད་ལ། སྔོན་ཆད་ཡིན་ན་མན་ཆོད་ལ་རུ་ཁག་དང་པོ་དང་གཉིས་པའི་དབྱེ་ཚུལ་མེད། མན་ཆོད་ནི་ཡན་ཆོད་ནང་བཞིན་མགར་ཐར་བྱམས་པ་གླིང་གི་མན་ཕྱོགས་སུ་ཡོད་པས་ན་ལྟོས་འཇོག་གི་དགོས་ནས་བཏགས་པ་ཞིག་རེད།   ས་ཞིང་ཁྱོན་སྨི་གྲུ་བཞི་མ ༡༦༤༧༤༩༠། ས་ཞིང་ནགས་སྒྱུར་གྱི་ཁྱོན་སྨི་གྲུ་བཞི་མ༧༥༠༤༤༡.༧། རྩྭ་སའི་ཁྱོན་སྨི་གྲུ་བཞི་མ་༢༤༣༨༡༠༣༨བཅས་ཡོད། ཤང་ལྟེ་གནས་ནས་ལེ་བར་གསུམ་གྱི་སར་གནས་ཡོད་ལ། ཁྱིམ་ཚང་༡༡༡་དང་མི་འབོར་༥༡༥ཡོད། མན་ཆོད་རུ་ཁག་གཉིས་པ།  下二村 སྡེ་བ་འདི་ནི་གནས་གཟིག་ཕུག ར་མིན་གྲོང་། དཀྱིལ་ཡག གྲོང་མགོ་དང་དཀར་ཁོག་སོགས་ལས་གྲུབ་ཅིང་། ས་ཞིང་ཁྱོན་སྨི་གྲུ་བཞི་མ༡༣༢༠༦༦༠། ས་ཞིང་ནགས་སྒྱུར་གྱི་ཁྱོན་སྨི་གྲུ་བཞི་མ༤༣༥༨༡༧.༨། རྩྭ་སའི་ཁྱོན་སྨི་གྲུ་བཞི་མ་༢༣༠༡༨༦༩༠བཅས་ཡོད། ཤང་ལྟེ་གནས་ནས་ལེ་བར་གསུམ་གྱི་སར་གནས་ཡོད་ལ། ཁྱིམ་ཚང༨༣་དང་མི་འབོར་༣༩༥ཡོད།       ༢༠༠༩་ཡི་ལོ་ལ།་མགར་ཐར་དགོན་པའི་འཁྲིས་ཀྱི་སྤྲུལ་སྐུ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་བཙུགས་པའི་སྒར་འཛུགས་སློབ་ཆུང་ངམ་རེ་བའི་སློབ་ཆུང་ལ་སློབ་མ་༡༢༠ལྷག་དང་དགེ་རྒན༣འདུག སློབ་གྲྭ་དེ་བོད་སྐད་ཡིག་གི་སློབ་གསོ་ལེགས་པས་ཕྲུ་གུ་གཏང་འདོད་ཡོད་པའི་ཁྱིམ་མི་མང་པོ་འདུག ཡིན་ནའང་། དེར་སློབ་ཁང་དང་དགེ་རྒན་སོགས་ཉུང་རྐྱེན་འཚོ་ཚིས་ཞེན་པའི་ཁྱིམ་ཚང་གི་བུ་ཕྲུག་དང་དྭ་ཕྲུག་མ་གཏོགས་འགྲོ་ཐུབ་ཀྱིན་མི་འདུག སྲིད་གཞུང་གི་ཆོག་མཆན་མ་ཐོབ་པས། རྒན་སློབ་ཡོངས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་འདུག དཔེར་ན། སློབ་མ་ཚོས་ལོ་དྲུག་གི་སློབ་གསོ་མྱངས་རྗེས་འབྲིང་རིམ་སློབ་གྲྭ་ལ་འགྲོ་ས་མེད་པ་དང་དགེ་རྒན་ཚོས་སློབ་ཁྲིད་ཀྱི་དཔེ་ཆ་མི་རྙེད་པ་ལྟ་བུའོ། ། ༢༠༡༧་ཡས་མས་ནས་བཟུང་སློབ་གྲྭ་ལ་སྲིད་གཞུང་གི་ཆོག་མཆན་མ་སྦྱིན་པས་སློབ་མཚམས་བཞག་དགོས་བྱུང་།       ^ ས་ཞིང་ནགས་སྒྱུར་ནི་༢༠༠༡ནས་མགོ་ཚུགས་པའི་སྲིད་གཞུང་གི་ལས་གཞི་ཞིག་སྟེ། ཞིང་བ་ཚོས་རྨོ་ཞིང་བསྐྱུར་ནས་སྡོང་བོ་དང་རྩྭ་རྨོ་རུ་བཅུག་ནས། སྲིད་གཞུང་གིས་ཕྱིར་འབྲས་དང་གྲོ་ཕྱེ་སྤྲད་པར་བྱས། ཡིན་ཡང་འབྲས་གྲོ་ནི་ལོ་བརྒྱད་ལ་མ་གཏོགས་མི་སྤྲོད་ལ། རྨོ་ཞིང་ནི་ས་རྒོད་དུ་གྱུར་ཟིན་པས། ཞིང་བ་ཚོ་རྨོ་ཞིང་ཤོར་བའི་ཉེན་ཁའང་འཕྲད་ཀྱིན་འདུག ^ According to 2008 document Places subjects 2603 For more information about this term, see Full Entry below.Subjects Tibet and HimalayasTopicsFull EntryRelated Subjects (7)Related Texts (10)Related Audio-video (6)Related Images (14) Places and Regions in Tibet subjects 6189 For more information about this term, see Full Entry below.Subjects CollectionsTibetan and Himalayan CollectionsFull EntryRelated Subjects (23)Related Texts (1)Related Images (6)Related Audio-video (292) Kham subjects 1082 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanCultural and Environmental GeographyPlacesTibetFull EntryRelated Subjects (1)Related Texts (1) Eastern Tibet (Kham) Collections subjects 5534 For more information about this term, see Full Entry below.Subjects CollectionsFull EntryRelated Subjects (82)Related Texts (1)Related Audio-video (44)Related Images (18767) Zhipdé places 15909 For more information about this term, see Full Entry below.Feature Type Township (without urban registered population), Commune, ADM4Places EarthAsiaChinaSichuanKandzé Tibetan Autonomous PrefectureTauFull EntryRelated Subjects (3)Related Places (3)Related Texts (1)