གཞོན་ནུ་བྱང་ཆུབ་འོད་ཀྱི་རྣམ་ཐར་ས་བོན་འཚོལ་ཞིབ་ཏུ་ཕྱིན་པའི་ཟིན་ཐོ།      གཞོན་ནུ་བྱང་ཆུབ་འོད་ཀྱི་རྣམ་ཐར་ས་བོན་འཚོལ་ཞིབ་ཏུ་ཕྱིན་པའི་ཟིན་ཐོ།                                                   (ཆབ་ཆ) ཨ་ཚ།                                                                                 2015ལོའི་སྤྱི་ཟླ3པའི་ནང་ཁོ་བོས་རང་ཉིད་ཀྱི་བསླབ་རམས་པའི་མཐར་ཕྱིན་དཔྱད་རྩོམ་སྟེ“ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱི་རྣམ་པར་ཐར་བའི་ཐོག་མའི་དཔྱད་གླེང”གི་ཉེར་མཁོའི་རྣམ་ཐར་ས་བོན་འཚོལ་སླད། ཁྲི་ཀའི་འཕྲང་དམར་ཕྱོགས་ཀྱི་ཨ་སྐོང་སྡེ་བར་ཐེངས་དང་པོར་ངོ་བསྐྱོད་བཅར་འདྲིར་ཕྱིན་པ་ཡིན། གཙོ་བོ་བླ་མ་འདིའི་འཁྲུངས་ཡུལ་ཨ་སྐོང་གི་ཆགས་རིམ་ལོ་རྒྱུས་དང་ཀོའུ་བ་ཚང་ཞེས་པའི་བླ་མ་ཚང་འཁྲུངས་སའི་གཞིས་ཤུལ།   ལྷག་པར་ཁོང་ཚང་སྐུ་དངོས་སྒྲུབ་པ་ཉམས་ལེན་དུ་ཕེབས་མྱོང་པའི་སྒྲུ་བ་ཙ་དང་ཤུག་ལྷེ་ནང་ལྟ་བུ་ལ་དངོས་བཅར་རྟོག་ཞིབ་ཀྱིས་སྡོམ་པས་མི་མགོ་བརྒྱད་ལ་བཀའ་འདྲི་བྱས་མཐར། བདག་གི་དཔྱད་རྩོམ་གྱི་སྔ་ཕྱིའི་གཏན་ཚིགས་གྲུབ་པ་ལ་ཁ་ཙམ་མིན་པའི་རྔོ་ཐོགས་པ་བྱུང་། ཡིན་ནའང་།    གཞོན་ནུ་བྱང་ཆུབ་པ་སྐུ་དངོས་ཀྱིས་བཏབ་པར་གྲགས་པའི་ཀོའུ་བ་དགོན་པ་དང་ཁོང་ཚང་འཇའ་ལུས་སུ་གྲོལ་སའི་བྲག་དཀར་རི་ཁྲོད་སོགས་ཀྱི་སྐོར་ལ་ཡིག་ངོ་ཙམ་གྱི་ངོས་ཟིན་རབ་རིབ་ཙམ་མ་གཏོགས་མ་བྱུང་སྟབས། སློབ་གྲྭ[1]འཚོགས་རྗེས་ཀྱི་སྤྱི་ཟླ4པའི་ཚེས10ལ་ཡང་གཅན་ཚ་ཚོ་དྲུག་ནས་ཡིན་པའི་གྲོགས་རྟ་མགྲིན་སྐྱབས་དང་ལྷན་དུ། ཟི་ལིང་གྲོང་ཁྱེར་ནས་སྤྱི་ལེ་བརྒྱ་དང་ཉི་ཤུ་ལྷག་གི་ཆར་ཆགས་པའི་གཅན་ཚར་ཆས་པ་ཡིན། གཤམ་ནས་བདག་གིས་གནས་ཡུལ་མི་འདྲ་བ་གཉིས་ལ་བསྐྱོད་པའི་མཐོང་ཐོས་ཡོད་རྒུ་ཟིན་ཐོའི་རྣམ་པས་ཡི་གེར་དགོད་བསམ་པ་ལ།  མཐའ་དོན་སྣོན་འཕྲི་དང་བླང་དོར་ཅི་རིགས་བགྱིས་ཏེ་འདིར་དོན་ཚན་ཆེན་པོ་གསུམ་གྱི་ལམ་ནས་བརྗོད་པའི་ཁུལ་བྱས་མོད།   དགོས་མེད་ཀྱི་ཚིག་ལྷག་དང་ལུང་རིགས་ཀྱིས་མ་ཆོད་པ་དག་ཀྱང་མང་སྲིད་ན་མཁྱེན་ལྡན་དག་ནས་གང་བདེ་བྱོས་ཞེས་ཀྱང་སྨྲའོ།།                            དང་པོ།  སྐུའི་འཁྲུངས་ཡུལ་ཨ་སྐོང་གི་སྐོར།        གཅིག  དེ་ཡང་ཁྲི་ཀ་རྫོང་མཁར་ནས་གང་དེའི་ཤར་ཕྱོགས་རྒྱུད་ཀྱི་འཕྲང་དམར་ཡུལ་ཚོའི་བར་དུ་ཧ་ལམ་སྤྱི་ལེ་ཉི་ཤུ་ཙམ་ཡོད་ལ།   དེ་ནས་ཡར་རླངས་འཁོར་རམ་འཕྲུལ་རྟས་སྐར་མ་བཅུ་ལྷག་ལ་ཕྱིན་ན་ད་གཟོད་ཨ་སྐོང་སྡེ་བའི་དར་རྡང་མཐོང་ཐུབ། དེ་ནི་ཏག་ཏག་རྣམ་ཐར་དད་པའི་འཇུག་ངོགས་སུ“དབུས་གཙང་དང་བལ་བོ་སོགས་སུ་མཁས་གྲུབ་དང་པཎ་ཊི་ཏ་དུ་མ་ལ་མདོ་སྔགས་དུ་མ་སྦྱངས་པའི་བཤེས་གཉེན་ཆེན་པོ། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་འོད”[2]ཀྱི་འཁྲུངས་ཡུལ་ཏེ་བྲག་དགོན་པའི་བཞེད་ལུགས་ལྟར་ན“ཨར་སྐོང”[3]དུ་སྐད་པ་དེའོ།།(ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ཚིགས་བཅད་མ་ལས།“ཡུལ་གངས་ཅན་ཤར་གྱི་ཕྱོགས།། མདོ་སྨད་ཁྲི་ཀའི་ཨར་གོང་ས་ཆ་རུ།།”ཞེས་ཨར་གོང་དུ་འབོད། ཡིན་ནའང་ད་ལམ་ཡོངས་གྲགས་ལྟ་བུར་ཨ་སྐོང་དུ་འབོད་ཀྱིན་གདའ།)     དེ་ནི་སྙན་ཐོད་དུ་འབོད་པའི་རི་བརྗིད་པོ་ཞིག་མདུན་རི་བྱས་ཤིང་རྒྱབ་རི་རྟ་རྫོང་ཞེས་བྲག་སྐྱ་བོ་ཞིག་ལྕགས་རིའི་ཚུལ་དུ་ཡོད་པའི་དྲུང་དུ་ལྟེམ་མེར་ཆགས་འདུག    སྡེ་མི་སྐོར་ཞིག་ལ་བཀའ་འདྲི་བྱས་པ་ཡིས་སྔོན་ཆད་ཞིང་ཕྱུགས་གཉི་ག་གཉེར་བའི་རོང་མ་འབྲོག་གི་སྡེ་བ་ཞིག་ཡིན་མོད། ད་ལྟའི་དུས་ལ་ཁྱིམ་ཚང་རེ་ཟུང་གིས་མ་གཏོགས་ར་ཕྱུགས་འཚོ་སྐྱོང་གི་ལས་དེ་དོར་ཚར་བ་དང་། ཞིང་ལས་གཉེར་མཁན་ཡང་ཉུང་དུ་ཕྱིན་ཏེ་དབྱར་རྩྭ་དགུན་འབུ་བརྐོ་བ་དང་ཞོར་ལས་སུ་འགྲོ་བར་གཞོལ་ཆེ་ཟེར། དེ་ལས་ཀྱང་དུད་ཁྱིམ་དྲུག་ཅུ་ལྷག་གིས་ཟིན་པའི་སྡེ་བ་འདིར་ད་སྔའི་ཚུན་དུ་སློབ་ཆེན་དངོས་གཞི་སློབ་མ་བདུན་ཙམ་མ་གཏོགས་མ་བྱུང་བར་དཔགས་ན་སློབ་གསོའི་སྐོར་ལ་མཐོང་སྤྲད་པའི་ཚད་དེ་ཅུང་ཙམ་ཉམ་ང་བའི་སྣང་བ་འཆར།  ཡིན་ནའང་བོད་མིའི་སྲོལ་རྒྱུན་གྱི་དྲི་ངད་སྔར་བཞིན་སྟུག་པོར་འདུག་སྟེ།  ཆོས་དང་འཇིག་རྟེན་གཉི་གའི་སྔར་སྲོལ་མང་པོ་ཞིག་ད་ལྟ་སྔར་བཞིན་རྒྱུད་འཛིན་ཐུབ་འདུག་པ་གུས་པའི་ལོ་ངོ་གཅིག་རིང་གི་རྒྱུས་ལོན་ལས་ར་སྤྲད།   2015ལོའི་སྤྱི་ཟླ2པའི་ཚེས7ལ། ང་རང་གྲོགས་པོ་ཞིག་གི་ལམ་ཁྲིད་ལ་བརྟེན་ནས་སྡེ་བ་འདིའི་སྔ་ཕྱིའི་ལོ་རྒྱུས་ཤིན་ཏུ་རྒྱུས་མངའ་ཡོད་པར་སྐད་པའི་སྔགས་འཆང་ལྷ་བྱམས་ཐར་དང་ཨ་ཁུ་ལྷ་མཆོག་ཚེ་རིང་སོགས་ལ“ཨ་སྐོང”ཞེས་པའི་མིང་འདིའི་ངོས་ནས་བཀའ་འདྲི་བྱས་དུས། བཤད་ལུགས་གཉིས་བྱུང་བ་སྟེ། གཅིག་ནི་ཨར་ཇག་སྐོང་སའི་གནས་ཡིན་པས་ན་ཨ་སྐོང་ཞེས་དང་།    གཞན་དེ་ནི་བྲག་ངོས་སུ་ཨ་ཡིག་རང་བྱོན་ཞིག་བབས་པ་མི་རྣམས་ཀྱིས་མཆོད་ཅིང་བཀུར་བས་འདོད་དོན་གྲུབ་ཅིང་རེ་བ་བསྐངས་པ་ཞིག་བྱུང་བས་ཨ་སྐོང་དུ་ཐོགས་ཟེར་བ་འདི་རེད། ཁོ་ཚོའི་བཤད་སྲོལ་ལ་འགྲེལ་ལུགས་ཕྱི་མ་དེ་ཡོངས་གྲགས་ལ་འཛིན་ཀྱིན་ཡོད་སྐད་ཐོས།      འདིར་དམིགས་གསལ་ང་རང་ཤིན་ཏུ་ཡིད་སྐྱོ་བ་ཞིག་ལ། སྡེ་བ་འདིའི་ནང་དུ་ལོ་ལོན་རྒན་གྲས་སྐོར་ཞིག་ལས་དུས་རབས་བཅོ་ལྔ་བའི་ནང་བྱོན་པའི་བསྟན་འཛིན་གྱི་སྐྱེས་བོ་ཆེན་པོ་དཔལ་མཉམ་མེད་ཙོང་ཁ་པ་ཆེན་པོའི་ཚིགས་སྔ་མའི་དགེ་ཚུལ་གྱི་ལས་སློབ་མཛད་པོ་གཞོན་ནུ་བྱང་ཆུབ་ཀྱི་རྣམ་ཐར་ལོ་རྒྱུས་ལ་ཆ་རྒྱུས་མི་བདོག་པ་འདི་རེད། མང་དག་ཅིག་ལ་ཨ་ལགས་ཀོའུ་བ་ཟེར་བའི་མཚན་ཟུར་ཙམ་དང་རང་ཡུལ་གྱི་སྒྲུ་བ་ཚ་ཟེར་བའི་སྒྲུབ་ཕུག་ཅིག་ཡོད་པ་ངོ་འཕྲོད་པ་ཙམ་རེད། འདི་དང་བསྡུར་ན་གཅན་ཚའི་ཕྱོགས་སུ་ཁོང་གི་ཞིབ་ཕྲའི་རྣམ་ཐར་ལ་གོ་བ་ཟབ་ཙམ་མཆིས། ངས་ཁོ་ཚོ་ལ་བླ་མ་འདིའི་རིན་ཐང་སྐོར་ནས་རང་ཉིད་ཀྱི་དྲན་ཚུལ་ཉི་ཚེ་བ་དག་བཤད་པ་ལ།    རྒན་གྲས་དེ་དག་གཏིང་ནས་མགུ་བཞིན་གཞོན་སྐྱེས་ཤིག་ལ་གུས་པ་ང་ཉིད་བླ་མ་ཚང་གི་འཁྲུངས་གཞིས་སུ་འཁྲིད་པར་བསྐུལ་བྱུང་། བླ་མའི་འཁྲུངས་གཞིས་སུ་གྲགས་པ་གང་ཉིད་ནི། ཁོང་གི་ཕྱག་ཡུལ་དམ་པ་ཨ་སྐོང་སྡེ་སྟོད་དུ་ཨ་མྱེས་དམ་ཅན་དུ་བཀུར་ཡོད་པའི་རི་བོ་དམར་སེར་ཅན་དེའི་རྩར་ཆགས་འདུག་ལ་ད་ལྟ་ཡོངས་གྲགས་ཀྱིས་ཚེ་རིང་དོན་གྲུབ་ཟེར་བ་དེའི་མཁར་ཤུལ་ཡིན་ཟེར། ང་འདྲི་བརྩད་དུ་སོང་དུས་ཚེ་རིང་དོན་གྲུབ་ཀྱང་ཁྱིམ་དུ་འདུག་པས་དེའི་སྐོར་ལ་རྒྱུས་ལོན་ཕྲན་ཙམ་བྱས་པར་ཁོས་བཤད་པ་ལྟར་ན་བླ་མ་ཚང་གི་གཞིས་ཤུལ་དངོས་དེ་ནི་ད་ལྟའི་ཁོ་ཚང་གི་མཁར་ཤུལ་དེ་མ་ཡིན་པར།   སྒོ་སྔུན་ཡོངས་རྫོགས་དང་དེའི་འགྲམ་ན་གྱང་རས་བསྐོར་ཡོད་པའི་སིལ་ར་དེ་གཉིས་ཡིན་འདུག   བླ་མ་ཚང་གི་མཁར་གྱང་གི་ཤུལ་རྗེས་ཙམ་ཡང་ལྷག་མེད་པས་སྔོན་ཆད་ཁྱིམ་ཚང་ཞིག་ཆགས་མྱོང་ཞེས་ན་རྣར་མི་འགྲོ་བའི་ཚོད་དུ་གདའ།  བདག་གི་ཅི་ཞིག་ཤེས་འདོད་ཀྱི་མཚར་བློ་དེ་རྟ་ཕོ་རྩྭ་ཆུས་མ་ཚིམས་པ་བཞིན་དུ་གྱུར་བར་བརྟེན། དེ་ནས་ཡང་འདིའི་སྐོར་ལ་ཅུང་ཟད་རྒྱུས་མངའ་ཡོད་ཟེར་བའི་རྒན་རབས་པ་ཕག་པ་རྒྱལ་ཁྱོ་ཤུག་གཉིས་ཀྱི་སར་སོང་བ་ཡིན། ལོ་ཟླས་དེད་ནའང་དྲན་པ་ནི་སྔར་ལྟར་དུ་འདུག་སྟེ།  ཁོ་ཚོའི་ཕ་མེས་ཤིག་ལོ་གྲངས་བརྒྱད་ཅུ་ཡས་མས་སུ་སོན་མྱོང་བ་དེའི་སྐབས་ནས་བཟུང་སྟེ་བླ་མ་ཚང་གི་མཁར་ཤུལ་དེ་སྟོང་བར་ཆགས་འདུག་པ་དང་། སྔོན་གྱི་བཤད་རྒྱུན་དུ་གསེར་ཚོན་བྱུགས་པའི་མཆོད་ཁང་ངོ་མཚར་བ་ཞིག་ཀྱང་ཡོད་སྐད་འདུག་ལ།   སུ་ཞིག་གིས་གཞིས་ཀ་འདི་བཟུང་ན་གསེར་གྱི་རྡོ་རིལ་ཞིག་བསྙལ་ནས་བཞག་ཡོད་པའི་བསོད་ནམས་ཡོད་ཅེས་ཁོ་ཚོར་བཤད་མྱོང་ཞེས་ང་ལ་སྨྲས་སོང་།  དེའི་མི་ཚད་ལོ་གྲངས་བདུན་ཅུར་བསླེབ་གྲབས་ཡོད་པའི་རྒན་རབས་ཁོང་གཉིས་སྔོན་ཆད་ལོ་གཞོན་ཡིན་དུས། བླ་མ་ཚང་གི་ཅུང་ཙམ་ཆ་ཚང་དུ་མངོན་པའི་མཁར་ཤུལ་ནང་དུ་ཚེར་སྡོང་གིས་ཀུན་ནས་ཁེངས་ཡོད་པར་མ་ཟད། མ་གྱང་གི་ངོས་ཕར་བརྐོས་ཏེ་སྣོད་ཆས་འཇོག་སའི་ཆ་གར་བཅོས་མྱོང་པའི་ཤུལ་རྗེས་ཀྱང་མཐོང་མྱོང་སྐད།      གཉིས།  ཁོ་བོ་ཨ་སྐོང་དུ་ཕྱིན་པའི་ལག་ཡོང་གཞན་དེ་ནི《དུང་དཀར་ཚིག་མཛོད》ལས་འབྱུང་བའི“ཀོའུ་བ་རི་ཕུག་པ”[4]ཞེས་པའི་སྐོར་ལ་སྔ་ཕྱིའི་གཏན་ཚིགས་ཕུ་ཐག་ཆོད་པ་ཞིག་བྱུང་བ་དེ་ཡིན། སྤྱིར་ཚིག་མཛོད་ཀྱི་ཁུངས་གཏུགས་ས་ལྟ་བུ་ནི་མདོ་སྨད་ཆོས་འབྱུང་ཡིན་པ་དཔགས་ནུས་མོད། “ཀོའུ་བ་རི་ཕུག་པ”ཅེས་པའི་མཚན་ཟུར་འདི་གཞུང་འདིར་གཏན་ནས་འབྱུང་མེད་ན། ཁོ་བོ་མཚར་འཛིན་གྱི་བློ་ཞིག་གིས་ཀུན་ནས་བརྟས་འོངས་མོད་འོལ་ཚོད་ཀྱིས་འཇུག་མ་སྤོབས་པས་རེ་ཞིག་བསྐྱུར།  གང་ལྟར་ཨ་སྐོང་དུ་ངོ་མཚར་གཏམ་རྒྱུད་འདི་ལ་གྲགས་སྐད་ཆེ་ཙམ་གདའ།        དེ་ཡང་འདི་སྐད་གྲགས་ཏེ། གཞོན་ནུ་བྱང་ཆུབ་པ་མཆོག་སྐུའི་འཁྲུངས་ཡུལ་ཨ་སྐོང་རྒྱབ་ཀྱི་འགག་ཚའི་ཤུག་ལྷེ་ནང་ཞེས་པ་དེར་སྒྲུབ་པ་ལ་གཞོལ་བཞིན་པའི་སྐབས་ཐོག་ཅིག་ལ།    ཁོང་ལ་བན་ཕྲུག་ཅིག་ཡོད་པ་ནམ་རྒྱུན་འཐུང་ཆུ་ལེན་དུ་སོང་དུས། བོན་པོའི་སྒོམ་རྩ་ཞེས་པ་དེའི་བོན་ཕྲུག་ཚོས་རྟག་པར་བན་ཕྲུག་གི་ལམ་བཀག་སྟེ་བསྙད་བརྐོ་བའམ་བརྡེག་པ་སོགས་བྱས་པས་ཉིན་ཞིག་བླ་མ་ཚང་གིས་ཐུགས་ཀྱིས་མ་བཟོད་པ་དང་ཅོ་འདྲི་སློང་མ་འདོད་པ་དང་བྱ་ཐབས་ཟད་པ་སོགས་གང་ཡིན་རྟོགས་དཀའ་ཡང་། རི་དང་ལུང་བ་བརྒྱ་ཕྲག་བརྒལ་བའི་ཕར་ནང་ཞིག་ན། ཤིང་སྒང་གྲམ་པ་ཞེས་པ་ཞིག་ཡོད་པ་དེར་འབབ་ཀྱིན་པའི་ཆུ་མིག་ཅིག་རང་གི་སྒོམ་གནས་ཕྱོགས་སུ་འདྲེན་དགོས་པར་བསམས།        ཉིན་ཞིག་ལ། བླ་མ་ཚང་གིས་བྱེ་མ་སྣེ་དོ[5]གང་སྒྲུབ་སྟེ་ཤིང་སྒང་གྲམ་པ་ནས་འགག་ཚའི[6]ཤུག་ལྷས་ནང་བར་དུ་ཐང་ལ་གཏོར་བཞིན་གཏོར་བཞིན་སླེབས་ཤིང་། བན་ཕྲུག་ལ་ཁྱོས་ཇ་བསྐོལ་དང་དེ་རིང་མགྲོན་པོ་གལ་ཆེན་ཞིག་ཐོན་རྒྱུ་ཡོད་ཟེར་ནས་བཞུགས། བན་ཕྲུག་གིས་ཀྱང་བླ་མའི་གསུང་བཞིན་བསྒུག་ནས་བསྡད།  ཡུད་ཙམ་འགོར་རྗེས། བླ་མ་ཚང་གིས་མགྲོན་པོ་ཐོན་གི་ཨེ་ཡོད་ཀི་ཞེས་བན་ཕྲུག་ལ་དྲིས་པ་ན། བན་ཕྲུག་གིས་སྔ་ཕྱིར་ཐེངས་གཉིས་ལ་བལྟས་ཀྱང་ཅི་ཡང་མ་མཐོང་། ཐེངས་གསུམ་པ་དེར་ད་གཟོད་མ་གིའི་ལུང་མདོ་ན་ཤང་ཤང་གི་སྒྲ་དང་བཅས་པའི་ཆུ་བོ་ཞིག་སའི་རྡུལ་ཆེན་པོ་ཞིག་དང་ལྷན་དུ་བཞུར་ཀྱིན་པ་མཐོང་བས། བླ་མ་ཚང་ལ་མགྲོན་པོ་གཞན་ཅི་ཡང་མ་མཐོང་ཡང་ཆུ་བོ་ཆེན་པོ་ཞིག་བཞུར་ནས་འོང་བཞིན་པ་མཐོང་ཞེས་ཞུས་པ་ན།   བླ་མ་ཚང་ཐུགས་དགྱེས་ནས་དེ་རིང་གི་འུ་གཉིས་ཀྱི་མགྲོན་པོ་དེ་ཡིན། ད་འགྲིག་སོང་།  ཇ་མཆོད་བྱོས་ཞེས་བན་ཕྲུག་ལ་གསུང་དཀར་ཇ་ཡི་མཆོད་པ་འབུལ་དུ་བཅུག་སྟེ་བསུ་བ་བྱས་མྱོང་སྐད། ཕལ་ཆེར་ཉིན་དེ་ནས་བཟུང་སྟེ་རང་གི་སྙིང་ནས་གཅེས་པའི་བན་ཕྲུག་ལ་གཞན་གྱིས་རྡུང་རྡེག་མྱོང་དུ་བཅུག་པའི་ལོ་ཟླ་མཇུག་རྫོགས་ཡོད་ངེས་ལ།   ཕལ་ཆེར་ཉིན་དེ་ནས་བཟུང་སྟེ“ཀོའུ་བ་རི་ཕུག་པ”ཞེས་པའི་མཚན་སྙན་འདི་ཡང་ལུང་པ་འདིའི་རྒྱན་དུ་གྱུར་སོང་བའང་རྟོགས་ཐུབ།    སྤྱིར་རྒན་པོ་རྣམས་ཀྱིས་གཏམ་རྒྱུད་འདི་གསུངས་པའི་ཚེ་ན་གསོན་ཉམས་ཀྱིས་ཕྱུག་ཅིང་བདེན་སྣང་གིས་སྤྲས་ཡོང་མོད། ཡི་གེར་ཕབ་རྗེས་ཀྱི་གཏམ་རྒྱུད་ལ་གཉིག་མའི་ཁྱད་གཤིས་མ་ལྡན་ན་ནི་ཕྲན་གུས་པའི་ཤེས་ཚད་ཀྱིས་མ་ནུས་པས་ཡིན་ན།   འདིར་ཀུན་ལ་དགོངས་གསོལ་གནང་རོགས་ཞེས་ཀྱང་ཞུའོ།།                     གཉིས་པ། ཀོའུ་བ་དགོན་དང་གཞོན་ནུ་བྱང་ཆུབ་འོད།          ཀོའུ་བ་དགོན་པའི་གནས་ཡུལ་ཐད་གོང་གསལ་གླེང་གཞིའི་ཁྲོད་སོང་ཟིན་པ་ལྟར་ཏེ། གཙན་ཚའི་བྱང་ཕྱོགས་རྒྱུད་ཀྱི་སྤྱི་ལེ་ལྔའི་མཚམས་ན་ཆགས་པའི་ཚོ་དྲུག་ཡུལ་ཚོའི་ཁོངས་ཀྱི་མཚོ་བྱུང་སྡེ་བའི་སྟོད་རྒྱུད་དུ་ཡོད་ལ། རྒྱབ་ལྗོངས་རི་ལ་གཏད་ཅིང་མདུན་ལྗོངས་ནགས་མོས་བརྒྱན་པ་ཡིས་འབྲོག་དགོན་ཉམས་དགའ་ཞིག་ཏུ་འཆར། ད་ལྟ་ཡུལ་འདིའི་མི་རྣམས་ཀྱིས“དགོན”ཞེས་འབོད་པ་ལས་ཀོའུ་བ་དགོན་ཞེས་དགོན་པའི་མཚན་དངོས་ཀྱིས་འབོད་པ་ཧ་ལམ་མི་སྣང་།   སྔོན་མའི་དུས་ལ། དགོན་འདིའི་ཐོག་མའི་ཆོས་བརྒྱུད་ཐད་གཞན་དག་བཤད་ན་ས་སྐྱ་པ་ཡིན་པར་སྐད་ཀྱང་། སྒྲུབ་བྱེད་ཡང་དག་ཅིག་རྙེད་དཀའ།  བརྒྱ་ལ་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་གོང་ལ་དཔོན་རྒྱུད་ཀྱིས་བསྐྱངས་པའི་སྒྲོས་གསལ་ཡང་འདི་ཙམ་ཞིག་གིས་ས་སྐྱ་པར་འགྲོ་དཀའ་སྙམ།  གཞོན་ནུ་བྱང་ཆུབ་པ་ནི་དགོན་འདིའི་ཐོག་མའི་མེས་པོ་ལྟ་བུ་ལགས་ཏེ།  རྗེས་སུ་བྱ་ཁྱུང་གི་མཁན་ཁྲིར་ཕེབས་གཤིས་རྗེས་ཀྱི་ཀོའུ་བ་དགོན་པའང་བཀའ་གདམས་པ་ལྟར་སོང་མེད་གྲང་སྙམ།  གང་ལྟར་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྗེས་ནས་དགེ་ལུགས་པའི་དགོན་སྡེ་འཁྲུལ་མེད་ཅིག་ཏུ་གྱུར་ཅིང་སྤྲུལ་སྐུའི་ལམ་དུ་ཡང་སོང་ཡོད་པ་འདྲ།  དགོན་པའི་ཐོག་མའི་རྣམ་པའི་ཐད་མདོ་སྨད་ཆོས་འབྱུང་དུ“བླ་མ་ཆོས་ཀྱི་རྒྱལ་མཚན་གྱིས་རི་ཁྲོད་རྒྱ་བསྐྱེད”[7]ཅེས་འབྱུང་ཡོད་ལ་ཚིག་ཟིན་འདི་ལས་གཞོན་ནུ་བྱང་ཆུབ་པའི་སྐབས་སུ་ཀོའུ་བ་དགོན་འདི་དགོན་པ་མཚན་ཉིད་པ་ཞིག་མིན་པར་སྒོམ་སྒྲུབ་ཉམས་ལེན་བྱ་སའི་རི་ཁྲོད་ཀྱི་རྣམ་པར་ཡོད་པ་རྗེས་སུ་དཔགས་ནུས། དགོན་པའི་ལས་སྣེ་བ་ཞིག་ལ་དྲིས་པར་ད་ལྟའི་ཆར་དགོན་པ་ཡོངས་ལ་གྲྭ་བཙུན་བརྒྱད་བཅུ་གྱ་བཞི་དང་གྲྭ་ཚང་གཉིས(རྒྱུད་པ་གྲྭ་ཚང་དང་ཐོས་བསམ་གླིང་།)བཅས་ཡོད་པ་དང་།    ལྔ་མཆོད་དང་གོས་སྐུ་བཤམས་པ་སོགས་སྔོན་མའི་ཆོ་ག་ཇི་ལྟར་ཡོད་པ་དེ་ལྟར་ཕྱག་ལེན་བརྩི་སྲུང་བྱེད་བཞིན་ཡོད་པར་གསུངས། དགོན་བདག་བླ་མ་ནི་ཨ་ལགས་ཀོའུ་བ་སྐུ་ཕྲེང་བཅུ་གཉིས་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་རེད་ལ་ད་ལྟ་ནི་དགོང་གྲངས་ལྔ་བཅུའི་ཚོད་དུ་གདའ།  ཀོའུ་བ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་རྩོམ་ཕྱོགས་བསྒྲིགས་སུ་གསལ་བ་ལྟར་ན། དགོན་འདིར་གྲུབ་དབང་འཇིགས་མེད་བསམ་གཏན་དང་རྗེ་ཞྭ་དམར་པཎྡི་ཏ་དང་བླ་ཁོ་རིན་པོ་ཆེ་སོགས་ཀྱིས་ཞབས་ཀྱིས་བཅགས་མྱོང་བར་མ་ཟད། ཀོའུ་བ་སྐུ་གོང་མ་དག་ནི་ཕྱི་ནང་ཡོན་ཏན་གྱིས་ཐུགས་རྒྱུད་གཏམས་ཡོད་པ་འབའ་ཞིག་ཏུ་གདའ། དཔེར་ན་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ནི་འབྲས་སྤུངས་སྒོ་མང་ནས་ཐོན་ཞིང་རྒྱལ་དབང་ལྔ་པ་དང་པཎ་ཆེན་ཆོས་རྒྱན་སོགས་ལའང་ཆོས་འབྲེལ་གསེར་གྱི་ཐག་པ་དམ་པོར་འབྲེལ་ཞིང་། རྗེས་སུ་མདོ་སྨད་དུ་ཕེབས་ནས་ཀྱང་ཤར་སྐལ་ལྡན་རྒྱ་མཚོའི་ཡོངས་འཛིན་དུ་བཀུར་བ་དང་རྗེ་སྐུ་འབུམ་ཚང་གི་ཁྲི་བར་བཞུགས་པ་སོགས་མཁས་པའི་གྲགས་པ་འབར་བའི་མཚན་སྙན་ཆེ་ཞིང་། ཕྱིས་ཀྱི་ཀོའུ་བ་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ལགས་ཀྱང་ཨ་ལགས་བླ་ཁོ་མཆོག་གི་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར་པ་སོགས་ཀྱི་འཕྲིན་ལས་བརྗོད་ཀྱིས་མི་ལང་། ལྷག་པར་ཀོའུ་བ་བཙན་པོ་མའམ་སྐུ་ཕྲེང་བཅུ་བ་དགེ་འདུན་བསྟན་པ་དར་རྒྱས་སྐབས་སུ་ཧོར་མོ་ཁག་གསུམ་གྱི་བླ་དཔོན་མཛད་དེ་སྤྱི་ཚོགས་རྙིང་བའི་སྐབས་སུ་(ཧོར་མོ་ཁག་ཅེ་ན་ཡུལ་སྡེ་ཤིན་ཏུ་ཆེན་པོ་ཞིག་ཏུ་འདུག་སྟེ།  ཁྲི་ཀའི་འཕྲང་དམར་ཕྱོགས་ཀྱི་ཨུའུ་རོང་གིས་མཚོན་པའི་ཡུལ་སྡེ་ཁ་ཤས་དང་གཅན་ཚའི་ཚོ་དྲུག་ཡུལ་ཚོའི་ཁོངས་གཏོགས་ཀྱི་སྔོ་སྐྱ་དང་རྡོ་རིང་། ཧོར་བ་ཞི། ནག་ཀ མཚོ་བྱུང་། ལྷ་སྡེ། གཡག སྤྲེལ་ནག་ཉིན་སྲིབ་གཉིས། མོག་ཀྱཱ། གནམ་གོང་བ། རྨེ་རུ་གོང་འོག་གཉིས། ལོ་བ། སིལ་ཞིང་། ཆེ་ཚང་མ། ཞོན་བཟང་སོགས་ཀྱང་འདུ་བར་བཤད།)ཆོས་སྲིད་གཉི་གའི་དབུ་འཕང་མཐོ་རབས་ཤིག་འདུག   འདི་ལ་རྒྱལ་བའི་གདུང་འཚོབ་ཆེན་མོ་ཨ་ལགས་བླ་ཁོ་རིན་པོ་ཆེས་འདི་སྐད་གསུང་མྱོང་བ་ཐོས་ཏེ། དགོན་འདིའི་སྤྲུལ་བའི་སྐུ་སྔོན་མ་སྔོན་མ་རྣམས་ནི་ཡོན་ཏན་གྱི་གཏེར་ཆེན་པོ་དག་ཡིན་ཡང་། ས་གནས་མཐའ་འཁོབ་ཡིན་དྲགས་པས་ཆུད་ཟོས་སུ་སོང་བ་མ་ལེགས།  སྤྲུལ་བའི་སྐུ་རྗེས་མ་འཁྲུངས་པའི་དུས་ལ་འོ་སྐོལ་དགོན་པ་གཉིས་ཀྱིས་སྐུ་བརྗེ་སྤོར་བྱེད་ཅེས་ཨ་ལགས་ཀོའུ་བ་སྐུ་སྔོན་མ་ཚང་ལ་གསུང་མྱོང་བ་འདིས་ནི་ཀོའུ་བ་སྐུ་ཕྲེང་ན་རིམ་གྱི་ཐུགས་རབ་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་དང་། རྣམ་ཐར་དག་དང་དམངས་ཁྲོད་དུ་རླུང་ལྟར་གྲགས་ནས་ཡོད་པའི་ཨ་ལགས་ཀོའུ་བའི་ཟླ་དང་བྲལ་བའི་རྣམ་དཔྱོད་ལ་ཁས་ལེན་ཡང་བྱིན་ཡོད་པ་དཔགས་ཐུབ།   ང་རང་ཆེས་ཆེར་ཡིད་ཕངས་པ་ཞིག་ནི་དགོན་པའི་ཕྱི་ནང་མ་བསྐྱུར་བར་མཇལ་ཡང་གཞོན་ནུ་བྱང་ཆུབ་པ་འོད་ཀྱི་སྐུ་འབག་ནི་ལྟ་ཅི། སྐུ་ཐང་ཞིག་ཀྱང་མཐོང་ལམ་དུ་མ་གྱུར་པ་དེ་རེད། སྤྱིར་ན་དེ་ནི་ཡོད་དགོས་པ་ཞིག་རེད་མོད། འགྲོ་བའི་བསོད་ནམས་ཞིང་ལ་མིག་སྔར་སྨིན་མི་འདུག  བདག་གིས་དེའི་གལ་ཆེན་རང་བཞིན་ལན་མང་བསྙད་རྗེས་ཕྱིར་སྔོ་སྐྱ་སྡེ་བའི་གྲོགས་པོའི་ཁྱིམ་དུ་ལོག་ཅིང་། གཞོན་ནུ་བྱང་ཆུབ་པའི་མཚན་གྱི་རྣམ་གྲངས་སྐོར་ལ་ཁོའི་ཁྱིམ་མི་དང་ལྷན་དུ་ལན་མང་བགྲོས། ད་སྔའི་ཚུན་དུ་བླ་མ་འདིའི་མཚན་གྱི་རྣམ་གྲངས་ལ་འབོད་སྟངས་མི་གཅིག་པ་གཉིས་བྱུང་འདུག་སྟེ། དད་པའི་འཇུག་ངོགས་ཀྱིས་མཚོན་པའི་རྗེ་བླ་མའི་རྣམ་ཐར་ཁག་ལས“གཞོན་ནུ་བྱང་ཆུབ་འོད”དང་། མདོ་སྨད་ཆོས་འབྱུང་གི་རྗེས་འབྲང་དང་བཅས་པས“ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་” དུ་འབོད། སྔ་མ་དེར་ལོ་རྒྱུས་ཀྱི་སྔ་ཕྱི་ཤིན་ཏུ་ཉེ་བར་མ་ཟད།  རྗེ་བླ་མ་རང་ཉིད་ཀྱིས་དངོས་སུ་གསུངས་པའང་ཡིན་ངེས་པས་ཤིན་ཏུ་གཙིགས་སྙམ།  ཕྱི་མ་དེ་གཞོན་ནུ་བྱང་ཆུབ་འོད་ཀྱིས་ཀོའུ་བ་རི་ཁྲོད་བཏབ་རྗེས་མཚན་གྱི་མགོ་ལ་ཀོའུ་བ་ཐོན་པ་རེད་སྙམ་ལ་འོད་ཟེར་ཞེས་པ་ནི་དམངས་ཕལ་བས་ཕར་ཕུལ་བ་ཞིག་ཀྱང་རེད་བསམས། རྒྱུ་མཚན་ནི་བྲག་དགོན་པས་མདོ་སྨད་ཆོས་འབྱུང་རྩོམ་སྒྲིག་བྱེད་དུས་ཡིག་ངོས་ནས་རྙེད་དཀོན་པ་མང་པོ་ཞིག་དམངས་ཁྲོད་ནས་འཚོལ་སྡུད་བྱས་པ་ཡིན་པས།    གཞོན་ནུ་བྱང་ཆུབ་འོད་ཀྱི་མཚན་གྱི་དབུའི་ཀོའུ་བ་དང་གཞུག་གི་འོད་ཟེར་ནི་ཁོང་ཉིད་སྐུ་གཤེགས་རྗེས་སུ་ཐོགས་པ་མིན་གྲང་སྙམ།   གང་ལྟར་མཚན་སྔ་ཕྱི་གཉི་གར་ཚ་གྲང་ལྟ་བུའི་འགལ་བ་ནི་གཞར་ཡང་མཐོང་དཀའ་གཤིས།  རྗེ་བླ་མའི་མཚན་གྱི་རྣམ་གྲངས་ལྟར་མ་གཞི་ནས་འབོད་སྟངས་སྣ་ཚོགས་ནི་ཡོད་ཆོག་པ་ཞིག་རེད།                           གསུམ། བྲག་དཀར་རི་ཁྲོད་དང་སྐུའི་མཛད་པ་ཐ་མ།   བྲག་དཀར་རི་ཁྲོད་ནི་གཞོན་ནུ་བྱང་ཆུབ་པའི་སྐུ་ཚེའི་སྨད་ཀྱི་བསྟི་གནས་ཆེས་མཇུག་མཐའ་མ་དེ་རེད་ལ། གནས་དེ་གར་གཞི་བཟུང་བ་ནས་རི་ཁྲོད་ཕྱོགས་མེད་འགྲིམ་པའི་གོམ་མཚམས་བཞག་པར་མ་ཟད། དུང་དཀར་ཚིག་མཛོད་དང་དམངས་ཁྲོད་ལྟར་ན་དག་པ་མཁའ་སྤྱོད་དུ་གཤེགས་ས་ཡིན་པར་སྨྲ། ལར་ཀུན་གྱི་ངག་ན་ལོ་བའི་བྲག་དཀར་རི་ཁྲོད་ཟེར་ཡང་དོན་དུ་བྲག་དཀར་མཚམས་ཁང་ཞེས་ན་དོན་དང་ལྡན་འདུག  དེ་ནི་ལོ་བ་རྫ་བརྒྱུད་ཀྱི་རིའི་རྒྱལ་པོ་ཨ་མྱེས་བྲག་དཀར་ཀྱི་རྒྱབ་ལོགས་ན་ནུབ་ཕྱོགས་སུ་འཐེན་ཡོད་པའི་རི་བྲག་སྐྱ་བོ་ཞིག་གི་གདོང་ཁར་སེང་གེའི་ཉལ་སྟབས་ཀྱིས་ཆགས་འདུག     ཀོའུ་བ་དགོན་པ་ནས་རྐང་ཐང་གིས་སོང་ན་ཧ་ལམ་དུས་ཚོད་བཅུ་བཞི་ཡས་མས་ལ་འགྲོ་དགོས་ཤིང་།  ལུང་བས་ལུང་བ་བརྒལ་ཞིང་རི་བོས་རི་བོ་བརྟོལ་དགོས་པས་མི་ཚད། ལམ་བར་ཡོད་ཚད་ནགས་ཚལ་དང་རྩི་ཤིང་སྣ་ཚོགས་ཚང་ཚིང་དུ་འཁྲུགས་པ་ཡིས། ཉེ་སར་བཅར་ཚེ་ངུ་བྲོ་བ་དང་བློ་ཕམ་པ་ལ་སོགས་ཀྱི་སེམས་ཁམས་སྣ་ཚོགས་ཤིག་བྱིན་འོངས། བདག་གི་གྲོགས་པོ་ཡང་གནས་འདི་ལ་དེ་འདྲའི་རྒྱུས་མངའ་མི་ འདུག་གཤིས། ཕར་འཚོལ་ཚུར་འཚོལ་གྱི་དཀའ་ལས་མང་དུ་བརྒྱབ་ཅིང་། ལྷག་པར་བཀྲེས་སྐོམ་དང་ཤུགས་ཟད་ཀྱི་གདུང་བས་མནར་མནར་རྗེས་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ་གཞི་ནས་རྙེད་འཚོལ་བྱུང་མོད། མུན་རུབ་ལ་ཉེ་བའི་འཇིགས་སྣང་དེ་ནི་ཤིན་ཏུ་བཟོད་དཀའ་བ་ཞིག་རེད།   སྐབས་ཐོག་དེ་ནི་ད་དུང་དཔྱིད་མགོ་མའི་དུས་ཡིན་སྟབས་ཉི་ཤར་ཕྱོགས་སུ་གཏད་པའི་མཚམས་ཁང་མདུན་གྱི་ཆུ་མོ་དེ་ནི་འཁྱགས་རོམ་གྱིས་ཡོངས་སུ་བཏུམས་འདུག     རྐང་ལམ་ཕྲ་མོ་ཞིག་ཀྱ་ཀྱུའི་ཚུལ་དུ་རི་སྐེད་ཀྱི་མཚམས་ཁང་ཕྱོགས་སུ་འཐེན་ཞིང་སྒོ་འགྲམ་དུ་ཁང་མུག་ཆུང་ཆུང་གཉིས་ཡོད་པ་ལས་གཅིག་གི་ནང་དུ་སུ་ཞིག་གིས་ཁ་སང་བསྐྱུར་བ་དང་འདྲ་བའི་ལྟོ་ཆས་སོགས་མ་ཚང་མེད་པར་མཆིས།  མཚམས་ཁང་མདུན་ཕྱོགས་ཏག་ཏག་ན་རྡོ་འབུམ་ཆེན་མོ་ཞིག་བརྩིགས་འདུག་ལ་དེའི་མཐའ་སོ་ཡོངས་རྫོགས་དར་ལྕོག་གྱིས་རྣམ་པར་སྤྲས་པ་རྒྱང་རིང་ནས་བལྟས་ན་དད་པ་འཕེལ་བ་ཞིག་རེད།  མཚམས་ཁང་དེའང་མདོར་དེད་ན་བྲག་ཕུག་ཅིག་རེད་ལ་ནང་རོལ་ཅུང་ཆེ་ཙམ་འདུག  མིས་བཟོས་པ་ལྟ་བུ་ནི་མིན་པར་མ་བཅོས་རང་བྱུང་དུ་ཡོད་པའི་རྟགས་དོད།   དེང་གི་དུས་སུ་མཚམས་ཁང་ནང་དུ་མཚམས་པ་ཞིག་བཞུགས་མྱོང་བའི་རྟགས་ནི་མི་གསལ་ཡང་།  ཕུགས་ཀྱི་གཡོན་ཕྱོགས་སུ་རྗེ་ཡབ་སྲས་གསུམ་གྱི་འདྲ་ཐང་ཞིག་བཞག་ཡོད་པ་དང་གམ་གྱི་རྡོ་བ་ཞིག་གི་སྟེང་དུ་ཨ་ར་པ་ཙ་ཚར་གཉིས་དང་མ་ཎི་ཡིག་དྲུག་ཚར་གཅིག་བྲིས་འདུག་ལ།  གཡས་ཕྱོགས་སུ་མཁན་སློབ་ཆོས་གསུམ་གྱི་འདྲ་ཐང་ཞིག་དང་གམ་ན་བཛྲ་གུ་རུ་ཚར་གསུམ་བྲིས་འདུག   ལོ་ངོ་མང་པོའི་རིང་ལ། རི་ཁྲོད་མཚམས་ཁང་འདི་ཉིད་ཀྱི་བསྟན་པ་ད་ལྟའི་བར་དུ་མ་ཉམས་པར་མངོན་སྟེ། ལོ་ངོ་འདི་འདྲ་མང་པོ་ཞིག་ཕྱིན་ཀྱང་ད་ལྟ་ད་དུང་ཡང་གྲྭ་པ་དང་སྔགས་པ་ཚོ་བར་མ་ཆད་པར་གནས་འདི་རུ་མུ་མཐུད་དུ་སྒོམ་སྒྲུབ་ཉམས་ལེན་ལ་གཞོལ་བཞིན་ཡོད་སྐད། མདོ་སྨད་ཆོས་འབྱུང་ལ་མཇལ་ན་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་མཆོག་ཀྱང་གནས་འདི་རུ་ཡུན་རིང་ལ་ཉམས་ལེན་སྒོམ་སྒྲུབ་ལ་བཞུགས་པའི་ཚིག་ཟིན་འདུག་པར་དཔགས་ན།   ཕྱིས་ཀྱི་མཁས་གྲུབ་མང་དག་ཅིག་ཀྱང་གནས་འདིར་བཞུགས་མྱོང་ཡོད་སྲིད་མོད་གྱ་ཚོམ་དུ་སྨྲ་མི་སྤོབས།          གང་ལྟར་འདིར་བཤད་བྱ་དངོས་སྟེ་གཞོན་ནུ་བྱང་ཆུབ་མཆོག་རི་ཁྲོད་འདིར་དག་པ་མཁའ་སྤྱོད་དུ་གཤེགས་པའི་དུས་ཡུན་གྱི་བབ་ལ་བརྟགས་ན། གནས་འདི་ཉིད་ནི་ཁོང་གི་སྐུ་ཚེ་སྨད་ཀྱི་མཛད་པ་སྐྱོང་ས་ཞིག་ཏུ་ལགས་ཏེ། 《བྱ་ཁྱུང་གདན་རབས》ལས་བླ་མ་འདི་ཉིད་ཀྱིས་བྱ་ཁྱུང་གི་མཁན་ཁྲི་བསྐྱངས་ཏེ་ཡུན་རིང་འགོར་ཞེས་པའི་གསུང་ཞིག་ཐོན་ཡོད་པ་དེ་ལ་གཞི་བྱས་ན་གནས་འདི་ག་རང་དུ་ཕེབས་དུས་དངོས་དོན་དགུང་ལོ་བགྲེས་པོ་ཆགས་ཡོད་པ་ཁ་ཚོན་བཅད་དེ་སྨྲས་ཆོག་པ་འདྲ། དེ་ལ་མདོ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།། ལང་ཚོ་ཡོལ་བ་རྣམས་ཀྱི་གནས་ས་བདེ།། ཞེས་སུ་གདམས་པ་ལྟར་བཀའ་གདམས་པ་གོང་མ་རྣམས་ཀྱི་ལུགས་བཞིན་བསྐྱངས་པ་ཡིན་ངེས།  འདིར་གཅན་ཚ་ཚོ་དྲུག་གི་དམངས་ཁྲོད་བཤད་སྒྲོས་ཤིག་སྟེ་བླ་མ་ཁོང་ཉིད་འོད་སྐུ་འཇའ་ལུས་སུ་གྲོལ་བའི་སྐོར་ལ་འདི་སྐད་གྲགས་ཏེ། ཉིན་ཞིག་བླ་མ་ཚང་གིས་གུང་ཚིགས་བཞེས་རན་པའི་དུས་ལ་སླེབས་པ་ན།  ཁོང་ཚང་གི་གསོལ་ཐབ་པས་དེ་རིང་གུང་ཚིགས་བཞེས་རྒྱུ་མེད་པས་ཅི་བྱ་ཞེས་སྨྲེ་ངག་བཏོན་པར།   བླ་མ་ཚང་གིས་མ་བྲེལ་མ་བྲེལ།   འཁྱེར་ཡོང་ནི་ཞིག་ཡོད་ཅེས་གསུངས། ཡུད་ཙམ་རྗེས་སུ་བུད་མེད་བཙོག་འདྲེ་ཞལ་ངོ་ཤིན་ཏུ་མི་སྡུག་པ་ཞིག་གིས་ལ་ཕུག་ཅིག་བསྣམས་ཐོན་ཏེ་ལ་ཕུག་གི་ཁུ་བ་ཞིག་བསྐོལ་ནས་ཕུལ་བ་ལ། བླ་མ་དང་ཁོང་གི་གམ་ན་གཟུགས་དང་གྲིབ་མ་བཞིན་འགྲོགས་པའི་ཁྱི་གུ་ཆུང་ཆུང་ཞིག་ཡོད་པ་གཉིས་ཀྱིས་ཧ་ཅང་ཞིམ་ཐག་ཆོད་ཀྱིས་བཞེས་ཡང་། གསོལ་ཐབ་པས་བུད་མེད་དེའི་ཤིན་ཏུ་མི་སྡུག་པའི་ངོ་གདོང་མཐོང་བ་ཡིས་སྐྱུག་མེར་བའམ་ཞེ་ལོག་པའི་ཚུལ་བྱས་ཏེ་གཏན་ནས་མ་འཐུང་།  ཁོས་ཉམས་ཤིག་བཞག་དུས་བླ་མ་ཚང་སྔུན་དང་ཁྱི་གུ་རྗེས་མ་བྱས་ཏེ་སྤྲིན་གསེབ་ཏུ་རྒྱུ་བཞིན་པ་མཐོང་བས། ཁོ་ཐོག་མར་བླ་མ་མི་བཞུགས་པའི་སྡུག་བསྔལ་གྱིས་གདུང་བ་དང་ཞར་ནས་རྫ་རི་ལུང་སྟོང་འདིའི་རྒྱ་ནས་སླར་དགོན་གནས་སུ་ཇི་ལྟར་ལྡོག་ཨང་སྙམ་སྟེ་སྡུག་བསྔལ་བྱས། སྐབས་དེར་བླ་མ་ཚང་གིས་དངོས་སུ་ཞལ་བསྟན་ཏེ་སང་ཉིན་ནངས་མོར་ཁྱེད་ལ་ལུང་བསྟན་ཞིག་གནང་འོང་ཞེས་གསུང་གི་དབུགས་དབྱུང་བསྩལ།    སང་ཉིན་ཞོགས་པ་དེ་ལ་དངོས་གནས་ཁ་བ་མཐུག་པོ་ཞིག་བབས་ཤིང་དོམ་ཞིག་གི་རྐང་རྗེས་ཤིག་མཚམས་ཁང་སྒོ་མདུན་ནས་བཟུང་སྟེ་ཐད་ཀར་དགོན་པའི་མགོན་ཁང་བར་གཏུགས་ཡོད་པ་དེད་ནས་སོང་བས་གཞི་ནས་དགོན་པར་ཐོན་སོང་བར་བཤད། གཅན་ཚའི་རྒན་གྲས་སྐོར་ཞིག་གིས་གོང་གསལ་བླ་མ་ཚང་ལ་ལ་ཕུག་གི་ཁུ་བ་གཡོ་མཁན་བུད་མེད་དེ་ནི་རིགས་ཀྱི་མཁའ་འགྲོ་མ་ཞིག་གམ་སྤྲུལ་བའི་གང་ཟག་ཅིག་དང་དོམ་རྗེས་དེ་ནི་མགོན་པོའི་གསོལ་འདེབས་མྱུར་མཛད་མ་རུ“སྟོང་གསུམ་བགྲོད་ཕྱིར་དོམ་ནག་སྨྱོན་པ་ཆིབས།།”ཞེས་མགོན་པོ་ཀྴེ་དྲ་བའི་བཞོན་པ་དོམ་ནག་ཞིག་ཡིན་པ་དེ་ལ་ངོས་འཛིན་བཞིན་མཆི། གཏམ་རྒྱུད་འདིར་བདེན་དངོས་རང་བཞིན་དང་བློ་གཏོད་ཡོད་མེད་ཅི་ཆ་ཡང་།  གང་ལྟར་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་ཟླ་ཁད་ཀྱིས་འདས་ཀྱང་དམངས་ཁྲོད་ཀྱི་ངག་ན་ཁོང་གི་འོད་སྐུ་འཇའ་ལུས་སུ་གྲོལ་བའི་སྒྲོས་ནི་ད་དུང་ཡང་ལྷང་ངེར་གྲགས་སོ།།  འདི་ནི་ད་གཟོད་ཁོང་གི་ཆེས་མཐོ་བའི་གདེང་འཇོག་དེ་ཡིན་ཀྱང་སྲིད།                                     མཇུག་སྡུད།     ལར་བྱ་ཁྱུང་གདན་རབས་སུ“ཆོས་རྗེ་དོན་རིན་པ་མཁན་རབས་སུ་བརྩི་དང་མི་བརྩི་བའི་ལུགས་གཉིས་ལས། བརྩི་བ་ལྟར་ན། མཁན་རབས་གཉིས་པ་ནི་གཞོན་ནུ་བྱང་ཆུབ་འོད་ཟེར་ཡིན་ལ”[8]ཞེས་སུ་འབྱུང་བ་ལྟར་དང་ཡོངས་གྲགས་དམངས་ཁྲོད་དུའང་གཞོན་ནུ་བྱང་ཆུབ་འོད་མཆོག་གིས་སྐབས་ཐོག་དེའི་བྱ་ཁྱུང་དགོན་པ་འདེབས་འཛུགས་སྐབས་ཀྱི་ལས་དཔོན་མཛད་པར་མ་ཟད།   རྗེ་བཙུན་ཙོང་ཁ་པ་ཆེན་མོའི་ཐོག་མའི་ཀློག་ཁྲིད་མཁན་ཡིན་པའི་སྐོར་གྱི་སྒྲོས་ཀྱང་བདོག་མོད།   ཡིག་ཚོགས་ལ་འཇིགས་པ་ཡིས་སྐབས་ཕྱི་མ་ཕྱི་མའི་དཔྱད་བྱ་དམིགས་གསལ་བ་ཞིག་ཏུ་བསྐྱུར་ཅིང་། འདིར་འདི་ཙམ་གྱི་གླེང་སློང་ཞིག་གིས་འཐུས་པར་བྱས།         མདོར་ན།གཞོན་ནུ་བྱང་ཆུབ་པ་མཆོག་འཚོ་བཞུགས་ཀྱི་དུས་སྐབས་དེ་ནི་བོད་ཀྱི་རིག་གནས་ཆེས་ཆེར་དར་སྒང་རེད་ལ།  བོད་མདོ་དབུས་ཁམས་གསུམ་ཀུན་ཏུ་མཁས་པས་ས་སྟེང་ཁྱབ་སྟེ་རིག་གནས་འཛུགས་སྐྲུན་གྱི་ཡོ་ལང་རྒྱས་བཞིན་ཡོད། ཡིན་ནའང་བོད་ཀྱི་པར་བརྐོའི་ལས་རིགས་ཀྱི་མྱུ་གུ་ད་དུང་ཡང་བག་ལ་ཞ་བ་ཡིས་ཚད་ངེས་ཅན་ཞིག་ནས་འབྱོར་ཁས་ཞན་པའི་མཁས་གྲུབ་མང་པོ་ཞིག་ལ་བསྟན་བཅོས་ཐོན་པའི་གླགས་མ་རྙེད་པ་ཡིན་ཡང་སྲིད་དེ། གང་ལྟར། གཞོན་ནུ་བྱང་ཆུབ་པ་ལ་དར་ཐུག་གི་བར་དུ་ཡེ་གེ་རྡོག་གཅིག་ཀྱང་མཐོང་དུ་མེད་པ་མངོན་སུམ་སྟེ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་བྱིན་རླབས་ལས་ཐོན་པའི་ཁོང་གི་མཚན་ཟུར་ཙམ་གྱི་བཀའ་དྲིན་གྱིས་ཕྱིས་ཀྱི་མདོ་སྨད་ཆོས་འབྱུང་སོགས་སུ་ས་བཅད་མ་སྟོང་ཙམ་དུ་རྣམ་ཐར་ས་བོན་དུ་ཐོན་ཡོད་པ་ལྟར་རོ།།   དེ་ལྟ་ན་དཔྱད་ཡིག་གིས་ཕོངས་པའི་དཔྱད་ཡུལ་འདི་ལྟ་བུ་ཅོལ་ཆུང་བདག་འདྲའི་ལས་སུ་མ་མཐོང་ཡང་། ཕ་མེས་དག་གི་བག་ཆགས་ཀྱིས་དམ་པ་འདིའི་སྐོར་ལ་ཅུང་ཙམ་རྒྱུས་མངའ་ལོན་ཞིང་དཔྱད་ཡིག་ཁ་ཤས་ཀྱང་ངོ་འཕྲོད་བྱུང་བ་ཡིས་འདིར་ལོ་རྒྱུས་ཤིག་གི་ཁ་སྐོང་དུ་ཨེ་འགྱུར་གྱིས་མཁྱེན་ལྡན་དག་གི་སྤྱན་སྔར་ཐོག་མའི་གླེང་སློང་གི་ཚུལ་དུ་ཕུལ་བ་དགེ་གྱུར་ཅིག།          མཆན་དང་ལུང་ཁུངས།   [1] འདིར་མཚོ་སྔོན་མི་རིགས་སློབ་ཆེན་ལ་གོ་དགོས། [2] མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། རྗེ་བཙུན་བླ་མ་ཙོང་ཁ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་བ་དད་པའི་འཇུག་ངོགས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982  p.13      [3] [4]བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982  P.192, P.292      [5]  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། དུང་དཀར་ཚིག་མཛོད་ཆེན་མོ། [M] ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་། 2002 P.103སྟེང“གདལ་སྣེ་གྲམ་པའི་ཆུ་ཀླུང་རི་ཐང་མང་པོའི་འོག་ནས་འགག་ཡུལ་དུ་དྲངས་པས།ཀོའུ་བ་རི་ཕུག་པར་གྲགས”ཞེས་སུ་གསལ་བ་ལྟར་ལགས།      [6] སྣེ་དོ་ཞེས་པ་ནི་མདོ་སྨད་ཁྲི་ཀའི་ཕྱོགས་ཀྱི་ཡུལ་སྐད་ཅིག་སྟེ། སྙིང་ཐུམ་མམ་ཕྱུགས་ཟོག་བཤས་རྗེས་ཁོང་བའི་སྙིང་འཐུམ་བྱེད་ཀྱི་སྐྱི་ལྤགས་སམ་སྣོད་ལྟ་བུ་ཞིག་མཐོང་རྒྱུ་ཡོདཔ་གང་དེར་གོ་ཡི་འདུག [7] བླ་མ་ཚང་གི་འཁྲུངས་ཡུལ་ཨ་སྐོང་དང་ས་མཚམས་འབྲེལ་ཞིང་བར་དུ་རི་རྒྱུད་གཅིག་མ་གཏོགས་མེད་པའི་ཁྱིམ་མཚེས་སྡེ་བ་ཞིག་གི་མིང་ངོ་།།      [8] ཚེ་ཏན་ཞབས་དྲུང་གིས་བརྩམས། བྱ་ཁྱུང་གདན་རབས། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984  P.103    Biography subjects 1681 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanTibetan LiteratureLiterary GenresFull EntryRelated Subjects (1)Related Texts (3)Related Sources (1) Autobiography subjects 1680 For more information about this term, see Full Entry below.Subjects Tibet and HimalayasBibliographic ClassificationTibetan and HimalayanTibetan LiteratureLiterary GenresFull EntryRelated Subjects (1)Related Texts (1) Triga places 1176 For more information about this term, see Full Entry below.Feature Type CountyPlaces EarthAsiaChinaQinghaiTsolho Tibetan Autonomous PrefectureFull EntryRelated Subjects (1)Related Places (76)Related Texts (116)Related Audio-video (81)Related Images (192)