སྟང་གནམ་ཁ་ལྷ་ཁང་དང་རབ་གནས་ཀྱི་སྐོར།

༉ སྟང་གནམ་ཁ་ཟེར་ཞུ་དགོ་པའི་རྒྱུ་མཚན་འདི་ བོད་ཀྱི་བཀའ་བརྒྱུད་བླ་མ་ གནམ་ཁ་བསམ་གྲུབ་ཟེར་མི་འདི་ ཁོ་རའི་ལུང་བསྟན་དང་འཁྲིལ་ ཁོ་ཡར་བོད་ལས་མར་ནུམོ་གང་བྱོན་སྦེ་ གནམ་མ་ལངམ་ཚུན་ཚོད་ བྱོན་ལམ་རྐང་ཐང་འབད་བྱོན་ཏེ་ དྲོ་པ་གནམ་ལངམ་ཅིག་ ས་གནས་ག་ཏེ་ལྷོད་ས་ལུ་ གདན་ས་གི་ལུང་བསྟན་འདི་ དེ་ན་ཨིན་ཟེར་གསུངས་ཏེ་ དེ་འཕྲོས་ལས་བྱོན་སྦེ་ སྐུ་ངལ་གནང་བཞུགས་ར་མ་བཞུགས་པར་བྱོན་ཏེ་ སྟང་གནམ་ཁ་ལྷ་ཁང་ཆགས་ཏེ་ཡོད་སར་ལྷོདཔ་ཅིག་ གནམ་ལངས་སོངཔ་ལས་ ད་ ངེའི་གདན་ས་གི་ལུང་བསྟན་འདི་ དེ་ཁ་ལུ་ཨིན་པས། ངེའི་གདན་ས་འདི་དེ་ནང་བཅགས་ནི་ ཟེར་གསུངས་ཏེ་ དེ་འཕྲོས་ལས་གདན་ས་གི་ས་བཅགས་ནི་འགོ་བཙུགས་ཏེ་ ལྷ་ཁང་དེ་བཞེངས་ནུག དེ་སྦེ་ ལུང་བསྟན་དང་འཁྲིལ་ཏེ་ གནམ་ལངམ་ཅིག་ཐོབ་ནི་དེ་གིས་དང་ བླམ་ཁོ་རའི་མཚན་ཡང་ གནམ་ཁ་བསམ་གྲུབ་ཟེར་ ཁོ་ར་གི་མཚན་ལས་ལྟ་དྲངས་ཏེ་ ལྷ་ཁང་གི་མིང་ཡང་ གནམ་ཁ་ལྷ་ཁང་ཟེར་ བཏགས་གནང་གནངམ་ཨིན་པས།

དེ་ལས་བླམ་ཁོ་ར་བཀའ་བརྒྱུད་གོང་མ་གི་སློབ་མ་ཅིག་འབདཝ་ལས་བརྟེན་ ཡར་ལས་མར་འབྱོནམ་ད་ ཆོས་སྐྱོང་སྲུངམ་ ལྷམོ་དང་མགོན་པོ་གཉིས་ཡང་ བླ་མའི་ཕྱག་ཞུ་སྟེ་བྱོན་ དེ་ལས་ ས་གནས་དེ་ཁར་ཕེབས་པའི་སྐབས་ དེ་ཁའི་སའི་བདག་པོ་གཏེར་བདག་རིན་ཆེན་མགོན་དབྱངས་ཡང་ བླ་མའི་ཕྱག་དབང་བཅར་ཡི་ཟེར་བའི་ལོ་རྒྱུས་ཡང་བཤད་ནི་འདུག རྒྱུ་མཚན་དེ་ལས་བརྟེན་ ད་རིས་ནངས་པར་ གནམ་མཁའ་ལྷ་ཁང་ནང་ ལྷ་མགོན་དང་གཡག་འཆམ་གྱི་སྐུ་འཆམ་གནང་སྲོལ་ཡོད་མི་འདི་ དེ་ལས་བརྟེན་ཨིན་པས། མཐོ་བྲག་བླམ་པདྨ་ཤེས་རབ་རྡོ་རྗེ་གིས་བཤད་མི་ནང་ ལྷ་མོ་འདི་ཨ་ཞེམོ་དང་ མགོན་པོ་འདི་ནུ་གཅུང་ཨིནམ་ད་ བླ་མའི་ཕྱག་ཞུ་སྟེ་བྱོན་པའི་སྐབས་ ནུ་གཅུང་མགོན་པོ་འདི་མི་འབྱོན་ཟེར་ཞུཝ་ད་ ཨ་ཞེམོ་གིས་ཉན་མ་བཏུབ་པར་ ནུ་གཅུང་ཙིགཔ་ཟ་སྟེ་ ཨ་ཞེམོ་གི་ཞབས་གུ་རྡོ་འཐུ་བླུགསཔ་ད་ཕོག་ནི་དེ་གིས་ ད་རིས་ནངས་པར་ གནམ་ཁ་ཚེ་བཅུའི་བསྒང་ སྐུ་འཆམ་གནང་པའི་སྐབས་ལྷ་མོའི་ཞབས་ ཞ་ཐེངས་ཞ་ཐེངས་བཏང་གནང་ནི་ཡོད་ཟེར་ཨིན་མས། དེ་ལས་ ལྷ་ཁང་འདི་བསྒྲུབས་པའི་ཤུལ་ལས་ རབ་གནས་མཛད་ནི་གི་དོན་ལུ་ས་གནས་དེ་ཁའི་མི་ཆ་ཁྱབ་ འཆམ་དང་ཞབས་ཁྲ་རྐྱབ་ནི་སྦེ་འབོ་ཞིནམ་ད་ རབ་གནས་གནང་པའི་སྐབས་ མཐོ་བྲག་དགོན་པ་གི་བཀའ་སྲུང་གཏེར་བདག་རིན་ཆེན་མགོན་དབྱངས་དེ་ཡང་ མར་རབ་གནས་གནང་ས་ལུ་ སྐུ་འཆམ་གནང་པའི་གྱལ་ཁར་འཛུལ་ཏེ་སྐུ་འཆམ་གནངམ་ལས་ རབ་གནས་སྐབས་གཡག་འཆམ་གནང་ནི་ཡོད་མི་འདི་ རྒྱུ་མཚན་དེ་ལས་བརྟེན་ཨིནམ་ད་ དུས་དེ་ལས་འགོ་བཟུང་ གནམ་ཁ་གཡུས་ཚན་དེ་ནང་ རབ་གནས་གནང་ནི་གི་སྲོལ་འདི་ ལོ་བསྟར་བཞིན་དུ་ཧེ་མ་ལས་ས་གནས་ཀྱི་བདག་སྐྱོང་པ་དྲུངམ་ཟེར་ ད་རིས་ནང་པར་འབད་བ་ཅིན་ དྲུང་པ་དེ་གིས་ མིང་ཐོ་བཀོད་དེ་ ཁྲལ་བཟུམ་སྦེ་ར་ རང་ར་སོ་སོ་གི་འགན་ཁུར་སྤྲོད་སྦེ་ ¬དུས་ད་ལྟོ་གི་བར་ན་ཡང་ ལམ་སྲོལ་འདི་ཉམས་མ་བཅུག་པར་གནང་སྟེ་ར་འདུག

¬དེ་ལས་རབ་གནས་ཀྱི་ལས་རིམ་འབད་བ་ཅིན་ ལོ་ལྟར་བཞིན་དུ་ཉིནམ་གསུམ་རེ་བརྩི་སྲུང་ཞུ་ནི་ཡོདཔ་ད་ ཉིནམ་དང་པ་ནང་འབད་བ་ཅིན་ ཆོསཔ་ཚུ་གིས་གཏོར་བཞེངས་གནང་ཚརཝ་ཅིག་ གསུང་ཆོག་གནང་བཞུགས་པའི་རིང་ སྐུ་འཆམ་གནང་མི་ཚུ་ཡང་བཅའ་སྒྲིག་ཀྲིག་ཀྲི་རྐྱབ་ཚུད་དོ་ཡོདཔ་ལས་ ཕྱི་རུ་ཁམ་ཅིག་ཁར་ དང་པ་གཞསམོ་རྐྱབ་མི་ཚུ་གིས་གཞསམོ་རྐྱབ་ དཔའ་མཛངསཔ་ཚུ་གིས་རྟིང་བདའ་ལེགས་སོ་བསྐུལ་ཏེ་ ལྷ་ཁང་གི་རྡོ་ཆལ་ནང་བྱོན་ཞིན་ལས་མར་ཆང་གཏོར་ མར་ཆང་གཏོར་ཚར་བའི་ཤུལ་ལས་ དཔའ་མཛངསཔ་གསུམ་སྐོར་རྒྱབ་འབད་དེ་ རྦད་ཚར་གསུམ་རྐྱབ་སྟེ་ དགྲ་བོ་ཆ་ཁྱབ་དམ་ལུ་བཏགས་ དེ་ལས་དཔའ་མཛངསཔ་དང་གཞསམོ་རྐྱབ་མི་ཚུ་གིས་གཞས་དང་ཞབས་ཁྲ་རྐྱབ་ དེ་གི་རྟིང་བདའ་ ལྷ་མགོན་གཉིས་དང་གཡག་འཆམ་གྱི་སྐུ་འཆམ་གནང་པའི་ཤུལ་ལས་ གླུ་གཞས་ཀྱི་ལས་རིམ་དག་པ་ཅིག་གི་རྒྱབ་ལས་ ཕྱི་ཁའི་ལས་རིམ་ཚུ་བམ་གྲོལ་ཞིནམ་ལས་ ནང་ན་ལུ་ ཆོསཔ་ཚུ་གིས་ མཆོད་པའི་བྱིན་རླབས་དང་ཆོས་སྲུང་ ལྷམོ་དང་མགོནམོ་གི་གསུང་མཆོད་གནང་བཞུགས་པའི་སྐབས་ལུ་ སྐུ་འཆམ་གནང་མི་དང་གཞས་གཞསམོ་ དཔའ་མཛངསཔ་དང་ དེ་ཁར་འཛོམས་ཡོད་མི་ག་ར་ལུ་ སིང་ཆང་བྲོཝ་གར་དྲགས་ཚུ་དྲངས་ནི་འདུག

དེ་ལས་ བམ་གྲོལ་བའི་ཤུལ་ལུ་ ལྷ་མགོན་ གཡག་ བླམ་ཚུ་ དཔའ་མཛངསཔ་དང་གཞསམོ་ཚུ་གིས་ ལྷ་ཁང་གི་ཕྱི་ཁར་ ཁྲོམ་ཟེར་ ཐང་ནང་ལུ་ ལེགས་སོ་དང་བཅས་པ་སྦེ་གདན་འདྲེན་ཞུ་ཏེ་ རྡོ་ཆལ་ནང་བཟུམ་སྦེ་ར་ ལས་རིམ་ཚུ་རིམ་པ་བཞིན་དུ་ ནུབ་མོ་ཆུ་ཚོད་བརྒྱད་དགུ་ཚུན་བཞུགས་ནི་འདུག དེ་ལས་ ཉིནམ་གཉིས་པ་ནང་འབད་བ་ཅིན་  དྲོ་པ་ལས་ཆོས་རྗེ་ཟེར་ ཨོ་རྒྱན་ཆོས་གླིང་གི་ཆོས་རྗེ་དང་རྒཔོ་ཞུ་ནི་ཟེར་ རབ་གནས་ཀྱི་སྐབས་ སྐུ་མགྲོན་བཟུམ་ཅིག་སྦེ་ཞུ་ནི་གི་སྲོལ་ཅིག་འདུག ཁོང་ཞུ་བའི་སྐབས་ཡང་ ཨོ་རྒྱན་ཆོས་གླིང་ལྷ་ཁང་དང་ཁང་རབ་ཀྱི་ལྷ་ཁང་ནང་ལེགས་བཤད་དང་ཞབས་ཁྲ་ལེའུ་ཐེངས་གསུམ་དེ་ཅིག་རྐྱབ་སྲོལ་འདུག ཉིནམ་གཉིས་པ་དང་གསུམ་པ་ནང་ཡང་གཞན་སྐུ་འཆམ་དང་གཞས་ ལེགས་སོ་གླུ་གཞས་ལ་སོགས་པའི་ལས་རིམ་ཚུ་ཅོག་ར་འཐདཔ་སྦེ་གནང་སྲོལ་འདུག ཨིན་རུང་ ཉིནམ་གཉིས་པ་དང་གསུམ་པའི་ནང་མ་འདྲཝ་གཅིག་ གཡུས་ཚན་གྱི་ཁྱིམ་གུང་པ་རེ་ལས་ ནང་གི་ཨམ་རེ་རེ་གིས་ ཏའི་ཏའི་ཟེར་ ཆུམ་གྱིས་བཟོ་བའི་ཚོགས་དང་ཆང་འབག་སྟེ་ བླམ་དང་ཕྱི་ཁའི་མི་དྲག་དྲགམ་ དེ་ལས་ དཔའ་མཛངསཔ་ཚུ་ལུ་ རྡིག་རྡིགམ་འབད་དེ་དྲངས་ཚར་བའི་ཤུལ་ལུ་ དགའ་ཚོལ་བཟུམ་ཅིག་འབད་ བང་ཅུང་ལོག་སྤྲོད་པའི་སྐབས་ལུ་ རང་གི་འབྱོལ་པ་དང་བསྟུན་ཏེ་ བང་ཅུང་ནང་བཙུགས་ཏེ་སྤྲོད་དགོཔ་དང་ གཡུས་མི་ཚུ་ཨིནམ་པ་ཅིན་ ཚོགས་ཡང་ལག་པར་བྱིན་ཏེ་ ཁོང་ཚུ་གིས་འབད་བ་ཅིན་ ཏི་རུ་ཡང་སྤྲོད་མི་དགོ་པས། རྫོང་ཁག་གཞན་ཁ་ལུ་མེད་པའི་ལམ་སྲོལ་མ་འདྲཝ་ཅིག་ བུམ་ཐང་སྟང་ལུ་འདུག་ཟེར་ཞུ་ནི་ལགས།།   །།

Bhutan Cultural Library Bhutan

Contents

About

A Dzongkha language description of Namkha Lhakhang in Tang, Bumthang, and its annual consecration festival.

Collection Bhutan Cultural Library
Visibility Public - accessible to all site users (default)
Author Lhakpa Gyonpo
Year published 2017
Subjects
Places