དམར་གདོང་ལབ་ཙེ།

     ལབ་ཙེ་འདི་སྡེ་འདི་གྲོང་ཤོག་ཁ་གསུམ་དུ་ཕྱེ་བའི་ཡ་གྱལ་སྟག་རིག་མ་མགོ་མའི་བྱང་ཕྱོགས་ན་དམར་གདོང་དུ་འབོད་པའི་རིའི་ཉག་ག་ ན་ཡོད་པས་དམར་གདོང་ལམ་ཙེར་ཐོགས་ཤིང་། དེའང་ལབ་ཙེ་མ་བུ་བཅུ་གསུམ་གྲངས་ཚང་བར་བརྩིགས་ཡོད། སྤྱིར་འཇིག་རྟེན་རྒད་པོ་རྣམས་ཀྱིས་བསང་བརྩི་སྐབས། བཙན་མ་མོ་གཉིས་ཀྱི་རྒྱུགས་ལམ་ན་བཞུགས་པའི། དམར་གདོང་བཙན་རྒོད་འབར་བ། ཞེས་འདི་ལའང་བཙན་རྒོད་འབར་བ་ཟེར་བའི་གནས་བདག་ཅིག་ཡོད་པ་ལྟར་བྱས་འདུག་ཀྱང་། ཡོངས་གྲགས་སུ་འདི་བཙན་མ་མོ་གཉིས་ཀྱི་རྒྱུགས་ལམ་ཞིག་ཡིན་པ་ཙམ་ལས་ཆེད་དུ་གནས་བདག་ཅིག་བཀོད་མེད་པར་བཤད། དེ་ཡང་སྟག་རིག་ཆགས་པའི་གནས་འདི་ནི་ལུང་གསུམ་གྱི་འདྲེས་མདོ་ཞིག་ཡིན་གཤིས་བཙན་ཁ་ཧ་ཅང་ཆེ་བ་དང་། བུ་རྟ་གཉིས་བཙན་གྱིས་ཁྱེར་ནས་ཤིང་སོང་བ་དང་། ཡན་ལག་དང་དབང་བོ་སྐྱོན་ཅན་དུ་གྱུར་ཏེ་ཞ་སོང་བ་མང་བོ་བྱུང་བས། གནས་ངེས་མེད་དུ་རྒྱུག་པའི་བཙན་རྒོད་དེ་དག་ལ་བཙན་སྒོ་ཞིག་མ་ཕྱེས་ཚེ་སྡེ་བའི་མི་ཟོག་གཉིས་ཀར་གནོད་འཚེ་མང་དུ་འབྱུང་བར་དགོངས་ནས། ནམ་ཞིག་གི་ཚེ་སྐྱེས་བུ་དམ་པ་ཞིག་གིས་ད་ལྟའི་ལབ་ཙེ་ཡོད་ས་ག་ལ་བ་དེར་བཙན་སྒོ་ཕྱེས་པ་དང་བཙན་སྒོ་ལ་ཤིང་སྒོ་སྤྲད་པ་ཕྱིས་ལབ་ཙེར་བརྩིགས་ཏེ་ནང་དུ་བཞག་ཡོད་ཟེར་ཞིང་། ངག་རྒྱུན་དུ་ཡང་དམར་གདོང་མ་རེད་བཙན་གདོང་རེད།། བཙན་ལ་ཤིང་སྒོ་སྤྲད་ནས་ཡོད།། ཟེར་རོ།།

     ཡང་ཁ་ཅིག་ན་རེ། ལབ་ཙེ་འདི་ཨ་མྱེས་སྲིན་པོ་མཆོད་ཕྱིར་བརྩིགས་པར་ཟེར་བས། འདིའི་མཆོད་བཀུར་གྱི་གཞི་བདག་ཀྱང་སྲིན་པོ་པདྨ་དབང་ཕྱུག་ཡིན་དགོས་པར་བཤད་དེ། རྒྱུ་མཚན་ཡང་ལབ་ཙེ་ཞིག་གསོ་སྐབས་འདིའི་སྲོག་ཤིང་མང་ཆེ་བ་རུལ་ནས་ཟད་འདུག་པས་གཞན་ཅི་ཡོད་ཤེས་ཐབས་བྲལ་ཡང་ཨ་མྱེས་སྲིན་ པོའི་འདྲ་སྐུ་བྲིས་འདུག་པ་ཁོ་བོ་ཅག་གིས་མངོན་སུམ་དུ་མཐོང་ངོ་ཟེར་མཁན་ཡང་བྱུང་ས་གང་ཡིན་བརྟག་འཚལ་ལོ།། གང་ལྟར་ལོ་རེའི་ཧོར་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་སྡེ་བ་ཡོངས་ཀྱི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་མདའ་དར་མདུང་གསུམ་ སོགས་མཚོན་ཆའི་བྱེ་བྲག་མང་བོ་དང་ལྗོན་ཤིང་ཕུན་སུམ་ཚོགས་པས་ལེགས་པར་བསྟོད་ཅིང་བསང་མཆོད་རྒྱ་ཆེན་པོ་བྱས་ཚར་རྗེས། རང་ལོ་བཅུ་གསུམ་ཅན་གྱི་བུ་མོ་བཅུ་གསུམ་འདེམས་པ་ལ་དུང་གི་བུ་མོ་བཅུ་གསུམ་དུ་འབོད་ཅིང་། དེ་དག་གིས་གཡས་ཕྱོགས་ཀྱི་དུར་ཁྲོད་ཁ་ནས་བཙན་སྡོང་སུམ་ཚུགས་ཤིག་འཛུགས་ལ། བཙན་ཤིང་དེ་དག་བཙུགས་ཚར་རྗེས་ས་དེ་རུ་གསོལ་སྟོན་རྒྱ་ཆེན་པོ་བཤམས་ཤིང་གླུ་ལེན་གར་རྩེ་བྱེད་པའི་དཔེ་ད་ལྟ་ད་དུང་ཉམས་མེད་དོ།།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Red Garland Editorial Board
Year published 2018
Subjects
Places
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence