བོད་གནའ་བོའི་ལེགས་བཤད་ཕ་མར་བཀུར་བསྟི་བྱ་བར་གདམས་པར་དཔྱད་པ།

ཚང་མས་ཤེས་གསལ་ལྟར། ལེགས་བཤད་ཅེས་ཐ་སྙད་གླེང་བ་ཙམ་ན། དེང་དུས་ཀྱི་མི་ཀུན་གྱི་སེམས་ནང་དུ་ས་སྐྱ་ལེགས་བཤད་ཀྱིས་གཙོའི་དགེ་རྒན་ལེགས་བཤད་དང་རྒྱལ་བོ་ལུགས་ཀྱི་བསྟན་བཅོས། ཆུ་ཤིང་བསྟན་བཅོས་སོགས་རང་ཤུགས་ཀྱིས་ཤར་བ་དང་ས་སྐྱ་ལེགས་བཤད་ནི་བོད་ཁ་བ་ཅན་གྱི་རྩོམ་རིག་ལྡུམ་རའི་ནང་ཆེས་སྔོན་ལ་བཞད་པའི་ཡིད་འོང་གི་མེ་ཏོག་ཅིག་ཡིན་པར་ངོས་འཛིན་པ་ལས། དེའི་སྔོན་དུ་བོད་ལ་ལེགས་བཤད་ཀྱི་སྲོལ་མེད་པ་དངོས་ཤུགས་གཉིས་ཀྱིས་བསྟན་པ་མང་མོད། ཡིན་ནའང་ཏུན་ཧོང་གཏེར་ཡིག་ལས་ཕ་མར་བཀུར་བསྟི་བྱ་བར་གདམས་པའི་ལེགས་བཤད་ལ་སོགས་བོད་གནའ་བོའི་དུས་(ལོ་ངོ་གཅིག་སྟོང་བཞི་བརྒྱ་ལྷག་གི་བོད་བཙན་པོའི་སྐབས་སུ་བསྡུ་བསྒྲིགས་བྱས་པ)ཀྱི་ལེགས་བཤད་སྐོར་ཞིག་ཐོན་པ་འདིས་བོད་རང་ལ་གནའ་སྔ་མོ་ནས་ལེགས་བཤད་ཡོད་པར་བདེན་དཔང་བྱས་པ་མ་ཟད། དར་ཁྱབ་ཀྱང་ཆེ་ལ་ནང་དོན་དང་སྒྱུ་རྩལ་གྱི་ཐོག་ནས་ཚད་མཐོན་པོར་སླེབས་མྱོང་བའང་མཚོན་ནུས། དེ་ལྟ་ནའང་ཡིད་ཕངས་པ་ཞིག་ནི་ལེགས་བཤད་འདི་དག་ས་འོག་ཏུ་ལོ་མང་འགོར་བས་བཅད་རུལ་དུ་གྱུར་ཏེ་མགོ་རྔ་མི་ཚང་བ་དང་མཚམས་ མཚམས་སུ་ཡི་གེ་མི་གསལ་བ་ཡང་མང་བས་སྔོན་གྱི་མ་རྩོམ་དེ་ཁ་ཚང་བར་ལྟ་ཐབས་བྲལ་མོད། ཅུང་གསལ་བ་དང་ཆ་ཚང་བར་ཞིབ་མོས་དཔྱད་ན་ཕལ་ཆེར་ཕྱོགས་གཉིས་ཙམ་གྱི་ནང་དོན་ཡོད་དེ། དང་པོ་ནི་ཕ་མར་བཀུར་བསྟི་བྱ་བར་གདམས་པ་དང་གཉིས་པ་ནི་མི་ལ་དགེ་བ་སྒྲུབ་ནས་ཉེས་པ་སྤོང་བར་གདམས་པའོ།།

 

      དེ་ཡང་དང་པོ་ཕ་མར་བཀུར་བསྟི་བྱ་བར་གདམས་པའི་ལེགས་བཤད་ནི་ཅུང་རིང་ལ་ཆ་ཡང་ཚང་བ་ཞིག་ཡོད་དེ་མ་ཡིག་ལས།

   

     “ཕ་མྱེད་ན་ནི་མྱི་སྐྱེའོ། མ་མྱེད་ན་ནི་མྱི་སོས་སོ།། མས་བུ་གསོས་ཤིན་ཏུ་དཀའ།། ཐོག་མ་ཆགས་ནས་ཉམས་མྱི་བདེ། མ་བྱུང་པར་དུ་ཉིན་རེ་མོངས། ཟླ་གྲངས་ཚང་ནས་བྱེ་བྲག་ཕྱེད། ལུག་གསད་ཤ་གཞི་འོ་དང་འདྲ།། གཡས་གཡོན་ཀུན་ཀྱང་ཁྲག་གིས་གང་། ན་ཚ་མྱི་བཟད་ཤི་ལ་ཐུག གཤེར་གྲང་མལ་དུ་མ་བདག་ཉལ། སྐོམ་དྲོ་མལ་དུ་བུ་སྡུག་བསྙན།། མ་སྙིང་རྟག་ཏུ་བུ་ལ་ཆགས། སྐད་ཅིག་མྱི་བཟོད་ཉོན་རེ་མོངས། སྐྱེས་ནས་ཆུང་མའི་ངག་ཉན་ཅིང་། ཕ་མ་གཤེགས་ན་དམྱིག་འོར་བྱེད། བུ་སྨད་མཐོང་ན་དགྲ་བར་འཛིན། དེ་ལྟའུ་བུའི་སྡིག་ཡུལ་དུ། ཕྱིན་ཅིང་ནམ་ཡང་ཐར་མྱི་མྱོང་། དེ་ལས་སོམས་སྟེ་སྲི་ཞུ་བྱོས།”ཞེས་ཨ་མས་བུ་ཕྲུག་སྐྱེ་བའི་དཀའ་ཚེགས་དང་སྡུག་བསྔལ་མྱོང་བའི་གོ་རིམ་དང་བུ་ཕྲུག་ལ་བཟུང་བའི་བརྩེ་དུང་བརྗོད་པ་བརྒྱུད་ནས་ཕ་མར་བཀུར་བསྟི་བྱེད་དགོས་པ་ནི་བུ་དང་བུ་མོའི་མ་བགོས་རང་བབ་ཀྱི་འོས་འགན་ཡིན་ལ། འཇིག་རྟེན་མི་ཆོས་སྲུང་བ་ནི་ཕ་མར་བརྩི་བཀུར་བྱས་ཏེ་ཚེ་སྨད་བདེ་སྐྱིད་ངང་འདུག་པར་བྱས་ནས་འབུ་གསོས་ཏེ་མིའི་བཏང་བའི་དྲིན་ལན་འཇལ་བ་རྨང་གཞི་ཡིན་པ་ལས་རང་ནར་སོན་ནས་འགྲོ་ཐུབ་པ་དང་ཁྱིམ་བཟའ་ཚང་བསྒྲིགས་རྗེས་ལོ་ན་རྒས་ཤིང་ངལ་རྩོལ་བྱེད་མི་ཐུབ་པར་ཕ་མར་སྡིགས་མོ་དང་ཆུང་མ་ཁོ་ནས་ངོ་དགའ་བྱེད་པས་ན། ཚེ་དེ་ལ་བསགས་པའི་ཉེས་པ་ཡིན་པས་ནམ་ཞིག་ལ་རྒྱུ་འབྲས་འཁོར་ནས་སྡུག་བསྔལ་གྱི་གནས་སུ་ཡུན་རིང་དུ་ལྷུང་ངེས་ཡིན་པས་ཕ་མའི་ བཀའ་དྲིན་དང་ལས་འབྲས་རྩིས་ནས་ཕ་མར་གཅེས་དགོས་པ་དྲང་ལྡོག་ཕྱོགས་གཉིས་ཀྱི་སྒོ་ནས་གདམས་པ་དེའི་གོ་རིམ་ཞིབ་ཅིང་ནང་དོན་ རྒྱས་པ། རྒྱན་དང་དཔེ་ཡིས་མ་བཅིངས་པར་གསོན་ཉམས་ལྡན་པའི་རང་བཞིན་ཁོ་ན་བརྗོད་ནས་དོན་དངོས་དང་མཐུན་ལ་ཀློག་པ་ཙམ་གྱིས་སེམས་ལ་རི་མོ་བཞིན་འཆར་རྒྱུ་ཡོད་པའི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་སྤྱད་པ་འདིས་ལེགས་བཤད་ལ་གོ་སྐོན་བློ་འགུག་གི་ནུས་པ་མཐོ་ཞིང་མི་ལ་ཡིད་ཆེས་སྟེར་བའི་གནས་ལུགས་ལྡན་པའི་ནང་དོན་ལེགས་པར་མ་ཟད་སྒྱུ་རྩལ་ལ་ཐོག་ཏུའང་ཚད་མཐོན་པར་སླེབས་ཡོད་པ་རེད།

 

    གཉིས་པ། མི་ལ་དགེ་བ་སྒྲུབ་ནས་ཉེས་པ་སྤོང་བར་གདམས་པ།

      “ལེགས་རྒུ་བྱས་ན་དཔལ་དུ་སྐྱེ། ཉེས་རྒུ་བྱས་ན་བྱུར་དུ་གྱུར། འདི་གཉིས་གང་བྱ་ཞིབ་ཏུ་བརྟོགས། ཤི་བ་ཡང་དག་ཐར་བ་མེད།”ཅེས་པ་དང་། “འཆི་བའི་དུས་ན་བཙན་ཉེན་བྱེད། སྐྱེ་དགུ་ཀུང་(ཀུན་)ཡང་གཅིག་མི་ཐར། གསོན་གྱི་ཚེ་ན་ལེགས་མ་བྱས། ཤི་བའི་འོག་ཏུ་ཞར་མ་རུང་། འདི་དག་གང་བྱ་ཞིབ་ཏུ་བརྟོགས།”ཞེས་འཇིག་རྟེན་མི་ཚེ་འདི་རུ་བཟང་ལ་བཟང་ལན་དང་ངན་ལ་ངན་ལན་ཡོད་དེ། ཁྱོད་རང་གིས་སྡུག་པའི་ལས་སྤངས་ནས་བཟང་པོའི་ལམ་དུ་སོང་ན་མཐའ་མར་ངན་སོང་དུ་མི་ལྷུང་ལ། དེ་ལས་ལྡོག་ན་ངན་སོང་དུ་ལྷུང་བའི་རྒྱུ་ཡིན་པའི་གནས་ལུགས་སྔོན་ལ་བརྗོད་རྗེས་ཁྱོད་རང་ལམ་གང་ལ་འགྲོ་རྒྱུ་སེམས་ནས་ཞིབ་མོར་དཔྱད་དེ་གཅིག་སྔར་རག་ཏུ་འདེམས་དགོས་པ་ལས་འཆི་བའི་དུས་སུ་བབས་པ་ན་དེ་ལས་ཐར་ཐབས་མེད་དེ་མི་བཙན་པོ་དང་གཉོམ་ཆུང་། ཕྱུག་པོ་དང་དབུལ་བོ། མཐོན་པོ་དང་དམའ་མོ་ཀུན་ཀྱང་མ་ཤི་བར་གཏན་དུ་སྡོད་པ་གཅིག་ཀྱང་མི་སྲིད་པས། གསོན་པའི་དུས་སུ་དགེ་བ་སྒྲུབ་སྟེ་རང་ལ་ཚེ་ཕྱི་མར་འགྲོ་སའི་ལམ་བདེ་མོ་བཟོ་དགོས་པ་ལསརྗེས་སུ་འགྱོད་པ་སྐྱེས་ན་ཕན་གང་ཡང་མེད་པར་བསྟན་ཅིང་། འདི་དག་གི་ནང་དོན་ཐད་ཆོས་ལུགས་ཀྱི་རྒྱུ་འབྲས་དང་ཤི་དམྱལ་བ་བཅས་མཚོན་པས། གོང་གི་ཕ་མར་བཀུར་བསྟི་བྱ་བར་གདམས་པའི་ལེགས་བཤད་ལས་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་པ་ཅུང་ཟབ་པ་དང་གནས་ལུགས་བཤད་པ་འང་སྤྱི་ཚོགས་བྱེ་བྲག་འཚོ་བ་དངོས་བཀོད་མེད་ལ་རྒྱན་དང་དཔེ་ཡིས་བཅིངས་མེད་པ་གོང་བཞིན་མཚུངས་པར་དེའི་སྐབས་ཀྱི་ལེགས་བཤད་ཀྱི་ཁྱད་ཆོས་མཚོན་ནོ།།

ལེགས་བཤད་སྤྱིའི་ནང་དོན་ལ་དཔྱད་ན་ངན་པ་དོར་ནས་བཟང་པོ་སྒྲུབ་པ་དང་བྱ་བ་གང་ཞིག་བྱེད་ན་སྔོན་ལ་བསམ་བློ་ཞིབ་མོ་གཏོང་དགོས་པ། རང་གི་དྲིན་ཆེན་ཕ་མར་བཀུར་བསྟི་བྱེད་དགོས་པར་གདམས་པ་དེ་དེང་སྐབས་ཀྱང་མི་ལ་སློབ་གསོ་གཏོང་བའི་ནུས་པ་ཉམས་མེད་པར་ང་ཚོས་མཐོང་ཆེན་བྱེད་འོས་པ་དང་། ནང་དོན་ཐད་ལས་རྒྱུ་འབྲས་སོགས་ཆོས་ལུགས་པའི་ལྟ་བ་བརྗོད་ཡོད་པའི་ལེགས་བཤད་འདི་དག་སངས་རྒྱས་ཆོས་ལུགས་བོད་ལ་དར་བའི་རྗེས་ཡིན་ལ། བོད་སྤྱི་ཚོགས་སུ་དར་ཁྱབ་ཆེན་པོ་བྱུང་ནས་རིག་གནས་འཚོ་བའི་ནང་དུ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་མཚོན་པ་དང་ཚིག་གི་སྟེང་ནས་ཀྱང་རྐང་བཞི་ཅན་དང་ལྔ་ཅན། དྲུག་ཅན། དེ་ལས་མང་བ་སོགས་འདྲ་མིན་སྣ་ཚོགས་ཡོད་ནའང་ཚང་མ་ཡིག་འབྲུ་བདུན་རེ་ཡིན་པ་མཚུངས་ཤིང་རྐང་བ་བཞི་ཅན་གྱི་ཤོ་ལོ་ཀའི་གཙོ་བོ་ཟིན་པའི་སྐབས་དེར་ཆ་འགྲིག་པའི་རྩོམ་སྟངས་དར་ཁྱབ་ཆེ་བ་མཚོན་ཞིང་བརྗོད་བྱ་གསལ་བཤད་བྱེད་པའི་གནས་ལུགས་དཔེ་ལ་མི་སྦྱོར་བར་ཐད་ཀར་བརྗོད་པ་དང་རྒྱན་སོགས་གོ་དཀའ་བོ་མེད་པར་གོ་སླ་ཞིང་ཉན་བདེ་བའི་དམངས་ཁྲོད་ཀྱི་སྐད་ཆ་ཁོ་ན་བཀོད་པས། བརྗོད་བྱ་བདེ་བླག་ཏུ་རྟོགས་ཐུབ་པའི་ཁྱད་ཆོས་ཡོད་པ་དང་བོད་ཀྱི་ལེགས་བཤད་ཀྱང་རྩོམ་རིག་གཞན་པ་དང་འདྲ་བར་ངལ་རྩོལ་འཚོ་བའི་ནང་བྱུང་བ་དང་དེ་ནས་རིམ་བཞིན་མེད་པ་ནས་ཡོད་པ་དང་རྣམ་གྲངས་ཉུང་བ་ནས་མང་བར་འཕེལ་བའི་ལོ་རྒྱུས་ཀྱི་རྒྱུད་རིམ་མཚོན་ཡོད། དེ་བས་ང་ཚོས་བོད་ལ་སྔོན་ནས་ལེགས་བཤད་ཀྱི་སྲོལ་ཡོད་པ་དང་དེ་ལ་ཐུན་མོང་མ་ཡིན་པའི་རང་གི་ཁྱད་ཆོས་ལྡན་པས་དུས་ཀྱི་རིང་ཐུང་དང་རྩོམ་རིག་གི་འཕེལ་རྒྱས་ཙམ་ལས་ས་སྐྱ་ལེགས་བཤད་སོགས་དང་གཅིག་མཚུངས་ཀྱི་སློབ་གསོའི་ནུས་པ་ལྡན་པ་དང་། དེ་དག་མཉམ་གཅིག་ཏུ་བཞག་ན། ད་གཟོད་བོད་ཀྱི་ལེགས་བཤད་ཆ་ཚང་ཞིང་ལོ་རྒྱུས་རིང་བོ་ལྡན་པའི་གཞུང་ཆེན་པོ་ཞིག་ཏུ་གྱུར་བ་དང་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕན་ཚུན་ཁ་གསབ་བྱས་ཏེ་བོད་ཀྱི་འཚོ་བ་དངོས་ལ་ཞབས་འདེགས་བྱེད་ཐུབ་པ་ཞིག་རེད།

         (རྩོམ་ཐུང་འདི་ནི་ཕྲེང་པ་དམར་པོ་རྩོམ་སྒྲིག་ཁང་གི་བཀའ་མངགས་ལྟར་སྟག་རིག་རྒན་བཀུར་ལོ་གསར་བཀྲ་ཤིས་བྱ་འགུལ་སྤེལ་ནས་ལོ་ངོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚུལ་དུ་ཕུལ་བ་དགེའོ།།)

Amdo History Cultural Tibet Amdo Tibet

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Dukkar Tsering
Year published 2018
Subjects
Places
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence