སྟག་རིག་གི་བཟའ་བཏུང་སྐོར་ངོ་སྤྲོད་རགས་ཙམ་བྱེད་པ་སྲིད་པའི་མེ་ལོང་།

སྟག་རིག་གི་ཡུལ་སྲོལ་གོམས་འདྲིས་ནི་མེས་པོ་ཚོས་ང་ཚོར་བཞག་པའི་ཤུལ་བཞག་རིག་གནས་ཀྱི་བང་མཛོད་ཅིག་ཡིན་ལ། དེས་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བའི་སྟག་རིག་གི་ན་གཞོན་རྣམས་མི་རབས་ནས་མི་རབས་སུ་བསྐྱེད་བསྲིངས་བྱས་ཡོད། དེའི་ནང་ནས་བཟའ་བཏུང་སྐོར་གྱི་ཡུལ་སྲོལ་རགས་ཙམ་ཞིག་བཀོད་ན་འདི་ལྟ་སྟེ།

དང་པོ། སྟག་རིག་གི་ཇ་བསྐོལ་སྲོལ།

དེ་ཡང་ཇ་བསྐོལ་སྲོལ་ལ་འོ་ཇ་དང་མངར་ཇ། དཀྲུགས་ཇ། རྩམ་ཇ། ཆུ་དཀར། ནག་ཁུ་སོགས་ཡོད་ལ། དེ་ལས་འོ་ཇ་ལ་བསྐོལ་ཇ་ཡང་ཟེར། ཁྱིམ་ཚང་ཕལ་མོ་ཆེ་ཡི་འཐུང་ཇ་ཡིན། དེ་ན་ཇ་ནག་ཁུ་ཁོལ་མ་ཐག་ཏུ་ཟངས་དེམ་ནང་དུ་འོ་མ་རྒྱ་མ་གང་རེ་བླུགས་ཏེ་བསྐྱར་བསྐོལ་བྱས་ནས་འཐུང་ན་ལུས་སྟོབས་འཕེལ་ཞིང་ཕོ་བ་བདེ་བས་བོད་པ་རྣམས་ལ་མེད་དུ་མི་རུང་བའི་འཐུང་ཇ་ཡིན། དེའི་ནང་དུ་ཚྭ་ཁུ་འདེབས་མི་འདེབས་གཉིས་ཀ་སྣང་ཡང་། ལོ་ལོན་ཚོས་ཇ་ལ་ཚྭ་ཁུ་མེད་ན་ཆུ་ཡིན་ཟེར་ནས་ཚྭ་ཁུ་མི་བྲོ་བའི་ཇ་འཐུང་བསམ་གྱིན་མེད། འོན་ཀྱང་ད་ལྟའི་ན་གཞོན་ཚོས་ཚྭ་ཁུ་མང་ན་ལུས་ཁམས་བདེ་ཐང་ལ་གནོད་ཟེར་ནས། འཐུང་ཇ་ནང་དུ་ཚྭ་ཁུ་མི་གཏོང་བའི་དཔེ་ཞིག་ཀྱང་ཆགས་བཞིན་ཡོད།

མངར་ཇ་ནི་སྟག་རིག་གི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་བཏུང་ཇ་ཞིག་སྟེ། ཐོག་མར་ཆུ་གཙང་མ་ཟངས་དེམ་གང་གི་ནང་དུ་བསྟོད་ཇ་མཐེ་བོང་ཙམ་འདེབས་པ་དང་འབྲུ་མར་སེར་བོ་མཐེ་བོང་ཙམ་དང་བུ་རམ་ཀ་ར་མཐེ་བོང་ཙམ་འཕངས། དེ་ནས་ཕང་འབྲས་སྤར་ཁྱིམ་གང་དང་སིལ་དམར་ལྔ་རེ་བཏབས་ཏེ་བསྐོལ། དེ་ནས་འོ་མ་བརྒྱབ་སྟེ་འཐུང་ན་ལུས་སྟོབས་འཕེལ་ཞིང་ཕོ་བའི་མེ་དྲོད་གསོ། བཞིན་མདངས་རྒྱས་ཤིང་ཚེ་ཐག་བསྲིངས་པར་བྱེད་པས་ན། སྟག་རིག་གི་ན་གཞོན་ཚོས་ལུས་ཁམས་བདེ་སྲུང་གི་སྨན་ཇ་ཞིག་ཏུ་ངོས་བཟུང་ནས་ཕ་མའི་གསོལ་ཇ་དང་། མགྲོན་པོ་གལ་ཆེན་ཡོང་ཚེ་མགྲོན་ཇ་རུ་འབུལ་བཞིན་ཡོད།

དཀྲུགས་ཇ་ནི་བསྟོད་ཇ་དང་འོ་མས་ཕུལ་བའི་འོ་ཇ་མངར་མོའི་ནང་དུ་འབྲུ་མར་མཐེ་བོང་ཙམ་དང་སྒ་སྐྱ་ལེབ་མོ་གཉིས་རེ་བཏང་སྟེ་དཀྲུགས་སྣོད་དུ་བླུགས་ནས་དཀྲུགས་ན། གཡས་དཀྲུགས་སུམ་ཅུ་ཕ་ལོའི་སྐལ། གཡོན་དཀྲུགས་སུམ་ཅུ་མ་ལོའི་སྐལ། ཕུ་དཀྲུགས་སུམ་ཅུ་ཞང་བོའི་སྐལ། མདོ་དཀྲུགས་སུམ་ཅུ་ཚ་བོའི་སྐལ་ཞེས་དཀྲུགས་སྲོལ་ཡོད་ལ། སྔོན་ཆད་ཤིང་ཟོ་ཆུང་ཆུང་སྐེད་དཀྲིས་སུམ་བརྩེགས་ཅན་བོད་ལྭའི་ཕུ་རུང་ལྟ་བུའི་དཀྲུགས་ཟོ་མཐོང་རྒྱུ་ཡོད་ཅིང་། དེང་སང་ཚང་མས་གློག་ཆས་ལ་བསྒྱུར་ནས་སོལ་ཁུ་འདོན་བྱེད་ཀྱི་དཀྲུགས་སྣོད་དུ་དཀྲུགས་ཇ་དཀྲུགས་པའི་སྲོལ་ཞིག་ཆགས་འདུག

རྩམ་ཇ་ནི་རྩམ་པ་རྒྱ་མ་གང་ལ་མར་མཐེ་བོང་ཙམ་ཞིག་བཏང་ནས་ཟངས་ངའི་ནང་བརྔོ་བ་དང་། དེ་ནས་ཇ་ཟངས་དེམ་གང་ནང་དུ་བརྔོས་རྩམ་སྙིམ་པ་གང་བཏབས་ནས་བསྐོལ་ཏེ་བཏུང་ན། ལུས་སྟོབས་འཕེལ་ཞིང་ཕོ་བ་བདེ་ལ་གཉིད་འགུག་གི་ཁྱད་ཆོས་ཀྱང་ཡོད་པས། ལུས་སྟོབས་ཞན་པའི་རྒན་པ་ཚོས་འཐུང་ན་སྨན་དུ་འགྱུར་རོ།།

ཆུ་དཀར་ནི་སུམ་ཆའི་གཅིག་ཆུ་དང་སུམ་ཆུའི་གཉིས་འོ་མས་བྱས་པ་དང་། ཡང་ན་དེ་ལས་ལྡོག་སྟེ་བསྐོལ་བའི་འོ་ཇ་རིགས་ཤིག་ཡིན་ཡང་དེའི་ནང་དུ་ཇ་ཅི་ཡང་མི་འདེབས་པས། དོན་དམ་དུ་འོ་ཇ་ཞེ་ན་མི་འགྲིག་བསམ། འོན་ཀྱང་ཆུ་དཀར་ནི་བྱིས་པ་རྣམས་ལ་མེད་དུ་མི་རུང་བའི་འོ་ཇ་ཞིམ་པོ་ཞིག་ཡིན་ཕྱིར་ང་ཚོས་དེ་ལ་ཇ་ཆུ་དཀར་ཟེར་བ་དང་། སློབ་མ་དང་རྫི་བོ་རྣམས་ལ་སྐོམ་ཆུའི་ཚུལ་དུ་ཁྱེར་དུ་བཅུག་ན་ཧ་ཅང་བཟང་།

ཇ་ནག་ཁུ་ནི་ཆུ་གཙང་ཟངས་དེམ་གང་ནང་དུ་ཇ་དང་ཚྭ་ཁུ་འོས་འཚམ་རེ་བཏབས་ནས་བསྡུ་རུ་འཇུག་པ་དང་། ཡང་ན་ཇ་དང་ཚྭ་ཁུ། གཡེར་མ། སྒ་སྐྱ་སོགས་འོས་འཚམ་རེ་བཏབས་ནས་བསྐོལ་བའི་བཏུང་ཇ་ལ་ཟེར་ཞིང་། འོ་ཇ་དང་བསྡུར་ན་མདོག་ནག་པོ་ཡིན་པས་ནག་ཁུ་ཟེར་རོ།།

 

གཉིས་པ། སྟག་རིག་གི་གོ་རེ་ལས་སྲོལ།

ལས་ལ་བརྩོན་ཞིང་སྤྱང་གྲུང་ལྡན་པའི་སྟག་རིག་གི་བུ་མོ་ཚོས་ཆུང་ཆུང་དུས་ནས་བཟུང་རང་རང་གི་ཨ་མའི་གམ་ནས་གོ་རེ་སྣ་ཚོགས་ལས་སྲོལ་སྦྱང་ནས་ལག་བྱང་དུ་སོང་ཡོད་པ་དང་། སྐྱིད་སྡུག་གི་ལས་ཅི་ལ་འཕྲད་ནའང་ཕན་ཚུན་ལ་ལས་རོགས་བྱས་ནས་གོ་རེ་སྣ་ཚོགས་བཅའ་བཞིན་ཡོད། སྟག་རིག་གི་གོ་རེ་བཅས་སྲོལ་ལ་ཁོལ་ཐོག་ནས་རླངས་བཙོ་བྱེད་པའི་གོ་རེ་དང་། ཐབ་མགོ་ནས་བརྔོ་བསྲེགས་བྱེད་པའི་གོ་རེ། གོར་ཟངས་མེ་འོག་ཏུ་བཅུག་ནས་བསྲེགས་པའི་གོ་རེ། གཡིས་འཁོལ་མའི་ནང་དུ་གཡིས་བསྲེགས་བྱེད་པའི་གོ་རེ་སོགས་ཡོད་ལ། དེ་ལས་རླངས་བཙོས་གོ་རེ་ལའང་ཅོང་རྡོག་སྐྱ་རིལ་དང་། གོ་རེ་རྟ་རྨིག་མ། གོ་རེ་མེ་ཏོག་ཅན། གོ་རེ་གཡག་རྭ་མ་སོགས་ཡོད་པ་དང་། གོར་ཟངས་ནང་གི་གོ་རེ་ལ་གོར་སྟེའུ་དང་། གོ་རེ་སྣ་གཅུ། གོ་རེ་རྒྱལ་བོ། གོ་རེ་ཧ་ཅ་རིལ། གོ་རེ་བར་བསྐུས་སོགས་ཡོད། ཐབ་མགོ་ནས་བརྔོ་བསྲེགས་བྱེད་པིའ་གོ་རེ་ལ་གོ་རེ་སྐྱ་རབས་དང་། གོ་རེ་གཡིས་སྐྱབས། གོ་རེ་སྐྱབས་ཤོག གོ་རེ་ཞ་ཞ། གོ་རེ་བཙོང་སྐྱབས་དང་ཚིལ་སྐྱབས་སོགས་ཡོད། གཡིས་བསྲེགས་གོ་རེ་ལའང་གོ་དམར་ལུག་རྭ་མ་དང་། གོ་གོར། དྲ་དྲ། སོག་སོག བསངས་རྒྱ་མེ་ཏོག རྡེའུ་རིག གོ་རེ་ཐག་དཀྲིས་མ་སོགས་ཡོད་ནའང་། ཡིག་ཚོགས་ལ་དོགས་ནས་དེ་རེ་རེའི་བཅའ་སྲོལ་གསལ་བོ་ཞིག་འདིར་མ་བཀོད། གཞན་ཡང་སྟག་རིག་སྡེ་བ་རུ་དར་ཁྱབ་ཆེ་བའི་ཐལ་བའམ་ཡང་ན་ས་བསྲེགས་མའི་འོག་ཏུ་བསྡུས་ནས་བསྲེགས་བཙོ་བྱེད་པ་ཞིག་སྟེ། དེ་ལ་རོང་གོར་ཆེ་ཆུང་བར་གསུམ་དང་འཇམ་གོར་ཐལ་བསྲེགས་མ་སོགས་ཡོད། རོང་གོར་ཕལ་ཆེར་བསྲེགས་སྲོལ་གཅིག་འདྲ་ཡིན་སྟེ། རྩྭ་སྐྱ་དང་ལུད་ཕྱེ་སྟེང་དུ་ས་ཚིགས་བཙོས་ནས་མེ་བཏང་སྟེ་འཚིག་པར་བྱས་པའི་ས་བསྲེགས་མའི་ནང་དུ། སྐབས་དེའི་དགོས་མཁོ་ལྟར་གོ་རེ་ཆེ་ཆུང་བར་གསུམ་བཙོས་ནས་བསྲེགས་བཙོ་བྱེད་པ་ཞིག་ཡིན་ཞིང་། རོང་གོར་ཆེས་ཆེ་བ་གཅིག་ལ་ཕྱེ་རྒྱ་མ་སུམ་བརྒྱ་ཡོད་སྐད། འབྲིང་ཙམ་ལའང་ཕྱེ་རྒྱ་མ་བརྒྱ་ཡས་མས་དང་། ཆུང་བ་ལ་ཕྱེ་རྒྱ་མ་ཉི་ཤུ་དང་སུམ་ཅུ་ཅན་གང་རུང་དུ་བསྲེགས་བཙོ་བྱས་ཆོག་པར་བཤད། འཇམ་གོར་ཐལ་བསྲེགས་ན་ནི་ཕྱེ་སྐྱའི་ནང་དུ་སྐྱུར་ཕྱེ་མི་དགོས་པར་གཡིས་དང་ཚྭ་ཁུ་འོས་འཚམ་རེ་བཏབས་སྟེ། ཆུ་འཁྱག་གིས་བརྫིས་ནས་དབྱིབས་སྒོར་སྒོར་ཏུ་བྱས་ནས་ཞབས་ལ་མེ་རོ་དང་དེའི་སྟེང་དུ་ཐལ་སྐྱ་སྲབ་བུ་རེ་བཏིངས། དེའི་སྟེང་དུ་གོར་ཕྱེ་འཇོག་པ་དང་། གོར་ཕྱེ་དེའི་སྟེང་དུ་ཡང་བསྐྱར་ཐལ་སྐྱ་དང་མེ་རོ་ཡིས་བཀབ་པར་བྱས་ཏེ་ཡུན་གྱིས་བསྲེགས་བཙོས་བྱེད་པ་ཞིག་ཡིན། འཇམ་གོར་ཐལ་བསྲེགས་མ་འདི་འཚོས་མ་ཐག་ཏུ་གོ་རེ་འཁོལ་མའི་སྟེང་ནས་ཁ་ལེབ་སྒོར་སྒོར་ཞིག་དྲས་སྟེ་ནང་ཉིང་ཐམས་ཅད་དཀྲུགས་ནས་ཁོག་ཏུ་མར་ཉུང་ཙམ་བཞག་སྟེ། ཁ་ལེབ་ཕྱིར་བརྒྱབ་ནས་ཡུད་ཙམ་བཞག་སྟེ་ཟོས་ན་ཁ་ལ་ཞིམ་ཞིང་ལུས་སྟོབས་འཕེལ་བར་བྱེད་པས་ན་འཇམ་པའི་ཡུལ་གྱི་ཟས་མཆོག་ཅིག་ཏུ་བརྩི་བཞིན་ཡོད།

གསུམ་པ། སྟག་རིག་གི་ཐུག་པ་བསྐོལ་སྲོལ།

    དེ་ཡང་སྟག་རིག་གི་ཁྱིམ་ཚང་སུ་ཡིན་ཡང་་དེང་རབས་འཕྲུལ་འཁོར་གྱིས་བརྡལ་བའི་ཕྱེ་ཐུག་གི་དབྱིབས་སྣ་ཚོགས་བསྐོལ་སྲོལ་ ཡོད་པ་ལས་ གཞན། གཙོ་བོ་མཐེབ་ཐུག་དང་འཐེན་ཐུག བརྡལ་ཐུག འབྲས་ཐུག ཧུབ་རིང་བཅས་ཡིན་ལ། དེ་རྣམས་ཀྱང་ནང་གི་སྦྱོར་བ་ལྟར་དབྱེ་ན། ལུག་ཤའི་ཐུག་པ་དང་སྐམ་ཤའི་ཐུག་པ། ཕག་ཤའི་ཐུག་པ། བྱ་ཤའི་ཐུག་པ། བརྗེན་ཐུག འོ་ཐུག སྐྱུར་ཐུག ཆུར་ཐུག འཇམ་པའི་སྐྱོགས་སུར་སོགས་ཡོད། གོང་མ་གོང་མ་རྣམས་གོ་བདེ་ཞིང་ཤེས་སླ་བས་འདིར་མ་བཀོད་པ་ཡིན། དེ་ཡང་བརྗེན་ཐུག་ནི་ཐུག་པའི་ནང་དུ་ཤ་རིགས་ཅི་ཡང་མི་གཏོང་ཞིང་ཉུང་མའམ་སྒོང་སྤྲིས་ཕུལ་བའི་ཐུག་པ་རྐྱང་རྐྱང་ཡིན་པས་བརྗེན་ཐུག་ཟེར།

    འོ་ཐུག་ནི་ཤ་མེད་པར་འོ་མ་རྐྱང་རྐྱང་གིས་བསྐོལ་བའི་ཐུག་པ་ཡིན་ཕྱིར་འོ་ཐུག་ཟེར་བ་དང་། འོ་ཐུག་ནང་དུ་ཤ་དང་སྒོག་པ། ལ་ཕུག་སོགས་མི་འདེབས་ཤིང་། ཚྭ་ཁུ་འོས་འཚམ་རེ་བཏབས་ན་ཁ་ལ་ཞིམ་ཞིང་ཁོག་པར་བདེ་བའི་ཐུག་པ་བཟང་བོ་ཞིག་ཡིན་ནོ།།

   སྐྱུར་ཐུག་ནི་ཤ་མེད་པར་དར་ར་རྐྱང་རྐྱང་གིས་བསྐོལ་བའི་ཐུག་པ་ཡིན་ཞིང་། གོང་དང་མཚུངས་པར་ཤ་སྒོག་ལ་ཕུག་རིང་དུ་སྤངས།

    ཆུར་ཐུག་ནི་ཆུར་བ་སྙིམ་པ་གང་ཆུ་འཁོལ་གྱིས་སྦངས་ཤིང་། དེས་ཐུག་པ་བསྐོལ་ནས་ནང་དུ་འབྲུ་མར་མཐེ་བོང་ཙམ་ཞིག་འཕངས་སྟེ་འཐུང་ན་སྐྱུར་ཞིང་ཞིམ་པའི་ཐུག་པ་ཡ་མེད་ཅིག་ཡིན་ནོ།།

   འཇམ་པའི་སྐྱོགས་སུར་ཟེར་བ་ནི་སྤྱིར་འཇམ་པའི་ས་ཆར་དར་ཁྱབ་ཆེ་བའི་ཐུག་པ་ཞིག་ཡིན་པ་དང་། ནང་སྒོས་སུ་སྟག་རིག་སྡེ་བའི་ན་གཞོན་ཚོས་སྣུམ་ཆེན་ཟོས་རྗེས་ཁ་གསོར་སྤྱད་ལ་འཇམ་པའི་སྐྱོགས་སུར་གྱི་ཐུག་པ་འདི་བསྐོལ་སྲོལ་ཡོད། དེ་ནི་བརྗེན་ཐུག་ནང་དུ་ཟར་གཡིས་བསྐོལ་ནས་བཙོང་བསྲེགས་བྱས་ཏེ་གཏོང་འམ། ཡང་ན་ལུག་ཚིལ་སྐྱོགས་མགོའི་ནང་དུ་བསྲེགས་སྟེ་ཚིལ་ཁུ་ལྷོག་ལྷོག་ཏུ་འཕྱུར་ཡོང་སྐབས། དེའི་ནང་དུ་སྔ་མོ་ནས་འཐག་ཡོད་པའི་བཙོང་བཏབས་ནས་སུར་སྒྲ་དང་བཅས་ཐུག་པའི་ནང་དུ་དཀྲུགས་ནས་འཐུང་ན། མིག་ལ་མཛེས་ཤིང་རྣ་བར་སྙན་པ་དང་། ཁ་ལ་ཞིམ་ཞིང་ཁོག་པར་བདེ་བས་ན། མི་རྣམས་ཀྱིས་དེ་ལ་འཇམ་པའི་སྐྱོགས་སུར་ཞེས་མིང་དུ་བཏགས་པ་རེད།

བཞི་པ། སྟག་རིག་གི་ཤ་བཙོ་སྲོལ།

   སྟག་རིག་གི་རོང་འབྲོག་འཇམ་གསུམ་ལས་འཇམ་པའི་གྲས་སུ་གཏོགས་ཤིང་། གནའ་སྔ་མོ་ནས་བཟུང་ཕྱུགས་ལས་གཙོར་གཉེར་བྱེད་པའི་སྡེ་བ་ཞིག་ཡིན་པས་ན། སྒོ་ཕྱུགས་ཀྱི་ཤ་ཟ་བ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྱད་ཆོས་ཤིག་ཡིན་པ་རེད། དེ་ཡང་སྒོ་ཕྱུགས་བཤའ་སྲོལ་ལའང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་དེ། ཐོག་མར་བཤའ་ཡུལ་དུ་གྱུར་བའི་སྲོག་ཆགས་དེ་ཐང་ལ་སྒྱེལ་ནས་མནན་ཏེ། རྐང་ལག་བཞི་བོ་བརྟན་པོར་བཀྱིགས་པ་དང་། དེ་ནས་ཐ་གུ་ཕྲན་བུ་ཞིག་གིས་ཟོག་དེའི་མཆུ་ལུ་བསྡམས་ཏེ་དབུགས་སྒག འོད་དཔག་མེད་ཀྱི་མཚན་གཟུངས་བཟློ་བཞིན་ཟོག་དེའི་རྣམ་ཤེས་དག་ཞིང་དུ་སྐྱེས་པའི་སྨོན་ལམ་འདེབས། བཤའ་ཡུལ་གྱི་ཟོག་དེའི་མིག་མདངས་ཤོར་ནས་ཕྱི་སྲོག་ཆད་ཟིན་པའི་སྐབས་སུ། རྭ་རྩེའམ་ཐོད་དཀྱིལ་དུ་ལན་གསུམ་གཏགས་ཏེ་རྣམ་ཤེས་དག་ཞིང་དུ་འདྲེན་པ་དང་། དེ་ནས་བཤའ་གྲི་རྣོན་པོ་ཞིག་གིས་ཟོག་དེའི་བྲང་ཁ་ནས་གཤགས་ཏེ་ཁུ་ཚུར་ཆུད་པའི་སྲོག་ཁུང་ཁ་ཕྱེས་བྱུང་། བཤའ་མཁན་གྱིས་ལག་གཡས་པ་དེ་སྲོག་ཁུང་ཁ་དེ་ནས་ཡ་ཆུང་ནང་དུ་བསྲིངས་ན་སྙིང་དང་མཆིན་པའི་བར་གྱི་འཕར་རྩ་ཆེན་མོ་ལ་འཕྲད་པ་དང་། དེ་གཞན་དང་མ་ནོར་བར་དབྱེ་སྟེ་གཅོད་དགོས། སྲོག་རྩ་དེ་བཅད་མ་ཐག་འཕར་རྩའི་ནང་གི་ཁྲག་ཐམས་ཅད་དབུགས་བཅད་པའི་རླུང་ཤུགས་ལ་བརྟེན་ནས་ཚང་མ་ཡ་ཆུང་ནང་དུ་བཞུར་ཡོང་བ་དང་། དེ་ནས་བཤའ་མཁན་དེས་རིམ་བཞིན་ལྤགས་ཤུན་བཤུ་བ་དང་། མགོ་སུག་གཅོད་པ། ནང་ཁྲོལ་ལེན་པ། རྒྱུ་མ་འདེད་པ། གྲོད་པུ་ཕུད་པ། ལྟོ་ཚིལ་བཀྲམས་པ་བཅས་བྱེད་པ་དང་། ཡ་ཆུང་ནང་དུ་འཁྱིལ་བའི་ཁྲག་སྣོད་དུ་ལེན་པ། མ་ཆུང་ནང་གི་རྒྱུ་མ་གཙང་མར་བཀྲུ་བ། ནང་ཞོག་དང་མཁལ་ཚིལ་འཐག་པ། བཙོང་དང་སྒོག་པ། ཚྭ་ཁུ་བཅས་ཀྱི་བྲོ་རྫས་གང་འཚམ་དུ་བཏང་ནས། རྒྱུ་ཤ་བཀོལ་ཏེ་ཁྲག་རྒྱུ་ལྡུག་པ་དང་། སྐེ་ཤ་དང་ལག་ཞོག་འཐག་ནས་རྩམ་ཕྱེ་བཀོལ་ཏེ་གཡེ་རྒྱུ་ལྡུག་པ་ཡིན། ལུང་ག་དང་རྒྱུ་ཤའི་ནང་དུའང་གཡེ་ཕྱེ་ལྡུག་པ་དང་། མཆིན་པ་འཐག་ནས་གོ་ཏོག་བྲོ་སྨན་རེ་བཏབས་ཏེ་རྒྱུ་ནག་ནང་དུ་ལྡུག་པ་ཡོད་ལ། ལ་ལས་མཆིན་པ་འཐག་ནས་ལྟོ་ཚིལ་གྱི་ཁུགས་སུ་གཅུད་དེ་ཚིལ་འཐིམ་ཟེར་བ་ཞིག་ལས་སྲོལ་ཀྱང་ཡོད། དེ་ལྟར་བཤའ་ཟོག་དེ་བཤས་ཚར་རྗེས། བྲང་དང་ཚང་ར་བགར་བ་དང་། དེ་ནས་བཤས་ཤ་དེ་ལྷུ་རིགས་སྒལ་རིགས་བྱེད་དགོས། དེ་ཡང་ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་དང་སྒལ་ཚིགས་བཞི་བཅུ་ཞེ་དགུའི་འགྲོ་རིམ་ལྟར་ལྷུ་ལག་དང་རྩར་རྩིབས་ཚང་མ་རང་རང་སར་བགར་ཏེ་བཙོས་ནས་ཟོས་ན། ལུག་གཅིག་གིས་མི་བརྒྱ་ཡི་མགྲོན་ངོ་ལོན་པའང་ཡོད་ལ། མི་རེ་རེས་ལུག་ཤ་བག་རེ་ཟ་བའི་གཏམ་རྒྱུད་ཀྱང་ཡོད་པ་རེད། 

   སྐམ་ཤ་དང་ལུག་ཤ་བཙོ་སྲོལ་ལ་མི་འདྲ་རྒྱུ་ཆེར་མེད་དེ། ཚྭ་ཁུ་མང་ཙམ་དང་གཡེར་མ་ཉུང་ཙམ་བཏབས་ནས་བཙོས་ན་ཤ་ལ་ཞིམ་མངར་ཆེ་ཞིང་ཁུ་བ་བཅུད་ལྡན་ཡིན་ཟེར། སྐམ་ཤ་བཙོ་བའི་དུས་ཚོད་རིང་ན་བཟང་། ལུག་ཤ་བཙོ་བའི་དུས་ཚོད་ཐུང་ན་བཟང་ཞེས་བཤད་སྲོལ་ཡོད་ཀྱང་ལ། དེ་མི་རེ་རེའི་དགོས་མཁོ་དང་འདོད་བློ་ལྟར་བཙོས་ན་ཆོག་པ་རེད།

   སྟག་རིག་གི་མི་མང་ཆེ་བ་ཤ་བཙོས་ཟ་བ་ལ་དགའ་ཞིང་བསྲེགས་ནས་ཟ་བ་ཧ་ཅང་ཉུང་། འོན་ཀྱང་ཐག་རིང་ལམ་དུ་འགྲོ་སྐབས་དང་ཤ་བཙོ་བྱེད་ཀྱི་སྣོད་ཆ་སྟབས་མི་འགྲིག་པའི་སྐབས་སུ། སྟག་རིག་གི་གསར་བུ་ཚོས་འཚོ་བའི་དགོས་མཁོ་ལྟར་རེའུ་དང་ལུ་གུ། བེའུ་དང་ཡ་རུ། ཡང་ན་རི་སྐྱེས་སྲོག་ཆགས་ཆུང་ཤོས་ཏེ། འཕྱི་བ་སོགས་བསད་ནས་རྡོ་བསྲེགས་བརྒྱབ་སྟེ་ཟ་བའི་སྲོལ་ཞིག་ཡོད།

   དེ་ཡང་རྡོ་བསྲེགས་མ་བརྒྱབ་པའི་སྔོན་ལ་ཐོག་མར་མཆན་རྡོ་དང་ལག་རྡོ་ཚད་དང་རན་པ་རེ་རེ་གྲ་སྒྲིག་བྱེད་དགོས་པ་དང་། དེ་ནས་བསྲེགས་རྡོ་ཁུ་ཚུར་འདྲ་བ་བཅུ་ཕྲག་ཅིག་བཏུས་ནས་སྟ་གོན་སྒྲུབ། རྡོ་ལ་ཡང་ཉིན་རྡོ་མི་བཟང་སྲིབ་རྡོ་བཟང་། གྲམ་རྡོ་མི་བཟང་ཆུ་རྡོ་བཟང་ཟེར་བ་ལྟར་རྡོ་ཡི་བཟང་ངན་བརྡར་ཤ་བཅད་ནས་གདམ་དགོས་ཤིང་རེ་རེ་བཞིན་མེ་ནང་དུ་བསྲེགས་དགོས། དེ་ནས་བསད་བྱའི་སྲོག་ཆགས་དེའི་དབུགས་བསྒག་ནས་གསོད་པ་དང་། མཆུ་ཏོ་སྒོར་ནས་མགོ་ལྤགས་རིམ་གྱིས་བཤུ། མགོ་རུས་ཁ་ནང་ནས་ཡར་འཐེན། དེ་ནས་སྐེ་ལྤགས་སྐྱ་བཤུས་རྒྱག་པ་དང་རིམ་བཞིན་སྐེ་རུས་དང་སོག་རུས་ཀྱང་ཁ་ནང་ནས་ཡར་ལེན། དེ་ནས་རིམ་བཞིན་ཡ་ཆུང་ནང་གི་དོན་ལྔ་དང་མ་མཆུ་ནང་གི་སྣོད་དྲུག་ཐམས་ཅད་ཁ་ནང་ནས་ཕྱིར་དབྱུང་སྟེ་ཁོག་པ་གཙང་མར་བྱེད། དེ་ནས་རིམ་བཞིན་གཡས་གཡོན་གྱི་སོག་རུས་དང་དཔུང་རུས་ལེན་པ་དང་། དཔྱི་རུས་དང་བརླ་རུས་ཀྱང་ལེན་པར་བྱེད། ལྷུ་རུས་འདི་དག་ལེན་སྐབས་ཁ་ནང་ནས་ལག་པ་བསྲིངས་ཏེ་སེམས་ཆུང་གིས་ལེན་པ་དང་། ཕྱི་ལྤགས་མ་བརྟོལ་བར་བྱེད། ཞོར་དུ་རྐང་ཤ་དང་ལག་ཤའང་ལེན་ཐུབ་ཚད་ཅིག་ལེན་པ་དང་། ཕྱིར་བླངས་པའི་ཤ་དང་རུས་པ་རྣམས་སྣོད་གཙང་མ་ཞིག་ཏུ་འཇོག་པ་དང་། དེ་ནས་མེ་རོ་ནང་གི་དམར་པོར་གྱུར་བའི་རྡོ་དེ་དག་ལས། མེ་ཐུར་བཀོལ་ནས་ཐོག་མར་གཡས་གཡོན་གྱི་རྐང་རྡོ་གཉིས་འཇོག་པ་དང་། དེའི་སྟེང་དུ་རྐང་ཤའམ་ལག་ཤས་བཀང་བར་བྱེད། དེ་ནས་ཁོག་སྨད་དུ་ཤ་རིམ་པ་ཞིག་གི་སྟེང་དུ་རྡོ་རིམ་པ་ཞིག་འཇོག་པ་དང་། དེ་ལ་རྟིང་རྡོ་ཟེར། དེ་ལྟར་ཁོག་སྟོད་ནང་དུ་ཤ་དང་རུས་པ་རིམ་པ་རེ་དང་བསྲེགས་རྡོ་རིམ་པ་རེ་ཡིས་བཀང་བར་བྱེད་པ་དང་། རིམ་པ་རེ་རེ་ལ་ཚྭ་གཡེར་སྒོག་གསུམ་འོས་འཚམ་རེ་གཏོང་ཐུབ་ན་དེ་བས་ཀྱང་བཟང་བ་རེད། དེ་ནས་ལག་རྡོ་གཉིས་གཡས་གཡོན་དཔུང་རུས་ཀྱི་ཤུལ་ཏུ་འཇོག་པ་དང་དེའི་སྟེང་དུ་ཤ་དང་རུས་པས་བཀང་བར་བྱེད། དེ་བཞིན་རྡོ་རིམ་པ་རེ་དང་ཤ་རིམ་པ་རེ་བཞག་སྟེ་ལྤགས་རྐྱལ་ཁ་བཀང་ཚེ། རྐྱལ་ཁ་དམ་པོར་བསྡམས་ཏེ་མེ་ལྕེ་བཙན་པོའི་སྟེང་ནས་བསྲེགས་ན། རིམ་བཞིན་རྐྱལ་ཁོག་དབུགས་ཀྱིས་བཀང་བ་དང་། རྐྱལ་ཕྱི་མེ་ཡིས་བསྲེགས་ནས་རྐྱལ་མདོག་དམར་སེར་རམ་དམར་ནག་ཏུ་གྱུར་ཏེ། རྐྱལ་བའི་བཤང་ཁུང་ལས་ཞིང་མངར་ཆེ་ཞིང་དྲི་ངད་ལྡང་བའི་ཁུ་བ་མངར་མོ་ཕྱིར་ཟེགས་ཡོང་བ་དང་། དེ་ནི་རོ་བཅུད་ཀུན་འཛོམས་ཀྱི་ཁུ་བ་ཡིན་ལ། རྐྱལ་ཁོག་རྡོ་ཡིས་བསྲེགས་པའི་ཤ་ཁུ་ཡིན་པས། ཆུད་ཟོས་སུ་མ་བཏང་བར་སྣོད་གཙང་མ་ཞིག་ཏུ་བླངས་ཏེ་བཏུང་ན། རྒན་པ་རྣམས་ཀྱི་ལུས་ཟུངས་གསོ་བ་དང་། དར་མ་རྣམས་ཀྱི་ལུས་སྟོབས་འཕེལ་བ། གྲང་ཞི་ཅན་གྱི་ནད་གསོ་བ། ཕོ་བའི་མེ་དྲོད་བསྐྱེད་པ་སོགས་དགེ་མཚན་ཕུན་སུམ་ཚོགས་པ་ཡོད་པས། རྡོ་བསྲེགས་ཀྱི་བྱེད་ཐབས་འདི་ཡང་མི་ཉུང་ཤོས་ཤིག་གིས་མ་གཏོགས་མི་ཤེས་སོ།།

   དེ་ནས་གཞན་ད་རུང་ཕག་ཤ་སྨན་བཙོས་བྱེད་སྲོལ་དང་བྱ་ཤ་འདམ་བཙོས་བྱེད་སྲོལ་སོགས་མང་ནའང་། སྐབས་གཞུག་མའི་དུས་འགོད་པར་བྱའོ།།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Trashi Tsering
Year published 2018
Subjects
Places
UID shanti-texts-49906
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence