སྟག་རིག་གི་ཆོས་འཁུར་ངོ་སྤྲོད།

 སྤྱིར་དབྱར་དུས་ལོ་ཏོག་སྐྱེས་ལེགས་པའི་ཞིང་མཐའ་ཐམས་ཅད་དུ་དམ་པའི་ཆོས་དཔེ་འཁུར་ནས་སྐོར་བ་བྱེད་པ་སྟེ་ཆོས་འཁུར་རྒྱག་པ་ཟེར་བའི་སྲོལ་འདི་ནི་བོད་གངས་ཅན་ཡོངས་ལ་དར་ཡོད་པའི་ཡུལ་སྲོལ་ཞིག་ལགས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཆར་ཆུ་དུས་སུ་འབེབས་པ་དང་། ཆུ་དགྲ་གནམ་དགྲ་མེད་པ། ཞིང་ལ་ལོ་ལེགས་ཡོང་བ་བཅས་ཀྱི་ཆེད་དུ་ཡིན།

 སྟག་རིག་གི་ཆོས་འཁུར་ནི་ལོ་རེའི་ཧོར་ཟླ་༥པའི་ཚེས་༤ཉིན་བྱེད་པ་ཡིན་ཞིང་། ཉིན་འདིར་སྡེ་འདིའི་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་སྔ་དྲོའི་ཉི་རྩེ་ཐང་ལ་བརྒྱབ་མ་ཐག རང་དགོན་བཀྲ་ཤིས་ཆོས་རྫོང་དུ་སླེབས་དགོས་པ་དང་། དེ་རུ་དགོན་པའི་དགེ་འདུན་པ་རྣམས་ཀྱི་ཞལ་བཀོད་ལྟར། སངས་རྒྱས་ཀྱི་གསུང་རབ་བཀའ་འགྱུར་གཙོ་བྱས་རྗེ་ཡབ་སྲས་ཀྱི་གསུང་འབུམ་རྣམས་རྒྱབ་ཏུ་གུས་པས་ཁུར་ཏེ། དགོན་པའི་ཚོགས་ཆེན་འདུ་ཁང་ལ་གཡས་སྐོར་གསུམ་བརྒྱབ་རྗེས། སྔ་གཞུག་གི་གྲལ་ཕྲེང་ལེགས་པོ་བསྒྲིགས་ནས་དགོན་པ་ལས་ཕྱིར་ཐོན་པར་བྱེད་པ་དང་། དེ་ནས་རྐང་ཐང་གིས་སྡེ་འདིའི་ས་ཞིང་གང་ཡོད་ཀྱི་མཐའ་འཁོར་རྣམས་ལ་དམ་པའི་ཆོས་དཔེ་ཁུར་ཞིང་ལག་ཏུ་ཕྲེང་བ་ཐོགས་པ་དང་། འབབ་ཚུགས་སུ་ད་དུང་གུར་ཕུབ་ཐབ་བཟུང་ནས་དཀར་ཟས་ཁོ་ནའི་གཞུང་ཟས་དྲངས་པར་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཡོད། ཆོས་འཁུར་བ་དེར་སླེབས་པ་ན། སྡེ་དེའི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་ལུས་མར་དུད་པའི་སྒོ་ནས་ལམ་གྱི་གཡས་གཡོན་དུ་ཕྲེང་བསྒྲིགས་ཤིང་། ཐམས་ཅད་དུ་ལག་ཏུ་དྲི་སྤོས་སྒྲོན་པ་བཟུང་སྟེ་ཆོས་འཁུར་བའི་དཔུང་སྡེ་རྒྱ་ཆེར་བསུ། དེ་ནས་ཆོས་འཁུར་བ་རྣམས་ཀྱིས་ལུས་ལ་འཁུར་བའི་ཆོས་དཔེ་རྣམས་ཆོས་ཁྲིའི་སྟེང་རྩིག་པར་བྱེད་ཅིང་། མི་མང་རྣམས་དང་གནས་དེ་གར་ཡུག་གཅིག་ཏུ་ཚོགས་ཏེ་མ་ཎི་ཡིག་དྲུག་གི་གྱེར་འདོན་ལན་གྲངས་མང་པོ་བྱེད། དེའི་སྐབས་ལོ་དེར་སྐྱིད་སྡུག་གི་བྱ་བ་བྱུང་བའི་ཁྱིམ་རྣམས་ཀྱིས་རང་རང་གི་འཁོས་འབྱོར་ལྟར། ཡོན་གྱི་བདག་པོ་ཆེ་ཆུང་གི་སྐུར་བཞེངས་ཏེ་ཟས་སྦྱིན་དང་དངུལ་སྦྱིན། སྐོམ་སྦྱིན་སོགས་བསགས་སྦྱངས་ཀྱི་བྱ་བ་ལ་མཐའ་གཅིག་ཏུ་བརྩོན། དེའི་རྗེས་ཆོས་འཁུར་བའི་དཔུང་སྡེ་ལམ་དུ་ཆས་འགྲོ་ཞིང་སྡེ་བའི་ས་མཚམས་ཀྱི་མཐའ་ཞིང་རྣམས་ཀྱི་འདབ་རོལ་ཡང་དག་པར་བསྐོར་ཏེ་ཡོང་བ་ན། སྡེ་བ་མ་མགོ་མའི་ས་མཚམས་ལ་ཐོན་ཡོང་ཞིང་། ལམ་སྐེད་དུ་དམར་སྡོང་ལབ་ཙེ་སོགས་ལ་ཡང་སྐོར་བ་བྱས་ཏེ་འོངས་པར་བྱེད། མ་མགོ་མའི་ས་མཚམས་སུ་ཡང་གོང་བརྗོད་ལྟར་སྡེ་བ་མ་མགོ་མའི་སྤྱི་གཞུང་གིས་གུར་ཕུབ་ཐབ་བཟུང་ནས་ཡོད་ཅིང་དགེ་སློང་བཞི་སྡེ་དྲངས་པས་ཆ་བཞི་གསུང་བ་དང་། སྡེ་བ་དང་སྦྱིན་བདག་ཆེ་ཆུང་གིས་ཟས་སྦྱིན་གཏོང་བ་སྔར་ལྟར་ཡོད། དེ་རུ་ཡང་གོང་ལྟར་མ་ཎིའི་གྱེར་འདོན་ལ་གང་འཚམ་གཞོལ་རྗེས། ཡང་བསྐྱར་ལམ་ལ་ལངས་ཏེ་ཆོས་འཁུར་བའི་དཔུང་ཚོགས་མུ་མཐུད་མ་ཎི་བསྐོལ་བཞིན་བདུན་དུ་འགྲོ། ཕྱི་དྲོའི་དུས་ཙམ་ལ་སྡེ་བ་ཡ་མགོ་མའི་ས་མ་མཚམས་སུ་སླེབས་ཐུབ་པ་དང་། དེ་རུ་ཡང་གོང་བརྗོད་ལྟར་རྣམ་དཀར་གྱི་བྱ་བ་རྣམས་ཆད་ལྷག་མེད་པར་བྱེད་པ་དང་། དེར་ནག་ཀྱྰའི་ལབ་ཙེ་ཡོད་པ་ལ་ཆོས་དཔེ་ཁུར་ནས་སྐོར་བ་ཡང་བྱེད། དེ་ནས་ཆོས་འཁུར་བ་རྣམས་ཕྱིར་དགོན་པའི་ནང་དུ་སླེབས་པ་ན། ཆོས་དཔེ་རྣམས་རིམ་པ་མ་འཆུག་པར་དགོན་པའི་བདག་པོ་ལ་ཡང་རྩིས་ཡག་པོ་གནང་རྗེས་ཕྱིར་རང་རང་གི་ཁྱིམ་དུ་ལོག་འགྲོ་བ་དང་། ལོ་གཅིག་གི་ཆོས་འཁུར་གྱི་བྱ་བ་ཡང་དེ་ལྟར་མཇུག་ལེགས་པོས་རྫོགས་པ་ཡིན་ནོ།། ཆོས་འཁུར་བརྒྱབ་པའི་ཕྱི་ཉིན་ནས་བཟུང་སྡེ་མིས་ཞིང་ཁ་ལ་ཟོར་བ་དང་ནགས་ཚལ་དུ་སྟ་རེ་འཁྱེར་མི་ཆོག་ལ། འབྲེག་གཅོད་འཐུ་གསུམ་གྱི་ལས་ཀའི་རིགས་དེ་བས་ཀྱང་གཏན་ནས་བྱེད་མི་ཆོག་སྟེ། སྡེ་འདིའི་ཞིང་རྒྱ་ནགས་རྒྱ་ཐམས་ཅད་སྒོ་ཀུན་ནས་བསྡམས་པ་ཡིན་ནོ།།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Tamdrin Gyel
Year published 2018
Subjects
Places
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence