སྟག་རིག་སྡེ་བའི་ཐོ་སློང་བའི་ཡུལ་སྲོལ་རགས་བཤད།

སྟག་རིག་སྡེ་བ་ནི་བོད་ཀྱི་ཡུལ་སྲོལ་སྣ་ཚོགས་གསོན་པོར་འདུས་པའི་སྣོད་བཅུད་ཀྱི་གཞོངས་པ་ཉམས་དགའ་བ་ཞིག་ཡིན་ལ། གནས་འདི་རུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཆུ་མོ་རྒྱུན་མི་ཆད་ལ་འཆད་རྩོད་རྩོམ་གསུམ་གྱི་རླབས་ཕྲེང་བར་མ་ཆད་པར་གཡོ་བའི་སྐྱེས་བུ་དམ་པ་མང་པོ་བྱོན་མྱོང་བར་མ་ཟད། དམངས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཉམས་སྣང་སད་པའི་སྤྱི་ཚོགས་རིག་པའི་མཁས་པའང་བྱུང་དང་འབྱུང་མུས་སུ་ཡོད། དེ་བས་ཀྱང་། དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོམ་སྟབས་ཆེར་བསྐྱེད་ནས་གཅིག་ལས་གཅིག་ལྷག་མདུན་སྐྱོད་ཀྱི་དཔུང་སྡེ་ནང་དུ་འཚང་ཁ་རྒྱག་པར་དགའ་བའི་སྡེ་བ་འདི་ལ་མཚོན་ན། ཕ་མེས་ཡང་མེས་ཚོས་བཞག་པའི་ཡུལ་སྲོལ་སྐོར་ཞིག་ད་རུང་ཡང་རྩམ་དྲི་ཡལ་པར་ཀུན་པོའི་འཚོ་བའི་ཁྲོད་ཞོ་ཆགས་པ་བཞིན་འཁྱིལ་འདུག་པ་ནི་དགའ་འོས་པའི་དོན་ཞིག་རེད་སྙམ། དེ་རིང་འདིར་སྟག་རིག་གི་ཐོ་སློང་སྲོལ་རགས་ཙམ་བཤད་པ་ལ་ལྔ་སྟེ།

དང་པོ། སེར་ཐོ།

 སེར་ཐོ་ནི་སེར་བ་འགོག་པའི་ཐོ་རྟགས་ཤིག་ཡིན་ལ། སྟག་རིག་གི་ཡུལ་སྲོལ་ལྟར་ན། ལོ་རེའི་ཧོར་ཟླ་ལྔ་བའི་ཟླ་མཇུག་ཏུ(ཕལ་ཆེར་ཚེས་༡༨ནས་ཚེས་༢༠བར)སྡེ་བས་ཀླུ་ཆོས་འདོན་པའི་དུས་ལ་ཐོན་པ་དང་། རྒན་པ་ཚོས་ལྔ་བའི་བུམ་སྒྲུབ་ཀྱང་ཟེར། དུས་དེར་ཐོན་ཚེ། ལོ་དེའི་སྡེ་བའི་གཉེར་བ་སུ་ཡིན་པ་དེས་དགེ་འདུན་པ་བཞི་སྡེ་ཞིག་ཞུས་ནས། ཀླུ་ཆོས་འདོན་པ་དང་གཏེར་བུམ་སྒྲུབ་པ། ཆུ་མགོ་མཐའ་དག་ལ་ཁྲུས་གསོལ་བྱེད་པ་སོགས་ཉིན་གསུམ་གྱི་ཆོ་ག་སྤེལ་རྗེས། སྔགས་པ་འགའ་རེ་ཞུས་ནས་སྡེ་བརྒྱད་སྔོན་འགྱོགས་པ་དང་ཆབས་ཅིག་ཏུ་སེར་ཐོ་སྒྲུབ་པ་ཡིན། སེར་ཐོའི་སྲོག་ཤིང་ངམ་སེར་ཐོའི་རལ་བ་ཞེས་པ་ནི། ཤིང་ལེབ་གྲུ་བཞི་མ་ལག་མཐིལ་ཙམ་ཞིག་གི་སྟེང་དུ་ལྷ་རྟ་མགྲིན་གྱི་ཀློག་རིས་དང་གཟུངས་སྔགས་བཅས་བྲིས་ནས་ལེགས་པར་སྒྲུབ་པ་དང་། དེ་ནས་དབྱུག་པ་རིང་ཐུང་གཉིས་ཀྱིས་བསླེས་པའི་རྒྱ་གྲམ་སྟེང་ལ་ཟར་རྩྭས་དཀྲིས་པའི་མི་གཟུགས་ཙམ་བྱས་པ་སྟེ། རྒྱང་ནས་བལྟས་ན་མི་ཞིག་གི་གཟུགས་གཞི་ཙམ་ཡར་ལངས་པར་སྣང་བའི་སེར་ཐོ་དངོས་སུ་བཟོ་བར་བྱེད། དེའི་སྟེང་དུ་སེར་ཐོའི་རལ་བ་བཏགས། ལ་ཁའི་ཐང་རྔ་ཡི་སེར་ཐོ་སློང་སའི་སྒང་ཞེས་པའི་དེའུ་འབུར་མགོ་ནས་ཡར་བསླངས་ཏེ། སྡེ་བའི་རྒན་དར་གཞོན་གསུམ་གྱིས་ཟས་ཆང་གི་མཆོད་པ་འབུལ་བའི་སྲོལ་མ་ཉམས་མིག་གི་དགའ་སྟོན་དུ་བཤམས་རྒྱུ་ཡོད་པ་དེ་རེད།

 སེར་ཐོ་བསླངས་པ་ནས་བཟུང་སྟེ། ཞིང་ཁ་ནས་རྩྭ་སྔོན་བཏུས་མི་ཆོག་པ་དང་སྒོ་ཕྱུགས་ཞིང་ཁར་ཁྲིད་མི་ཆོག་པ། འཁོན་འཛིང་བྱས་མི་ཆོག་ལ། ཤོག་སྦག་བརྒྱབ་མི་ཆོག་པ་དང་མེ་འབུད་མི་ཆོག་པ་བཅས་ནི་གནའ་སྔ་མོ་ནས་རྒན་པ་ཚོ་གཅིག་གིས་གཅིག་ལ་ངག་རྒྱུན་ལྟར་བཤད་ཅིང་དེ་བཞིན་དུ་སྲུང་འཛིན་བྱས་པས། ད་ལྟའང་དེ་དང་དེ་བཞིན་དུ་ཡོད་ལ། དེ་ལས་ལྡོག་སྟེ་སྤྱི་ཆིངས་འདི་དང་འགལ་ན། ལྷ་སྲིན་སྡེ་བརྒྱད་ལ་ཁས་ལེན་དམ་བཅའ་བྱས་པ་དང་འགལ་བ་ཡིན་པས། གནམ་ནས་འབྲུག་གིས་འུར་སྒྲ་སྒྲོག་སྒྲོགས། ས་ལ་ལྕགས་ཀྱི་སེར་བ་ཕབས་ནས་ལོ་ཏོག་འབྲུ་རྡོག་ཙམ་ཡང་ལེན་རྒྱུ་མེད་པའི་ལྷའི་ཆད་པ་ཕོག་པར་འདོད་པ་ཡིན་པས། སེར་ཐོ་བསླངས་པ་ནས་བཟུང་། མི་རྣམས་ཀྱིས་རང་རྟོགས་སྒོས་སེར་ཐོའི་སྒྲིག་ལམ་བརྩི་ཞིང་ཡུལ་སྲོལ་བཟང་པོ་འདི་ད་བར་དུ་རྒྱུན་འཁྱོངས་བྱས་པ་ཡིན།

 དེ་ཡང་སྤྱི་ཚོགས་རྙིང་བར། སྟག་རིག་གིས་སེར་བ་འགོག་པའི་ལས་ཀ་འདི་འགག་བཟའི་སེར་སྲུང་ལ་མངག་བཅོལ་བྱས་པའི་ལོ་རྒྱུས་བཤད་རྒྱུ་ཡོད་པ་དང་། ལོ་རེར་འགག་བཟའི་སེར་སྲུང་ལ་རུ་ཁག་རེ་ནས་འབྲུ་རིགས་རྒྱ་མ་བཅུ་ཐམ་པ་རེ་འབུལ་བའི་དཔེ་སྲོལ་ཡང་ཡོད་ཟེར།

 ཉེ་བའི་ལོ་འདི་འགའི་རིང་ལ། ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ལ་མངག་བཅོལ་བྱས་པ་ནས་བཟུང་ཞིང་ལ་ཐན་པ་བྱུང་མ་མྱོང་ཞིང་། སྙེ་མ་སེར་བས་རྡུང་མ་མྱོང་ཞེས་རྒན་གཞོན་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་འདུག

 གཉིས་པ། རྩྭ་ཐོ།

 རྩྭ་ཐོ་ནི་རང་གི་ས་མཚམས་དང་ཆུ་མཚམས་སུ་བསྲངས་པའི་ཐོ་རྟགས་ཤིག་ཡིན་ལ། ཕལ་ཆེར་ན་ཁུག་དང་སྤང་ཁུག་ནས་སྤང་ལེབ་སླེ་བོ་ཁ་འདྲ་རེ་དྲས་ནས་གཅིག་སྟེང་གཅིག་བཞག་སྟེ་མིའི་གཟུགས་ཚད་ཙམ་རེ་བརྩིགས་པ་ཡིན། དེ་ལ་སྟག་རིག་གི་རྒན་པ་ཚོས་རྩྭ་ཐོ་ཟེར་བ་དང་། རྩྭ་ཐོའི་ཚུན་ཆད་ནི་རང་གི་རྩྭ་ས་ཡིན་པའི་རྟགས་ཡིན་པས། རྩྭ་ཐོའི་ཚུར་ནང་དུ་ཡོང་བའི་གཞན་གྱི་ཕྱུགས་ཟོག་ལ་རྩྭ་རིན་བླངས་ཀྱང་ཆོག་ལ། རྩྭ་ཁྱིགས་ལ་བཟུང་ཡང་ཆོག་པ་ཞིག་རེད།

 སྟག་རིག་ལ་ཁྱིགས་བདག་ཟེར་བ་ཞིག་ཡོད་པ་དང་། དེ་ནི་རུ་ཁག་རེ་ནས་མི་རེ་བདམས་ཏེ་ཐོན་པའི་ཚོགས་པ་ཞིག་གི་འགོ་བ་ཡིན། ཁྱིགས་བདག་གིས་ལོ་རེའི་རྩྭ་ཁྱིགས་དང་ཞིང་ཁྱིགས། ཆུ་ཁྱིགས་བཅས་ཀྱི་ལས་ཀའི་སྣེ་འཛིན་གྱི་འགན་འཁུར་བཞིན་ཡོད་ལ། རྩྭ་ཁྱིགས་སྐབས་སུ། ཁྱིགས་བདག་གིས་རུ་ཁག་རེ་ནས་གསར་བུ་ལྦ་རེའམ་བཅུ་རེ་ཚགས་འཛུགས་སྒོས་ལམ་ལ་ཆས་ཏེ། སྟག་རིག་གི་ས་མཚམས་ཆུ་མཚམས་ལ་རྩྭ་ཐོ་སློང་དུ་འགྲོ་དགོས་པ་རེད།

 ལོ་རེར་སོས་ཀ་དང་དབྱར་ཁ། སྟོན་ཀ་བཅས་ལ་ཐེངས་རེ་འགྲོ་བའི་དཔེ་ཡོད། ཤར་གྱི་གློ་རྡུལ་ཉག་ག་དང་ཁམ་ཆུང་སྲིབ་ལུང་། ཤར་གདོང་བརྡལ་གོང་མ། ཉག་ག་སྔོ་རིས། རྒྱ་ཤང་ཆུ་ཁུང་ཁ་བཅས་ནི་ཤར་ཕྱོགས་ཀྱི་ས་མཚམས་ཡིན་པས་རྩྭ་ཐོ་སློང་ས་དངོས་ཡིན་ལ། ལྷོ་ཡི་ཆུ་དམར་ལུང་བའི་ཁ་རྒྱུད་དང་དྲ་ཚ་ཚང་གི་ལབ་ཙེ་གཉའ། དཀར་འཇམ་ཐང་ཞིས། ནག་གདོང་གོང་མ་བཅས་ནི་སྟག་རིག་གི་ས་མཚམས་ཆུ་མཚམས་ཡིན་པས། ངེས་པར་ལོ་རེར་རྩྭ་ཐོ་ཐེངས་གསུམ་རེར་སློང་དགོས་པ་དང་། སྔོན་རབས་པ་རྣམས་ཀྱིས་རྩྭ་ཐོ་བསླངས་ནས་རང་གི་རྩྭ་ས་ལ་བདག་བཟུང་བྱས་པའི་ཐོ་ཤུལ་ད་ལྟའང་ནག་ཡོར་རེ་མཐོང་རྒྱུ་འདུག་ཟེར། དེ་བཞིན་དུ་ལྷོ་ནུབ་གཉིས་ཀྱི་མཚམས་སུའང་རྒྱུན་དུ་རྩྭ་ཐོ་རེ་མ་བསླང་ན། བདུད་ཤུལ་གྱིས་སྟག་རིག་གི་རི་རྩྭ་བརྐུས་ཟོས་བྱེད་པ་རྒྱུན་མི་ཆད་པས། གླེ་རིང་ལུང་དམར་ཁ་རྒྱུད་དང་ཀ་ཙེ་ཆད་ཀྱི་ནང་། སྒམ་མཐིལ་གྲམ་པའི་ཁ་བཅས་སུ་ངེས་པར་རྩྭ་ཐོ་བསློང་དགོས་པར་བཤད།

 ཞིང་ཁྱིགས་སྐབས་སུ། ཞིང་ཁྲིམས་པ་རེས་བསྐོར་ནས་ཞིང་བསྐོར་བསྐྱོད་བྱེད་པ་དང་། སུ་ཞིག་གིས་སྒོ་ཕྱུགས་ཞིང་ཁར་ཁྲིད་ཡོང་འམ་སྔོ་རྩྭ་བཏུ་བ། མེ་འབུད་པ། འཁོན་འཛིང་བྱེད་པ་སོགས་དང་འཕྲད་ཚེ། ཐད་ཀར་དུ་ལག་གི་ཕྱུགས་ཟོག་འཕྲོག་ནས་ཞིང་ཁྲིམས་ལ་འཇུག་པ་དང་། ཕྱི་ཉིན་འབྲུ་རིགས་སམ་ལག་དངུལ་ཁྱེར་ནས་བླུ་རུ་འགྲོ་དགོས་པ་རེད།

 ཆུ་ཁྱིགས་སྐབས་སུ། ཁྱིམ་རེ་ནས་མི་རེ་ས་ཞིང་ལ་ཆུ་རྒྱག་ཏུ་འགྲོ་དགོས་པ་དང་། གལ་ཏེ་འགྲོ་མ་ཐུབ་ཚེ། ཆུ་དཔོན་ལ་ཁྱིགས་འགལ་གྱི་ཆད་དངུལ་སྤྲོད་དགོས། ཆད་དངུལ་ཡང་མི་སྤྲོད་པ་ཡོད་ཚེ། ཁྱིམ་ཚང་དེའི་ས་ཞིང་ལ་ཆུ་རྒྱག་མི་ཐུབ་པས། ལོ་ཏོག་ཐན་པས་འཁྱེར་བ་ཁོ་ཐག་རེད། དེ་བས་སྟག་རིག་གི་ཁྱིགས་བདག་ནི་རྩྭ་ས་དང་ཞིང་ས། ཡུར་ཆུ་འདྲེན་པ་སོགས་ཀྱི་ཡུལ་ཁྲིམས་ལག་བསྟར་བྱེད་པའི་ཁྲིམས་དཔོན་ཡིན་ལ། ས་མཚམས་ཆུ་མཚམས་ཀྱི་ཐོ་རྟགས་ལ་སྲུང་སྐྱོབ་བྱེད་པའི་དམག་དཔུང་ཡང་ཡིན་པ་རེད།

  གསུམ་པ། མེ་ཐོ།

མེ་ཐོ་ནི་འགྲུལ་བར་འཛེམ་པ་དང་ལམ་ཐག་རིང་པོ་ནས་ཡོང་བའི་མི་ལ་འཛེམ་དོགས་བྱེད་པས་ན་དེ་དག་འགོག་བྱེད་ཀྱི་ཐོ་རྟགས་ཤིག་ཡིན་ལ། སྟག་རིག་གི་ཡུལ་སྲོལ་ལྟར་ན། བུད་མེད་ཀྱིས་བྱིས་པ་བཙས་སྐབས་དང་ཁྱིམ་དུ་ནད་ལྕི་མོ་ཕོག་པའི་ནད་པ་ཡོད་ཚེ་མེ་ཐོ་བསླང་ནས་མགྲོན་པོ་འགོག་པའི་དཔེ་སྲོལ་ཞིག་ཡོད། དེ་ཡང་ཁྱིམ་ནང་དུ་བུད་མེད་ཅིག་གིས་བྱིས་པ་བཙས་ཡོད་སྐབས། ཁྱིམ་ཚང་དེའི་སྒོ་ཆེན་གྱི་ཕྱི་འགྲམ་དུ་སོ་ཕག་ཅིག་གྱང་ལ་བསྔས་ཏེ་ཡར་བསླངས་ཡོད་པ་དང་། དེའི་སྟེང་དུ་རྡོ་དཀར་ཁུ་ཚུར་འདྲ་ཞིག་འཇོག་སྲོལ་ཡོད། དེ་ལ་དཀར་ཐོ་ཟེར་བ་དང་། དེའི་མུར་ར་ལུད་སྐམ་པོའམ་རིལ་མ་སྐམ་པོ་ཕུ་ཐུང་འདྲ་བ་ཞིག་བླུགས་པས་མེ་ལ་བསྒྲོན་ཏེ་དུ་ད་འཕྱུར་དུ་འཇུག་པ་ལ་ནག་ཐོའམ་ཡང་ན་མེ་ཐོ་ཟེར། དཀར་ཐོ་ཁོ་ན་བསླངས་ཡོད་དུས། ཐག་རིང་གི་མགྲོན་པོ་འགོག་པ་ལས་ཁྱིམ་མི་དང་ཉེ་རིང་རྩ་རྒྱུད་མི་འགོག་པར་བཤད། དཀར་ཐོ་དང་མེ་ཐོ་ལྷན་དུ་བསླངས་ཡོད་དུས། ཁྱིམ་ཚང་དེའི་ཁྱིམ་མི་ལས་གཞན་པའི་མི་སུའང་ནང་དུ་སོང་མི་ཆོག་པ་དང་། ཁྱིམ་མི་ཡིན་ཡང་སྔ་དྲོ་ཕྱི་ནང་ལ་འགྲོ་འོང་བྱེད་པ་ལས། ཕྱི་དྲོ་ཉི་མ་ནུབ་དུས་དང་མུན་རུབ་རྗེས་སྒོའི་ཕྱི་ནང་ལ་འགྲོ་འོང་ཡང་མི་བྱེད་པར་བཤད།

 བྱིས་པ་བཙའ་སྐབས། ཕལ་ཆེ་བས་བདུན་དང་པོ་ལ་མེ་ཐོ་དང་། བདུན་གཉིས་པ་ལ་དཀར་ཐོ། བདུན་གསུམ་པ་ནས་བཟུང་སྟེ་ཐོ་ཅི་ཡང་མེད་པར་བྱེད་པ་ཞིག་ཡིན་ཡང་། མ་བུ་གང་རུང་ཞིག་གི་ལུས་ཁམས་བདེ་ཐང་ཐད་དུ་ཡིད་སེམས་མི་བདེ་བའི་རྐྱེན་གང་རུང་ཞིག་བྱུང་བ་ཡིན་ཚེ། རྐྱེན་དེ་སེལ་བའི་བར་དུ་མེ་ཐོ་མི་བཤིག་པའི་དཔེའང་ཡོད།

 ཁྱིམ་དུ་ནད་ལྕི་མོ་ཕོག་པའི་ནད་པ་ཡོད་ཚེ། ནད་པའི་གནས་ཚུལ་ལྟར་དཀར་ཐོ་དང་ནག་ཐོ་སློང་སྲོལ་ཡོད་པ་དང་། ནད་གཡོག་དང་ཁྱིམ་མི་མ་གཏོགས་ཉེ་རིང་རྩ་རྒྱུད་གཞན་དག་ཚང་མར་འཛེམ་དགོས་པའི་སྐབས་སུ་ནག་ཐོ་དང་། ཐག་རིང་གི་མགྲོན་པོ་མ་གཏོགས་ཉེ་རིང་རྩ་རྒྱུད་ལ་མི་འཛེམ་པའི་སྐབས་སུ་དཀར་ཐོ་སློང་སྲོལ་ཡོད། ཁྱིམ་ཚང་སུ་ཞིག་གི་སྒོ་འགྲམ་དུ་དཀར་ཐོ་དང་ནག་ཐོ་གང་རུང་ཞིག་ཡོད་ཚེ། ཁྱིམ་ཚང་དེར་ནད་པ་ལྕི་མོ་ཞིག་ཡོད་པའམ་ཡང་ན་བྱིས་པ་སོ་མ་བཙས་པ་ཞིག་ཡིན་པ་ཤེས་ཐུབ་པས། མི་རྣམས་རང་རྟོགས་སྒོས་ཁྱིམ་ཚང་དེ་ལ་མི་འགྲོ་ཞིང་དོན་དག་ཅི་ཞིག་བྱུང་བར་རྒྱུས་ལོན་གང་ལེགས་ཤིག་བྱེད་ངེས་ཡིན།

  བཞི་བ། མཚམས་ཐོ།

 མཚམས་ཐོ་ནི་སྐྱེས་བུ་དམ་པ་གང་ཞིག་མཚམས་ལ་འདུག་སྐབས་མཚམས་ཁང་སྒོ་ཁ་རུ་བཞག་པའི་རྟགས་ཤིག་ཡིན་ལ། དེའི་བྱེད་ནུས་ནི་ཕྱིའི་དགྲ་འགོག་པ་དང་གེགས་བར་ཆད་སེལ་བ། མགྲོན་པོར་འཛེམ་པ་སོགས་ཡིན། སྟག་རིག་གི་ཡུལ་སྲོལ་ལྟར་ན། དགོན་པར་བཞུགས་པའི་བླ་མ་དང་སྤྲུལ་སྐུ། དགེ་སློང་ཚུལ་ཁྲིམས་ཅན་དག་གིས་མ་མཐའ་ཡང་ལོ་རེར་ཐེངས་རེ་མཚམས་ལ་འདུག་པའི་སྲོལ་ཡོད་པ་དང་། མཚམས་ལ་འདུག་པའི་སྐབས་སུ། སྒོ་འགྲམ་གྱི་མཚམས་ཐོ་འཇོག་སའི་ནང་གཙང་སྦྲ་བྱས་ཏེ་མཚམས་ཐོ་སྒྲུབ་དགོས། མཚམས་ཐོ་ལ་མཆོད་རྟེན་ཆུང་ཆུང་རེ་སྒྲུབ་སྟེ་འཇོག་པའམ་ཡང་ན་ལྷ་ཤིང་ཤིག་པ་དར་གྱིས་གཡོགས་པ་ཞིག་སྒྲུབ་སྟེ་འཇོག་སྲོལ་ཡོད་མོད། གང་ལྟར་མཚམས་ཐོ་དེ་དང་ལྷན་དུ་རྡེའུ་དཀར་གཉིས་རེའམ་གསུམ་རེ་བཞག་ཡོད་ཚེ། མཚམས་པ་གང་ཞིག་མཚམས་ལ་བཞུགས་པའི་སྐབས་སུ། མཚམས་གཡོག་ལས་གཞན་པའི་མི་སྣ་གཉིས་ནས་གསུམ་གྱི་ཡན་ཆད་ཡོང་མི་ཆོག་པ་མཚོན་ཡོད་པ་དང་། རྡེའུ་གཅིག་མ་གཏོགས་བཞག་མེད་ཚེ་མཚམས་གཡོག་ཁོ་ན་མ་གཏོགས་མི་གཞན་སུ་འང་ནང་དུ་ཡོང་མི་ཆོག་པ་མཚོན་ཡོད་པ་དང་། རྡེའུ་གཉིས་ཀྱི་སྐབས་སུ་མཚམས་གཡོག་དང་ལྷན་དུ་རང་གི་རྩ་བའི་བླ་མའམ་ཡང་ན་ནད་ཀྱི་གཉན་པོ་སྨན་པ་ནང་དུ་ཡོང་ཆོག་པ་མཚོན་ཡོད། རྡེའུ་གསུམ་གྱི་སྐབས་སུ། མཚམས་གཡོག་དང་རྩ་བའི་བླ་མ། སྨན་པ་བཅས་དུས་གཅིག་ཏུ་ཐོན་ཀྱང་ཆོག་པ་མཚོན་ཡོད་ཟེར།

སྐྱེས་བུ་དམ་པ་ཞིག་མཚམས་ལ་འདུག་སྐབས་ཟླ་བ་མར་ངོ་ལ་བསྡད་དེ་ཡང་ངོ་ལ་མཚམས་གྲོལ་བའི་སྲོལ་རྒྱུན་འཁྱོངས་བྱེད་པ་དང་། ཐིས་བ་དགོན་ནས་མཚམས་ལ་བཞུགས་མཁན་ཞིག་ལ་དཔེ་བཞག་ན། ཚེས་ཉེར་བདུན་ནས་མཚམས་ཐོ་བསླངས་ཏེ་ཕྱི་མཚམས་གཅོད་པ་དང་། ཚེས་ཉེར་དགུ་ཉིན་ནས་བཟུང་ནང་མཚམས་བཅད་དེ་མཚམས་པ་དངོས་སུ་འཇུག་མགོ་རྩོམ་པ་ཡིན། དེ་ཡང་ཕྱི་མཚམས་གཅོད་པ་ཟེར་བ་ནི་མཚམས་པ་གང་ཞིག་གིས་རྒྱན་ཆེན་རིགས་བཞི་སོགས་སྒྲུབ་སྟེ་མཚམས་ཐོ་དངོས་སུ་བསླངས་པའི་ཉིན་ནས་བཟུང་དགོན་པའི་ལྕགས་རིའི་ཕྱི་རོལ་དང་སྒོ་ཆེན་ཕྱི་རོལ་ཏུ་མི་འགྲོ་ལ། དགོན་པའི་ནང་གི་བླ་མ་སྤྲུལ་སྐུ་དང་དགེ་འདུན་པ་དག་ལས་གཞན་པའི་མི་སེར་ལ་འབྲེལ་འདྲིས་མི་བྱེད་པར་བཤད། ནང་མཚམས་གཅོད་པ་ཞེས་པ་ནི་ཆོས་སྐྱོང་སྲུང་མ་ལ་བསྟན་གཉེར་དང་རྒྱལ་ཆེན་རིགས་ལ་བཀའ་བསྒོས་བྱས་ཏེ། མཚམས་ལ་འདུག་པའི་སྟ་གོན་གྱི་བྱ་བ་ཅི་ཡོད་ཚགས་སུ་ཆུད་པ་ཞིག་སྒྲུབ་ཚར་རྗེས། རང་ཉིད་ཀྱིས་གང་ཞིག་སྒྲུབ་པའི་ལྷ་དེ་ཉིད་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལས། འཇིག་རྟེན་གྱི་ལྷ་ཁང་ལའང་གསོལ་བ་མི་འདེབས་ཤིང་། དགོས་མེད་ཀྱི་མི་སུ་ལའང་འབྲེལ་འདྲིས་མི་བྱེད་པའི་བྱ་སྤྱོད་ཅིག་ལ་ཟེར།

 མཚམས་ཐོ་འཇོག་ཡུན་ལའང་མཚམས་ཀྱི་རིང་ཐུང་བཞིན་ཉིན་མཚམས། བདུན་མཚམས། ཟླ་མཚམས། ལོ་མཚམས་ཀྱི་དུས་ཡུན་ལྟར། ཉིན་འགའ་རེའམ། བདུན་ཕྲག་གཅིག་གམ། ཟླ་བ་གཅིག་གམ། ལོ་གཅིག་གི་དུས་ཡུན་བཅས་གང་མཁོ་ལྟར་བཞག་ཆོག་པར་བཤད་ལ། མཚམས་གྲོལ་རྗེས་མཚམས་ཐོའང་ཕྱིར་ཞུ་དགོས་པ་རེད།

 ལྔ་བ། ཐོ་རྟགས་གཞན་དག་གི་སྐོར།

 སྟག་རིག་གི་ཐིས་བ་དགོན་པར་མཚོན་ན། དགོན་པའི་དབྱར་གནས་སྐབས་སུ་དབྱར་ཐོ་སློང་སྲོལ་ཡོད་པ་དང་། སྤྱི་ཚོགས་རྙིང་བར་དགོན་པའི་འདབས་ཀྱི་ཟམ་པའི་ཁ་ནས་དབྱར་ཐོ་སློང་སྲོལ་ཡོད། དེའི་རྗེས་སུ་མཆོད་རྟེན་བརྒྱད་པའི་མཚམས་དེ་ནས་དབྱར་ཐོ་སློང་བར་བཤད།

 དབྱར་ཐོ་ལ་ས་ཐོ་དང་རྡོ་ཐོ་གང་རུང་བསླངས་ན་ཆོག་མོད། འོན་ཀྱང་དེ་ལའང་སྒྲུབ་ཆོག་དང་ཆོ་ག་ཕྱག་ལས་གང་མཚམས་རེ་བཅའ་རྒྱུ་ཡོད་པས། དབྱར་ཐོ་བསླངས་པའི་ཉིན་ནས་བཟུང་བུད་མེད་རྣམས་དགོན་པའི་ནང་དུ་སོང་མི་ཆོག་པར་བཤད། གཞན་ཡང་ཆོས་ཚོགས་གལ་ཆེན་དང་སྒྲུབ་སྦྱང་གལ་ཆེན་གྱི་སྐབས་སུ། དགོན་པའི་ཆོས་ར་ཁྱམས་ར་དང་འདུ་ཁང་སྒོ་ཁ་སོགས་སུ་རས་ཐོ་སློང་སྲོལ་ཡོད་ལ། རས་ཐོ་བསླངས་ཡོད་པའི་གནས་དེའི་ཡན་ཆད་ལ་མི་སེར་གཞན་དག་ཡོང་མི་ཆོག་པར་བཤད། རས་ཐོ་ཞེས་པ་ནི་འབྲོག་པའི་སྦྲ་ནག་བཟོ་བྱེད་ཀྱི་སྦྲ་རས་ནག་ཧྲལ་རེ་དབྱུག་པའི་རྩེར་བཀལ་ནས་ཡར་བསླངས་པ་ལ་ཟེར་ཞིང་། སྡེ་བའི་ནང་ནས་ཁང་རྙིང་ཞིག་གསོ་བྱེད་པའི་སྐབས་སུའང་། ཁྱིམ་མཚེས་ཕན་ཚུན་དབར་ཁང་བ་རྙིང་བ་བཤིག་པའི་དགྲ་དང་གདོན་དང་གེགས་བར་ཆད་དང་རྐྱེན་ངན་པ་སྣ་ཚོགས་ཀྱི་གནོད་པ་འགོག་ཆེད། ཁྱིམ་མཚེས་ཚང་གི་མཁར་ཁ་ནས་རས་ཐོ་སློང་བའི་དཔེའང་ཡོད་པར་བཤད། ད་རུང་ཞིང་ཁའི་སྙེ་མ་བྱེའུས་གཏོར་བ་འགོག་ཆེད་བྱེའུ་ཐོ་སློང་བ་དང་། ཕྱུགས་ཟོག་ལ་སྤྱང་ཀིས་གནོད་པ་འགོག་ཆེད་སྤྱང་ཐོ་སློང་བ། བདག་མེད་རྒྱུ་རྫས་ལ་བདག་པོ་རྒྱག་སྐབས་གང་བདེར་ས་དང་རྡོ་དང་ཐ་གུ་དང་། གོས་སྣེ་རས་སྣེ་སོགས་ཀྱིས་རྟགས་ཙམ་བརྒྱབ་པ་དེ་ལ་ཐོ་རྟགས་བརྒྱབ་འདུག་ཅེས་གཞན་པ་སུས་ཀྱང་ཁྱད་གསོད་མི་བྱེད་པས། དེ་དག་ཚང་མ་སྟག་རིག་ལྷ་སྡེ་དཀར་པོའི་ཡབ་མེས་ཚོས་བཞག་པའི་ཡུལ་སྲོལ་གྱི་ཤུལ་ནོར་རིན་ཆེན་ཕྲེང་བ་ཡིན་ནོ།།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Shakya Trashi Tsering
Year published 2018
Subjects
Places
UID shanti-texts-49996
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence