མདོ་ཁམས་སུ་ཆེས་སྔ་གྲས་ཀྱི་རྟེན་བྱིན་རླབས་ཅན་མཆོད་རྟེན་དྲིལ་གསིལ་མ།

 

  མདོ་ཁམས་ཕྱོགས་སུ་ཆེས་སྔ་གྲས་ཀྱི་རྟེན་བྱིན་རླབས་ཅན་མཆོད་རྟེན་དྲིལ་གསིལ་མ་ནི་མདོ་སྨད་རྟེན་རྫོང་ངམ་ཁྲི་ཀ་གསེར་མོ་ལྗོངས་ཞེས་ཡོངས་སུ་གྲགས་པ། གངས་ཅན་ལྗོངས་ཆ་གཉིས་སུ་ཕྱེ་བའི་ཞིང་། མདོ་ཁམས་སྨད་ཀྱི་ཆ། བ་ཡན་ཧ་རའི་ཚུར་ལྟོས་ཆུ་ཐམས་ཅད་ཕྱོགས་འདྲེས་ཀྱིས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པའི་རྒྱ་གར་ཆུ་བོ་གངྒྰ་གཉིས་པ། ཡན་ལག་བརྒྱད་ལྡན་གྱི་ཀླུང་ཆེན་དལ་གྱིས་འབབ་པའི་འགྱུ་ཁུགས་སྟེ། ཤར་ཕྱོགས་ན་སྲིན་པོའི་རི་བོ་རྔམ་བརྗིད་ལྡན། ལྷོ་ཕྱོགས་སུ་བྲག་དཀར་གྱི་རྩེ་མོ་དགུང་དུ་སྙེགས། ནུབ་ཕྱོགས་སུ་རྨ་ཀླུང་དལ་འགྲོ་རིང་མོ་ཕྱོགས་གཅིག་ཏུ་འཁྱིལ་བའི་ཆུ་མཛོད་དང་པོ་ཡོད་པ། བྱང་ཕྱོགས་ན་ཨ་མ་ཟོ་དགུའི་རི་བོ་རྒྱལ་མཚན་སྒྲེང་བ་ལྟར་བརྟན་ཅིང་བརྗིད་ཆགས་པར་གནས་པའི་ཡུལ་དབུས་ཀྱི་ཤར་ཕྱོགས་སུ་བཞུགས་ཡོད་ལ། འདི་ཕྱོགས་སུ་ཆོས་རྒྱལ་ཁྲི་རལ་དང་ཚྀག་ཙ་ནམ་ཀའྀ་སྙྀང་པོ། སྤུག་ཡེ་ཤེས་དབྱངས། མཁས་པ་མི་གསུམ། རྒྱ་གར་ཕ་དམ་པ་དང་རོས་རྗེ་ས་པཎ་སོགས་ཞབས་ཀྱིས་བཅགས་པ་ཆོས་འབྱུང་མང་པོར་གསུངས་པས་སྙན་གྲགས་ཆེའོ།།

དེས་ན་མདོ་སྨད་མཆོད་རྟེན་དྲིལ་གསིལ་མ་ནི་ཁྲི་ཀ་རྫོང་སྲིད་གཞུང་ཆགས་ས་ནས་སྤྱི་ལེ་༢༩ཡོད་པའི་འཕྲང་དམར་མེ་བརྒྱ་སྡེ་བའི་བྱང་ཕྱོགས་མཆོད་རྟེན་སྐེ་ཞེས་པའི་གནས་སུ་སྟོན་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་སའི་རྒྱན་དུ་གནངས་པ་ལྟར་བཞུགས་འདུག་ལ། འདི་ནི་དུས་རབས་བཅུ་བར་གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས་རི་བོ་རྩེ་ལྔར་ཕེབས་སྐབས་མདོ་སྨད་ཁྲི་ཀའི་གནས་འདིར་བྱོན། ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་ནས་ཁོ་བོ་དད་དེ་བསྙེན་བཀུར་ཞུས་པས། རྣལ་འབྱོར་བས་དབྱུག་པ་རྟེན་སྐལ་དུ་བཞག དེ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་། ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱིས་མཆོད་རྟེན་བཞེངས་ལ། རྣལ་འབྱོར་བ་ཆོས་གཡུང་དྲུང་བྱ་བས་རབ་གནས་མཛད། མཆོད་འབུལ་སྨོན་ལམ་གནང་བས་འཇའ་དང་མེ་ཏོག་གི་ཆར་དང་ངོ་མཚར་བའི་ལྟས་བྱུང་། ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུངས་བ་བཅས་ལུ་ཀྱྰ་དཔོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་བྱུང་ཡོད་པ་དང་། ནམ་མཁའ་ལས་དྲིལ་ཆུང་གི་སྒྲ་བྱུང་བར་ཡུལ་མི་རྣམས་ཀྱིས་བལྟས་པས་ཕ་དམ་པ་རྫུ་འཕྲུལ་གྱིས་གཤེགས་པ་མཐོང་བའི་ལོ་རྒྱུས་དང་། ད་ལྟ་ཡང་དུས་བཟང་རྣམས་སུ་དྲིལ་བུའི་སྒྲ་ཐོས་རྒྱུ་ཡོད་པས་མཆོད་རྟེན་དྲིལ་གསིལ་མར་གྲགས་པར་གསུང་། ཡང་ངག་རྒྱུན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཞག་གཅིག་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་བར་གྲགས་པའི་ནང་ཚན་ཡིན་པ་དང་། འབྲས་སྤུངས་སྐོར་ལམ་དུ་ཡང་འདི་འདྲ་གཅིག་ཡོད་ཅེས་ཐར་ཤུལ་སྐུ་ཕྲེང་བཞི་བའི་གསུངས་ཞེས་མདོ་སྨད་ཆོས་འབྱུང་དུ་བཀོད་ཡོད། འདི་དག་ཆོས་འབྱུང་སོ་སོར་བཀོད་ཡོད་པ་མ་ཟད་མཆོད་རྟེན་ས་གནས་ཀྱི་རྒན་གཞོན་སུ་ལའང་ཐོགས་བྱ་མེད་པར་ངག་རྒྱུན་རིང་མོ་ལྷད་མ་འདྲེས་བར་ལྷུག་པོར་བཤད་རྒྱུ་ཡོད། ཡང་ཤར་སྐུ་ཕྲེང་དང་པོ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་དུ་མཆོད་རྟེན་དྲིལ་གསིལ་མས་དུས་བཟང་འགའ་རེ་དྲིལ་བུ་བསིལ་བའི་སྒྲ་སྒྲོགས་ཞེས་དང་། རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ཏེ་སྤྱི་ལོ་༡༧༠༤ལོར་འཁྲུངས་པའི་མཁས་དབང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་སྤྱི་ལོ་༡༧༤༨ལོར་བརྩམས་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས། ས་གནས་འདིར་སྔར་རྒྱ་ནག་དམ་པ་སངས་རྒྱས་དང་བོད་ཀྱི་མཁས་པ་མི་གསུམ་སོགས་གྱིས་དངོས་སུ་བྱིན་གྱིས་རླབས་མྱོང་ལ། མཆོད་རྟེན་དྲིལ་གསིལ་མར་གྲགས་པ་དྲིལ་བུའི་སྒྲ་ཡང་ཡང་འབྱུང་བ་ཞེས་གསུངས་ཡོད།

 མཆོད་རྟེན་གྱི་མདུན་དུ་རྟེན་རྡོ་(རྡོ་ལབ་ཆུང་ངུ་ཞིག)ཞིག་ཡོད་པའི་སྟེང་དུའང་གོང་སྨྲས་ལོ་རྒྱུས་དང་ཇི་འདྲ་བར་བསྐོས་ཡོད་པ་ད་ལྟའང་བཞུགས། འདི་ལྟར་གྲུབ་པའི་དབང་ཕྱུག་རྒྱ་གར་ཕ་དམ་པ་སངས་རྒྱས་ཁོང་ཕྱི་ལོ་༡༡༠༡པ་རབ་བྱུང་གཉིས་པའི་ལྕགས་སྦྲུལ་ལོར་རྒྱ་ཡུལ་དུ་ཕེབས་པར་གྲགས་པ་ལྟར། ངག་རྒྱུན་དང་ལོ་རྒྱུས་སུ་གྲགས་པ་བཞིན་ཕ་དམ་པ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་པའི་ལམ་བར་དུ་ཁྲི་ཀ་མེ་བརྒྱ་ས་ཆ་བརྒྱུད་ནས་དབྱུག་པ་རྟེན་སྐལ་དུ་བཞག་པ་དང་བསྟུན། སྡེ་འདིའི་དད་ལྡན་མང་ཚོགས་དང་། བོད་མི་ཡོངས་ཀྱི་བསོད་ནམས་བསགས་པའི་ཞིང་ས་རུ་མཆོད་རྟེན་འདི་བཞེངས་སྐྲུན་བྱས།

 དེ་ལྟར་ན་རིན་ཐང་གཞལ་དུ་མེད་པའི་མཆོད་རྟེན་འདི་ལ་ལོ་ངོ་དགུ་བརྒྱ་དང་བཅུ་ཡས་མས་འགོར་ཟིན་པས། ལོ་རྒྱུས་ཀྱི་རྒྱུན་རིང་ལ་བྱིན་རླབས་ངོ་མཚར་ཆེ་བ་སྨྲ་མེད་དུ་གྲུབ། སྔོན་གྱི་མཁས་པ་དུ་མའི་གསུང་རྒྱུན་ལས་ཀྱང་མདོ་ཁམས་ཀུན་ལ་སྔོན་ནས་སྙན་གྲགས་རྒྱས་ཡོད། འདི་ལྟ་བུའི་ཡུན་རིང་གི་ལོ་རྒྱུསལྡན་ལ་སྙན་གྲགས་ཆེ་བའི་རྟེན་བྱིན་རླབས་ཅན་འདི་ལ་ལྔ་བརྒྱད་དང་རིག་གསར། རྐུན་ཇག་གི་གནོད་པ་སོགས་ཅི་ཡང་མ་བྱུང་བར་ད་ལྟ་ད་དུང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་གྱུར་ཡོད། དེ་སྔོན་སྐེ་བའི་སྔགས་རིམ་པ་ངག་དབང་འཇམ་དབྱངས་རྒྱ་མཚོའི་ཞལ་ནས། མཆོད་རྟེན་འདི་ཁྲི་ཀའི་ཡུལ་གྱི་མཆོད་རྟེན་ཐོག་མའམ་མདོ་ཁམས་ཡུལ་ན་འགྲན་ཟླ་བྲལ་བའི་མཆོད་རྟེན་ཞིག་ཡིན་པར་གསུངས་པའང་དོན་ལ་གནས་ཏེ། མཇལ་བ་མང་པོས་ད་ལྟའང་ལྟོས་ཡ་མཚན་པ་མཐོང་བ་མང་མང་ལ་བཤད་རྒྱུ་ཡོད་པ་མ་ཟད། མཆོད་རྟེན་ལ་བསྐོར་བྱས་པ་དང་རྟེན་གྱི་ས་སྤྱད་ན་སྨྲ་རིགས་སྐྲངས་རིགས་ལ་ཕན་པ་དང་། སྦྲུམ་མ་བུ་སྐྱེས་པ་དང་ནད་པ་ཚབས་ཆེན་གྱི་ནད་སངས་པའི་དངོས་བྱུང་གི་དོན་ཡང་བཤད་རྒྱུ་མང་ངོ་།། རྒྱུ་མཚན་དེ་དག་གི་དབང་གིས་ཁྲི་ཀའི་ཡུལ་སྐོར་ས་གནས་དང་། རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་སྟེ། མྱུར་བར་ཞིག་གསོ་དང་བརྒྱུད་སྒྲོགས་བྱེད་དགོས་ལ། དེ་ལྟར་བྱས་ཚེ་ཁྲི་ཀ་ས་ཆའི་མཛེས་ལྗོངས་སྔར་ལས་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བ་དང་། ཡུལ་སྐོར་ལྗོངས་རྒྱུའི་གནས་ཡུལ་གྲགས་ཅན་ཞིག་ཏུ་འགྱུར་བར་ཡང་ཐེ་ཚོམ་མེད། ད་དུང་འདི་ལ་དོ་སྣང་མ་བྱས་ན་སྤྱི་ལོ་༢༠༠༨ལོ་དང་། ༢༠༠༩ལོ། སྤྱི་ལོ་༢༠༡༡ལོ་ཐེངས་དུ་མར་རྐུན་ཇག་གིས་གླགས་བཙལ་ཏེ། རྙེད་པར་དཀའ་བའི་རྟེན་བྱིན་རླབས་ཅན་ཤུལ་མེད་དུ་བཟོ་བར་བརྩམས་པ་ལུང་ཁོག་དེའི་ཡུལ་མི་ཀུན་ལ་གསལ། ཡིན་ཡང་སྟབས་ལེགས་པ་ཞིག་ལ་མཇལ་མི་ཚོས་ཚོར་བས་བརྐུ་མ་ཐུབ། འདི་ལྟར་གནའ་བོའི་རྣམ་པ་མ་ཉམས་པར་བརྗིད་ཆགས་སེ་ཀུན་གྱི་ཡིད་དབང་འཕྲོག་པའི་རྟེན་འདི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲང་སྐྱོབ་ཀྱི་གྲས་སུ་མ་བཞག་ཚེ། ནམ་ཞིག་གླགས་པའི་སྐབས་མཆིས་པས་འབྲེལ་ཡོད་ལས་ཁུངས་དང་ཡུལ་མི་ཀུན་གྱིས་བདག་གཉེར་དོ་དམ་གཙིགས་སུ་འཛིན་དགོས་པའང་ཞོར་དུ་སྨྲས་པ་ལགས། ཞེས་མེ་བརྒྱ་སངས་དོན་ནས་ཟླ་ཚེས་བཟང་པོར་མཆོད་རྟེན་འདིའི་ལོ་རྒྱུས་ཀྱི་ཟུར་རེ་བཀོད་དེ་ཀུན་ལ་ངོ་སྤྲོད་ཀྱི་ཚུལ་དུ་བྲི་ཁུལ་བྱས་པ་ཡིན་ནོ།། སརྦམངྒལམ།

Stupa Amdo Kham History Amdo Kham Triga

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Megya Sanggyé Döndrup
Year published 2018
Subjects
Places
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence