༄༅།།དགྲ་ལྷའི་དཔའ་མཁར་ཙོང་ཁ་ལབ་ཙེ་ཆེན་མོའི་སྤྱི་བཤད་བཞུགས་སོ།།

༄༅།།དགྲ་ལྷའི་དཔའ་མཁར་ཙོང་ཁ་ལབ་ཙེ་ཆེན་མོའི་སྤྱི་བཤད་བཞུགས་སོ།།

གསེར་བྲག་དོན་གྲུབ་ཚེ་བརྟན།

   ཙོང་ཁ་ལབ་ཙེ་ཆེན་མོ་ནི་བོད་ཆོལ་ཁ་གསུམ་དུ་ཕྱེས་པའི་ནང་ཚན་མདོ་སྨད་རྟ་ཡི་ཆོལ་ཁའི་ཙོང་ལ་རིང་མོ་རི་རྒྱུད་ཀྱི་མཚོ་ངོས་ལས་རྨིད4188ཡིས་འཕགས་པའི་སྒོ་མེ་ཉག་ཀར་ཆགས་ཤིང་། འཛམ་གླིང་ཅི་ཉི་སིས་ཆེས་ཆེ་བའི་ལབ་ཙེའི་ཟིན་ཐོར་བསྐྲུན་པའི་མཚོ་བོད་མཐོ་སྒང་གི་ལབ་ཙེ་ཁྲི་སྟོང་མང་བོའི་དབུས་ན་གསང་བ་ངོ་མཚར་གྱིས་ལྷམ་མེར་བརྒྱན་པའི་གནས་མཆོག་གལ་ཆེན་ཞིག་ཡིན།

       ཙོང་ཁ་ལབ་ཙེ་ཆེན་མོའི་བཟོ་དབྱིབས་ནི་ཆོག་གཞུང་དུ་གསུངས་པའི་རྣམ་པ་ལྟར་ཆེར་བསྐྱེད་དེ་བོད་ལུགས་ཀྱི་གནའ་བོའི་འཛུགས་བསྐྲུན་གྱི་རྒྱུ་ཆ་དང་ལག་རྩལ་འབའ་ཞིག་གིས་བཟོས་ཡོད་ཅིང་།འཛུགས་སྐྲུན་གཙོ་བོའི་མཐོ་ཚད་རྨིད་སོ་བདུན་ཡོད།དེ་ལ་བརྩེགས་རིམ་རྣམ་པ་གསུམ་དུ་བྱས་པའི་འོག་རིམ་རྟེན་མཛོད་ནང་རིན་ཆེན་ནོར་སྣ་དང་མདའ་གྲི་མདུང་གསུམ་སོགས་ཀྱིས་ཕྱུར་བུར་གཏམས་པར་བྱས་ཡོད་ལ། བར་རིམ་ཡུལ་ལྷ་གཞི་བདག་གི་ཕོ་བྲང་ནང་ལྷ་ཆེན་རྨ་རྒྱལ་སྦོམ་ར་གཙོས་སྲིད་པ་ཆགས་པའི་ལྷ་དགུ་དང་ཨ་མྱེས་ཡུལ་ལྷ། རྒྱ་གེ་སར་བཅས་ཀྱི་སྨན་སྐུ་དང་དགྲ་ལྷ་བཅུ་གསུམ་གྱི་ལྡེབས་རིས་སོགས་བཞེངས་ཡོད། སྟེང་རིམ་ནང་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཨོ་རྒྱན་པ་འབྱུང་གནས། རྗེ་ཙོང་ཁ་བ་སོགས་དང་གྲུབ་མཐའ་རིས་མེད་ཀྱི་ཡི་དམ་ཆོས་སྐྱོང་བཅས་པའི་ལྡེབས་རིས་དང་སྐུ་ཐང་བཞེངས་ཡོད། ཕོ་བྲང་ཚོམས་དཀྱིལ་དུ་སྒྲོལ་མ་དང་ཀོང་ཙེའི་ཁང་བཟང་དར་ཚོན་སྣ་ལྔའི་འདྲེན་དང་མདའ་དར་མཆོད་རྫས་བཅས་པ་བཤམས་ཡོད། ཕོ་བྲང་ཀླད་ཀྱི་ལབ་ཙེའི་དཀྱིལ་དབུས་རྒྱལ་མཚན་རྨིད་བཅུ་གསུམ་ཅན་དང་མདའ་ཚོན། ཁོར་མོ་ཡུག་ཏུ་ལབ་ཙེ་ཆུང་བ་བཅས་མ་བུ་བཅུ་གསུམ་གྲུབ་ལ། ཕྱོགས་བཞི་ལ་ཤར་དུ་སྟག ལྷོར་འབྲུག ནུབ་རུས་སྦལ། བྱང་དུ་བྱ་བཅས་རྡོ་བརྐོས་འབུར་གཟུགས་སུ་བསྐྲུན་ཡོད་པས་དེ་ཡིས་ས་བཅུད་དོ་སྙོམས་ཡོད་པས་མི་དགེ་བ་རྣམས་དགེ་བར་བྱེད་དོ།།

    ལབ་ཙེ་གཡས་གཡོན་དུ་ཁ་དོག་སྣ་ལྔའི་ཇོ་དར་རླུང་གིས་བསྐྱོད་ཅིང་དད་ལྡན་མང་ཚོགས་ཀྱིས་རྒྱུན་དུ་རླུང་རྟ་སྤུར་བས་གནམ་ས་གཉིས་ཀ་རླུང་རྟའི་ཤོག་ལེབ་དང་ཀི་བསོའི་དབྱངས་རྟ། སྨོན་འདུན་གྱི་སེམས་དབྱངས་བཅས་ཀྱིས་ཁྱབ། མདུན་དུ་ལབ་ཙེ་ཐང་ཆེན་དང་བསང་ཁྲི་ཆེ་ཆུང་བཅུ་གསུམ། མཚེའུ། རྡོ་རིང་སོགས་ཡོད། དེ་ལྟར་ས་ལ་དགེ་བཅུ་དཔལ་གྱི་མཚན་མས་མངོན་པར་ཕྱུག་ཅིང་རྟེན་གསུམ་གྱི་བཟོ་བཀོད་ཕུན་སུམ་ཚོགས་པའི་གནས་འདི་ནི་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་རྣམས་ལ་མཆོད་བསྟོད་དང་གཏེར་འབུལ་སོགས་མཚོ་བོད་མཐོ་སྒང་གི་བོད་མི་རྣམས་ཀྱིས་གནའ་སྐལ་བ་ནས་བཟུང་རི་ཆུར་མཆོད་བསྟོད་བྱེད་ཅིང་དེ་ནི་བོད་རིགས་མི་དམངས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད། ཁོང་ཚོའི་སེམས་སུ་དཔའ་མཛངས་གཉིས་ལྡན་གྱི་མེས་པོ་རྣམས་སྐུ་གཤེགས་རྗེས་དེ་དག་གི་རྣམ་ཤེས་རི་ཆུ་ནགས་གསུམ་ལ་གནས་བཅས་ནས་ཕྱི་རབས་མི་རྒྱུད་ལ་མགོན་སྐྱོབ་གནང་གིན་ཡོད་པར་འདོད།མེས་པོའི་རྣམ་ཤེས་དེ་དག་ལ་མཆོད་ཅིང་བསྟོད་ཕྱིར་རི་མཐོ་ས་དང་ཆུ་གཉན་ས།ས་བརྩན་ས་བཅས་ལ་ལབ་ཙེ་བརྩིགས་པར་བྱེད་ཅིང་།དེ་ལ་མཆོད་འབུལ་གྲུབ་རྗེས་རྟ་རྒྱུག་མདའ་འཕེན་དང་གླུ་ལེན་གར་རྩེད།ལྗོངས་འགྲུལ་ཁམས་གསེང་སོགས་བྱེད་པས་ན། ལབ་ཙེའི་རིག་གནས་ནི་མེས་པོ་དང་འཇིག་རྟེན་གྱི་དྲེག་པ་ཕོ་མོར་མཆོད་བསྟོད་བྱེད་པ་ཙམ་མ་ཡིན་པར་མི་རིགས་ཀྱི་དམངས་སྲོལ་རིག་གནས་སྣ་མི་འདྲ་བ་བརྒྱ་ཕྲག་དུ་མ་འདུས་པའི་དམངས་སྲོལ་རིག་གནས་ཀྱི་ཚོགས་ཆེན་པོ་ཞིག་ལ་ངོས་འཛིན་འོས་སོ།།

    དེ་ལ་ལོ་རེ་བཞིན་བསྒྲུབས་དང་སྒྲུབ་མུས་ཀྱི་ཙོང་ཁ་ལབ་ཙེའི་འཛམ་གླིང་སྤྱི་བསང་གི་ངོས་ནས་གསལ་བོར་མཐོང་ཐུབ་སྟེ། འཛམ་གླིང་སྤྱི་བསང་ནི་ཀློང་ཁམས་ཆེན་པོའི་ནམ་མཁའ་ས་གཞིའི་སྟེང་འོག ཕྱོགས་བཞི་མཚམས་བརྒྱད་དུ་གནས་བཅས་པའི་མཐོ་བ་ལྷ་དང་དམའ་བ་འདྲེ་བཅས་པ་འཐུས་པའི་དྲེག་པ་ཕོ་མོ་སྤྱི་ལ་མཆོད་པའི་སྟོན་མོ་བྱེད་པ་མཚོན་པའི་དམངས་སྲོལ་གྱི་བྱ་འགུལ་རིགས་ཤིག་སྟེ། དེའི་ཉིན་ལྷ་དགའ་མྱི་དགའ་ཟེར་སྲོལ་ཡོད་པ་ལྟར། མཆོད་འབུལ་ལ་ཞུགས་མཁན་རྣམས་གུར་ཕུབས་ནས་ཁམས་གསེང་གཏོང་བ་དང་མཚུངས་སུ་མི་རྣམས་ཀྱིས་གོས་རྒྱན་འཕྱོར་བོ་སྤྲོས་ནས་རྟ་རྒྱུག་མདའ་འཕེན་དང་གླུ་ལེན་གར་བརྩེ། རྐྱལ་ཤུགས་དཔུང་འགྲན། ན་གཞོན་ཕོ་མོའི་དབར་བརྩེ་གླུ་ལེན་པ། བཟའ་བཏུང་གཡོས་སྦྱོར་ཕུན་སུམ་ཚོགས་པོ་བྱེད་པ་སོགས་བྱས་ནས་རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ། འཛམ་གླིང་གི་ལྷ་འདྲེ་མི་དང་བཅས་པ་འཆམ་མཐུན་མཉམ་གནས་བྱེད་པ་སོགས་ཀྱི་སྨོན་འདུན་ཞུ་བ་རེད།

   ལབ་ཙེ་ལ་ནི་བོད་ཙམ་མ་ཟད་མཚོ་བོད་མཐོ་སྒང་དུ་འཚོ་བའི་རྒྱ་རིགས་དང་ཧོར་རིགས། སོག་པོ་སོགས་ཀྱིས་ཀྱང་མཆོད་བསྟོད་བྱེད་པས་འདི་ལ་མི་རིགས་ཀྱི་ཁྱད་པར་མེད་པར་ཚང་མས་འདྲ་མཉམ་གྱིས། ཀློང་ཁམས་ཆེན་པོའི་རི་ཆུ་ནགས་གསུམ་དང་ནམ་མཁའི་ཁམས་དང་སྤྲིན་རླུང་བཅས་པར་རྣམ་ཤེས་བརྟེན་པའི་འཇིག་རྟེན་གྱི་དྲེག་པ་ནུས་ལྡན་གྱི་ལྷ་མཐུ་བོ་ཆེ་རྣམས་ལ་མཆོད་ཅིང་བསྟོད་ལ་དུས་དང་མཚུངས་སུ་ཁམས་གསེང་རྩེད་མོ་རོལ་བའི་དམངས་སྲོལ་རིག་གནས་ཀྱི་བང་མཛོད་ཆེན་པོ་འབའ་ཞིག་ལགས་སོ།།

 

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author དོན་གྲུབ་ཚེ་བརྟན།
Year published 2019
Original year published 2019
Language Amdo Group
Subjects
Places
Creative Commons Licence