ཨ་མདོའི་རྡུང་ལེན་ཐད་ཀྱི་བསམ་གཞིག་ཕྲན་བུ།

ཨ་མདོའི་རྡུང་ལེན་ཐད་ཀྱི་བསམ་གཞིག་ཕྲན་བུ།

རྐང་ཚ་ཁྱུང་སྐྱབས་རིན་ཆེན།  ༼ ཁྲི་ཀ༽

སྲིད་གསུམ་སྒྱུ་མའི་ཞིང་ན་ངལ་དུབ་པའི།།

མཐོ་དམན་སུ་ཡི་རྣ་བར་འདི་ལྷུང་ན།།

མྱ་ངན་ནག་པོའི་བཞིན་རས་ཞི་གྱུར་བ།།

ཡིད་ཀྱི་གསོས་སྨན་སྙན་པའི་རོལ་མོ་ཡིན།།

《བོད་ཀྱི་རོལ་མོའི་ལོ་རྒྱུས་ལ་ཐོག་མར་དཔྱད་པ》ལས།

 

གཅིག སྤྱིར་བཏང་གི་རྡུང་ལེན་པ་དང་མི་རབས་གསར་བའི་རྡུང་ལེན་པ་གཉིས་ཅུང་ཙམ་གླེང་པ།

ཇི་སྐད་དུ།གངས་ཅན་འགྲོ་བའི་སྐྱབས་གཅིག་ཆོས་རྗེ་ས་སྐྱ་བས།རོལ་མོ་ལ་དབྱེ་ན་གཉིས་ཏེ་ལྷན་གཅིག་སྐྱེས་དང་རྐྱེན་གཞན་ལས།།བྱུང་བའི་རོལ་མོ་གཉིས་སུ་འདོད་ཅེས་རོལ་མོ་ལ་ལྷན་སྐྱེས་ངག་གི་རོལ་མོ་དང་རྐྱེན་གཞན་ལས་བྱུང་བའི་ཡོ་ཆས་ཀྱི་རོལ་མོ་གཉིས་སུ་དབྱེ་བས།ཨ་མདོའི་སྒྲ་སྙན་རྡུང་ལེན་ནི་གླུ་ལེན་པའི་ངག་གི་རོལ་མོ་དང་སྒྲ་བརྡུང་བའི་ལག་གི་སྒྲ་སྙན་ནམ་ཡོ་ཆས་ཀྱི་རོལ་མོ་ཟུང་སྦྱོར་བྱས་པ་ལས་གྲུབ་པ་ཡིན་ཕྱིར།བོད་ཀྱི་གནའ་དེང་ཉེ་གསུམ་གྱི་གླུ་གཞས་རིག་གནས་གཞན་དག་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་གཤིས་མཆོག་ཏུ་གྱུར་པ་ཞིག་ཡོད།སྒྲ་སྙན་བརྡུང་པ་དང་གླུ་ལེན་པ་ཁོ་ནར་བརྩོན་པ་ནི་སྤྱིར་བཏང་གི་རྡུང་ལེན་པ་དག་གི་བསྐྱར་ཟློས་ཀྱི་ལམ་དུ་གོམས་ཟིན་པས་དེ་མི་རབས་གསར་བའི་རྡུང་ལེན་པ་དག་ལ་མཚོན་ན་སྤང་བྱ་གལ་ཆེན་ཞིག་རེད།མདོར་ན།དེ་ནི་སྤྱིར་བཏང་གི་རྡུང་ལེན་པ་དང་མི་རབས་གསར་བའི་རྡུང་ལེན་པ་གཉིས་ཀྱི་བར་ཁྱད་དང་ཧེ་བག་ཀྱང་ཡིན་སྲིད།

 

ཆོས་རྗེ་ས་པན་མཆོག་གིས་གསུངས་པ་ནང་བཞིན།༼སྔོན་གྱི་དབྱངས་མཁན་ཚིག་ལ་མཁས།།ད་ལྟ་རྣམས་ནི་དབྱངས་ལ་སྦྱོངས།།ཕྱི་མའི་དུས་ཀྱི་དབྱངས་མཁན་རྣམས།།བློ་ཆུང་མི་མཁས་གླུ་ལ་དགའ།།༽ཟེར་བ་ལྟར།ད་ལྟའི་སྤྱི་ཚོགས་ཀྱི་གཞས་པ་གཞས་མ་དག་ནི་གླུ་ལེན་པ་ཁོ་ནར་བརྩོན་ཏེ་སྙན་གྲགས་ལ་གཡམ་བརྒྱུགས་ཆེ་ཞིང་གར་སྟེགས་ཀྱི་འཁྲབ་སྟོན་ཁོ་ནར་བརྩོན་ལེན་བྱེད་པའི་གླུ་བ་ཆེས་མང་པའི་སྤྱི་ཚོགས་ཤིག་ཀྱང་ཡིན་ལ་སྤུས་ཚད་ཆེས་ཞན་པའི་དཔུང་ཁག་ཅིག་ཀྱང་རེད།ཚིག་དང་དབྱངས་ཀྱི་སྦྱོར་བ།འདྲེན་འགུགས་ལྟེངས་བསྒྱུར་གྱི་ངག་གི་ང་རོ་རྣམ་བཞིའི་ཁྱད་ཆོས་དོད་ལུགས།སྤོབས་པའི་གནད་དང་དུས་ཀྱི་གནད།སྦྱངས་པའི་གནད་བཅས་ཀྱིས་མཚོན་པའི་གནད་གསུམ་གྱི་དགོངས་པའི་ལག་ལེན་སོགས།དཔེར་ན།སློབ་དཔོན་ཙནྡྲ་གོ་མིས་༼དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱ་ལས༽།མི་ཤེས་ལེན་དགའ་ལད་མོའི་དབྱངས་དང་ལེགས་པར་མ་བསླབས་བབ་ཆོལ་དབྱངས།།ཅོལ་ཆུང་གཏད་སོ་མེད་པའི་དབྱངས་སོགས་ཀྱིས་མཚོན་པའི་དབྱངས་ཀྱི་དགེ་སྐྱོན་སེལ་ཞིང་གཞུང་ལུགས་དང་ཉམས་མྱོང་ཟུང་དུ་སྦྱོར་བའི་བློ་གྲོས་ཀྱི་ཐབས་རྩལ་དབེན་པ་སོགས་ཀྱིས་མཚོན་པའི་ཞན་ཆ་མང་པས།མི་རབས་གསར་བའི་རྡུང་ལེན་པས་འདི་དག་གིས་མཚོན་པའི་ཞན་ཆ་གང་ཡོད་སྐོངས་དགོས་ཤིང་།ཚིག་དབྱངས་རང་ངོས་ནས་གསར་རྩོམ་དང་རྡུང་ལེན་འགྲན་འཚོགས་ཀྱང་སྐད་ངག་དང་སྒྲ་བརྡུང་སྟངས་ཀྱི་ཁྱད་ཆོས་ཁོ་ན་ལ་མ་བལྟས་པར་རྨང་གཞི་ཤེས་བྱ་དང་ཕ་སྐད་ལམ་ནས་སྨྲ་བརྗོད་ཀྱི་སྤོབས་པ།རང་གི་གླུ་གཞས་བརྩམས་ཆོས་དེའི་ཚིག་དབྱངས་མཚམས་སྦྱོར་དང་རོལ་མོའི་ལོ་རྒྱུས་དང་གཞུང་ལུགས་ཤེས་སྤྱི་སོགས་ཀྱི་འདྲི་ཚིག་སོགས་རྡུང་ལེན་འགྲན་ཞུགས་པ་དང་དཔྱད་འཇོག་པ་སྐར་འགོད་པ་སོ་སོར་གཅིག་མཐུན་གྱིས་དགོས་པ་གཙོ་བོ་བྱས་ཏེ་སྒྱུ་རྩལ་པ་ཕྱོགས་ཡོངས་ཀྱི་སྒྱུ་རྩལ་གྱི་འཇོན་ནུས་མཐོ་རུ་འདེགས་དང་རོལ་མོའི་ཤེས་བྱ་སྣ་ཚོགས་ལ་སློབ་སྦྱོང་བྱེད་ཐུབ་དགོས་པ་ཞིག་རེད།རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན།།ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་གསུངས་པ་ལྟར་སློབ་སྦྱོང་དང་དཔེ་ཀློག་ལའང་གོམས་དགོས་པར་མ་ཟད་ད་དུང་འདི་དག་གི་ཟ་དང་ཟུར་དུ་སྒྲ་སྙན་རྡུང་ལེན་འདི་ལའང་སྐུལ་ལྕག་གི་དབྱུག་པ་ཚ་པོ་བསྟེར་བའི་ཨ་མ་བཙན་པོ་འགའ་རེ་ཡང་མི་རབས་གསར་བའི་རྡུང་ལེན་པ་དག་གི་ཁྲོད་དུ་བྱུང་ན་ཧ་ཅང་དགའོ།།

 

གཉིས།

རྡུང་ལེན་དང་དཀྲོལ་ལེན་གཉིས་ལས་ཕྱོགས་གཅིག་གཏན་ཁེལ་དང་དེའི་དགེ་མཚན།

 

རྡུང་ལེན་ཞེས་པའི་ཐ་སྙད་རང་སྟེང་གི་དགེ་མཚན་གྱི་ཆ་ནས་བཤད་ན་རྡུང་ལེན་ཞེས་ང་ཚོའི་འཚོ་བའི་གཏིང་ལ་འཐིམ་ཡོད་པས་ཁ་སྐད་ཅན་དང་འཚོ་བ་ཅན་གྱི་དགེ་མཚན་དང་།ཐོག་མ་ཉིད་ནས་རྡུང་ལེན་ཞེས་ཀུན་གྱིས་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་བྱས་ཟིན་པ་དང་བྱེད་བཞིན་ཡོད་པས་སྤྱོད་བདེ་ཅན་དང་དར་ཁྱབ་ཅན་གཅིག་གྱུར་རང་བཞིན་གྱི་དགེ་མཚན་ལྡན་པ།ད་དུང་དམངས་ཁྲོད་རིག་གནས་ལ་ཞིབ་འཇུག་དང་འཚོལ་བསྡུ།གཞུང་ལུགས་ཅན་དུ་སྤེལ་བ་སོགས་མཐུན་རྐྱེན་ལེགས་པོ་འཛོམས་པ་ཞིག་ཡིན་པས་ལྷ་སྐུ་རྙིང་བར་ཚོན་རྩི་གསར་བ་ཕྱུག་དགོས་དོན་མི་འདུག་པར་བསམས།དཀྲོལ་ལེན་ཟེར་ན་བརྡ་ཆད་གསར་བའི་རིགས་སུ་གཏོགས་པས་ཡོངས་ཁྱབ་ཀྱིས་བེད་སྤྱོད་ཐུབ་ཀྱི་མེད་ལ།རེ་འགའ་ཞིག་གི་ཨ་གསར་ཁོ་ན་ཞིག་གི་དབང་དུ་གྱུར་ནས་རྡུང་ལེན་ལ་དཀྲོལ་ལེན་དང་།དཔེར་ན་འོད་སྡེར་སོགས་ལ་བརྙན་འཁོར།འོད་འཁོར།གསེར་སྡེར།གསེར་འཁོར་སོགས་ཟེར་ནས་རྒྱུ་མཚན་དང་དམིགས་ཡུལ་གང་ཡང་མེད་པར་བཟོ་བཅོས་གཏོང་པ་ནི་བོད་རང་གི་མིང་བརྡ་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར་ཕྱོགས་ལ་བསམ་བློ་མ་བཏང་བའི་སྐྱོན་ཆ་ཞིག་རེད།རྒྱུ་མཚན་དེའི་དབང་གིས་མངའ་རིས་སྒྲ་སྙན་བཀོལ་ཏེ་བླངས་བའི་གཞས་དང་མེན་ཐོ་ལིན་བཀོལ་ཏེ་བླངས་བའི་གཞས་གང་ཡིན་ཡང་༿སྒྲ་སྙན་རྡུང་ལེན༾་ཞེས་བྲིས་ན་ལེགས་པའི་དགེ་མཚན་མི་དམན་པ་འདུག།མངའ་རིས་སྒྲ་སྙན་ནི་ལོ་རྒྱུས་ལྟར་ན་སྟོད་མངའ་རིས་ས་ཁུལ་ནས་དབུས་གཙང་ཁུལ་དང་དེ་ནས་རིམ་བཞིན་དར་བས་རྡོ་རིང་བསྟན་དཔལ་འབྱོར་སྐབས་སྒྲ་སྙན་ཞེས་པའི་ཆེད་སྤྱོད་ཀྱི་ཐ་སྙད་གཏན་ཁེལ་ཆགས་པ་ཡིན་པས་༿སྒྲ་སྙན་རྡུང་ལེན༾་ཞེས་བྲིས་ཤིང་བཀོལ་སྤྱོད་བྱས་ཚེ་ལོ་རྒྱས་ཀྱི་ཐ་སྙད་བེད་སྤྱོད་དང་ཞིབ་འཇུག་མཐུན་རྐྱེན།བཀོལ་བདེ་འབྲི་བདེ་སྤྱོད་བདེ་སོགས་ཀྱི་མཐུན་རྐྱེན་ཧ་ཅང་མང་བས་འོ་མའི་རྒྱ་མཚོའི་ནང་ལ་ཁྲག་གི་ཐིགས་པ་འཕེན་དགོས་དོན་མེད་པའི་ཁར།ང་ཚོའི་བསམ་དགོས་པ་ངོ་མ་ནི་རྡུང་ལེན་ཞེས་ལོ་རྒྱུས་སོགས་ཀྱི་བཀོལ་སྤྱོད་དགེ་མཚན་ཆེར་ལྡན་པའི་ཐ་སྙད་དག་བཟོ་བཅོས་གཏོང་རྒྱུ་དེ་མ་ཡིན་པར་དེ་ལས་གོང་འཕེལ་དང་གསར་གཏོད་ཀྱི་ཕྱོགས་སུ་བལྟ་རྒྱུ་དེ་མ་ཡིན་ནམ།

 

གསུམ།

མངའ་རིས་སྒྲ་སྙན་དང་མེན་ཐོ་ལིན་གཉིས་ལས་མེན་ཐོ་ལིན་འདོར་དགོས་མིན་ཐད་གྱི་ལྟ་ཚུལ་ཐུང་ངུ་།

 

ཡང་གཞན་ལ་ལས།མེན་ཐོ་ལེན་ནི་བོད་རང་ས་ནས་གསར་གཏོད་བྱས་པའི་རོལ་ཆ་ཞིག་མིན་པ་དང་མི་རིགས་གཞན་ནས་ནང་འདྲེན་བྱས་པ་ཞིག་ཡིན་སྟབས།མེན་ཐོ་ལིན་འདོར་དགོས་ཤིང་མངའ་རིས་སྒྲ་སྙན་ཏེ་རང་མི་རིགས་ཀྱི་རོལ་ཆ་སྒྲ་སྙན་ཁོ་ན་སྤྱད་ན་འགྲིག་ཟེར་བ་དང་།མེན་ཐོ་ལིན་གྱིས་སྒྲ་སྙན་གྱི་ཚབ་བྱས་ན་ཉེན་ཁ་ཞིག་རེད་ཟེར་བ་སོགས་ཀྱི་སྒྲ་སྙན་དང་མེན་ཐོ་ལིན་བཀོལ་སྤྱོད་ཀྱི་ལམ་ཐིགས་གཉིས་སུ་ཕྱེས་ཏེ།དཔེར་ན་བར་སྐབས་ཤིག་ལ་བླ་བྲང་ཕྱོགས་སུ་མངའ་རིས་སྒྲ་སྙན་སྤྱོད་མཁན་མང་བ་དང་མཚོ་ལྷོའི་ཕྱོགས་སུ་མེན་ཐོ་ལིན་སྤྱོད་མཁན་མང་སོགས་ལྟ་བུའི་ས་ཁུལ་གྱི་དབྱེ་བའང་མངོན་པར་བཀར་ཡོད་པས་འདི་ལ་རང་གི་ལྟ་ཚུལ་ཐུང་ངུ་དྲངས་ན།མེན་ཐོ་ལིན་བོད་ཀྱི་རོལ་ཆ་མིན་པས་འདོར་དགོས་ཟེར་ན།ང་ཚོའི་འཚོ་བའི་དངོས་པོ་མང་པོ་འདོར་དགོས་ཏེ་ཁྱིམ་གྱི་སྣོད་ཅ་ལག་དང་ཁ་པར་རླངས་འཁོར་སོགས་བོད་རང་གི་ཐོན་རྫས་མིན་པ་ཚང་མ་འདོར་པ་མིན་ནམ།དེ་བཞིན་སངས་རྒྱས་ཆོས་ལུགས་ཀྱང་རྒྱ་གར་རིག་གནས་ཡིན་པས་འདོར་དགོས་རྒྱུ་རེད།བོད་རང་ས་ནས་བྱུང་བའི་ཆོས་ལུགས་ནི་བོན་ཆོས་རང་ཡིན་པས་ང་ཚོ་སླར་ཡང་སངས་རྒྱས་ཆོས་ལུགས་གཡུགས་ཏེ་བོན་ཆོས་ལ་སྐྱབས་སུ་འགྲོ་དགོས་པ་མིན་ནམ།སྒྱུ་རྩལ་དང་ཆོས་ལུགས་གཉིས་སོ་སོ་ཡིན་ཀྱང་རིགས་པ་དང་དཔེ་གཞི་འདི་ལྟར་དྲངས་ཆོག་གི་ཡིན་པས།བོད་དུ་དར་ཁྱབ་བྱུང་བའི་སངས་རྒྱས་ཆོས་ལུགས་ལ་བོད་རིགས་རང་གི་འཚོ་བའི་གོམས་གཤིས་དང་དད་མོས་ལུགས་སྲོལ།ཆོ་ག་སྤེལ་ཕྱོགས་སོགས་དང་བསྲེས་པས་༿བོད་རྒྱལ་ནང་བསྟན་ཆོས་ལུགས༾་ཞེས་ཀུན་གྱིས་འབོད་པ་ཤེས་གསལ་ལྟར།མེན་ཐོ་ལིན་ནུབ་ཕྱོགས་ཀྱི་རོལ་ཆ་ཡིན་ཀྱང་།ང་ཚོའི་མི་རིགས་རང་གི་སྒྱུ་རྩལ་གྱི་རིན་ཐང་དང་སྲོལ་རྒྱུན་གླུ་གཞས་རིགས་ཀྱི་དབྱངས་གཤིས་སོགས་མ་འགྱུར་མི་རིགས་རང་གི་གླུ་གཞས་སྒྱུ་རྩལ་གྱི་བྲོ་བ་མ་ཡལ་བའི་ངང་རིག་གནས་སྤེལ་བའི་ལག་ཆར་བསྒྱུར་ནུས་ན་འདོར་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མིན་ཏེ།མེན་ཐོ་ལིན་འདིའང་ཁྱེར་བདེ་བ་དང་འཛིན་བདེ་བ།སྐད་གདངས་དྲག་ཞན་གྱི་ཚད་ཐིགས་སོགས་མངའ་རིས་སྒྲ་སྙན་དང་མི་འདྲ་བའི་ཁྱད་ཆོས་མང་པས་འདི་གཉིས་ཟུང་འབྲེལ་གྱིས་བཀོལ་སྤྱོད་བྱས་ན་ལེགས་སོ་སྙམ་པ་ལས་འདོར་དགོས་པའི་རྒྱུ་མཚན་མེད་པར་བསམས་སོང་།།

 

བཞི།

༼རྐྱང་གཞས༽་ནི་སྒྱུ་རྩལ་བྲན་དུ་བཀོལ་སྟངས་ཤིག་ཏུ་གྱུར་ཉེན་འདུག་པ།

 

ཆ་འཕྲིན་གྱིས་གོ་ལ་ཧྲིལ་བོ་འཁོར་སྒུལ་བྱེད་པའི་ཡོ་ལང་འོག་འཛམ་གླིང་གི་ས་ཁོངས་སོ་སོར་གང་འཚམ་གྱིས་འགྱུར་ལྡོག་འགྲོ་བའི་གོམ་སྟོབས་ཤིག་ཡོངས་སུ་དར་ཟིན།དཔེར་ན་རང་རེའི་བོད་གཞས་རིག་གནས་ཐད་ལའང་འགྱུར་ལྡོག་བྱུང་ནས་གནའ་བོའི་སྒྲ་ཐག་ནས་འོད་སྡེར་དང་ཆེད་སྒྲིག་བརྒྱུད་དྲ་སྒང་ནས་ཤར་གཏོང་བྱེད་པའི་རྐྱང་གཞས་ཀྱི་གོ་རིམ་ཞིག་བརྒྱུད་ཡོང་།དེ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་སྟབས་དང་ཆ་འཕྲིན་འཁོར་བསྐྱོད་ཀྱི་ཁ་ཕྱོགས་དང་བསྟུན་ནས་དཔྱད་ན།འགྱུར་ལྡོག་འབྱུང་ངེས་པ་ཞིག་ཀྱང་ཡིན་ལ་བྱུང་བར་འགྲིག་པ་ཞིག་ཀྱང་རེད།

 

སྤྱིར་རིག་གནས་གསར་རྙིང་གི་འགལ་འདུ་དང་གདོང་ཐུག་ནི་དུས་ཚོད་དང་གོ་རིམ་ངེས་ཅན་ཞིག་བརྒྱུད་མཐར་དེ་གཉིས་གཙུབ་བརྡར་གྱི་གོ་རིམ་ཁྲོད་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་འབྱུང་སྲིད་པ་ཡིན་ཞིང་།གསར་བས་གསར་བ་གླེང་ཆོག་ལ་རྙིང་པས་རྙིང་པ་སྤེལ་ཆོག་པ་ཡིན་མོད།འོན་ཀྱང་།ང་ཚོ་མི་རེ་རེའི་རིག་གནས་ཀྱི་བག་ཆགས་དང་བསྐྱེད་འབྲས།བསམ་པའི་ཁྱེར་སོ་དང་སྒྱུ་རྩལ་མཛེས་རྟོག་༼审美༽གི་མྱོང་རོལ་སོགས་མི་མཚུངས་པ་ཡིན་ཀྱང་།ཆེས་གནད་དུ་འཛིན་དགོས་པའི་རྩ་དོན་ཆེ་ཤོས་ནི་༼ང་ཚོ་རིག་གནས་གང་དེར་ལ་སྐྱབས་སུ་འགྲོ་བ་ལས།རིག་གནས་བྲན་བཀོལ་རིང་ལུགས་པ་ཞིག་ཏུ་འགྱུར་མི་རུང་བ་དེ་རེད༽།དེ་བཞིན་ང་ཚོ་བོད་གཞས་རིག་གནས་འདིའང་དེ་དང་དེ་བཞིན་ཡིན་ནོ།།

 

ད་ལྟའི་གླུ་བ་མང་པོར་རྐྱང་གཞས་ལ་ཕྱོགས་ནས་གཅིག་འཕྲོ་གཅིག་ལ་རྐྱང་གཞས་སྤེལ་བའི་འགྲན་རྩོད་ཀྱི་འུར་ཆ་ཞིག་ལངས་འདུག།དེ་ནི་ཕྱོགས་གཅིག་བོད་གཞས་རིག་གནས་སྤེལ་བའི་དགེ་མཚན་ཞིག་དང་ཐབས་ལམ་ཞིག་རེད།འོན་ཀྱང་།འགྲན་རྩོད་ཀྱི་ཁྲོད་དུ་ཉོབ་ནས་དང་རྨོངས་ནས་འཐོམ་སྦྲིད་ཀྱི་དབང་དུ་གྱུར་མི་རུང་པ་དེ་གཙོ་བོ་རེད།བློ་ཕམ་པ་ཞིག་ལ་ང་ཚོའི་སྒྱུ་རྩལ་པའི་དཔུང་སྟོབས་ཞན་པ་དང་སྒྱུ་རྩལ་ལ་བཅིངས་བའི་ལྷག་བསམ་དཀར་གཙང་གི་དབང་གིས།བོད་གཞས་རིག་གནས་ཀྱི་གར་སྟེགས་སུ་༼ཉོབ༽ཅེས་པའི་ཡིག་འབྲུ་ཞིག་ལྡིག་སེ་ལྷུང་ཡོང་པ་ནི་༼རྐྱང་གཞས༽ཟེར་བ་དེ་ཡིན་པར་གྱུར་སོང་།རྐྱང་གཞས་ཏེ་དྲ་སྒང་ཁོ་ན་ནས་ཤར་གཏོང་བྱེད་པའི་གླུ་གཞས་རིག་གནས་སྤེལ་འདི་ཐབས་ལམ་ཡགས་པོ་ཞིག་ཡིན་ཀྱང་།ང་ཚོས་གང་འདོད་གང་བྱུང་གིས་རྩེད་མོ་ལྟ་བུའི་རྣམ་འགྱུར་ཞིག་གིས་སྤེལ་མི་རུང་ངོ་།དཔེར་ན་ནི།ང་ཚོས་རྐྱང་གཞས་ཤིག་སྟ་གོན་བྱེད་པའི་དབང་དུ་བྱས་ན།ཐོག་མར་གཞས་ཚིག་ཡག་པོ་ཞིག་འདེམས་དགོས་པ་དང་གཉིས་པར་དེ་ལ་དབྱངས་ལེགས་པོ་ཞིག་སྦྱོར་ཤེས་རྒྱུ་ཧ་ཅང་གལ་ཆེ་བར་བསམས།རིམ་བཞིན་སྦྱོང་བ་ཡང་ཡང་བྱེད་པའི་གོ་རིམ་དང་ཚིག་དབྱངས་ཀྱི་རིམ་པ་སྐྱོ་བ་དང་དགའ་བ་གང་དུ་གཏོགས་པར་དེ་དང་འཚམ་པར་ཕྱི་ནང་གི་འཁྲབ་སྟོན་ལ་གོམས་པར་བྱ་རྒྱུ་སོགས་གཙོའོ།།

 

གལ་སྲིད།དབྱངས་སྦྱོར་ལ་རྨོངས་པ་དང་གཞས་ཚིག་བདམས་པར་རྨོངས་པ།དེ་སྦྱོང་བར་རྨོངས་པ་དང་རོལ་མོའི་ཤེས་བྱ་ཏུལ་ཙམ་ཡང་མེད་པར་རྨོངས་པ་སོགས་ཅི་ཡང་གཏད་སོ་མེད་པར་ལྡ་མ་ལྡིང་གིས་སོང་པ་ཡིན་ན།ང་ཚོ་གླུ་བ་ནད་པ་ཞིག་ཏུ་གྱུར་སོང་པ་ཡིན།ལྷག་པར་ཁྱོད་ཀྱིས་གཞན་གྱི་ཚིག་དབྱངས་གང་བྱུང་གིས་བརྐུས་ནས་ལེན་པ་དང་བསྐྱར་ལེན་བྱེད་པ་སོགས་ཡིན་ན་ང་ཚོ་གཞན་གྱི་བསྐྱར་དཔར་གླུ་པ་ཞིག་ཏུ་གྱུར་སོང་པ་ཡིན་ཞིང་།འདི་ལྟ་བུའི་ངང་རྐྱང་གཞས་སྤེལ་བ་ཡིན་ན་ཁྱོད་ཀྱི་རྐྱང་གཞས་ཀྱི་རིན་ཐང་ཡང་ལར་ནས་ཉམས་སོང་པ་ཡིན།དེ་བཞིན་གླུ་བ་ནད་པ་ཞིག་ཏུ་གྱུར་བའང་ཡིན་ནོ།།མི་རབས་གསར་བའི་གླུ་བ་ཚད་ལྡན་ཞིག་ལ་མཚོན་ན།ཆེས་མ་མཐའ་ཡང་ཁྱོད་ཀྱིས་ཚིག་དབྱངས་རང་ཉིད་ནས་གསར་རྩོམ་ཐུབ་དགོས་ཤིང་ཐོལ་བརྒལ་གྱི་བྲག་ཅ་གནམ་ས་གཡོ་བ་ཞིག་ཨེ་འཁྱོངས་འབད་པ་གཙིགས་འཛིན་ནུས་དགོས་སོ།།

 

 

 

                           ཚན་བཤུས།  

 

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author རྐང་ཚ་ཁྱུང་སྐྱབས་རིན་ཆེན།
Year published 2019
Original year published 2019
Language Amdo Group
Subjects
Places
Creative Commons Licence