རྩྭ་ཐང་ནས་མཆེད་པའི་གླུ་སྐད་སྙན་མོ།

 

རྩྭ་ཐང་ནས་མཆེད་པའི་གླུ་སྐད་སྙན་མོ།

བོད་ཀྱི་གླུ་བ་མིང་གྲགས་ཅན་སྒྲོལ་མ་ཚེ་རིང་གི་གནས་ཚུལ་བཀོད་པ།

རམས།   (ཟི་ལིང)

               

གཅིག ཐོག་མ་ཡི་སྐྱེས་མཚར་ཀློང་ནས། གླུ་ངག་གི་ས་བོན་བཏབ་པ།

 

བོད་ཀྱི་དམངས་སྲོལ་རིག་གནས་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། མི་རིགས་ཤིགས་འཚོ་ཞིང་གནས་པ་དང་ངེས་པ་དོན་གྱི་མི་རིགས་གང་ཞིག་ཁྱད་ཆོས་མངོན་དགོས་ན་གཙོ་བོ་དམངས་སྲོལ་རིག་གནས་སྟེང་ནས་ཚུར་སྣང་བྱེད་དགོས། ལྷག་་ཏུ་དམངས་གླུ་ལ་གཞས་ནི་དཔེ་དང་དཔེ་ཅན་འཕྲོད་ཅིང་། ནང་དོན་ཕུན་སུམ་ཚོགས་པ། རྣ་ལ་སྙན་ཞིང་ཡིད་ལ་འཇེབས་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ལྡན་པ་ཡིན་ལ། དེ་ལ་རིན་ཐང་གི་ལྟ་ཚུལ་དང་། འཇིག་རྟེན་གྱི་ལྟ་ཚུལ། འཚོ་བ་དང་ཁ་ཐག་ཉེ་བ་སོགས་ཀྱི་གཞན་དང་མི་མཚུངས་པའི་ཁྱད་ཆོས་དེ་ལས་མང་པོ་ཞིག་ལྡན་པ་ཡིན། སྲོལ་རྒྱུན་རིག་གནས་འདི་ལྟ་བུ་མྱུར་སྐྱོབ་དང་སྔོག་འདོན་དང་། རྒྱུད་འཛིན། དར་སྤེལ་བཅས་གཏོང་རྒྱུ་ནི་བོད་མི་བྱིངས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་གལ་ཆེན་ཞིག་ཡིན། མཚོ་ལྷོ་ས་ཁུལ་ལ་མཚོན་ན་བོད་རིགས་ཀྱི་འདུས་ཚད་མཐོ་ཞིང་། མི་རིགས་རིག་གནས་ཀྱི་རྐང་ཅུང་ཟད་མཐུག་པ་མ་ཟད། རྩྭ་ཐང་གི་དཀྱེལ་རྒྱ་ཡངས་ས། ནོར་ལུག་གི་འཕེལ་ཁ་དར་ས། རྣང་ཞིང་གི་འབྲུ་དྲུག་སྨིན་ས། ཆུ་དང་མཚོ་མོ་བདུད་རྩི་ལྟར་འཁྱིལ་བའི་གངས་རིའི་ལྗོངས་ཀྱི་གནས་ཡུལ་ཁྱད་པར་བ་ཞིག་ཡིན། བོད་རིགས་མི་དམངས་གནའ་ནས་ད་ལྟའི་བར་གླུ་གར་ལ་དགའ་ཞིང་། གླུ་གར་ལ་མཁས་པའི་དབང་གིས་རྟགས་སྟོན་མོའི་སྒོ་མོ་གླུ་ཡིས་འབྱེད་པའི་སྲོལ་འདི་མ་ཉམས་རྒྱུན་འབྱམས་སུ་ཡོད། གང་ལྟར་ང་ཚོའི་ཁ་ནས་ལ་གཞས་རིག་གནས་ཞེས་གླེང་མ་ཐག་ཏུ་དབང་མེད་དུ་མཚོ་སྔོན་པོའི་ལྷོ་རྒྱུད་ན་ཆགས་པའི་གཡང་ཆུ་གྲོང་རྡལ་བར་དབོན་སྡེ་བ་ཞེས་པའི་འབྲོག་སྡེ་ཆུང་ཆུང་ཞིག་གི་ཕྱོགས་སུ་སྨྱུག་ཁ་མི་བསྐོར་ཀ་མེད་ཡིན་པ་སྟེ། གཡང་དཀར་གྱི་འབའ་སྒྲ་དང་། ནོར་ནག་གི་ངུར་སྒྲ། རྟ་མཆོག་གི་རྨིག་སྒྲའི་ཁྲོད་ནས་འཚོ་ཞིང་གནས་པའི་འབྲོག་སྡེ་འདི་འང་ཁ་བའི་ལྗོངས་ཀྱི་ས་ཁུལ་ཡོངས་དང་འདྲ་བར་གནའ་སྔ་མོ་ནས་གླུ་གར་ལ་དགའ་མགུ་ཆེ་ཞིང་། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དེ་བས་དུངས་ཞེན་ཆེ་བའི་དབང་གིས་བོད་མིའི་གཏམ་དཔེ་ལ་གོམ་པ་སྤོ་ཤེས་པ་ཙམ་ནས་གར་འཁྲབ་ཤེས་པ་དང་། སྐད་ཆ་བཤད་ཤེས་པ་ཙམ་ནས་གླུ་ལེན་ཤེས་ཞེས་པའི་བཤད་རྒྱུན་འདི་ཁོ་ཚོའི་ལུས་སྟེང་ན་ལྷན་སྐྱེས་སུ་མངོན་ཡོད་ཅེས་བཤད་ཆོག་ཆོག་ཡིན། ལོ་རབས་དྲུག་ཅུའི་སྨད་ཙམ་ལ་ཨ་མའི་མངལ་ནས་ལྟེ་ཁྲག་འཕོས་པའི་སྒྲོལ་མ་ཚེ་རིང་ལ་མཚོན་ནའང་དེའི་ཁྲོད་ཀྱི་འཐུས་ཚབ་རང་བཞིན་གྱི་མི་སྣ་ཞིག་ཡིན། བྱིས་པ་ཞིག་གི་ཐོག་མའི་ཨག་སྐད་ཀྱིས་རྩྭ་ཐང་འདིའི་ལྷིང་འཇགས་དཀྲོགས་པའི་ཉིན་དེ་ནས་བཟུང་། ཁོ་རང་གླུ་གཞས་ཀྱི་ཞིང་ཁམས་སུ་མྱུལ་བའི་ཐོག་མའི་འགོ་བརྩམས་པ་ཡིན་ལ། གླུ་གཞས་ལ་འཇུག་པའི་ཐོག་མའི་གོམ་ཁ་དང་པོ་རྨོ་མོ་དང་དྲིན་ཆེན་ཨ་མའི་མགྲིན་ངག་ལས་བསླབ་པ་དང་། གླུ་གཞས་ཀྱི་རིན་ཐང་དང་འོད་སྣང་གི་ཉིང་བཅུད་རེ་རེ་རང་གི་རྒྱུད་ལ་བསགས་པ་དང་། མགྲིན་པའི་ལོངས་སྤྱོད་དུ་སིམ་པའི་སྐལ་བ་ཐོབ་པའི་ཉིན་དེ་ནས་བཟུང་། ཁོའི་བྱིས་པའི་གླུ་ངག་ཅིག་གི་དབྱངས་འགྲོས་དང་པོ་རྩྭ་ཐང་འདིའི་ལྷིང་འཇགས་ལ་དབྱངས་སྙན་འཁྲོལ་བའི་བར་སྐབས་དེ་ཡིན་པ་མ་ཟད། དེ་ལ་དགའ་བ་དང་དུངས་པ་ཟབ་པའི་ཁོ་རང་ལ་མཚོན་ན། བར་སྐབས་དེའི་མགྲིན་ངག་གི་ས་བོན་རུམ་པའི་དངོས་གྲུབ་དང་། དེ་ལ་སྦྱངས་གོམས་སུ་རེམ་པའི་དགའ་སྣང་གི་འབོད་པ་རེ་རེ། ཁོ་རང་གཞི་ནས་གླུ་གཞས་ཀྱི་ཞིང་ཁམས་ནས་ཁ་བའི་ལྗོངས་སུ་བསྐྱོད་པའི་གཤོག་པ་རྐྱོང་ཐེངས་དང་པོ་ཡིན་པས་ན། དྲིན་གྱི་ལན་པོ་འདི་རྨོ་མོ་དང་། རླབས་ཆེ་བའི་མ་ཡུམ་ཞིག་གི་སློབ་སྟོན་དང་གཏན་ནས་འབྲལ་ཐབས་ག་ལ་ཡོད།

 

གཉིས། གླུ་ངག་གི་འཐབ་རར་ཞུགས་ནས། རང་ཉིད་ལ་གོ་ཆ་བསྒོས་པ།

 

སྦྲ་ནག་གི་གྲུ་ཁ་རེ་དང་། གཡང་དཀར་གྱི་འབའ་སྒྲའི་རྗེས་ན། ཁོས་རིག་གནས་དྲི་མེད་ཅིག་གི་ཉིང་བཅུད་རུམ་ཞིང་། གླུ་ཚིག་དང་དབྱངས་རྟ་ཟོལ་མེད་ཅིག་གི་བདམ་ག་མ་ནོར་ཕྱིན། ཁྱད་ཆོས་དང་ངོ་མཚར་གྱིས་ཕྱུག་པའི་ཁོའི་གླུ་ངག་གི་འགྱུར་ཁུགས་རེ་ན། བོད་གདོད་མའི་མར་དྲི་དང་རྩམ་དྲི་མ་ཡལ་བའི་གླུ་གཞས་ཀྱི་གསལ་ཆ་མངོན་ཡོད་ཅིང་། ཕ་སྐད་གཙང་མ་ཞིག་དང་། ཡུམ་སྐད་རྣམ་དག་ཅིག་གི་ཚིག་སྒྲོས་རེ་རེ། གླུ་བ་སྒྲོལ་མ་ཚེ་རིང་བསྐྱོད་པའི་གླུ་གཞས་ཀྱི་འབོད་པ་རེ་རེ་ཡིན་ཞིང་། གླུ་གཞས་ཀྱི་འཇིག་རྟེན་ལ་རྒྱང་ལྟ་བྱེད་པའི་ཁོའི་མིག་ཟུང་གི་དྭངས་མ་རེའང་ཡིན། གླུ་གཞས་ལ་མངར་ཆུ་བླུད་པ་དང་། གླུ་གཞས་ལ་ཁྲི་འཕང་བརྩེགས་པའི་ཁོའི་འཇིག་རྟེན་ན། སྲོལ་རྒྱུན་དམངས་ཁྲོད་ཀྱི་རིག་གནས་ཤིག་གི་ཤ་ཞེན་སྙིང་ལ་སིམ་ཡོད་པ་དང་། དེའི་རིན་ཐང་ལ་རྡོག་རྫིས་མི་བྱེད་པའི་བོད་རིགས་གླུ་བ་ཞིག་གི་འགན་ཁུར་དང་དུ་བླངས་ཡོད་ན། ཁོ་རང་གཉོམ་ལག་རྒྱས་པའི་གླུ་གཞས་ཀྱི་ཞིང་ཁམས་དེ་རུ། འབྲལ་མི་ཐུབ་པའི་བརྩེ་དུང་རྣལ་མ་ཞིག་དང་། སྟོབས་ཆེ་བའི་སྒུལ་ཤུགས་གང་མང་ཞིག་གི་དངོས་གྲུབ་འབྱོར་ཡོད། ངོ་མཚར་གྱི་བཀོད་པ་དང་། ཡ་རབས་ཀྱི་གོམས་གཤིས། འབྲལ་མེད་ཀྱི་ཡིད་རྟོན་གང་མང་དེ། བོད་རིགས་མི་དམངས་ཀྱི་གླུ་གཞས་ཤིག་ལ་ཁ་དོག་བསྒོ་བའི་ཆོས་ཉིད་ཡིན་ན། ཆོས་ཉིད་འདིའི་འཐབ་ར་ནས། སྒྲོལ་མ་ཚེ་རིང་གིས་འཇིགས་མེད་ཀྱི་གླུ་གཞས་ཤིག་གི་གོ་ཆ་ལུས་ལ་བསྒོས་ནས། དངོས་གནས་ལམ་ལ་ཆས་བྱུང་། རྒྱང་ཐག་རིང་ཞིང་ཡིད་ཆེས་ཀྱིས་ཕྱུག་པའི་མདུན་ཐད་ཀྱི་ལམ་བུ་དེ། ཁོ་རང་བཞུད་པའི་བོད་རིགས་དམངས་ཁྲོད་ལ་གཞས་སྒྱུ་རྩལ་པ་ཞིག་ལ་ཁ་གཏད་པའི་འགྲན་རྩོད་ཐེངས་ཤིག་ཡིན་པས། གླུ་གཞས་བག་ཆགས་ཀྱི་རྫོང་སྟུག་པའི་ཁོ་ལ་མཚོན་ན་དངོས་གནས་རང་ལ་ཐོབ་པའི་ལམ་བུ་དེར་སྲུང་འཛིན་དང་གཅེས་སྤྲས་བྱེད་དགོས་ཡིད་ཆེས་དེ་ལས་ལྷག་པ་ཡོད་པས། རེ་བ་དང་སྨོན་འདུན་དེ་རིམ་གྱིས་མངོན་འགྱུར་བྱེད་པའི་དུས་སུ་སླེབས་ལ་ཉེ་བ་རེད།

 

གསུམ། འགྲན་རྩོད་ཀྱི་སྟེགས་བུར་འགྲེང་ནས། སྙན་གྲགས་ཀྱི་བ་དན་གཡོས་པ།

 

1984ལོའི་ཉིན་ཞིག་ལ། སྒྲོལ་མ་ཚེ་རིང་ཐོག་མར་ཞང་ཡོངས་ཀྱི་དངོས་ཟོག་བརྗེ་རེས་ལ་གཞས་འགྲན་ཚོགས་སྟེང་ཞང་ཡོངས་ཀྱི་ལ་གཞས་འགྲན་ཚོགས་ཤིག་གི་སྟེགས་བུར་འགོས་ཤིང་། སྟེགས་བུ་དེ་རུ་སྙན་འཇེབས་ཀྱི་དབྱངས་རྟ་དང་། ནང་དོན་གྱི་མངར་ཁ་མ་ཡལ་བའི་ཐོག་མའི་ལ་གཞས་ཀྱི་རལ་ཁ་བརྡར་བ་ནས་ཁོ་རང་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དང་། ལོ་ན་ཆེས་ཆུང་བའི་གླུ་བ་གི་ཞིག་ཆོ་ལོ་ཐོག་མར་གནང་། དེ་ནི་ཁོས་ཐོག་དང་པོར་རྨོ་མོ་དང་མ་ལོ་ལ་དྲིན་ལན་འཇལ་བའི་མཚོན་རྟགས་ཤིག་ཀྱང་ཡིན། ཐོག་དང་པོའི་མཚན་སྙན་འདི་ལས་སྒྲོལ་མ་ཚེ་རིང་ལ་གསོན་ཤུགས་དང་ཡིད་ཆེས་གང་མང་བསྣན་པ་མ་ཟད། སྙིང་སྟོབས་དང་སྒུལ་ཤུགས་ཞིག་གི་འགྲན་རྩོད་ཀྱི་སྒོ་འཕར་དང་པོ་ཕྱེས་པ་རེད། དེ་ནས་རིམ་བཞིན་ཁོས་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་ཚོགས་སྐབས་དང་པོའི་《དམ་ཚིག་མེ་ལྟར་འབར་བ》དང་། སྐབས་གཉིས་པའི་《གསར་བཞད་མེ་ཏོག་ཚོམ་བུ》སྐབས་གསུམ་པའི《ཁ་ལ་གཞས་གསེར་དངུལ་ཐང་ནས་ལེན》་སུ་རིམ་བཞིན་ཨང་དང་པོའི་བྱ་དགའ་ཐོབ་པ་བཅས་བསྡོམས་ན་བྱ་དགའ་ཐེངས18ལྷག་བླངས་ཤིང་། བྱ་དགའ་འདི་དག་ཁོས་མི་ལོ་གང་མང་ཞིག་གི་སློབ་སྦྱོང་། དགའ་མགུ། ཉམས་མྱོང་། རེ་བ་བཅས་ལ་བདེན་དཔང་ཐེངས་ཤིག་གནང་བ་རེད། དེ་དང་མཉམ་དུ་ཁོས་སྔ་གཞུག་ཏུ་《དྲན》དང་། 《མི་བཤིག་རྡོ་རྗེ་མདུད་པ》《གཞོན་ནུའི་ཞེ་འདང》《དྲན་པའི་ལོ་ཟླ》དང《བྱུ་རུ་དམར་པོ》《ལ་གཞས་མཛོད》སོགས་སྒྲ་ཐག་བཅུ་ལྷག་པར་སྐྲུན་འགྲེམས་སྤེལ་བྱས་པས་ཁོའི་སྙན་གྲགས་ཀྱི་བ་དན་གངས་རིའི་ལྗོངས་སུ་ཁྱབ་པར་གྱུར། ཁོའི་སྒྲ་ཐག་མང་པོ་ཞིག་ནུབ་མཚོ་མི་རིགས་སྒྲ་སྙན་པར་སྐྲུན་ཁང་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་པོའི་དྲ་བ་ཚོགས་སུ་ཉར་ཚགས་བྱས་ཡོད་པ་དང་། 2007ལོར་ཁོ་རང་རྒྱལ་ཁའི་ངང་མཚོ་ལྷོ་ཁུལ་གྱི་ལ་གཞས་རྒྱུད་འཛིན་མི་སྣར་བདམས་པ་དང་། ད་ལྟ་ཞིང་ཆེན་རིམ་པའི་ལ་གཞས་རྒྱུད་འཛིན་མི་སྣར་སྙན་ཞུ་བྱེད་པའི་སྐབས་ཡིན་པ་དང་། གང་ལྟར་ཁོའི་རྒྱལ་ཁ་དང་གྲུབ་འབྲས་ལ་ཀུན་གྱིས་ཁས་ལེན་དང་གདེང་འཇོག་མི་དམན་པ་ཐོབ་དང་ཐོབ་བཞིན་པ་མིག་མཐོང་ལག་ཟིན་ཡིན་པ་རེད། སྙན་གྲགས་དང་གྲུབ་འབྲས་འདི་དག་སྩོལ་མཁན་གོང་རིམ་འབྲེལ་ཡོད་སྡེ་ཁག་དང་། ལྷག་པར་ཏུ་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་བླ་མེད་ཀྱི་ཐུགས་ཁུར་གསོ་སྐྱོང་། གོ་སྐབས་བཅས་གནང་བ་བསྙོན་དུ་མེད་པ་རེད།

 

བཞི། གྲུབ་འབྲས་ལ་གདེང་ཚོད་རྙེད་རྗེས། གླུ་གཞས་ཀྱི་ཕ་མཁར་བསྐྱངས་པ།

 

གླུ་བ་སྒྲོལ་མ་ཚེ་རིང་ལ་གཞས་ཀྱི་ཀྱག་ཀྱོག་གི་ལམ་བུ་མང་པོ་ཞིག་བརྒྱུད་ནའང་། ད་དུང་དམངས་ཁྲོད་ན་མུ་ཏིག་བཞིན་འཚེར་བའི་ལ་གཞས་རིག་གནས་འདིར་ཁོ་རང་དངོས་ཁ་འབྲལ་ཐབས་མེད་ལ། ལ་གཞས་རིག་གནས་ཀྱིས་ཁོའི་མི་ཚེ་དོན་དེར་སྙན་དར་སྒྲོན་ཞིང་། ཁོ་རྩྭ་ཐང་ནས་བོད་ཡུལ་ལ་བསྐྱོད་པའི་མཁའ་ལམ་ངོ་མ་ཡིན་པས། ལོ་ཟླའི་འཁོར་ལོ་ཅི་ལྟར་སྔོན་དུ་བསྐྱོད་ནའང་ཁོ་ད་དུང་ལ་གཞས་ཀྱི་ཞིང་ཁམས་འདི་རང་ལ་དབང་བའི་རྩེད་ར་ཆེན་པོ་ཞིག་ཏུ་བསམ་བཞིན་ཡོད་པ་དང་། ཁོས་བཤད་པ་ལྟར་ཁོས་ཉིན་གཅིག་ལ་གླུ་གཅིག་མ་བླངས་པའི་ཉིན་ཞིག་ཧ་ལམ་ཡོད་སྲིད་པ་མ་རེད་ཅེས་པའི་ཁ་ཏའི་ཁྲོད་ཁོ་རང་དངོས་གནས་དམངས་གླུ་དང་ལ་གཞས་རིག་གནས་ལ་དེ་ལྟར་དགའ་ཞེན་དང་བརྩེ་བ་ཟབ་པ་ངང་གིས་ཚོར་འོང་བ་རེད། གང་ལྟར་གྲུབ་འབྲས་མང་པོ་ཞིག་གི་རྒྱལ་ཁའི་ཁྲོད་ཁོ་ལ་ལ་གཞས་རིག་གནས་རྒྱུད་འཛིན་དང་དར་སྤེལ། སྲུང་སྐྱོབ་བཅས་ཀྱི་ངེས་ཤེས་ཟབ་མོ་ཐོབ་པ་དང་། སྲོལ་རྒྱུན་རིག་གནས་ཉག་ཕྲ་བའི་དུས་སྐབས་འདིར། རང་མི་རིགས་ཀྱི་ན་གཞོན་ཁྲོད་ན་དམངས་གླུ་དང་ལ་གཞས་སོགས་ཀྱི་རིན་ཐང་ལ་བརྩི་འཇོག་མི་བྱེད་པ་དང་། བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆུང་བ། ཡང་ན་དེ་ལ་དགའ་བོ་མི་བྱེད་པའི་གནས་ཚུལ་མང་པོ་ཞིག་ལ་དམིགས་ནས་ཁོ་རང་ལ་དཔལ་འབྱོར་གྱི་འབྱུང་ཁུངས་ཞན་ནའང་ཁོས་ཐབས་རྒྱ་ཇུས་སྟོང་གིས་མཚོ་ལྷོའི་ཆབ་ཆ་ས་ནས“གངས་ལྗོངས་སྤྲོ་སྐྱིད་གླུ་གར་ཁང་། ”ཞེས་པ་ཞིག་ཕྱེས་ཤིང་། གླུ་གར་ཁང་འདིའི་གཙོ་བོའི་ཁ་གཏོད་ཡུལ་བོད་ཁམས་སྤྱི་ཡིན་པ་དང་། ལྷག་པར་ཏུ་དམངས་གླུ་དང་ལ་གཞས་རིག་གནས་དར་སྤེལ་དང་རྒྱུད་འཛིན་གཏོང་ཆེད་བོད་རིགས་ན་གཞོན་ཕོ་མོ20ལྷག་ལ་ཆེད་དུ་ལ་གཞས་ཀྱི་ཉམས་མྱོང་ཁྲིད་སྟོན་དང་སྦྱོང་བརྡར་བྱེད་པར་སྣེ་ཁྲིད་གང་མང་བྱེད་བཞིན་ཡོད་པས། ལ་གཞས་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་དེ་ལས་འགོངས་པའི་བྱས་རྗེས་མི་དམན་པ་འཇོག་བཞིན་ཡོད་པ་རེད། ད་སྐབས་ཁོས་གསོ་སྐྱོང་བྱས་པའི་ན་གཞོན་གླུ་བ་དེ་དག་མང་ཆེ་ཤོས་ཞིག་མཚོ་ལྷོ་དང་ཡང་ན་ས་ཁུལ་གཞན་པའི་རྐང་འཛིན་གླུ་བར་གྱུར་ཡོད་པ་རེད། མ་འོངས་པའི་ཕུགས་བསམ་ལྟར་ན་ཁོས་ད་ལྟ་གཉེར་བཞིན་པའི་གླུ་གར་ཁང་འདི་རིམ་གྱིས་མཚོ་ལྷོ་ས་ཁུལ་གྱིས་ཆེད་དུ་བོད་རིགས་ན་གཞོན་གླུ་བ་གླུ་མ་གསོ་སྐྱོང་བྱེད་སའི་ཆེད་སྦྱོང་ལྟེ་་ཤིག་རྟུ་འགྱུར་བར་འབད་པ་བྱེད་བཞིན་ཡོད་ལ། འདི་དག་ཡོད་ཚད་མདོར་དེད་ན་གླུ་བ་སྒྲོལ་མ་ཚེ་རིང་གིས་རང་ཉིད་ཀྱི་རྔུལ་ཁྲག་ལས་བསྐྱེད་པའི་གྲུབ་འབྲས་ཤིག་གི་མཚོན་རྟགས་སུ་བགྲང་ཆོག་ཆོག་ཡིན། ཡར་ཐོན་དང་སྐུལ་ཁྲིད། ཤ་ཞེན་དང་བརྩི་བཀུར་བཅས་ཀྱི་བསམ་བློ་མངའ་བའི་གླུ་བ་ཞིག་གི་ཉམས་མེད་ཀྱི་ཟུལ་ཤུགས་འདི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་འཛིན་བྱེད་པར་དེ་བས་མཁོ་ན། དངོས་གནས་གླུ་ངག་དང་རྔུལ་ཁྲག་གི་བཞེངས་སྐྲུན་རེ་ན། རྗེས་རབས་པར་སྨན་པའི་བྱ་གཞག་མང་པོ་ཞིག་ངང་གིས་གྲུབ་ཡོད་པ་འདིར་ངོ་ཚོའི་ནམ་ཡང་ཡིད་ཆེས་དང་རྗེས་སུ་ཡི་རང་བྱེད་དགོས་པའི་གནས་ལུགས་ཉག་གཅིག་ཡིན་ལ། དམངས་ཁྲོད་རིག་གནས་ཤིག་རྒྱུད་འཛིན་བྱེད་པ་ནི་རྒྱུ་ཤུགས་དང་མི་ཤུགས་ཁོ་ནས་སྟེང་ནས་འཇོག་པ་མིན་པར་དེ་ནི་གཙོ་བོ་མི་རེ་རེའི་ཤ་ཞེན་དང་སྙིང་སྟོབས། བརྩོན་འགྲུས་བཅས་ལ་རག་ལས་པའི་སློབ་སྟོན་ཞིག་ཀྱང་ང་ཚོར་གནང་ཡོད་པ་རེད།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author རམས།
Year published 2019
Original year published 2019
Language Tibetan
Subjects
Places
Creative Commons Licence