Skip to main content Skip to search
ཁྲི་ཀ་རྫོང་གི་ས་མིང་རིག་གནས་འཚོལ་བསྡུ་བྱས་པའི་མྱོང་ཚོར་ཕྲན་བུ།

ཁྲི་ཀ་རྫོང་གི་ས་མིང་རིག་གནས་འཚོལ་བསྡུ་བྱས་པའི་མྱོང་ཚོར་ཕྲན་བུ།

 

ཁྲི་ཀ   ཆུ་བཟང་པདྨ་ཚེ་རིང་།

 

གླེང་གཞི།

དེ་ཡང་ས་མིང་ཞེས་པ་མི་རྣམས་ཀྱིས་ས་ཁམས་གདོས་བཅས་ལ་འདོད་རྒྱལ་དང་རྗེས་གྲུབ་གང་རུང་གི་ལམ་ནས་ཆེད་དུ་བཏགས་པའི་བརྡ་ཆད་ལ་བྱ་ཞིང་།   མི་རྣམས་ཀྱིས་ངོས་འཛིན་དང་བཀོལ་སྤྱོད་བྱ་སླ་བའི་ཆེད་དུ་ཡིན།   ས་མིང་གི་འབོད་སྟངས་དང་འབྲི་ཚུལ་ཡང་དག་དང་གཅིག་གྱུར་ཡིན་མིན་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན།     རྒྱལ་སྤྱིའི་འབྲེལ་ལམ་འགྲོ་འོང་དང་ཕྱི་འབྲེལ་བྱ་བར་འབྲེལ་བ་དམ་ཟབ་ཡོད། དེ་དང་མེས་རྒྱལ་གྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་འདུན་མ་མངོན་འགྱུར་བཅས་མི་རྣམས་ཀྱི་ཉིན་རྒྱུན་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པར་བརྟེན།  རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང། རྫོང་དམངས་སྲིད་ཅུའུ་དང་བོད་སྐད་ཨུའི་འགོ་ཁྲིད་རྣམ་པས་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་མཛད་པའི་འོག  གོང་རིམ་གྱིས་རང་ལ་སྤྲད་པའི་བྱ་གཞག་འདི་ཉིད་ཡ་ཐོད་མིག་དང་མ་ཁོག་སྙིང་བཞིན་གཅེས་སུ་བཟུང་སྟེ། དཀའ་ངལ་འབུམ་ཕྲག་ཁྱད་དུ་གསད་དེ་རྫོང་ཁོངས་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་།  སྡེ་བ་སོ་སོ།  སྡེ་བ་སོ་སོའི་རི་ཆུ་ནགས་གསུམ་སོགས་སུ་དངོས་སུ་ཕྱིན་ནས་གནས་དེའི་ས་མིང་དེ་དང་ཆུ་མིང་།  དེ་ཡི་ལོ་རྒྱུས་དང་བཏགས་དོན་སོགས་ས་གནས་དེའི་ས་མིང་ཆུ་མིང་ལ་ཅུང་ཆ་རྒྱུས་ཡོད་པའི་རྒན་པ་འགའ་རེ་བསྡུས་ནས་བཅར་འདྲི་བྱས་པའི་ངག་ཐོག་གི་ས་མིང་ཆུ་མིང་གི་ལོ་རྒྱུས་བཤད་རྒྱུན་དང་།  ས་དེ་གར་རི་ཆུ་རིག་གནས་ཀྱི་དཔྱད་གཞི་ཡིག་ཆ་འདྲ་ཡོད་མིན་འཚོལ་ཞིབ་བྱས་པ་བརྒྱུད་དེ་འཚོལ་རྙེད་བྱུང་པའི་ཡིག་རིགས་དག་ཡིག་ཐོག་ཏུ་བཀོད་པ་དང་། རི་ཆུ་ཆགས་དབྱིབས་སོགས་ཀྱང་པར་བརྒྱབ་སྟེ་འཚོལ་བསྡུ་དང་ཞིབ་འཇུག་གང་ལེགས་བརྒྱུད་མཐར།ཁྲི་ཀ་རྫོང་གི་ས་མིང་ཐོ་ཡིགཅེས་པ་རྩོམ་བསྒྲིགས་བྱས་ཤིང་པར་སྐྲུན་འགྲེམ་སྤེལ་བྱས ། 

 

དང་པོ།  ས་མིང་ཆུ་མིང་གི་དགོས་ངེས་རང་བཞིན།  

ཐོ་ཡོག་ལས་བཀོད་པའི་ས་མིང་ཚང་མར་ཚན་རིག་དང་མཐུན་པར་ཚད་ལྡན་ཅན་དུ་བཏང་ཞིང་བོད་རྒྱ་ཡིག་རིགས་གཉིས་སུ་ལོ་ཙཱ་བྱས་ཡོད་པས་ས་མིང་ཐམས་ཅད་ཁྲིམས་བཀོད་ཀྱི་འབྲི་ཚུལ་དང་། ཚད་ལྡན་གྱི་ཀློག་སྟངས་སུ་གཅིག་གྱུར་བཏང་ཡོད་པ་མ་ཟད།ས་མིང་སོ་སོའི་ས་ཁམས་གནས་ཕྱོགས་དང་། འབྱུང་ཁུངས།  བསྟན་དོན་དང་ལོ་རྒྱུས་ཀྱི་བྱུང་བ་དག་ཡང་དག་པར་འཁོད་ཡོད་པས་ས་མིང་ཆུ་མིང་དེ་དག་གིས་མི་རྣམས་ཀྱི་ཉིན་རྒྱུན་འཚོ་བའི་འབྲེལ་ལམ་ཐད་སྟབས་བདེ་གང་ལེགས་བསྐྲུན་པ་དང་།  དེར་འབྲེལ་ཡོད་ཀྱི་རང་བྱུང་དང་།  དཔལ་འབྱོར། རིག་གནས་སོགས་ཀྱིས་ད་ལྟའི་གནས་བབ་ཐད་ལའང་ནུས་པ་མི་དམན་པ་ཞིག་ཐོན་ཡོད་ལ།   སྤྱི་ཚོགས་སུ་མཁོ་འདོན་བྱས་པའི་ཚད་ལྡན་ཡིན་ཞིང་ཚན་རིག་དང་མཐུན་པའི་ས་མིང་ཆུ་མིང་གི་དཔྱད་གཞི་ཞིག་སྟེ།དམག་དོན་དང་།  ཕྱི་འབྲེལ།  གསར་འགྱུར། དཔེ་སྐྲུན།  ཡིག་ཟམ་འཕྲིན་སྐྱེལ།  འགྲིམ་འགྲུལ། སྤྱི་བདེ།  ཐིག་རིས་འབྲི་བ།  རིག་གནས་སོགས་བྱ་བའི་ཕྱོགས་སོ་སོར་ཧ་ཅང་དགོས་མཁོ་ཆེ་ཞིང་མེད་དུ་མི་རུང་། མཚུངས་སུ་སླད་ཆར་ཁྲི་ཀ་རྫོང་གི་ས་ཁྲ་སྣ་ཚོགས་སྒྲིག་བཟོ་བྱེད་པར་དཔྱད་གཞི་གལ་ཆེན་དུ་འགྱུར་ངེས་པ་དང་། ས་མིང་ལ་བཤེར་ཀློག་བྱས་ཏེ་མིང་གི་ལོ་རྒྱུས་དང་ས་མིང་གི་གནས་སྟངས་ལ་མྱུལ་ཞིབ་བྱ་ཐུབ་ལ། ས་མིང་གི་ཚད་ལྡན་གྱི་མིང་ལ་རྒྱུས་ལོན་བྱུང་ན།  ས་མིང་གྲུབ་ཚུལ་གྱི་ཆོས་ཉིད་ལ་དབྱེ་ཞིབ་དང་འཚོལ་ཞིབ་བྱ་ནུས་ཤིང་། དེས་ཐད་ཀར་ཅན་བཞི་འཛུགས་སྐྲུན་གྱི་བྱ་བཞག་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་ནུས།དེ་ནི་ཕ་ཡུལ་དང་མེས་རྒྱལ་ལ་དགའ་བ་བསྐྱེད་པར་བྱེད་པའི་བསླབ་གཞི་ལེགས་པོ་ཞིག་ཡིན་ཞིང་།  མི་རིགས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྗེས་རབས་པར་ཕན་བདེ་བསྐྲུན་པའི་བྱ་བཞག་གལ་ཆེན་ཞིག་ཡིན་གཤིས། དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ནོ།།

 

གཉིས་པ། ས་མིང་ཆུ་མིང་འཚོལ་བསྡུ་བྱེད་པའི་གོ་རིམ།

དེ་ཡང་ཐོག་མར་ས་མིང་ཆུ་མིང་འཚོལ་བསྡུ་བྱ་ཡུལ་ཏེ་ཁྲི་ཀ་རྫོང་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་།  སྡེ་བ་སོ་སོ།  སྡེ་བ་སོ་སོའི་རི་ཆུ་ནགས་གསུམ་ཆེ་གྲས་སམ་འགངས་ཆེན་གྱི་སྐོར་གཏན་ཁེལ་དངོས་འབེབས་བྱས་ཐོག   བྱ་བ་འདི་ཉིད་ཡང་དག་པ་དང་ཆ་ཚང་ཞིག་ལེགས་འགྲུབ་འོང་ཆེད་འདིར་གྲོས་གཞི་འཐུས་ཚང་ཅན་ཞིག་དང་འཆར་གཞི་མགོ་མཇུག་ཅན་ཞིག་བཟོས་ཤིང་།དེར་མཐུད་འཆར་གཞི་དང་གྲོས་གཞིའི་དགོངས་དོན་ལྟར་མི་ཤུགས་དང་དངོས་ཤུགས་ཚགས་སྒྲིག་དམ་པོ་བྱས་ནས་གོ་རིམ་བཞིན་འཚོལ་བསྡུའི་ཡུལ་དངོས་སུ་ཕྱིན་ནས་གནས་དེའི་འབྲེལ་ཡོད་མི་སྣ་དང་འབྲེལ་འདྲིས་བྱས་ཏེ།  2014ལོའི་ཟླ10ནས་འཚོལ་བསྡུའི་བྱ་བ་འགོ་བརྩམས་ཞིང་།   གནས་ཡུལ་རེ་རེར་དངོས་སུ་ཕྱིན་ཏེ་སྔར་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཐོ་གཏུག་སྟེ་ཡོད་པ་ལེགས་བཅོས་དང་མེད་པ་ཁ་གསབ་བྱས་པ་མ་ཟད།  ད་དུང་ས་ཆུ་རི་གསུམ་གྱི་ཆགས་དབྱིབས་ཏེ་མཐོ་དམའ་དང་།ཞེང་ཚད།  འཁོར་ཕྱོགས། གཡས་གཡོན་རྒྱབ་ངོས་སུ་གནས་གཞན་པ་གང་དག་ཡོད་པ་སོགས་ཀྱང་གོ་རིམ་བཞིན་རེ་རེ་ནས་པར་བརྒྱབ་པ་དང་ཡིག་ཐོག་ཏུ་བཀོད་ཅིང་།མཇུག་མཐར་གནས་དེ་གའི་རྒྱུན་དུ་རྩྭ་ཆུ་རྩོད་གླེང་བྱུང་པའི་གནས་གང་དག་ཡིན་པ་ངོས་འཛིན་གསལ་བོ་བྱས་ནས་།  གྲོང་རྡལ་དང་ཡུལ་ཚོ་བར་གྱི་རྩོད་གླེང་ཅན་གྱི་ས་མཚམས་ཆུ་མཚམས་ཀྱི་གནས་དེ་རྫོང་གི་ཁོངས་སུ་བསྡུས་པ་དང་།  སྡེ་བ་སྡེ་བའི་བར་གྱི་རྩོད་གླེང་ཅན་གྱི་ས་མཚམས་ཆུ་མཚམས་ཀྱི་གནས་དེ་གྲོང་རྡལ་དང་ཡུལ་ཚོའི་ཁོངས་སུ་བསྡུས་ཤིང་།  གནས་དེ་འབྲེལ་ཡོད་འགོ་ཁྲིད་དང་སྡེ་མི་རྣམ་པར་ང་ཚོས་འཚོལ་བསྡུ་བྱེད་པའི་ས་མིང་ཆུ་མིང་འདི་ས་ཆུ་རི་གསུམ་ངོས་འཛིན་བྱེད་སྤྱད་ཡིན་པ་ལས་ས་མཚམས་ཆུ་མཚམས་དགར་སྤྱད་མིན་པའམ་དེར་ནུས་པ་ཁབ་རྩེ་ཙམ་ཡང་འདོན་མི་ཐུབ་ཚུལ་ངོ་སྤྲོད་གསལ་བོ་བརྒྱབ་པ་ཡིན། 

 

གསུམ་པ། ས་མིང་ཆུ་མིང་འཚོལ་བསྡུ་བྱེད་པར་འཕྲད་པའི་གནད་དོན།

གཅིག ཁྲི་ཀ་རྫོང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྔམས་མཐུག་པས་ས་མིང་ཆུ་མིང་སྣ་མང་ཅན་དང་རྙོག་འཛིན་ཅན་ཡིན་པ།  རྡོ་ཆས་གསར་མའི་དུས་རབས་ནས་བཟུང་ཁྲི་ཀ་རྫོང་འདིར་མིའི་རིགས་སྐྱེ་འཕེལ་བྱུང་། ཧན་ནུབ་མའི་དུས་སྐབས་སུ་ཧུ་ཀོན་རྫོང་བཙུགས་པ་དང་།ཡོན་རྒྱལ་རབས་ཀྱི་སྐབས་སུ་ཀོས་ཏེ་ཀྲིག་ཅེས་པ་བཙུགས།  མིན་གོའི་སྐབས་སུ་ཁྲི་ཀ་རྫོང་བཙུགས།  1949ལོར་སྲིད་གཞུང་གསར་བ་དབུ་བརྙེས།  1953ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་བཙུད།  དབུས་ཁུལ་རྒྱལ་རབས་དང་།  ཞན་པུས། ཐུ་བྷོད་སོགས་གནའ་བོའི་མི་རིགས་ཀྱིས་ཁྲི་ཀ་ས་ཆར་ལོ་རྒྱུས་ཀྱི་ཞབས་རྗེས་གྲངས་མེད་བཞག  རྫོང་ཁོངས་སུ་ས་པཎ་ཁུ་དབོན་གྱི་རྨད་བྱུང་ཐུགས་བསྐྱེད་ལས་འཁྲུངས་པའི་ཁྲི་ཀའི་ཇོ་ཁང་དང་།  ཆོས་རྒྱལ་མངའ་བདག་ཁྲི་རལ་གྱི་དབུ་སྐྱེས་སྙིང་བོར་བཞུགས་པའི་མི་ཉག་མཆོད་རྟེན་དཀར་པོ་སོགས་རྟེན་དང་བརྟེན་པ་དུ་མ་དང་།མ་ཅ་ཡའོ དང་།  ཁ་རགརིག་གནས་ཀྱི་རྗེས་ཤུལ། ཧན་ཐང་སྐབས་ཀྱི་གནའ་རྫོང་། མིང་ཆིང་རྒྱལ་རབས་སྐབས་ཀྱི་ཐོག་ཁང་བཅས་ཀྱིས་ཁྲི་ཀའི་འོད་སྟོང་འབར་བའི་ལོ་རྒྱུས་དང་རིག་གནས་ཀྱི་གཟི་དཔལ་ངོམ་པ།  མི་ཉག་དགུ་ཐོག་དང་བཅས་པའི་གནའ་བོའི་བཟོ་བཀོད་ཚོམ་བུར་རུའུ་ལུགས་དང་ཏའོ་ལུགས།  ནང་བ་དང་བཅས་པའི་ལུགས་གསུམ་དབྱེར་མེད་གཞི་གཅིག་ཏུ་འདྲེས་པ་དེ་ནི་ཁྲི་ཀའི་རྒྱུ་མང་རིག་གནས་དང་།  ཆོས་ལུགས་སྣ་མང་མཉམ་གཅིག་ཏུ་འདྲེས་ཡོད་པ་བཅས་ཀྱི་དབང་གིས་ཁྲི་ཀ་ས་ཆའི་ས་མིང་ཆུ་མང་ལ་སྣ་མང་ཅན་དང་རྙོག་འཛིན་ཅན་ཡིན་པའི་རང་བཞིན་ལྡན་ལ།  གནས་གཅིག་ལ་རྒྱ་མིང་དང་བོད་མིང་གཉིས་ཀ་ཡོད་པ་སྟེ།  དཔེར་ན། རྒྱའི་སྐད་དུ(一道弯)བོད་སྐད་དུ་ལུང་ནག་ནང་ཞེས་པ་ལྟ་བུ་དང་།  རྒྱའི་སྐད་དུ(新建平)བོད་སྐད་དུ་ལབ་ཙེ་སྐེ་ཞེས་པ་ལྟ་བུ།  རྒྱའི་སྐད་དུ(吾路口)བོད་སྐད་དུ་ཧོར་རྒྱ་མདོ་ཞེས་པ་ལྟ་བུ།  རྒྱའི་སྐད་དུ(罗汉堂)བོད་སྐད་དུ་ལྷ་ཁང་ཐང་ཞེས་པ་ལྟ་བུ་མང་པོ་མཆིས་པ་མ་ཟད།  ད་དུང་རྒྱ་བོད་སོག་གསུམ་གྱི་མིང་གསུམ་ག་ཡོད་པའང་འགའ་རེ་སྣང་ལ།  རྒྱ་བོད་སོག་གསུམ་གང་གི་མིང་ཡང་མིན་པའི་མིང་འགའ་རེ་ཀྱང་མཆིས།  དེ་བས་འདི་དང་འདི་ལྟ་བུའི་མིང་དེ་རྣམས་རེ་རེ་བཞིན་གསལ་བོར་མཚོན་པར་རྗོད་བྱེད་ཡི་གེ་གང་ཞིག་འབྲི་དགོས་པར་ཐེ་ཚོམ་དང་སྒྲོ་འདོགས་ཆོད་དཀའ་བའི་གནས་སུ་གྱུར།

གཉིསརང་ས་གནས་ཀྱི་རིག་གནས་དང་ལོ་རྒྱུས་སོགས་མཚོན་པའི་ཁྱད་ཆོས་ཅན་གྱི་མིང་ཞིག་འདོགས་དཀའ་བ།  

ཉེ་བའི་ལོ་ཤས་ནང་རང་རྫོང་གི་རིག་གནས་དང་དཔལ་འབྱོར་སོགས་ཀྱི་འཕེལ་ཁ་ཧ་ཅང་མགྱོགས་སྟབས་ས་མིང་དང་ལམ་མིང་།   ཆུ་མིང་། སྡོད་ཁུལ་གྱི་མིང་། ལས་ཁུངས་ཀྱི་མིང་སོགས་ཆར་ཤུལ་གྱི་ཤ་མོ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་དང་འབྱུང་མུས་སུ་མཆིས་པས་མིང་ལ་ལར་ལོ་རྒྱུས་དང་བཏགས་དོན་སོགས་མེད་པར་འདོད་རྒྱལ་ལྟར་བཏགས་ཡོད་པ་དང་།ལ་ལར་རྒྱལ་ནང་ལ་སོགས་ཀྱི་ས་མིང་དང་ཆུ་མིང་སོགས་ཁྱེར་ཡོང་ནས་སྦྱར་ཡོད་པས་རང་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས།ས་གཤིས་ཆགས་དབྱིབས། ཆེད་ཐོན་ཐོན་རྫས།  གནའ་ཤུལ་གྲགས་ཅན།  རི་ཆུ་མིང་གྲགས་ཅན། གནམ་གཤིས་ཀྱི་དྲོད་གྲང་སོགས་གཞིར་བྱས་ཏེ་བཏགས་ཡོད་པ་ཧ་ཅང་ནས་ཉུང་སྟབས། མིང་དེ་རྣམས་ལ་རང་ས་གནས་ཀྱི་རིག་གནས་དང་ལོ་རྒྱུས་ལ་སོགས་མཚོན་པའི་ཁྱད་ཆོས་ཤིག་ལྡན་པར་འཇུག་དཀའ་བ་དང་།མིང་ལ་ལ་དེ་ལྟར་བཏགས་ཡོད་ཀྱང་གནས་དེ་དང་མི་འཚམ་པའམ་མི་འབྱོར་བ་དང་།  དོན་དངོས་དང་མི་མཐུན་པས་བཏགས་དོན་དེར་གོ་སྐོན་བློ་འགུག་གི་ནུས་པ་ཐོན་དཀའ་བ་སོགས་ཀྱི་གནས་ཚུལ་ཡང་ཡོད་དོ།།

གསུམ ས་མིང་ཆུ་མིང་གི་བཏགས་དོན་འཚོལ་ཞིབ་ཐད་དཀའ་ཁག་མང་པོར་འཕྲད་པ།  

ཁྲི་ཀ་རྫོང་གི་ཁྱད་མཚར་གྱི་ས་དབྱིབས་དང་ལྗོངས་རྣམ་གྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག    རྫོང་ཁོངས་སུ་ཡུལ་གཞན་ལས་འཕགས་པའི་མཐོ་སྒང་གི་ལྗོངས་རྣམ་དང་རང་བྱུང་མཛེས་ལྗོངས་བགྲང་གིས་མི་ལང་།དེར་མཚམས་སྤྲིན་མདངས་ལ་འཁུ་བའི་བྲག་དམར་རི་ཚོགས་དང་།  རྨ་ཆུའི་གཤོང་ས། ཆར་རླུང་གིས་མཛེས་པར་བཀོད་པའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་བཀོད་པ་སོགས་ངོ་མཚར་བརྗོད་པའི་ཡུལ་ལས་འགོངས་ཤིང་།དྭངས་གཙང་རྨ་ཀླུང་དལ་གྱིས་འབབ་པའི་འཇུག་ངོགས་སུ་སྐྱེ་ཁམས་ལེགས་པའི་ཡོན་ཏན་གྱིས་ཕྱུག་པའི་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་དང་། ཞིང་ཆེན་རིམ་པའི་རྨ་ཆུའི་ལྗོངས་ཁུལ་གྲགས་ཅན་དག་ལྷའི་བཟོ་བོའི་པིར་རྩལ་ཐོན་པ་ལྟ་བུར་སྣང་།རྣང་ཞིང་སྣོལ་མར་འཁྲིགས་པའི་ཞིང་ས་དང་།  ནགས་ཀླུང་རྒྱ་མཚོལྗང་ལྟེམ་མེར་འཁྱིལ་བའི་ཡུལ་གྱི་མཛེས་སྡུག་བླ་ན་འཕགས།  གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངསཞེས་པ་དང་བཅས་ཡུལ་གྱི་དགེ་མཚན་བྱེ་བས་ཁྲི་ཀའི་མཛེས་ལྗོངས་ཀྱི་སྲོག་སྙིང་གི་རིན་ཐང་གཟེངས་སུ་བསྟད་ཡོད་པ་བཅས་ཀྱི་དགེ་མཚན་བསམ་གྱིས་མི་ཁྱབ་པ་མཆིས་མོད།  འོན་ཀྱང་ཁྲི་ཀ་རྫོང་ལ་མཚོན་ན་ཡུལ་ཚོ་བཞི་ལུང་བ་བཞི་དང་རི་སྒང་སོགས་སུ་ཆགས་ཡོད་སྟབས་འགྲིམ་འགྲུལ་སྟབས་བདེ་མིན་ཞིང་།   སྐབས་ལ་ལར་ཆར་བ་དང་ཁ་བ་འབབ་ཚད་ཆེ་ན་རི་སྒང་དང་ལ་ལུང་བརྒྱུད་དགོས་བྱུང་ཚེ་ཉེན་ཁ་ཆེན་པོར་འཕྲད་སྲིད་པས་ཉིན་གཅིག་གཉིས་རིང་ལ་ས་སྟོང་ལུང་སྟོང་དུ་ལྟོགས་སྐོམ་མྱངས་ནས་བསྡོད་དགོས་པའི་གནས་ཚུལ་ཡང་འབྱུང་སྲིད།དེར་མ་ཟད་རླངས་འཁོར་དུ་བསྡད་ནས་སོང་ནའང་འདྲ། རྐང་ཐང་དུ་སོང་ནའང་འདྲ་ཉེན་ཁ་ཆེ་བའི་གནས་རེ་རེ་ནས་སེམས་ཆུང་མ་བྱས་ཚེ་རྨས་སྐྱོན་འབྱུང་པའམ་སྲོག་འཆོར་བའི་ཉེན་ཁ་མང་པོ་ནས་དངོས་སུ་མིག་མདུན་དུ་མངོན་ཡོང་། དེ་ལྟར་གནས་དེར་འབྱོར་ཡང་གནས་དེའི་ས་མིང་ཆུ་མིང་གི་བཏགས་དོན་ནམ་ལོ་རྒྱུས་ཤེས་མཁན་ཧ་ཅང་ཉུང་སྟེ།ཤེས་མཁན་ཡོངས་ནས་ལོ་དྲུག་བཅུ་ནས་བརྒྱ་ཡས་མས་ཀྱི་རྒན་པ་རྐྱང་རྐྱང་ཡིན་ལ།དེ་ལྟ་བུའི་རྒན་པ་ཡང་ཉུང་ཞིང་།  ལ་ལ་ནད་ཀྱིས་དུབ་ཡོད་པ་དང་།  ལ་ལའི་དྲན་པ་མི་གསལ་བ།  ལ་ལས་མི་ཤེས་པ།  མཐར་དེད་ན་ཤེས་མཁན་རེ་གཉིས་མ་གཏོགས་མེད། དེས་ཀྱང་མགོ་མཇུག་ཡོད་པ་དང་གསལ་བོ་ཞིག་མི་ཤེས་སྟབས་ང་ཚོའི་འཚོལ་བསྡུ་དེ་ཚད་ལྡན་ཅན་དང་ཡང་དག་ཅན་ཞིག་ཡོང་རྒྱུ་ནི་ཧ་ཅང་ནས་དཀའ་མོ་འདུག

བཞིརང་རྫོང་གི་ས་མིང་ཆུ་མིང་མྱུར་སྐྱོབ་བྱ་དགོས་ཚུལ།

རང་རྫོང་གི་སྲིད་འཛིན་ཁུལ་དབྱེ་མཚམས་དང་།  ཁེ་ལས་དོན་ལས་སྡེ་ཁག  སྡོད་དམངས་ཁུལ།  ཁྲོམ་སྲང་། གནའ་ཤུལ་གྲགས་ཅན། རང་བྱུང་ས་ཁམས་གདོས་བཅས་བཅས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པ་དང་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་མིང་རྣམས་མྱུར་སྐྱོབ་བྱས་ན་དགེ་མཚན་མང་པོ་ནས་མཆིས།  གཅིག་ནི་རང་རྫོང་ལ་མཚོན་ན་གནམ་གཤིས་ལེགས་པས་སྤྲོ་གསེང་ཁམས་གསོའི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། ཁྲི་ཀ་རྫོང་ནང་ཁུལ་སྐམ་སར་ཆགས་ཤིང་མཐོ་སྒང་སྐམ་སའི་རང་བཞིན་གྱི་གནམ་གཤིས་སུ་གཏོགས།  རྫོང་ཡོངས་ཀྱི་གནམ་གཤིས་ལེགས་ཤིང་སྔོ་ལྗང་ལྗོན་ཤིང་ཚང་ཚིང་དུ་རྒྱས་ཤིང་ཁོར་ཡུག་གི་མཐུན་རྐྱེན་ལེགས་པས་ཞིང་ཆེན་ཡོངས་ཀྱི་མི་སྡོད་པར་འཕྲོད་པའི་ས་ཁུལ་ཅུང་ལེགས་ཤོས་ཞིག་ཡིན་པ་དང་།   གཉིས་ནི་ཉེ་བའི་ལོ་ཤས་རིང་ལ།    ཁྲི་ཀ་རྫོང་གིས་ཀྱང་ཞིང་ཆེན་ཡོངས་ཀྱི་ལྗོངས་རྒྱུ་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་།    མཚོ་སྔོན་ཁྲི་ཀའི་དེང་རབས་ཆུ་བེད་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་པ་དང་། དམངས་ཚིས་ཁག་ཐེག་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ།    ཧུར་ཐག་གིས་ཞིང་ཕྱུགས་ལས་ཐད་ཕན་འབྲས་བརྩོན་ལེན་དང་།  རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་གྲུབ་འབྲས་གསར་བར་རྩོལ་བ་བསྐྱེད་ཅིང་།    མཐོ་སྒང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་དང་ཐོན་ལས་གསོ་སྤེལ་བྱས་ཏེ་དཔལ་འབྱོར་གྱི་འདེགས་ཤུགས་ཐད་ཐོད་རྒལ་གསར་བ་ཡོང་བར་བརྩོན་སྙེག་བྱས་པ་དང་།    སྐྱེ་ཁམས་སྲུང་སྐྱོང་ཐད་ཉམས་དགའ་བའི་གྲུབ་འབྲས་བརྩོན་ལེན་དང་།  རྫོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས།  སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ།    ཆབ་སྲིད་འཆམ་མཐུན་བརྟན་འཇགས་ཀྱི་གནས་བབ་ལེགས་པོ་སྲུང་འཛིན་བྱེད་པ།    གསུམ་ནས་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་སྤྱི་ཚོགས་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས།    སྤུན་ཟླ་མི་རིགས་མང་པོ་གནས་འདིར་འཛོམས་ནས་འབྲོག་ལས་དང་ཞིང་ལས་ཐོན་སྐྱེད་དོན་དུ་གཉེར་བཞིན་ཡོད་པར་བརྟེན།    རང་རྫོང་གི་ས་མིང་ཁྲོད་རྒྱ་སྐད་དང་།  བོད་སྐད། སོག་སྐད། ཧོར་སྐད་བཅས་ཡོད་པ་མ་ཟད། སྐད་རིགས་གཉིས་ཡན་གྱི་འདྲེས་མའི་སྐད་ཀྱང་ཡོད།  འདི་ལས་མཐོང་ཐུབ་པ་ནི་ཁྲི་ཀ་རྫོང་གི་ས་མིང་ཕུན་སུམ་ཚོགས་ལ་གནའ་བོའི་འབོད་མིང་གི་ལོ་རྒྱུས་འོད་དུ་འཚེར་ཞིང་དུས་རབས་ཀྱི་ཉམས་འགྱུར་གྱིས་ཀུན་ནས་ཕྱུག་པས། མི་རིགས་འདུས་སྡོད་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ་ལ།  དུས་རབས་མི་འདྲ་བ་དང་མི་རིགས་ཐ་དད་པའི་ཁྱད་ཆོས་ཀྱང་ལེགས་པར་མཚོན་པ་བཅས་ཀྱི་རྒྱུ་རྐྱེན་མང་པོའི་དབང་གིས་བག་ལ་ཞ་བཞིན་པའི་ས་མིང་ཆུ་མིང་རྣམས་མྱུར་སྐྱོབ་བྱ་རན་ཡིན་ལ་མྱུར་སྐྱོབ་བྱས་ན་དགེ་མཚན་མང་པོ་མཆིས།  ཡིག་སྟེང་ན་མེད་པའི་ས་མིང་ཆུ་མིང་གི་ལོ་རྒྱུས་མང་པོ་ཞིག་ངག་ཐོག་ན་ལུས་ཡོད་དེ།  ཁྱད་པར་དུ་ལོ་དྲུག་བཅུ་ཡན་དང་ལོ་བརྒྱའི་མན་གྱི་རྒན་པོ་དག་གི་ངག་ན་ཡོད་ལ།  རྒན་པོ་འདི་དག་འདས་སོང་ཚེ་ས་མིང་ཆུ་མིང་གི་དོན་སྙིང་ལྡན་པའི་ལོ་རྒྱུས་སྐོར་ཞིག་ཀྱང་དེ་དག་དང་མཉམ་དུ་འདས་སོང་པ་མ་ཡིན་ནམ།དེ་བས་ང་ཚོས་ཐོག་མར་རྒན་པོ་འདི་ཚོའི་ངག་ཐོག་ན་ཡོད་པའི་རིན་ཆེན་ནོར་བུ་ལྟ་བུའི་ས་མིང་ཆུ་མིང་འདི་དག་གི་ལོ་རྒྱུས་རྣམས་འཚོལ་བསྡུ་བྱས་ཏེ་ཡིག་ཐོག་ཏུ་དགོད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བརྩི་རྒྱུ་གནད་དུ་ཆེ།

 མདོར་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིསརྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་མིང་འདོགས་སྟངས་དང་མིང་བརྗེ་བའི་སྐོར་གྱི་གནས་སྐབས་ལག་བསྟར་ཆོད་དོནཞེས་པ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཡིག་ཨང8948པའི་དགོངས་དོན་གཞིར་བཟུང་སྟེ་ལག་ལེན་དོན་འཁྱོལ་འོང་པ་བྱས་ཏེ།   ས་མིང་ཆུ་མིང་འཚོལ་བསྡུ་དང་མྱུར་སྐྱོབ་བྱ་བའི་དོ་དམ་ལ་ཤུགས་བསྣན་ཏེ་ས་མིང་ཆུ་མིང་ཚད་ལྡན་ཅན་གྱི་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་།སྒོས་སུ་ཁྲི་ཀ་རྫོང་གི་ས་མིང་ཆུ་མིང་དེ་ཚད་གཞི་ཅན་དང་།  ཚད་ལྡན་ཅན། ཁྲིམས་ལུགས་ཅན་གྱི་ལམ་སྲོལ་དུ་ཉེ་བར་གཅར་པ་དང་།  འཚོལ་བསྡུ་བྱས་པའི་ས་མིང་ཆུ་མིང་ཐམས་ཅད་ལ་དབང་ཟིལ་གྱི་རང་བཞིན་དང་། ཁྲིམས་བཀོད་རང་བཞིན་གྱི་དོན་སྙིང་ལྡན་ཞིང་། ཐམས་ཅད་ཁྲིམས་བཀོད་ཀྱི་ཚད་ལྡན་འབོད་མིང་ཡིན་དགོས་པ་དང་།  རྗེས་ཕྱོགས་སྡེ་ཁག་སོ་སོ་དང་།  ལས་རིགས་སོ་སོས་རང་རྫོང་གི་ས་མིང་བེད་སྤྱོད་གཏོང་སྐབས་ཚད་གཞི་འདི་ཉིད་གཞིར་བཟུང་སྟེ།  སྤྱི་ཚོགས་ལས་རིགས་སོ་སོའི་དགོས་མཁོ་བསྐང་རྒྱུ་ཤིན་ཏུ་ནས་གལ་ཆེའོ།།

  

ཟུར་བལྟའི་དཔྱད་གཞི། 

①《ཀྲུང་གོའི་བོད་རིགས་ཚོ་ཁགདགེ་རྒན་ཁྲིན་ཆིན་ཡུན་གྱིས་མཛད།   ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས༢༠༠༤ལོར་པར་སྐྲུན་བྱས །

②《མདོ་སྨད་ཆོས་འབྱུངབྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོའི་ཟླ༣ པར་དུ་བསྐྲུན་པའི་དཔར་ཐེངས་དང་པོ་ཡིན།

③《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་པར་དུ་བསྐྲུན་པའི་དཔར་ཐེངས་དང་པོ་ཡིན།

④《སྒོ་མེ་ལོ་རྒྱུས་ཀུན་གསལ་མེ་ལོངསྐུ་ཞབས་བསོད་ནམས་གྲགས་པ་དང་ཀླུ་རྒྱལ་ཚེ་རིང་གཉིས་ཀྱིས་བརྩམས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༡ལོའི་ཟླ༡༢པར་པར་དུ་བསྐྲུན་པའི་དཔར་ཐེངས་དང་པོ་ཡིན།

⑤《བོད་རྒྱ་ཚིག་མཛོད་ཆེན་མོཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས༢༠༠༨ལོར་པར་དུ་བསྐྲུན་པའི་དཔར་ཐེངས་གཉིས་པའི་ཤོག་ངོས༡༠༥༡ན་གསལ།

ཁྲི་ཀ་རྫོང་གི་ས་མིང་རིག་གནས་འཚོལ་བསྡུ་བྱས་པའི་མྱོང་ཚོར་ཕྲན་བུ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཆུ་བཟང་པདྨ་ཚེ་རིང་།
Year published 2021
Language Tibetan
Places
UID mandala-texts-64101
DOI