Skip to main content Skip to search
མདོ་སྨད་སྒོ་མེ་ཡུལ་གྱི་བུ་མོའི་སྐྲ་ཕབ་སྐོར་བསྡུས་ཙམ་གླེང་བ།

མདོ་སྨད་སྒོ་མེ་ཡུལ་གྱི་བུ་མོའི་སྐྲ་ཕབ་སྐོར་བསྡུས་ཙམ་གླེང་བ།

 

ཡོང་ཁུངས།  བོད་ཀྱི་དྲ་བ།

 

 འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་དུས་རབས་གྱི་འགྲོས་དང་བསྟུན་ནས་གསར་གཏོད་ཀྱི་ལམ་ལ་ཞུགས་པའོ་། ཞོར་དུ་སྔོན་བྱུང་གི་ལོ་རྒྱུས་ལ་ཕྱི་མིག་ལྟ་བཞིན་ཞིབ་འཇུག་བྱས་ཏེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བའི་སྐབས་འདིར། ཤུལ་བཞག་རིག་གནས་ལ་བརྩེ་མཐོང་ཧ་ཅང་ཆེ་ཞིང་ཡུལ་སྲོལ་རིག་གནས་ནི་དེ་ཉིད་ཀྱི་གཏིང་སློག་པའི་ལག་ཆ་གལ་ཆེན་ཞིག་ཡིན་པས། ཀུན་གྱིས་ཡུལ་སྲོལ་རིག་གནས་ལ་མཐོང་ཆེན་བྱེད་བཞིན་འདུག་ལ། ཕྲན་གྱིས་ཀྱང་རང་ཡུལ་མདོ་སྨད་སྒོ་མེ་བར་མའི་ས་ཆའི་བུ་མོར་སྐྲ་གསར་ལ་སླེ་མ་བརྒྱབ་ནས་མིང་ལ་བུ་མོ་སྐྲ་ཞེས་ངོ་སྤྲོད་བྱས་ཡོད་ལ། གཙོ་བོ་རང་ཡུལ་གྱི་རྒན་པ་དག་གི་ངག་ལས་ཐོབ་པ་གཞིར་བྱས་ནས་བྲིས་ཡོད་དེ། དེ་ཡང་རང་རེ་བོད་ཁུལ་དུ་སྐྲ་འཕབ་རིགས་དུ་མ་ཡོད་ཀྱང་། སྤྱིར་བཏང་བུ་མོ་སྐྲ་འཕབ་གི་གཞུང་ཕལ་ཆེར་གཅིག་རེད། དེ་གང་ཡིནཞེས་ན། རོང་འབྲོག་འཇམ་གསུམ་གང་ཡིན་རུང། གཞི་འཛིན་ས་གཙོ་བོ་ནི་རང་རེའི་བོད་པའི་སྔོན་བྱོན་རྒན་རབས་པ་རྣམས་གིས་བློ་གྲོས་དང་འཇིག་རྟེན་གྱི་མི་ཆོས་དང་མཐུན་པ་དེ་ཡིན། བུ་མོའི་སྐྲ་འཕབ་གི་འདོག་ཆ་དང་གཉེན་ཚང་གི་གྲལ་སྒྲིག གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མ་ཞིག་ལ་སྐྲ་འཕབ་སྟོན་མོ་བྱེད་དགོས། ནངས་མོའི་སྔ་ཉིན་ལ་བུ་མོ་སྐྲ་གསར་སླས་མ་རྒྱག་དགོས། ང་ཚོའི་ས་ཆའི་འདོགས་ཆ་ནི་འབྲོག་ཁུལ་དང་རོང་ཁུལ་གང་དང་ཡང་མི་འདྲ། དམར་གདན་མིན་ལ་སྐྲ་ལུང་ཡང་མིན་དེ། ང་ཚོ་ས་ཆས་དེ་ལ་སྐྲ་ཐུམ་ཟེར་བ་དེ་ཡིན། ལ་ལས་སུམ་ཤུར་ཡང་ཟེར། དེ་དོན་ནི་དངུལ་གྱི་རྡུང་བའི་ཐ་ན་ཟེར། ཐ་ན་གཅིག་རེ་ལ་དངུལ་སྲང་གང་རེ་རྡུང་དགོས་ལ། དེ་ལ་སྲང་རྡུང་ཟེར། བསྡོམས་པའི་ཐ་ན་ཉེར་གཅིག་བརྡུང་དགོས། ར་ཆུང་དཀྱིལ་དང་སྐྲ་ཐུམ་གཡས་གཡོན་དུ་ཡོད་དགོས་ལ། དཀྱིལ་ཀྱི་ར་ཆུང་ནི་སྐྲ་ཐུམ་ལས་ལྡབ་གཅིག་གིས་རིང་དགོས། དེ་སྟེང་དུ་དངུལ་གྱི་ཐ་ན་བཅུ་གཅིག། གཡས་གཡོན་ཀྱི་སྐྲ་ཐུམ་སྟེང་དུ་རེ་རེ་ལ་དངུལ་གྱི་ཐ་ན་ལྔ་རེ་དགོས། དངུལ་ཀྱི་བློ་ཆ་གཉིས་གཡས་གཡོན་དུ་ཡོད་དགོས་ལ། མདུན་དུ་སྐེ་འཁོར་ཞེས་དངུལ་གྱི་རྡུང་བའི་རྒྱན་ཆ་ཞིག་དགོས། ད་དུང་སྐྲ་ཕབས་ལ་གོས་ཚར་ཚར་ཞྭ་ལྷམ་སོགས་གསར་བ་ཡིན་དགོས། སུས་ཀྱང་ལུས་ལ་མ་བླངས་བ་ཡིན་དགོས། དེ་དག་ནི་སྐྲ་འཕབ་བུ་མོ་གྲལ་སྒྲིག་བྱེད་དགོས་པ་དེ་ཡིན། སྟོན་མོའི་སྔ་དགོང་སུ་གཞི་དཔོན་གདན་དྲངས་སྟེ་སྟོན་ཡག་པོ་ཡོང་ཆེད་དུ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ཕྱོགས་སྐྱོང་གི་ལྷ་རྣམས་ལ་རྒྱགས་རྔན་ནན་སྡེ་བརྒྱད་མཆོད་པ་བཅས་གྱ་ནོན་པ་ཞིག་བྱེད་དགོས། དེ་ཡང་གཞི་དཔོན་ཟེར་བ་ནི། ཁྱིམ་ཚང་དེ་ལ་ལོ་ཟླ་བར་གསུམ་ཀྱི་སྐུ་རིམ་དང་། ཁྱིམ་གཞི་དེ་ལ་སྲུང་བ་དང་ཟློགས་པ་བཅས་བྱེད་མཁན་ལ་ཟེར། དེ་ལྟར་ཆོས་ལུགས་ཀྱི་ཆོ་ག་རྣམས་སྒྲུབ་རྗེས་སྟོན་མོ་བཤམས་པའི་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས། སྤྱིར་བོད་རང་གི་སྟོན་མོ་བྱེད་སྐབས། ཤ་ཐུད་ཀྱི་རི་རབས་བརྩིགས་ཤིང་། ཇ་ཆང་གི་མཚོ་མོ་བསྐྱིལ་ནས་གཟབ་ཅིང་དགྱེས་བའི་སྟོན་མོ་བྱེད་པ་ནི་བཀྲ་ཤིས་བའི་རྟེན་འབྲེལ་ཞིག་ཡིན་པར་མ་ཟད། རྒྱ་ཆེ་བའི་དམངས་ཚོགས་རྣམས་གྱི་རླབས་ཆེན་དོན་སྙིང་ལྡན་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཀྱང་ཡིན་པར་བསམས། སྔོན་ཆད་རང་རེ་ས་ཆ་ནས་སྐམ་ལུག་མང་བོ་སྲོག་བཅད་དེ་ཤ་རིགས་ཀྱི་སྡེར་ཀ་དེ་སྟོང་མོའི་ཟས་རིགས་གི་གཙོ་བོ་བྱེད་པ་ཡིན་ལ། དེང་སྐབས་བླ་སྤྲུལ་རྣམས་ཀྱིས་གཅན་གཟན་གྱི་པགས་པ་མི་གྱོན་པ་དང་། དམར་སྟོན་བྱེད་པ་སོགས་སེམས་ཅན་གྱི་སྲོག་འཕྲོག་པའི་རིགས་མི་བྱེད་པ། གོ་ལ་ཟླུམ་པའི་སྟེང་གི་སྲོག་ལྡན་གི་རིགས་ལ་སྲུང་སྐྱོང་གཅེས་སྤྲས་བྱེད་དགོསཔ། བྱང་ཆུང་གྱི་སེམས་ལྡན་དགོས་ཚུལ་སོགས་གྱི་བཀའ་ལུང་རང་རེའི་ས་ཆ་སྒོ་མེ་གོང་འོག་བར་གསུམ་ཚང་མས་ཀྱང་བཀའ་ལུང་དེ་གཙིགས་སུ་བཀུར་ནས་དམར་སྟོན་དེ་དཀར་སྟོན་དུ་བསྒྱུར་ནས་དཀའ་ཟས་སྣ་ཚོགས་དང་སུལ་ཏོག བཏུང་བྱའི་རིགས་གཙོ་བྱེད་ཅིང། ཟས་རིགས་ལ་འབྲས་དང་མརརྩམ་ཆུར་གསུམ་གཙོ་དང་གོ་དམར་བཤམས་ལ། བཏུང་བ་ལ་ཆང་དཀར་དམར་སིལ་ཁུ་རིགས་དང་ངང་ལག རྒུན་འབྲུམ་ཚ་ལུ་མ་བ་དམ་བཅས་རིག་མིང་བོ་བཤམས་ལ། ཁྱད་པར་དུ་གལ་མགོ་སོགས་སུ་ཕྱེ་ཕོར་འཇོག་དགོས་ལ་། དེ་ནིལྷ་སྐལ་ཡིན་པས་ངེས་པར་དུ་ཆད་མི་རུང་བ་ཡིན།

图片

བསུ་ཆང་མཆོད་པ་དང་འབབ་བསྟན་བཤད་པ།

    སྟོན་མོ་ལེགས་པར་བཤམས་རྗེས། ཨ་ཞང་ཚང་ལ་ཆང་བསྲུ་ཁྱེར་དགོས། བུ་མོ་སྐྲ་འཕབ་བ་མ་ཞང་གཙོ་བོ་དང་བུ་མོ་གནས་སྟེར་ལ་ཕ་ཞང་གཙོ་བོ་དགོས། ཆང་བསུ་ཟེར་སྲོལ་ལ་བརྒྱ་དང་བཅུ་གསུམ་ལོང་དགོས་ཟེར་ཡང་དོན་དངོས་སྟེང་ལྔ་འམ་གསུམ་གིས་ཆོག ཆང་བསུ་དང་པོའི་སྟེང་དུ་མི་གཉིས་ལས་འགྲོ་མི་དགོས་ལ། དེ་གཅིག་ནི་བར་བ་ཡིན་དགོས། དེ་རྒྱུ་མཚན་ནི་བར་བའི་ཕན་ཚུན་ཁྱིམ་ཁ་གཉིས་གྱི་དོན་དག་ཉེན་དེར་བཤད་དགོས་པ་ཡོད་ཚེ་བར་བ་ལ་བཤད་དགོས་པ་ཡིན། བསུ་ཆང་ཁྱེར་བའི་མི་དེ་གཉིས་ཀྱིས་ཨ་ཞང་མཐོང་ཚེ་ཐག་རིང་ནས་རྟ་ལས་བབས་ཤིང་མགོ་ཞྭ་ཕུད། བོད་ལྭའི་ཕུ་རུང་གཉིས་པོ་གྱོན་དེ་ཧ་ཅང་གུས་པའི་ཉམས་ཀྱིས་དཀར་ཡོལ་འབྲུག་རིས་མ་འབྲུ་མར་སེར་པོའི་ཁ་རྒྱན་སྤྲད་པའི་ནང་བདུད་རྩི་ཆང་གང་བ་དང་ཁ་བཏགས་དཀར་བོ་དྲི་མས་མ་གོས་བ་ཞིག་གི་སྣ་དྲངས་དེ། ཨ་ཞང་ཚང་ལ་འཚམས་འདྲི་དང་ཆབས་གཅིག་མཆོད་མགོ་ཨ་ཞང་གཙོ་བོ་ལ་སྤྲོད་པ་དང། དེ་ནས་ཨ་ཞང་གཙོ་བོའི་མཆོད་པ་འདི་ལྟ་སྟེ། མཆོད་ཨོམ་ཨྰ་ཧཱམ། ཞེས་ལན་གསུམ་མཆོད། བླ་མ་ཡི་དམ་དང་སངས་རྒྱས་བྱང་སེམས་། དཔའ་བོ་མཁའ་འགྲོ ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་བཅས་ཕྱོགས་བཞིར་མཆོད་ཅིང། ལྷ་འབོད་དང་བཅོལ་སྡོམ་བྱེད་པ་ཡིན། ཆང་བསྲུ་གཉིས་བ་དེ་བཞིན། ཆང་བསུ་གསུམ་པ་ནི་སྔོན་དང་མི་འདྲ། ཆང་ བསྲུ་གསུམ་པ་ཕལ་ཆེར་གཉེན་ཚང་གི་སྒོ་ཁར་སླེབས་ཡོད་པས། དེར་ཡོད་ཀྱི་རྒན་གཞོན་ཕོ་མོ་ཚང་མས་གྲལ་སྒྲིག་སྟེ་ཨ་ཞིང་ཚང་ལ་བསྲུ་མ་བྱེད་པ་ཡིན། སྤྱིར་ཆང་བསྲུ་མཆོད་པ་ལ་གསོན་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པའི་མཆོད་ཚིག་ཞིག་ཡོད་ཀྱང་། འདིར་མང་དྲག་པས་རེ་ཞིག་མ་སྨྲས་པའོ།། འབབ་སྟན་ལ་བལ་དཀར་ཀྱི་གདན་ག་ཙང་མ་ཞིག་གི་སྟེང་དུ་ལུག་པགས་ཞིག་བཏིངས་ཡོད། བཤད་སྲོལ་ལ་གདན་དེ་ནི་རིན་ཆེན་གསེར་གྱི་ས་གཞི་ཡི་མཚོན་བྱེད། པགས་པ་ཁྲི་གཉན་ས་ལེ་པགས་པ། བྲེ་དང་གཡང་མདའ་རི་རྒྱལ་ལྷུན་པོའི་མཚོན་བྱེད་ཡིན། འབབ་སྟན་བརྩི་ལ་མཁས་པ་ཞིག་གིས་ལག་གཡས་པར་དར་དཀར་པོ་འགའ་ཕྲག་སྟེང་དུ་འཕངས་ནས་འདི་ལྟར་བརྩི། དར་རེ་རེ་བྲེ་སྟེང་དུ་འཕངས་། ཨ་ཞིང་རྣམས་རིག་གསུམ་མགོན་པོའི་སྟེང་དུ་འབབ་དགོས། རྒྱལ་བ་རིག་ལྔའི་སྟེང་དུ་འབབ་དགོས། རྒྱལ་སྲིད་སྣ་བདུན་སྟེང་དུ་འབབ་དགོས། བཀྲ་ཤིས་རྟགས་བརྒྱད་སྟེང་དུ་འབབ་དགོས། དགྲ་ལྷ་བཅུ་གསུམ་སྟེང་དུ་འབབ་དགོས། ཞེས་རེ་རེ་བཞིན་དར་དཀར་བྲེ་སྟེང་ལ་འཕངས་ཚེ། ཨ་ཞིང་གཙོ་བོ་ཞིག་གིས་རྟ་ལྕགས་གདན་སྟེང་དུའཕངས་པ་ན། ཨ་ཞིང་རྣམས་ད་བཟོད་ཚང་མ་རྟ་ཐོག་ནས་བབས་ཆོག

图片

     དེ་ནས་བུ་མོ་ལང་ཚོ་དར་ལ་བབས་པ་བརྒྱད་ཀྱིས་ཨ་ཞིང་རྣམས་ཁྱིམ་དུ་བསུ་བའི་གླུ་འདི་ལྟར་ལེན་དགོས་སྟེ། ཁ་སང་ཉི་མའི་ད་ཚོད་ལ། དེ་རིང་ཉི་མའི་དུས་ཚོད་ལ། ཞང་ཡོང་དགོ་ཟེར་ནས་སྐད་སྙན་གོ། རྟ་མགོ་གྲུ་བཞི་བཀྱགས་ནས་ཉན། སྒ་ཁོག་རིང་མོ་སྲང་ནས་ཉན། ཡོབ་ཆེན་གོར་མོ་ནན་ནས་ཉན། ཞང་དལ་མོ་མ་བྱེད་བྲེལ་མོ་བྱེད། འབབ་ས་ཀླུ་རྒྱལ་ཕྲོ་བྲང་ཡོད། བཞུགས་ས་གསེར་ཁྲི་སེར་བོ་ཡོད། གསར་ཕུར་དངུལ་ཕུར་རྡེབ་ནས་ཡོད། གསེར་རྡང་ཡང་མོ་འཐེན་ནས་ཡོད། དེ་འདོག་གི་བཅིབ་པ་ཅི་ཙམ་ཡོད། སྒོ་ཡ་ཞག་གསེར་ཀྱི་གདུང་མ་ཡོད། མགོ་ཝ་མོ་གྱོན་གི་ཨ་ཞང་ཚོ། ཝ་གྲལ་ཁ་མ་ནོག་དལ་མོར་འཕེབས། སྒོ་ཕར་ཞག་དངུལ་ཀྱི་ཤན་པ་ཡིན། གོས་འཁོར་གསུམ་གྱོན་གི་ཨ་ཞང་ཚོ། གོས་རི་མོ་མ་ནོག་དལ་མོར་འཕེབས། སྒོ་མ་ཞག་དུང་གི་གདུང་མ་ཡོད། རྐང་སག་ལྷམ་གྱོན་གི་ཨ་ཞང་ཚོ། རྐང་རི་མོ་མ་ནོག་དལ་མོར་ཕེབས། ཞེས་གླུ་དེ་དྲངས་རྗེས་ཨ་ཞང་རྣམས་གྲལ་ལ་འཁོད་དེ་འབབ་ཇ་འདྲེན་དགོས་སོ།། 

     དེ་ཡང་གྲལ་གྱི་སྒྲིག་རིམ་ལ་གདོང་གྲལ་ཨ་ཞང་དང་གཡས་གྲལ་ཕྱོགས་ཡོང་གི་འགྲུལ་བ། གཡོན་གྲལ་ལ་སྡེ་བའི་རྒན་པ་རྣམ་གཙོ་མཛད་དེ་སྡེ་བའི་གྲལ་ཡིན། དེལྟར་རིམ་བ་བཞིན་ཚང་མ་གྲལ་ལ་བཞུགས་རྗེས་ཨ་ཞང་ཚང་གི་རེ་བ་ལྟར་དུ་སྐྲ་འཕབ་གྲལ་དུ་གདན་འདྲེན་དགོས་ལ། སྐྲ་འཕབ་བུ་མོ་དང་བག་རོགས། གཏམ་པ་དང་ལོ་རྒྱུས་བ་བཅས། སྔོན་གྱི་བུ་མོ་བརྒྱད་ཀྱིས་སྣ་དྲངས་ནས་བག་གླུ་ལེན་ཞོར་དུ་སྟོན་དུ་ཐོག་དུ་བསུ་དགོས། བག་གླུ་ལ་འདི་ལྟར། སྐྲ་འཕབ་བསམ་པའི་དོན་འགྲུབ། མགོ་འཛིན་ལྷ་རི་རྒྱལ་མཚན་བྱེད། མགོ་སླས་ནོ་ཨ་མ་བཀྲ་ཟི་ཡིན། མགོ་སྐྲ་ཕུད་འཇོག་ལ་གསེར་ཞུན་ཡོད། གསེར་གྱི་དཀར་ཡོལ་ཆ་གཉིས་ཡོད། སྐྲ་ཐུརམ་བཤད་ལ་གསེར་སོ་དགོས། གསེར་གྱི་སོ་མང་ཆ་གཉིས་དགོས། སྐྲ་ལན་བུ་འཇོག་ལ་རྟ་བརྒྱ་དགོས། རྟ་འདོ་བ་གོམ་ལག་གང་བདེ་དགོས། སྐྲ་ལན་སྐེད་འཇོག་ལ་འབྲི་བརྒྱ་དགོས། འབྲི་ཐུལ་མ་ནི་ལག་གང་བདེ་དགོས། སྐྲ་རྔ་སྐྱོང་ལ་ལུག་བརྒྱ་དགོས། ལུག་ཚེ་དཀར་ཁ་ཆུ་གང་ཡག་དགོས། ཡར་ལང་ན་གུར་ཁང་ཕུབ་འདྲ་ཡིན། མར་བསྡད་ན་སྒྲོ་གུར་ཕུབ་འདྲ་ཡིན། ཞེས་བུ་མོ་བརྒྱད་པའི་གླུ་དེ་བླངས་ནས་སྐྲ་འཕབ་དང་བག་རོགས་གྲལ་རྔ་ནས་བལ་གདན་དྲི་མ་མེད་པ་ཞིག་གི་སྟེང་དུ་མི་འགྱུར་གཡང་དྲུང་འབྲི་ཡིས་བྲིས་བའི་གདན་སྟེང་དུ་ལངས་དགོས།

图片

      དེ་ནས་ཨ་ཁུ་གཏམ་པས་ཨ་ཞིང་རྣམས་པར་འཚམས་འདྲི་དང་སྟོན་མོའི་གཏམ་བཤད་བྱེད་པ་ཡིན་ལ། མཆོད་ཨོམ་ཨྰ་ཧཱམ་ལན་གསུམ་དང་། རྗེས་ཀྱི་ལྷ་མཆོད་དངགནས་མཆོད་ཀྱི་སྐོར་འདིར་རེ་ཞིག་མི་སྨྲའོ།།གཏམ་གྱི་རྒྱུས་བ་ཞིག་ཤེས་འདོད་ན་མཚོ་སྔོན་མང་ཚོགས་སྒྱུ་རྩལ་དཔེ་དེབ་ཕྱོགས་བསྡུས་སུ་གསལགཏམ་གྱི་སྙིང་བོ་ཅུང་ཙམ་བརྗོད་ན། དེ་ནི་གཏམ་ཀྱི་དྭངས་མ་རྣམས་གསུམ་ཡིན་ལ། དེ་ནི་དམངས་ཚོགས་ཀྱི་ཉན་པར་སྤྲོ་བ་ཞིག་ཀྱང་ཡིན། བོད་ཀྱི་གཉེན་སྟོན་ཡང་དེ་ལ་དཔེར་དྲངས་ནས་སྟོན་མོ་བྱེད་པ་ཡིན། དེ་ཡང་རྒྱ་བོད་གཉིས་ཀྱི་གཉེན་བཟུང་ཚུལ་ལ་རགས་ཙམ་བཤད་ན། གྲུ་བཞི་ས་ཡི་གདན་སྟེང་གི། ཤར་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ཡི། རྒྱ་རྗེ་ཐང་ཐེ་ཙུང་གི་ཚ་མོ། མི་རྗེ་ཏའོ་ཙུང་མཆོག་གི་སྲས་མོ། ལྷ་གཅིག་རྒྱ་མོ་ཀོང་ཇོ་ཞེས། ཞལ་ནས་ཨ་པད་གི་དྲི་ཞིམ་བྲོ་བ། སྐུ་མདོག་སྔོ་ལ་དམརམདངས་ཆགས་པ། འཛམ་གླིང་བུ་མོ་ཕུད་གཅིག ས་སྟེང་བུ་མོའི་རྒྱན་གཅིག  རྒྱ་ནག་བུ་མོའི་ཡང་རྩེ། གངས་རི་མཆོད་རྟེན་གྲུབ་པའི་གནས། མ་དྲོས་མཚོ་བཞི་འབབ་པའི་གནས། གསེར་གྱི་མེ་ཏོག་བཞད་པའི་གནས། བསིལ་ལ་མཛེས་བའི་ཉམས་པའི་གནས། གངས་རི་བོའི་སྐོར་བའི་གངས་ཅན་གྱི། མི་གཟུགས་ལྷ་ཡི་སྤྲུལ་བ། ནག་པོ་བདུད་ཀྱི་ཁ་གནོན། བཙན་པོ་རྣམས་ཀྱི་གཉའ་ནོན། འདྲེ་སྲིན་ཀུན་གྱི་མགོ་གནོན། འཛམ་གླིང་མི་རྒྱན་གཅིག མགོ་ནག་བོད་ཀྱི་སྤྱི་རྗེ། ཉམ་ཐག་འགྲོ་བའི་མགོན་སྐྱབས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ། བློན་པོ་མགར་སྟོང་བཙན་བར་བ་བྱས་དེ། རིན་ཆེན་སྣ་ལྔ་ལེགས་སྐྱེས་བསྐུར་ནས། རྟ་བ་བརྒྱ་ཡི་བསུ་བ་མངགས་དེ། བློན་པོ་བརྒྱ་ཡི་བློ་རྩལ་དང་། ཐབས་ཤེས་རབས་སྟོང་གི་མཐུ་རྩལ་ལས་བླངས་པ། རྟེན་མཆོག་གྱུར་ཇོ་བོ་ཤཱཀྱ་མུ་ནེ། ནོར་རིན་ཆེན་བྱེ་བ་ཕྲག་བརྒྱ། ནད་འཇོམས་བྱེད་སྨན་གྱི་རྟགས་ཐབས་བརྒྱད། བཟོ་རིགས་དྲུག་བཅུ་ཐམཔའི་གྲངས། རྟེན་རྫོང་སྐར་འཁོར་བཞི་དང་བསྡེབ་དེ། གནམ་ལ་སྐར་མ་བཟང་བ། ས་ལ་དུས་ཚོད་བཟང་བ། བར་གྱི་ཉི་མ་བཟང་བ། གཟའ་སྐར་ཕུན་སུམ་ཚོགས་པའི་ཉི་མ་ལ། དཀར་གངས་རི་ཕྲེང་བའི་མཐའ་ནས་སྐོར་ལ། ཆབ་ཆུ་བོ་རྣམས་བཞི་གཡས་ས་འཁྱུལ་བ། རྩ་རྩི་ཤིང་མེ་ཏོག་ནགས་ཀྱི་མཛེས་བ། རྟ་ནོར་ལུག་རྐང་བཞི་ཀུན་ལ་ཁྱབ་པ། འབྲུ་སྣ་ལྔའི་རིན་ཆེན་ནོར་གྱིས་གང་བ། མར་འོ་མ་ཤ་སོགས་ཟས་སུ་སྤྱོད་པ། གནམ་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བ། ས་ལ་པད་པ་འདབ་བརྒྱད་བཞད་པ། ཕན་བདེ་དགའ་སྐྱིད་ཟུང་གི་འབྱུང་གནས། བདེ་སྐྱིད་གླུ་སྒྲ་སྙན་ས། ཉམས་སྟོང་གི་བྲོ་གར་རྩེ་ས། བོད་ཁ་བ་ཅན་གྱི་ཡུལ་དུ་ཕེབས་ནས། བོད་ཁ་བ་ཅན་ལ་བདེ་སྐྱིད་ཐོག་མ་དྲངས། སྟོངས་འབྱོར་མངའ་ཐང་ཁྱད་འཕགས་གྱུར། སྙན་པའི་གྲགས་པ་གླིང་ཀུན་ཁྱབ་པའི་དུས། ཤར་ཕྱོགས་ས་གཞིའི་ཐིག་ལེ་རྒྱ་ནག་དང་། ནུབ་ཕྱོགས་འཛིན་མའི་སྙིང་བོ་གངས་ཅན་གཉིས། གནམལ་ཉིཟླ་ཟུང་གཅིག་དང་ས་ལ་བཙན་པོ་དཔོན་ཞིང་གི་གྲལ་དུ་འཁོད་དགོས་ལ། ལོ་རྒྱུས་པ་གཉེན་ཚང་གི་གྲལ་དུ་འཁོད་དགོས། གཏམ་གྱི་རྗེས་སུ་ལོ་རྒྱུས་པའི་ལོ་རྒྱུས་བཤད་དགོས། ལོ་རྒྱུས་ནི་སྟོན་མོ་དེ་ཡི་དོན་དངོས་དང་མཐུན་པ་བཤད་དགོས། གཙོ་བོ་ཨ་ཞིང་ཚང་གི་མི་ཡི་མི་རྒྱུད་གང་ནས་ཆད་པའི་ལོ་རྒྱུས། ཕ་ཆེན་དང་འཚོ་སྐོར་གང་དང་ཡིན་པ། ཡར་དེད་ཡར་ལ་དེད་དེ་ཤ་བོ་ར་ལམ་འདྲ་བ། མར་དེད་མར་ལ་དེད་དེ་གཡུ་མོ་སུལ་ལམ་འདྲ་བ། ཤ་ཡི་དེད་ནས་དམར་སོ་དང་རུས་པས་དེད་ནས་དཀར་སོ། ཀ་མགོ་གདོང་མས་ཉེས་ཚུལ། ཀ་སྟེང་རྡོ་ཡིཉེས་ཚུལ། ཁང་བ་ཤག་གི་ཉེ་ཚུལ། ཞིང་ཚུག་གས་ཉེས་ཚུལ་སོགས་གི་ལོ་རྒྱུས། གཞན་ཡང་ཉིན་དེ་གའི་ཇ་ངོ་དང་ཆང་ངོ་སྤྲོད་དང་གྲལ་ངོ་སོགས་སྤྲོད་དགོས་པ་ཡིན། དེ་ལས་ཆང་ངོ་ཟེར་བ་ཨ་ཞང་ཚང་གི་སྟོན་ཆང་དང་མགྲོན་པོའི་སྟོན་ཆང་། སྡེ་བའི་སྟོན་ཆང་། རྗེས་སུ་བཀྲ་ཤིས་ཡག་ཆང་བཅས་ངོ་སྤྲོད་བྱེད་པ་དེ་ལ་ཟེར་བ་ཡིན། ཡང་སྐབས་འདི་ནས་ཨ་ཞང་རྣམས་བཅའ་དགོས་ཟེར་བ་དེ་རྒྱུ་མཚན་ནི། འབྲོག་ཕྱོགས་ནས་ཨ་ཞིང་བསྐོན་རྒྱག་པ་དེ་ཡིན། བསྐོན་ལ་ཇ་དང་གོས་གསུམ་འཛོམ་དགོས། ཕལ་ཆེར་ཨ་ཞིང་ཞིག་ལ་གོས་ཁྲུ་ཙེ་༡༥ནས་བཅུ་བར་ཡོད་དགོས། དེ་རྗེས་མར་བཅོས་ཟེར་ནས་ཉིན་དེར་སྟོན་ཐོག་དུ་འཛོམ་པའི་ཨ་ཞིང་ཉེ་འབྲེལ་སྡེ་མི་བཅས་ཀྱི་སྟོན་སྐར་སྟེར་བ་ལ་ཟེར། དེ་ཕྱོགས་ཀྱི་གོ་རིམ་ལ་དང་པོ་ཨ་ཁུ་གཞི་དཔོན་གྱིས་བཀྲ་ཤིས་དང་གཡང་འབོད་གང་མང་བརྗོད་རྗེས་སུ། ཁ་གཡང་དང་ཕྱྭ་གཡང་བོས་སྟེ། སྐྲ་ཕབ་ལ་སྟོན་སྐལ་སྟེར་བ་ཡིན་ལ། རྗེས་སུ་ཨ་ཞིང་གི་སྟོན་སྐལ་། དེ་རྗེས་སུ་གཉེན་ཉེ་དང་སྡེ་མི་བཅས་ཀྱི་རིམཔ་ལྟར་སྟེར་བ་ཡིན། དེ་རྫོགས་རྗེས་གླུ་ལེན་དང་གར་རྩེད་ལ་རོལ་བ་དང་མཇུག་དུ་བཀྲ་ཤིས་ཀྱི་གླུ་ཚིག་དང་ཁ་གཡང་གང་མང་བོས་ནས་སྟོན་མོ་གྲོལ་བ་ཡིན། །

Clothing and Accessories Triga སྐྲ
མདོ་སྨད་སྒོ་མེ་ཡུལ་གྱི་བུ་མོའི་སྐྲ་ཕབ་སྐོར་བསྡུས་ཙམ་གླེང་བ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཡོང་ཁུངས།  བོད་ཀྱི་དྲ་བ།
Year published 2021
Language Tibetan
Subjects
Places
Terms
UID mandala-texts-64096
DOI