མི་ཉག་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་གི་ངོ་སྤྲོད།
ཁྲི་ཀ ཚེ་ལོ་ཐར།
དེ་ཡང་དགོན་པ་འདི་ནི་ཁྲི་ཀའི་རྒྱ་མཁར་ནུབ་ངོས་རྨ་འགྲམ་དུ་ཆགས་ཡོད་ཅིང་། གྲུབ་མཐའ་དགེ་ལུགས་པར་གཏོགས་པ་དང་སྐུ་འབུམ་བྱམས་པ་གླིང་གི་དགོན་ལག་ཡིན། འདི་ལ་མི་ཉག་གྲྭ་ཚང་ཐོགས་དོན་ནི། སྔོན་ཆད་དགོན་པའི་ཆགས་གནས་སུ་རུས་མི་ཉག་ཅན་གྱི་ཚོ་བ་ཞིག་ཡོད་པས་དེ་ལྟར་ཐོགས། དགོན་པ་འདི་ཕྱག་འདེབས་མཁན་ནི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་ཆེན་མི་ཉག་བློ་གྲོས་དར་རྒྱས་ཚང་ཡིན་ལ། གྲྭ་ཚང་འདིའི་ཐོག་མའི་རྨང་གཞི་ནི་ཁྲི་ཀ་རྫོང་མཁར་གྱི་ཤར་ཕྱོགས་སུ་མི་ཉག་སྐུ་ཕྲེང་རིམ་བྱོན་གྱི་སྒྲུབ་གནས། མི་ཉག་རྫོང་ཐོག་ཏུ་གྲགས་པ་དེ་ཡིན་ལ། གནས་དེར་ཁོང་གིས་རབ་བྱུང་དགུ་བའི་སྨད་ཙམ་དུ་གཞི་བཏིང་། ཕྱིས་སུ་མཁར་གྱི་བྱང་ཕྱོགས་མི་ཉག་དགུ་ཐོག་གི་ཉེ་འགྲམ་དུ་ལྷ་ཁང་དང་མགོན་ཁང་བཞེངས་ནས་ཕྱོགས་གཉིས་སུ་བསྡད། འདི་ནི་མི་ཉག་མགོན་ཁང་ཞེས་མིང་གྲགས་ཅན་དེ་ཡིན་ལ། དེ་ནས་རབ་ཉིའི་མཇུག་ཙམ་ལ་མི་ཉག་བློ་གྲོས་དར་རྒྱས་ཀྱིས་ད་ལྟའི་མི་ཉག་མཆོད་རྟེན་བཞུགས་སའི་གནས་འདིར་སྤོས་ནས་སྡེ་འདིའི་རྟེན་དང་བརྟེན་པ་གསར་བཞེངས་མཛད་དེ་མཚན་ལ་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་གསོལ། གཞན་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ཉེར་བདུན་པ་བཞུགས་དུས་སྐུ་འབུམ་དགོན་པར་མི་ཉག་བཞུགས་སྒར་གསར་ཏུ་བཏབ། དེ་དང་དུས་མཚུངས་སུ་ཧོར་ཀྱཱའི་གྲྭ་ཚང་བསམ་གཏན་གླིང་དང་། སྐེ་བའི་དགའ་ལྡན་དར་རྒྱས་གླིང་བཅས་འདི་བས་བཏབ་པར་བཤད།
དགོན་པ་འདིའི་རྟེན་གྱི་གཙོ་བོ་ནི་ཁྲི་ཀའི་མཆོད་རྟེན་དཀར་བོའམ་མི་ཉག་མཆོད་རྟེན་ཞེས་གྲགས་པ་དེ་ཡིན། མཆོད་རྟེན་འདིའི་ནང་རྟེན་དུ་མངའ་བདག་ཁྲི་རལ་བ་ཅན་གྱི་རལ་བ་བཞུགས་ཡོད་ཅེས༼མདོ་སྨད་ཆོས་འབྱུང༽དང༼ཨ་མདོ་ཆོས་འབྱུང་ས་བོན༽༼སུམ་པ་ཆོས་འབྱུང༽སོགས་སུ་གསལ་བར་གསུངས་ཡོད། མཆོད་རྟེན་འདི༨༨༠ལོ་ཡས་མས་སུ་བཞེངས་ཞེས༼བསྟན་རྩིས་ཀུན་བཏུས༽ལས་གསུངས། ༡༢༤༦ལོར་ས་པཎ་ཧོར་ཡུལ་དུ་ཕེབས་དུས་ཁྲི་ཀར་ཕེབས་ཏེ་མཆོད་རྟེན་འདིར་རབ་གནས་མཛད། གཞན་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཞག་གཅིག་ལ་མཆོད་རྟེན་བྱེ་བ་བཞེངས་པའི་གྲས་ཀྱི་གཅིག་ཡིན་ཞེས་པའི་བཤད་རྒྱུན་ཡང་ཡོད།
མཆོད་རྟེན་འདིར་སྔ་ཕྱིར་ཐེངས་དྲུག་ལ་ཞིག་གསོ་མཛད་ཡོད། འོན་ཀྱང་དུས་འགྱུར་གྱི་སྐབས་སུ་དགོན་འདིའི་ལྷ་རྟེན་ཆོས་གསུམ་ཡོད་ཚད་མེད་བརླག་ཏུ་བཟོས། ད་བཞུགས་ཀྱི་མཆོད་རྟེན་འདི་ནི༢༠༡༠ལོར་མཆོད་རྟེན་བསྐྱར་བཞེངས་ཀྱི་དབུ་བརྩམས་ཤིང་། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་དང་། བླ་སྤྲུལ་དང་དགེ་བཤེས་རྣམས་ཀྱི་ཐུགས་བཀོད། གྲྭ་བཙུན་དང་དད་ལྡན་མང་ཚོགས་ལྷག་བསམ་ཅན་གྱི་རམ་འདེགས་བཅས་ལ་བརྟེན་ནས༢༠༡༢ལོའི་ཧོར་ཟླ༤བའི་ཚེས་༨ཉིན་རྟེན་དང་བརྟེན་པ་ལེགས་པར་གྲུབ་སྟེ་འགྲུབ་སྟོན་དང་རབ་གནས་རྒྱ་ཆེར་མཛད། མཆོད་རྟེན་གྱི་མཐོ་ཚད་ལ་རྨིད་ཉེར་བརྒྱད་ལྷག་ཡོད་ཅིང་། ནང་རྟེན་གྱི་གཙོ་བོ་ལ་ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་རལ་བ་དང་རྗེ་རིན་པོ་ཆེའི་དབུ་ཞྭ། རྒྱལ་དབང་ལྔ་བའི་དབུ་ཞྭའི་ཚལ་བུ། རྒྱལ་བ་སྐལ་བཟང་རྒྱ་མཚོའི་གདུང་ཚ། པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་ཚ། འབྲུག་པ་ཀུན་ལེགས་ཀྱི་གདུང་རུས། པཎ་ཆེན་ཆོས་ཀྱི་ཉི་མའི་ན་བཟའི་ཚལ་བུ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཐང་ག་ཚོན་མདོག་ཅན་བཅུ་གཉིས་བཅས་བཞུགས། མཆོད་རྟེན་གྱི་མཐའ་འཁོར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ཐོན་མི་སོགས་ཀྱི་སྐུ་འདྲ་རྡོ་བརྐོས་མ་སོགས་ཚར་དུ་དངར་བ་མང་བོ་བཞུགས་ཡོད། གྲྭ་ཚང་འདིར་སྤྱི་ལོ་ང་བརྒྱད་སྔོན་གྱི་འདུ་ཁང་ད་དུང་མ་འཇིག་པར་ཡོད་པ་དང་། ནང་རྟེན་དུ་རྗེ་བཙུན་བྱམས་པ་མགོན་པོ་དང་སངས་རྒྱས་སྟོང་སྐུ། བདེ་གསང་འཇིགས་གསུམ། དཔལ་ལྡན་ལྷ་མོའི་སྐུ་བརྙན་བཅས་བཞུགས་ཤིང་། ཆོས་ཐོག་ལ་རྒྱ་ལོ་སྨོན་ལམ་དང་བྱམས་པ་གླིང་སྐོར། གསུམ་པའི་སྒྲུབ་མཆོད་སོགས་ཡོད། རྒྱུན་སྤྱོད་ཀྱི་ཆོས་ཚོགས་དང་ཆོ་ག་ཕྱག་ལེན་གྱི་སྐོར་མ་ཡལ་བར་ཉམས་བཞེས་ངང་སྐྱོང་བཞིན་ཡོད་ལ། ཐུབ་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འདི་གཉིས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ད་ལྟའི་བར་དུ་དར་ཞིང་རྒྱས་པར་མཛད་དོ། ། ༡༩༩༨ལོར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་བདམས་སོ།།