Skip to main content Skip to search
འགག་བཟའི་གྲྭ་ཚང་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་གདན་རབས་ངོ་སྤྲོད་བསྡུས་པ།

འགག་བཟའི་གྲྭ་ཚང་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་གདན་རབས་ངོ་སྤྲོད་བསྡུས་པ།

རྡོ་རྗེ་འཇིགས་བྱེད། ཁྲི་ཀ

 

ཆོས་སྡེ་འདི་ནི་འཕྲང་དམར་གྲོང་རྡལ་བྱང་ཤར་གྱི་འགག་བཟའི་ཡུལ་ཚོར་ཡོད་ལ་ཡོངས་གྲགས་སུ་འགག་བཟའི་གྲྭ་ཚང་ཟེར་ཞིང་། གྲུབ་མཐའ་རི་བོ་དགེ་ལུགས་པར་གཏོགས་པ་དང་ལཱ་མོ་བདེ་ཆེན་གྱི་དགོན་ལག་ཡིན། དགོན་པ་འདིའི་འདེབས་པ་པོ་ནི་འགག་བཟའ་ཚོ་དྲུག་གི་ནང་ཚན་གཙང་བར་ཡབ་འབུམ་རྒྱལ་ཚེ་རིང་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་གཟའ་ལྕགས་ལུག་སྤྱི་ལོ1391ལོར་སྐུ་འཁྲུངས་པ་དང་དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ནས་བཀའ་བཅུ་བའི་མཚན་བཏགས་བཞེས་ཏེ་ཕྱིར་རང་ཡུལ་དུ་ལོག་ཅིང་། སྤྱི་ལོ1434ལོ་ཙམ་ལ་འོམ་རྟིང་ལྒང་དུ་དགོན་པའི་གཞི་བཏིངས། དགོན་པའི་མཚན་ལ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་དུ་གསོལ།  ཁོང་ནི་གཙང་བ་སྐུ་ཕྲེང་དང་པོ་ཡིན་ཞིང་དེ་ནི་ཚོ་བའི་མིང་བླ་མའི་མིང་དུ་བཞེས་ཤིང་དགོན་འདིའི་བླ་མ་རིམ་གྱི་མཚན་ལའང་གཙང་བ་ཞེས་ཐོགས། སྤྱི་ལོ1468ལོར་སྐུ་གཤེགས།

 

       ད་ལྟའི་བར་དུ་གཙང་བ་སྐུ་ཕྲེང་བཅུ་བཞི་བྱོན་ཏེ། སྐུ་ཕྲེང་གཉིས་པ་གཙང་བ་རི་ཕུག་པ་བློ་བཟང་གྲགས་པ་རྒྱལ་མཚན་ཡིན་ཞིང་ཁོང་གིས་མི་ཚེ་གང་བོར་རྣལ་འབྱོར་བའི་རྟུལ་ཞུགས་བཟུང་བར་གྲགས། སྐུ་ཕྲེང་གསུམ་པ་འབྲོ་ཨ་ལགས་ཚང་ནི་འགག་བཟའི་འབྲོ་ཚོ་བར་འཁྲུངས། ཀློང་བརྡོལ་བླ་མའི་དངོས་སློབ་ཡིན་པར་གྲགས། སྐུ་ཕྲེང་འདི་བས་དགོན་པའི་གནས་ཡུལ་རྒྱུ་རྐྱེན་དུ་མ་ལ་ཐུགས་དགོངས་བཞེས་ནས་ཁྲུས་གཞོང་སྐེ་རུ་གནས་སྤར། གཙང་བ་སྐུ་ཕྲེང་བཞི་བ་དཀོན་མཆོག་འཇིགས་བྱེད་རྒྱ་མཚོ་ཡིན་ཞིང་དགུང་ལོ་བཅུ་ལས་མ་བཞུགས། གཙང་བ་སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པ་རབ་རྒྱས་ཀྱང་དགུང་ལོ་བཅུ་དགུ་ལས་མ་བཞུགས། གཙང་བ་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་ཉི་མ་གཙང་བ་སྐུ་ཕྲེང་དང་པོའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། གཙང་བ་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པ་རྒྱ་མཚོ་དགུང་ལོ་བཅུ་གསུམ་ལས་མ་བཞུགས། གཙང་བ་སྐུ་ཕྲེང་བརྒྱད་པ་ནི་དགེ་འདུན་བསྟན་པ་རྒྱ་མཚོར་ཞུ་ཞིང་། དགོན་གནས་མཆོད་རྟེན་ཁུགས་ཏེ་དེང་གི་སྐྱེ་བའི་ནང་ཞེས་པར་གནས་སྤར། གཙང་བ་སྐུ་ཕྲེང་དགུ་བ་ངག་དབང་མཁས་གྲུབ་རྒྱ་མཚོར་གསོལ། དེ་ལྟར་གཙང་བ་སྐུ་ཕྲེང་དགུ་ནི་རིམ་བཞིན་དགོན་འདིའི་ལྷ་སྡེ་རུ་འཁྲུངས་པ་དང་།  སྐུ་ཕྲེང་བཅུ་བ་ནས་བཟུང་སྟེ་ས་ལ་དགེ་བཅུ་ཚང་བའི་མདོ་ཁམས་གཡར་མོ་ཐང་གི་ཕྱོགས། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་འདབས་མདའ་བཞི་ཡུལ་ཚོ་རུ་སྐུ་འཁྲུངས།

 

     གཙང་བ་སྐུ་ཕྲེང་བཅུ་བ་ངག་དབང་བློ་བཟང་བརྩོན་འགྲུས་ནི་མཚོ་སྔོན་པོའི་མདའ་བཞིའི་སྨྲ་སྐམ་ཚོ་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་ང་ལྔའི་སྟེང་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་དང་ཐུགས་གྲོས་གནང་ནས་དགོན་གནས་དེང་གི་གནས་འདི་སྟེ་རྒྱབ་རིའི་མདུན་དུ་གནས་སྤོས་ཏེ་འདུ་ཁང་དང་བྱམས་ཁང་སོགས་དང་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་ཤིང་། ལྷག་པར་དགོན་པའི་ཆོས་སྐྱོང་གཏན་ལ་ཕབ་ནས་ཐར་ཤུལ་བའི་སྐུ་ཤམ་སྟེང་གདོང་ཁྲག་གིས་ལྷ་མོའི་ཞལ་ཐང་ཞིག་བཞེངས་པ་དེང་གི་དུས་སུའང་མཇལ་རྒྱུ་སྣང་། ཁོང་གིས་སྒོ་དམར་བློ་བཟང་རྒྱ་མཚོ་བླ་མར་བསྟེན་པ་དང་བྱ་ཁྱུང་གི་ཁྲིར་ཡང་བཞུགས་མྱོང་བས་མཚན་ལ་ཁྱོམ་ཚང་ཞབས་དྲུང་ཞེས་ཀྱང་གྲགས། གཙང་བ་སྐུ་ཕྲེང་བཅུ་གཅིག་པ་དགུང་ལོ་དགུ་ལས་མ་བཞུགས། སྐུ་ཕྲེང་བཅུ་གཉིས་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མདའ་བཞིའི་ཀྱེ་སང་མཁའ་འགྲོའི་སྐོར་དུ་སྐུ་འཁྲུངས་ཤིང་དགུང་ལོ་བཅུ་བཞི་ལས་མ་བཞུགས། སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བྱམས་པ་རྒྱ་མཚོ་མདའ་བཞིའི་ཡུལ་དུ་སྐུ་འཁྲུངས་ཤིང་ལཱ་མོ་བདེ་ཆེན་དགོན་གྱི་དཔོན་སློབ་དུའང་བཞུགས་མྱོང་སྐད། རིག་གསར་གྱི་སྐབས་སུའང་དགོན་པའི་འདུ་ཁང་གི་གཅིག་ཐོག་ལ་གཏོར་སྐྱོན་མ་བཟོས་ཤིང་ཕྱིས་བསྐྱར་གསོ་གང་ལེགས་མཛད།

 

        སྐུ་ཕྲེང་བཅུ་བཞི་བ་གཙང་བ་བློ་བཟང་ལུང་རྟོགས་རྒྱ་མཚོ་ནི་སྤྱི་ལོ1975ལོར་མདའ་བཞིའི་ཡུལ་དུ་སྐུ་འཁྲུངས་ཤིང་ལཱ་མོ་ཡོངས་འཛིན་རིན་པོ་ཆེ་ཡིས་གཙང་བ་སྐུ་ཕྲེང་བཅུ་གསུམ་པའི་སྤྲུལ་བར་ངོས་འཛིན་མཛད་དེ་སྤྱི་ལོ1996ལོར་ཁྲི་ཁར་བཀོད། དྷཱི་ཚ་དགོན་ཆེན་དུ་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་ཕར་ཕྱིན་དམ་བཅའ་བཞག  ཁོང་གི་ཐུགས་བཀོད་ལྟར་དགོན་པའི་འདུ་ཁང་སྤྱི་ལོ2008ལོར་སླར་ཡང་བསྐྱར་གསོ་བསམ་གྱིས་མི་ཁྱབ་པ་མཛད་ཅིང་། ད་ལྟ་སྡེ་འདིའི་སྐྱེ་འགྲོ་ཀུན་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང་ཞིང་མཁས་མིང་གི་གཙུག་ཏུ་བཀུར།

 

     དགོན་འདིའི་འདོན་ཆོས་སམ་ཆོས་ཐོག་གི་སྐོར་ལ་རྒྱ་ལོའི་སྨོན་ལམ་ཉིན་བདུན་དང་ཟླ་བ་གསུམ་པར་ཀུན་རིག་སྒྲུབ་མཆོད་ཉིན་བརྒྱད།  ཟླ་བ་དགུ་བར་ལྷ་མོའི་གཏོར་སྒྲུབ་ཉིན་བདུན། ཟླ་བ་བཅུ་བར་ལྔ་མཆོད་ཆེན་མོ་ཉིན་ལྔ།  བཅུ་གཅིག་པར་སེང་གདོང་ཉིན་ལྔ། བཅུ་གཉིས་པར་མགོན་པོའི་གཏོར་སྒྲུབ་ཉིན་ལྔ་བཅས་སྔོན་གྱི་ཕྱག་སྲོལ་ད་ལྟའང་དགེ་སློང་བདུན་པ་ཞིག་གིས་མ་ཉམས་པར་སྤེལ་བཞིན་མཆིས་སོ།།

 

འགག་བཟའི་གྲྭ་ཚང་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་གདན་རབས་ངོ་སྤྲོད་བསྡུས་པ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Trika Dorjé Jikjé
Year published 2020
Language Standard Tibetan , Tibetan
UID mandala-texts-63376
DOI