Skip to main content Skip to search
རེབ་གོང་གི་སྐོར་མདོར་བསྡུས།

རེབ་གོང་ཤོག་ཁ་བཅུ་གཉིས་ཞེས་སྨོན་ལམ་ཤོག་ཁ་ཆེན་པོ་བཅུ་གཉིས་དང་ཤོག་ཁ་བཅུ་གཉིས་ཀྱི་ཁོངས་སུ་སྡེ་བ་དང་ཚོ་བ་མང་དུ་ཡོད་ལ། སྡེ་བ་ཕལ་ཆེ་བ་བོད་རིགས་དང་ཧོར་རིགས་ཀྱི་སྡེ་བ་བཞི་ཡོད། ཤོག་ཁ་བཅུ་གཉིས་ལ་ཡང་བརྩི་ཚུལ་རིགས་འགའ་ཡོད།  ཡོངས་གྲགས་སུ་རོང་བློན་སོག་གསུམ། བསེ་རྒྱལ་ཧོར་གསུམ། འཇམ་རག་རྒྱ་གསུམ། བཙན་ཀོའུ་གླིང་གསུམ་རྣམས་ཡིན།  ད་ལྟའི་དུས་སུ་ཞོ་འོང་ལ་དཔྱི་དང་ཉང་དར་གྲོང་བྱང་ཆུབ་ཚོ་འདུ་རྣམས་ཤོག་ཁ་གཅིག  གླིང་རྒྱ་སྡེ་བ་གསུམ་དང་སྨད་པ་སྡེ་བདུན་ཤོག་ཁ་གཅིག ཧོར་ནག་མགྲོན་ལུང་བྲག་དཀར་སོགས་ཤོག་ཁ་གཅིག  རྒྱལ་བོ་རླངས་ཚང་སྐྱི་ཁ་གསུམ་ཤོག་ཁ་གཅིག ཤ་སྦྲང་བློན་ཆེ་སུ་རུག་དཔའ་མཆོག་རྣམས་ཤོག་ཁ་གཅིག རོང་བོ་སྡེ་བདུན་རོང་འབྲོག་ཤོག་ཁ་གཅིག ཆུ་མ་ཀླུ་གཤོང་གཡས་ལུང་། གཡོན་རུ་རྣམས་ཤོག་ཁ་གཅིག བསེ་ལུང་གསུམ་རོང་འབྲོག་རྣམས་ཤོག་ཁ་གཅིག ཆུ་ཁོག་ཤོག་བཞི་རོང་འབྲོག་རྣམས་ཤོག་ཁ་་གཅིག སྒྲུབ་སྡེ་བཅོ་བརྒྱད་ཤོག་ཁ་གཅིག བཙན་མོ་ཧོར། སོ་ནག་སྐྱ་རྒྱ། བོན་རྒྱ། མག་སར་རྣམས་ཤོག་ཁ་གཅིག་བཅས་བྱས་ཏེ་ལོ་རེར་རེས་མོས་སུ་རོང་བོ་སྨོན་ལམ་ལ་སྦྱིན་བདག་བྱེད་ཀྱི་ཡོད། རེབ་གོང་ནི་ཨ་མདོའི་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ལྟ་བུ་ཡིན་ལ། གནའ་ནས་རེབ་གོང་སྒྱུ་རྩལ་ཞེས་གྲགས་པ་ཆེ་ཞིང་། སྔོན་གྱི་དུས་སུ་རྩ་བའི་ནགས་སྐུ་དང་། ཁོང་གི་སློབ་མ་སྒ་རུའི་པཎྜིཏ་བློ་བཟང་ཤེས་རབ། བློ་བཟང་ཉི་མ། རྐ་སར་ལྷ་རིས་པ་སོགས་ལྷ་བཟོ་གྲགས་ཅན་མང་དུ་བྱུང་བ་དང་། ད་ལྟ་རྐ་སར་སྒོ་དམར། གཉན་ཐོག སེང་གེ་གཤོང་གོང་འོག ཆུ་མ་སོགས་སུ་ཁོང་རྣམས་ཀྱི་རྒྱུད་འཛིན་པའི་ལྷ་བཟོ་མིང་གྲགས་ཅན་མང་པོ་ཡོད། ཡུལ་འདིའི་ཆོས་སྲིད་ལོ་རྒྱུས་རྒྱས་པ་རྒྱ་བཟའི་དགེ་བཤེས་འཇམ་དབྱངས་གྲགས་པས་མཛད་པའི༼རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ༽དང་། གླིང་རྒྱ་བ་བླ་མ་ཚེ་རིང་གིས་མཛད་པའི༼རེབ་གོང་གསེར་མོ་ལྗོངས་ཀྱི་ཆོས་སྲིད་བྱུང་བ་བརྗོད་པ་འདོད་འབྱུང་གཏེར་གྱི་བུམ་བཟང་།༽ སོགས་ལ་བལྟས་ན་གསལ་བར་ཡོད།

རེབ་གོང་གི་སྐོར་མདོར་བསྡུས།
Taken from url: http://places.kmaps.virginia.edu/descriptions/1312.xml
Collection Essays on Places
Visibility Public - accessible to all site users (default)
Author Dudul Dorjay
UID mandala-texts-47986
DOI