Skip to main content Skip to search
སྒོ་མེ་རྡོ་རའི་མ་ཎི་ཁང་།

སྒོ་མེ་རྡོ་རའི་མ་ཎི་ཁང་།

 

(མཚོ་ལྷོ) སྒོ་མེ་སངས་རྒྱས་ལྷ་མཆོག

 

དང་པོ། སྡེ་བ་ངོ་སྤྲོད་རགས་བསྡུས།

 

    སྒོ་མེ་རྡོ་ར་ཞེས་པའི་ཡུལ་ཚོ་འདི་ནི་ཁྲི་ཀ་རྫོང་མཁར་ནས་བྱང་ཕྱོགས་སུ་སྤྱི་ལེ་བཞི་བཅུའི་མཚམས་སུ་གནས་པའི་གྲོང་ཚོ་ཞིག་ཡིན་ལ། ཚོ་བ་འདི་ནི་མདོ་སྨད་ལོ་རྒྱུས་དག་ན་ཡོངས་སུ་གྲགས་པའི་སྒོ་མེ་སྟོད་སྨད་བར་གསུམ་ཞེས་པའི་སྒོ་མེ་བར་མའི་ཁོངས་སུ་གཏོགས། སྤྱིར་ཁྲི་ཀའི་སྒོ་མེ་སྟོང་དཔོན་ནམ་ཀ་རིང་སྟོང་དཔོན་འོག་ཏུ་སྒོ་མེ་གོང་ཞོལ་གཉིས་ཀ་འདུས་མོད། སྤྱི་ལོ1921ལོར་སྒོ་མེ་གོང་ཞོལ་གཉིས་སུ་གྱེས་ཤིང་སྒོ་མེ་གོང་མ་ལའང་སྟོང་དཔོན་བགོས། ཕྱིས་སུ་སྒོ་མེ་གོང་མ་ལས་སྒོ་མེ་ཚོ་བཞི་(སྟག་ལུང། ལྷ་ཁང་ཐང། མཛོ་སྣ། སྣེ་ན།)ལོགས་སུ་གྱེས་སྟབས་འདི་ལ་སྒོ་མེ་བར་མ་ཞེས་ཡོངས་སུ་གྲགས། སྐབས་དེར་མི་རྣམས་འགྲོ་འདུག་གནས་སྤོར་གྱི་དབང་གིས་སྒོ་མེ་ཚོ་བཞིའི་སྡེ་གྲངས་དང་ཁྱིམ་གྲངས་རྣམས་མང་དུ་འཕེལ་ཏེ་ཚོ་སྡེ་བདུན་དུ་གྱུར། སྤྱི་ལོ1938ལོར་གཡག་ལུང་དང། རྡོ་ར། རྫོང་འགོ་གསུམ་ཚོ་སྡེ་ལ་བརྩིས་ནས་སྒོ་མེ་བར་མའི་ཁྲལ་གྲལ་དུ་བཞག་པ་མ་ཟད། ཆུ་ནག་བརྒྱ་དཔོན་ཚོ་བ་ཡང་སྒོ་མེ་བར་མའི་གྲས་སུ་བཞག་སྟེ་སྡོམ་པའི་ཚོ་སྡེ་བརྒྱད་དུ་གྱུར་པར་བརྟེན་“སྒོ་མེ་ཟངས་ཁ་བརྒྱད་”ཅེས་གྲགས་པ་ནས་བཟུང་ཚོ་བ་འདི་ལའང་སྒོ་མེ་རྡོ་ར་ཞེས་ཡོངས་སུ་གྲགས་པ་ཡིན། 

    རྡོ་ར་ཞེས་པའི་ཡུལ་ཚོ་འདི་ལ་ཐོག་མར་དུད་ཁྱིམ་གསུམ་ཡོད་ལ། དེ་ནི་ཕལ་ཆེར་སྤྱི་ལོ་གཅིག་སྟོང་བདུན་བརྒྱའི་མཚམས་སུ་རྨ་ཕ་རིའི་མགོ་མང་རྡོ་ར་ནས་མཆེད་ཡོང་པར་བཤད། དེ་ལ་བརྟེན་ནས་ཡུལ་ཚོ་འདིའི་མིང་ཡང་མཆེད་ཁུངས་སོར་བཞག་གིས་རྡོ་ར་ཞེས་བཏགས་འདུག་ལ། ཡང་ཁ་ཤས་ཀྱིས་ཐོག་མའི་ཁྱིམ་ཚང་དེས་རྡོ་ཡི་ར་བ་བསྐོར་ནས་བསྡད་པའི་དབང་གིས་རྡོ་ར་ཞེས་པའི་མིང་ཐོགས་པ་ཡིན་ཟེར་ནས་བཤད་མཁན་ཡང་འདུག  དེ་རྗེས་སུ་སྤྱི་ལོ་གཅིག་སྟོང་བརྒྱད་བརྒྱའི་མཚམས་སུ་ཕྱོགས་སོ་སོ་ནས་ཁྱིམ་ཚང་ཁ་ཤས་ཡོང་བ་ལ་བརྟེན་ནས་ཁྱིམ་མགོ་ཆེན་པོ་བརྒྱད་བྱུང་ཞིང། སྤྱི་ལོ་གཅིག་སྟོང་དགུ་བརྒྱའི་འགོ་བསྟོད་དུ་སྡེ་བ་འདི་ལ་ཁྱིམ་གཞི་ཆེན་པོ་བཅུ་གསུམ་བྱུང་འདུག  དེ་ནས་བཟུང་ཕྱོགས་ཡོང་གི་འོང་མཚམས་ཆད་དེ་ནང་གི་ཁྱིམ་གཞི་བཅུ་གསུམ་པོ་འཕེལ་སྟབས་ལ་བརྟེན་ནས། ད་ལྟ་སྡེ་གྲོང་འདི་ལ་གཞི་ཁྱིམ་བརྒྱ་དང་སུམ་ཅུའི་བདག་ཉིད་ཅན་དུ་གྱུར་འདུག

    ཚོ་བ་འདིའི་ཡུལ་གྱི་བཀོད་པའི་ཆ་ནས་རྫ་རི་དང་བྲག་རི། སྤང་རི། ནགས་རི་སོགས་རི་སྣ་མང་པོ་འཛོམས་པ་མ་ཟད། གསོམ་སྡོང་གི་ནགས་ཚལ་སྟུག་ཅིང་ཤུག་སྡོང་ཡང་ཧ་ཅང་མང། ཆུ་མིག་དང་ཆུ་ཕྲན་ལ་སོགས་པའི་ཆུ་སྣ་མང་དུ་འཛོམས་པོའི་ས་གཤིས་བཟང་སྟབས། རི་དྭགས་ཀྱང་རྣ་བ་དང་གླ་བ། ཅེ་སྤྱང། ཝ། སྟག་གཟིགས་ལ་སོགས་མང་དུ་རྒྱུ་བཞིན་ཡོད། ཚོ་བ་འདིའི་ཡུལ་མིའི་འཚོ་རྟེན་གྱི་གཙོ་བོ་ནི་ཕྱུགས་ལས་ཡིན་ཞིང་ཞོར་ལ་ཞིང་ལས་ཤིག་ཀྱང་གཉེར་གྱིན་ཡོད། གྲོང་ཚོ་འདི་ནི་གནའ་དུས་སུ་རྨ་ཕ་རིའི་འབའ་ཙེ་དང་མགོ་ལོག་རྭ་རྒྱའི་ཕྱོགས་ནས་སྐུ་འབུམ་དང་ཟི་ལིང་ལ་མཇལ་བ་དང་ཚོང་ལ་བགྲོད་སའི་བཞུད་ལམ་ཆེན་པོ་ཞིག་ཀྱང་ཡིན། དེ་བས་ལོ་ལོན་རྒན་པའི་ངག་སྒྲོས་ལྟར་ན་སྡེ་བ་འདིའི་མ་ཎི་ཁང་དུ་དངུལ་ཆུ་རིན་པོ་ཆེ་དང་ཨ་ལགས་བླ་ཁོ་རིན་པོ་ཆེ། ཡུལ་འདིའི་བླ་མ་ཨ་ལགས་ཁམས་རིལ་ལ་སོགས་པའི་བོད་གངས་ཅན་གྱི་བླ་མ་སྐྱེས་ཆེན་དམ་པ་མང་པོ་ཞིག་ཀྱང་འཕེལ་བཞུད་ཀྱི་ལམ་ནས་ཞག་བཞུགས་གནང་མྱོང་བ་ཤིན་ཏུ་མང་ལ། སྐུ་འབུམ་དགོན་པའི་རྒྱུད་པ་གྲྭ་ཚང་ཡང་ཆེད་དུ་གདན་ཞུ་ཞུས་ནས་ཞག་བཞུགས་གནང་བ་ལ་སོགས་པའི་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་གཡང་སྡེ་ཕྱུག་མོ་ཞིག་ཡིན་པར་རྒྱུན་དུ་བརྗོད།

 

གཉིས་པ། མ་ཎི་ཁང་གི་བྱུང་བ།

 

    སྤྱིར་མ་ཎི་ཁང་ཞེས་པ་ནི་མ་ཎི་ཡིག་དྲུག་གི་གཟུངས་བ་བྱས་པའི་འཁོར་ལོ་བསྐོར་སའི་ཁང་བ་ལ་ཟེར་ཞིང། སྔོན་གྱི་དུས་ནས་བཟུང་བོད་ཆོས་ལྡན་གྱི་ཡུལ་གང་དུ་ཚོ་བ་ཡོད་ན་དེར་མ་ཎི་ཁང་དང། བོད་དུད་ཁྱིམ་གང་དུ་མཆིས་ན་དེར་དར་ལྕོག་ཡོད་པ་ནི་བོད་རང་གི་ཁྱད་ཆོས་མཚོན་བྱེད་ཀྱི་རྟགས་མཚན་ཐུན་མོང་མ་ཡིན་པ་ཞིག་རེད། དེ་བས་སྒོ་མེ་རྡོ་ར་འདི་ལའང་བོད་སྡེ་མཚོན་བྱེད་དང་ཡུལ་མིའི་ཕྱག་བསྐོར་དང་མཆོད་འབུལ་བྱེད་སའི་རྟེན་གསུམ་ལ་བོད་གངས་ཅན་གྱི་མེ་ཏོག་ཕོག་པའི་ལྷ་སྐལ་མ་ཎི་ཡིག་དྲུག་གི་གཟུངས་བ་བྱས་པའི་མ་ཎི་འཁོར་ལོ་ཞིག་བཞེངས་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད། སྡེ་ཚོ་འདིའི་མ་ཎི་ཁང་ནི་སྡེ་གྲོང་གི་འགོ་སྟོད་དུ་བཞེངས་འདུག་ལ། དེ་ནི་ཕལ་ཆེར་སྤྱི་ལོ་གཅིག་སྟོང་བརྒྱད་བརྒྱའི་ནང་དུ་བཞེངས་བ་ཞིག་ཡིན་པར་ངེས། རྒྱུ་མཚན་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱའི་འགོ་བསྟོད་དུ་སྡེ་བ་འདིའི་མ་ཎི་ཁང་ལ་ཁང་ལེབ་གྱན་ལྔ་དང་ར་བསྐོར་ཆུང་ངུ་ཞིག་ཡོད་ལ། ནང་གི་རྟེན་ཆས་ལའང་གདུགས་དཀར་དང་སྒྲོལ་མ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་ཀྱི་ཐང་ཀ་ཁ་ཤས། ད་དུང་མཆོད་ཆས་ལའང་དངུལ་དཀར་གྱི་མཎྜལ་དང་དངུལ་སྐོང་བཅུ་གྲངས། བདུན་ཚར་ཆེ་ཆུང་ཁ་ཤས། དུང་དཀར་ཆ་གཅིག་ལ་སོགས་པའི་མཆོད་རྫས་ཀྱང་མང་པོ་ཡོད་པར་བཤད། སྐབས་དེར་སྡེ་བའི་ཤེས་བྱ་(ཆོས་འདོན་ཤེས་མཁན་)འགའ་རེས་དབྱར་འགོ་སླེབས་མཚམས་སུ་རང་བྲོ་རང་ཁྱེར་བྱས་ཏེ་མ་ཎི་ཁང་ནས་ཉིན་གཉིས་གསུམ་ཙམ་ལ་སྡེ་བ་འདིའི་ལོ་ཏོག་དང་ནོར་ལུག་ལ་རང་བྱུང་གི་གནོད་པ་སེལ་ཆེད། དྲག་ཆར་དང་སེར་བ་འགོག་པའི་སེར་འགོག་གི་ཆོ་ག་སྒྲུབ་པའི་སྲོལ་དང་། ཟླ་བཞི་བའི་ནང་དུ་བཞི་བའི་སྨྱུང་གནས་སྲུང་བ། དབྱར་ཟླ་དྲུག་པའི་ནང་དུ་ཨོ་རྒྱན་སྟོང་མཆོད་ཀྱི་ཆོ་ག་སྒྲུབ་པའི་ལུགས། དགུན་ཟླ་བཅུ་བའི་ནང་དུ་དགུན་སྲུང་ཞེས་པའི་སྲུང་བ་དེ་ལ་རྟ་མགྲིན་དང་སེང་གདོང་གི་ཆོ་ག་ཉིན་ཁ་ཤས་ལ་སྒྲུབ་པའི་སྲོལ་ཡོད་འདུག  ཆོས་ཐོག་དེ་དག་གི་སྐབས་སུ་སྡེ་བའི་ལོ་ལོན་དང་རྒན་པ་རྣམས་མ་ཎི་ཁང་དུ་ཡོང་ནས་མ་ཎི་འཁོར་ལོ་བསྐོར་བ་དང་ཕྱག་མཆོད་བྱས་པ་ལ་སོགས་པའི་དགེ་སྒྲུབ་སྡུག་སྤོང་གི་བྱ་བ་མང་དུ་བསྒྲུབས་པའི་དཔེ་བཟང་པོ་ཞིག་ཀྱང་འདུག དེ་རྗེས་སུ་རིག་གསར་གྱི་རླུང་འཚུབ་ཁྲོད་ནས་སྡེ་བའི་མ་ཎི་ཁང་གི་མ་ཎི་འཁོར་ལོ་མེད་པར་བཏང་ཞིང། ཐང་ག་དང་རྟེན་ཆས་རྣམས་རིག་པ་རྣོ་བའི་སྡེ་མི་ཨ་ཁུ་གཡང་འབུམ་དང་ཁོང་གི་ཨ་ཞང་གཉིས་ཀྱིས་སྡེ་བའི་གཞི་བདག་བྲག་དཀར་ལྷ་རྒྱལ་དགེ་བསྙེན་གྱི་རི་འདབས་སུ་བཅོལ་མའི་ཚུལ་དུ་སྦས་སྐུང་བྱས། སྐབས་དེར་སྡེ་བའི་མ་ཎི་ཁང་ནི་སྡེ་བ་འདིའི་སྤྱི་གཞུང་གི་འབྲུ་མཛོད་ཁང་དུ་གྱུར་བ་ལ་བརྟེན་ནས་ད་ལྟའང་མ་ཎི་ཁང་ལ་སྤྱི་ཁང་ཞེས་འབོད་སྲོལ་འདུག

    དེ་རྗེས་སུ་ཆོས་སྒོ་ཕྱིར་ཕྱེས་རྗེས་སྔོན་གྱི་འབྲུ་མཛོད་ཁང་དེ་གཙང་གསལ་ཡང་དག་པ་ཞིག་བྱས་ཏེ་སླར་ཡང་སྡེ་བའི་མ་ཎི་ཁང་དུ་གྱུར་བར་བྱས། སྐབས་དེར་འདུ་ཁང་གསར་བཟོ་དང་རྒྱ་བསྐྱེད་བྱ་ཐུབ་མེད་ནའང། ཨ་ཁུ་གཡང་འབུམ་སྔོན་ལ་ཁོས་སྦས་སྐུང་བྱས་པའི་རྟེན་རྙིང་དེ་དག་ལེན་དུ་འགྲོ་དུས། ཐང་ག་རྣམས་ཡོངས་སུ་རུལ་ཟིན་ལ། ཤུལ་དུ་ལྷག་པ་ནི་དངུལ་ཆས་དེ་དག་དང་དུང་དཀར་ཡ་གཅིག་ལས་གཞན་རྣམས་ཕྱིར་བསྣམས་རྒྱུ་མེད་པར་གྱུར། དེ་བས་སྡེ་བའི་ལོ་ལོན་རྒན་པ་ཚོས་སྙན་གསང་ཞུས་པ་ལྟར་རང་སྡེ་བའི་ལྷ་བཟོ་ཨ་ཁུ་བློ་བཟང་ཤེས་རབ་ཚང་གིས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་གྱན་ཐང། གདུགས་དཀར་གྱི་གྱན་ཐང། སྒྲོལ་མའི་གྱན་ཐང་བཅས་གྱན་ཐང་གསུམ་གསར་བཞེངས་བྱས་ཏེ་མ་ཎི་ཁང་དུ་བཞག ད་དུང་སྐབས་དེར་ཉམས་པ་སླར་གསོའི་ཚུལ་དུ་མ་ཎི་འཁོར་ཆེན་གཉིས་གསར་བཞེངས་བྱས་པ་ལ་བརྟེན་ནས། སྡེ་བའི་རྒན་གྲས་རྣམས་ཤིན་ཏུ་དགའ་ཞིང། ཡིད་རབ་ཏུ་མགུ་ནས་ཉིན་མཚན་དབྱེར་མེད་ལ་འཁོར་མཚམས་ཆད་མེད་དུ་བསྐོར་བ་ཡིན། དེ་ནས་བཟུང་སྡེ་བའི་མ་ཎི་ཁང་འདི་ནི་ལྷ་རྟེན་ཆོས་གསུམ་འཛོམས་པའི་འདུ་ཁང་གྲལ་དག་ཞིག་ཏུ་གྱུར་བ་ཡིན། དེ་རྗེས་སུ་སྔོན་གྱི་སྲོལ་བཟང་པོ་དེ་དག་མི་ཉམས་རྒྱུན་འཛིན་བྱེད་མཁན་གྱི་སྲུང་བ་འདོན་མཁན་མི་སྐྱའང་ཁ་ཤས་ཡོད་ཅིང། དེ་དག་ལའང་ཆོས་ཐོག་གི་སྐབས་སུ་སྔོན་དང་མི་འདྲ་བར་སྡེ་བའི་གཉེར་བ་ཟེར་ནས་ཁྱིམ་ཚང་འགའ་རེ་ཡིས་རེས་བསྐོར་ནས་སྡེ་བ་ཡོངས་ལ་མར་རྩམ་ཉུང་ངུ་རེ་བསྡུས་ནས་སྲུང་བ་འདོན་མཁན་རྣམས་ལ་གཡོ་སྦྱོར་བྱེད་མཁན་གྱི་མི་སྣ་ཁ་ཤས་བསྐོ་གཞག་བྱས་ཏེ་གོང་བཀུར་ཐོབ།

    སྤྱི་ལོ་2000ལོར་སྡེ་མི་ལྷན་འཛོམས་ཐོག་ལོ་ལོན་རྒན་གྲས་གཙོ་བྱས་ཏེ་སྡེ་དཔོན་དང་མི་དམངས་ལ་གྲོས་བསྡུར་བྱས་ནས། མ་ཎི་ཁང་འདི་གསར་དུ་བཞེངས་དགོས་པའི་གྲོས་ཁ་གཅིག་མཐུན་བྱུང་བ་ལ་བརྟེན་ནས། སྔོན་གྱི་ཁང་རྙིང་གྱན་ལྔ་གཞིར་བཞག་ནས་ར་སྐོར་ཅུང་ཙམ་རྒྱ་བསྐྱེད་དེ་རྟ་སྒང་མའི་ཚུལ་གྱི་འདུ་ཁང་གྱན་ལྔ་གསར་བཞེངས་དང་། ཤར་ན་ཁང་ལེབ་མཛོད་ཁང་གྱན་གཉིས། ལྷོ་ན་ཇ་ཁང་གྱན་གསུམ། ནུབ་ན་ཚོགས་ཁང་གྱན་ལྔ་བཅས་ལེགས་གྲུབ་བྱུང་། འདུ་ཁང་སྟེང་གི་གསེར་ཏོག་དང་རྒྱལ་ཕིབས་ལ་གསེར་མདོག་གི་གཟི་འོད་འབར་ཞིང་། ནང་གི་ཤིང་འབུར་བརྐོས་རུས་དག་ལའང་ཚོན་རྩི་སྣ་ཚོགས་བྱུག་ནས་མཛེས་པར་རྒྱན། རྟེན་ཆས་ལའང་འབྱོར་བ་རྒྱས་ཤིང་དད་མདུན་ཆེ་བའི་ཁྱིམ་ཚང་འགས་སྦྱིན་བདག་བྱས་ཏེ། གསར་དུ་གྱན་ཐང་བཅུ་ཐམ་པ་ལེགས་བཞེངས་བྱས། དེ་དག་ནི་འོད་དཔག་མེད་ཀྱི་གྱན་ཐང་གཉིས། ཀུན་རིག་རྣམ་པར་སྣང་མཛད། སྟོན་པ་གཙོ་འཁོར་གསུམ་པ། སློབ་དཔོན་པདྨ་འབྱུང་གནས། སྟོང་བཤགས་ལྷ་སོ་ལྔ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། གདུགས་དཀར། སྒྲོལ་མ། རྣམ་སྲས། དཔལ་ལྡན་ལྷ་མོ་བཅས་བཞེངས་བར་བརྟེན། ཁྱོན་བསྡོམས་གྱན་ཐང་བཅུ་གཉིས་བཞུགས་སོ། སྐུ་རྟེན་ལ་རྣམ་རྒྱལ་མའི་མཆོད་རྟེན་ཆུང་ངུ་ཞིག་དང་། སློབ་དཔོན་པདྨའི་ཟངས་སྐུ་དང་རྗེ་སྐུ་གཅིག་ལ་སོགས་པའི་སྐུ་རྟེན་ལྔ་དྲུག་ཙམ་མཆིས། མཆོད་རྫས་ལ་རྟེན་རྙིང་བྱིན་ཅན་དངུལ་དཀར་གྱི་མཎྜལ་གཅིག་དང་། དུང་དཀར་གཅིག འབུད་རྡུང་བཀྲོལ་གསུམ་གྱི་རོལ་ཆས་ཆ་ཚང་ཞིག་འདུག། དེ་དག་ནི་སྡེ་བ་འདིའི་ཡུལ་མི་ཚོའི་ཕྱག་མཆོད་དང་དགེ་སྒྲུབ་གྱི་དད་པའི་རྟེན་དུ་གྱུར་ནས་ད་བར་དུ་ཉར་ཚགས་དམ་པོར་བྱས་ཏེ་མཆོད་ཡུལ་དུ་གྱུར་ནས་འདུག  དེ་ནས་བཟུང་སྡེ་མི་རྣམས་སྔར་ལས་ལྷག་པའི་བློ་ཁ་རྩེ་གཅིག་ཏུ་ཆོས་ཕྱོགས་ལ་འཁོར་བར་བརྟེན། སྡེ་བའི་སྲུང་བ་འདོན་མཁན་ཡང་མང་དུ་གྱུར། ཆོ་གའི་ཕྱག་ལེན་ཀྱང་སྔར་ལས་མང་དུ་བཏང་། ཨ་ལགས་ཏིང་ཀྱཱ་རིན་པོ་ཆེ་ཡིས་དགོངས་ཚུལ་གསུངས་བ་བཞིན་ཟླ་རེར་ཚེས་བཅུ་འདོན་པའི་སྲོལ་བྱུང་། ཁམས་གསེར་རྟའི་ཕྱོགས་ནས་ཡོང་བའི་བླ་མ་ཐུབ་བསྟན་ཚུལ་ཁྲིམས་མཆོག་གིས་དགོངས་ཚུལ་གསུངས་བ་བཞིན། ཁོང་གི་ཐུགས་བཀོད་ལྟར་དགུན་ཟླ་བཅུ་བའི་ཚེས་ཆེན་བཅོ་ལྔ་ནས་ཉིན་གྲངས་བདུན་ལ་སྡེ་མི་ལྷན་འཛོམས་ཐོག་བདེ་ཆེན་ཞིང་སྒྲུབ་ཚོགས་པའི་སྲོལ་བཟང་བྱུང་། མ་ཎི་ཁང་འདི་ལ་ད་དུང་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་ཞིང་རིན་ཐང་གཞལ་དུ་མེད་པའི་རྟེན་རྫས་ཤིག་ཡོད་པ་ནི། དུས་འཁོར་གྱི་དཀྱིལ་འཁོར་གཅིག་དང་ཀུན་རིག་གི་དཀྱིལ་འཁོར་གཅིག་ཡོད་པ་དེ་གཉིས་ཡིན་ལ། དེ་ནི་སྡེ་བའི་རྟེན་རྫས་རྩ་ཆེ་ཤོས་དེ་ཡིན་པས་སྡེ་བས་ཀྱང་སྔོན་གྱི་འགྲོ་ལུགས་ལྟར་རྡོ་ར་གྲྭ་ཚང་གི་དགེ་འདུན་པ་ཁོ་ནར་གཡར་བ་ལས་གཞན་དུ་གང་ལའང་བེད་སྤྱོད་བྱེད་ཀྱིན་མེད།  དེང་གི་དུས་འདིར་རྒྱལ་ཁབ་གྱི་སྲིད་ཇུས་དང་ཏང་གི་བཀའ་དྲིན་བཟང་བོ་ལ་བརྟེན་ནས་ཆོས་དད་རང་དབང་གི་སྲིད་ཇུས་འོག་ནས། སྡེ་བའི་ནང་དུའང་སྲུང་བ་འདོན་མཁན་ནམ་ཨ་ཁུ་དཔོན་(སྔགས་པ་)ཡང་ཇེ་མང་དུ་འགྲོ་དང་འགྲོ་བཞིན་ཡོད་པའི་སྒང་ཡིན། ད་ལྟ་ཁྱོན་སྡོམ་ཨ་ཁུ་དཔོན་རྒན་གཞོན་ཉི་ཤུ་རྩ་གྲངས་བཞུགས་པ་དང་།  ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་དུ་སོང་བ་དང་བསྟུན་ནས་སྡེ་བའི་རྒན་དར་གཞོན་གསུམ་ལའང་མ་ཎི་ཁང་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་རེ་འདོད་ཤིན་ཏུ་ཆེ་སྟབས། ཚང་མས་གྲོས་ཁ་ཕྱོགས་གཅིག་ཏུ་བསྡུས་ནས་ཡུལ་འདིའི་རེ་སྐྱབས་ཞུ་སའི་ཨ་ལགས་ཏིང་ཀྱཱ་རིན་པོ་ཆེ་ཚང་ལ་ཡར་ཞུ་ཞུས་པ་བཞིན། ཁོང་གིས་ཀྱང་དེ་བཞིན་རེ་བ་དང་དུ་བླངས་ནས་ཐུགས་བསམ་བཞེས་མཐར། མ་ཎི་ཁང་འདི་ལ་མ་འོངས་སྔོན་གཟིགས་ཀྱི་ཚུལ་དུ་མཚན་བཟང་བོབཀྲ་ཤིས་ཆོས་འཕེལ་གླིངཞེས་བཀྲ་ཤིས་ཤིང་ཆོས་འཕེལ་བའི་ཡུལ་ཞིིག་ཏུ་གྱུར་བའི་རྟེན་འབྲེལ་མཚོན་བྱེད་དུ་མཚན་བཟང་བོ་འདི་གསོལ་བ་ཡིན། དེ་ནས་བཟུང་སྡེ་བ་འདིའི་མ་ཎི་ཁང་ལ་སྡེ་མི་ཀུན་གྱིས་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་འབོད་ཀྱིན་ཡོད།

    རྡོ་རའི་མ་ཎི་ཁང་གི་བྱུང་བ་རགས་བསྡུས་འདི་ལ་ཡིག་ཐོག་ནས་རྒྱུ་ཆ་གཅིག་ཀྱང་མ་རྙེད་པས། སྡེ་བའི་རྒན་གྲས་ཨ་ཁུ་གཡང་འབུམ་གཙོ་བྱས་ནས་མྱི་རྒན་རྣམས་ལ་བཀའ་འདྲི་ཞུས་ནས་བྲིས་པ་ཞིག་ཡིན། སྤྱིར་ཁོ་བོ་ནི་འདི་ལྟ་བུའི་ལོ་རྒྱུས་འབྲི་མཁན་ཞིག་རྩ་ནས་མིན་ནའང། ཨ་ཞང་གྲགས་པས་ཡང་དང་བསྐྱར་དུ་སྐུལ་མ་བྱས་སྟབས། རྒན་པོའི་ངག་སྒྲོས་རྣམས་གཞི་ལ་བཞག་ནས་མ་ཎི་ཁང་གི་ངོ་སྤྲོད་ཞིག་གི་ཚུལ་དུ་སྤྱི་ལོ་2018ལོར་སྒོ་མེ་སངས་རྒྱས་ལྷ་མཆོག་གིས་རྩོམ་ཁུལ་བྱས་པ་ཡིན།

Mani Temple Triga མ་ཎི་འཁོར་ལོ
སྒོ་མེ་རྡོ་རའི་མ་ཎི་ཁང་།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author སྒོ་མེ་སངས་རྒྱས་ལྷ་མཆོག
Year published 2021
Language Tibetan
Subjects
Places
Terms
UID mandala-texts-64231
DOI