༄༅། །ཡོན་ཏན་གྱི་ཡོན་ཏན་འདིར་སྦས་པ་འཛིངས་ཕྱོགས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་། ཀུན་མཁྱེན་བླ་མ་གཏེར་ཆེན་ཡབ་སྲས་ལྷན་རྒྱས་པས་གནས་ཞལ་ཕྱེས་ཤིང་ཟབ་གཏེར་ཡང་བཞེས།
༄༅། །རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ ཀུན་བཟང་པདྨ་སམྦྷ་བའི༔ དབྱིངས་དང་ཡེ་ཤེས་ཟུང་འཇུག་པ༔ རིག་རྩལ་ཐིག་ལེའི་ཆོ་འཕྲུལ་ལས༔ ཚོགས་བརྒྱད་རྣམ་པར་དག་པ་ཡི༔ བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད༔ འདུས་པ་ཆེན་པོའི་དཀྱིལ་འཁོར་ཤར༔ ལྷ་དང་སྔགས་དང་ཏིང་འཛིན་ནི༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་གར༔ འོག་མིན་ངེས་པ་ལྔ་ལྡན་ཞིང༔ བོད་ཀྱི་ཡུལ་དུ་འཕོས་པ་ནི༔ སྦས་ཡུལ་ཤངས་ཀྱི་ཟབ་བུ་ལུང༔ སྒོ་གསུམ་ལུང་བདུན་ཟབ་དབེན་དགུ༔ བདེ་གཤེགས་འདུས་པའི་རྩུབ་འགྱུར་དཔུང༔ ཟིལ་གནོན་ཁྲག་འཐུང་རོལ་པའི་གྲོང༔ ངོ་མཚར་འགྲན་ཟླ་བྲལ་བར་བཞུགས༔ དེ་ལས་ཡེ་ཤེས་རིགས་བཞིའི་འཕྲུལ༔ འགག་མེད་ཆུ་ཟླའི་གཟུགས་བརྙན་ལྟར༔ གངས་ཅན་ཕྱོགས་བཞིར་སྣང་བ་ལས༔ ཤར་ཕྱོགས་འགྲོ་འདུལ་སྤྲུལ་པའི་ཞིང༔ ཡོན་ཏན་བསྔགས་པ་མཐའ་ཡས་པའི༔ སྦས་གནས་ཀུན་གྱི་གཙོ་བོ་ནི༔ བདེ་བར་གཤེགས་པ་འདུས་པའི་རྫོང༔ དཔའ་བོ་མཁའ་འགྲོ་འདུ་བའི་ཤོད༔ ཉི་ཤུ་རྩ་བཞིའི་བཀོད་པ་ཅན༔ ལྷ་བཙན་ཀླུ་ཡི་སྲུང་མ་ཡིས༔ སྦས་ཏེ་སྲུང་བའི་ཞིང་ཁམས་ཡོད༔ དེ་ལ་འཇུག་པའི་སྒོ་གསུམ་སྟེ༔ སྐུ་གསུང་ཐུགས་ཀྱི་འཁོར་ལོའི་ཚུལ༔ ཕྱོགས་མཚམས་རྡོ་རྗེའི་བྲག་སྐྱིབས་དང༔ རང་བྱུང་ཆུ་མིག་ལྗོན་པའི་ཤིང༔ ཛ་ལནྡྷ་ར་ལ་སོགས་པ༔ བཀོད་པ་བརྒྱད་ཚན་གསུམ་གྱི་དབུས༔ འདབ་བརྒྱད་པདྨ་རི་ཡི་སུལ༔ གྲུབ་པའི་རིག་འཛིན་རྣམ་བརྒྱད་དང༔ བདེ་གཤེགས་བརྒྱད་ཀྱི་ཚོགས་ཁང་དབུས༔ ཀུན་འདུས་དཔལ་གྱི་ཕོ་བྲང་ནི༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ རྩ་གསུམ་དལ་འབབ་ཆུ་བོའི་ཚུལ༔ རྡོ་རྗེའི་སྐུ་དང་འགག་མེད་གསུང༔ བདེ་ཆེན་ཐུགས་དང་ཡོན་ཏན་རྒྱན༔ ཕྲིན་ལས་ཐོགས་པ་མེད་པའི་རྩལ༔ འཁོར་ལོ་ལྔ་ལྡན་ཕུག་པའི་དབྱིབས༔ དེ་ན་རང་བྱུང་ཧེ་རུ་ཀའི༔ རྣམ་པར་འཕྲུལ་པ་དཔག་ཡས་ཀྱི༔ ཕྱག་རྒྱ་སྔགས་དང་ཡེ་ཤེས་ཀྱི༔ མཚན་མ་རང་བྱུང་ཚུལ་དུ་བཞུགས༔ ཁྱད་པར་ཙིཏྟ་གསང་བའི་སྦུབས༔ ཡ་མཚན་ཤེལ་གྱི་གཞལ་མེད་ཁང༔ རྡོ་རྗེ་ཚེ་ཡི་ཆུ་རྒྱུན་དང༔ དངོས་གྲུབ་རྫས་ཀྱིས་མཚན་པ་ན༔ ཡེ་ཤེས་ཆེན་པོའི་གཏེར་གྱི་བཅུད༔ བསམ་ཡས་བརྗོད་པ་ཀུན་གྱི་གཞི༔ ཀུན་འདུས་ཀུན་ལ་ཁྱད་པར་འཕགས༔ ཀུན་གྱི་སྤྱི་དྲིལ་ཆེན་པོ་བཞུགས༔ དེ་ལྟ་བུ་ཡི་བྱིན་རླབས་ཀྱིས༔ ས་གཞི་ལྷུན་ཆགས་རྒྱས་པ་དང༔ ཡི་དམ་བྱང་སེམས་ཞི་དང་ཁྲོའི༔ བཀོད་པ་དུ་མ་བསམ་མི་ཁྱབ༔ རྡོ་རྗེའི་བྲག་ལ་རིག་པ་འཛིན༔ བླ་མའི་ཕྱག་ཞབས་རྗེས་མང་དང༔ ཡི་དམ་ཞི་ཁྲོའི་ལྷ་དང་སྔགས༔ ཌཱཀྐིའི་ཐུགས་ཀྱི་མཚན་མ་སྣང༔ རང་བྱུང་ཆུ་མིག་དཀར་དམར་ནི༔ མྱོང་གྲོལ་ཐབས་ཤེས་རྫས་ཀྱི་ཚུལ༔ མེ་ཤེལ་ཉི་མའི་འཆར་ཚུལ་དང༔ འབྱུང་བའི་རླུང་ཁམས་འཁྱིལ་པ་ཡིས༔ ཚེ་དང་ནོར་གྱི་གཡང་ཞག་འཁྱིལ༔ དངོས་གྲུབ་ཆུ་མིག་དུ་མ་དང༔ ཡ་མཚན་དཔག་བསམ་ལྗོན་པའི་ཤིང༔ རིན་ཆེན་འབར་བའི་ས་འཛིན་དང༔ ནོར་བུ་རྡོ་ལེབ་བཀམ་པ་ཡིས༔ ཚེ་དང་འབྱོར་པ་ཡིད་དུ་འོང༔ ཉམས་ཆག་སྐོང་དང་མཐུ་དབང་སྩོལ༔ གཤིན་རྗེ་དུས་ཀྱི་མེ་ལྕེའི་གྲོང༔ གནམ་ལྕགས་འབར་བའི་ཕུག་པ་ན༔ དྲག་སྔགས་མཐུ་དང་ལྡན་པ་ཡིས༔ གདུག་པ་མ་ལུས་ཚར་ཐག་གཅོད༔ སྲུང་མ་ལྷ་ཆེན་ཕྱག་བཞི་པ༔ རྡོ་བའི་ཕུག་ལ་བརྟེན་ཏེ་གནས༔ དབང་གི་ལྷ་མོ་ཙཎྜི་ཀ༔ རཀྟའི་རྫིང་བུར་ལུས་ཕྱེད་ཐོན༔ ཅི་བགྱིའི་བཀའ་ཉན་གིང་ཀ་ར༔ བྱང་ཕྱོགས་དུར་ཁྲོད་ཆེན་པོར་འདུ༔ ངོ་མཚར་ཁྱད་འཕགས་གྲོང་ཁྱེར་དེར༔ དཔའ་བོ་ཌཱཀྐིའི་ཚོགས་རྣམས་ཀུན༔ མར་ངོའི་ཚེས་བཅུར་ལྷག་པར་འདུ༔ བྱ་གཅན་ཤ་གཟན་གདུག་པའི་ཚུལ༔ ཆོ་འཕྲུལ་རྣམ་པ་ཅིར་ཡང་སྟོན༔ དེར་ནི་དྲོད་ཐོབ་རྣལ་འབྱོར་པས༔ བརྟུལ་ཞུགས་སྤྱོད་པ་བསྐྱངས་པ་ན༔ མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེའི༔ ཡེ་ཤེས་རྩོལ་མེད་རང་ལས་ཤར༔ སྙིང་པོ་ཐུགས་ཀྱི་ཕོ་བྲང་དུ༔ ཟབ་དོན་སྒྲུབ་པའི་སྡེ་ཚུགས་ན༔ བོད་ཡུལ་བསྟན་འགྲོ་ཐམས་ཅད་དང༔ རྟོགས་པའི་བསྟན་པ་ཡུན་དུ་གནས༔ དད་པ་ཅན་གྱི་སྐྱེ་བོ་རྣམས༔ གནས་འདི་མཐོང་བ་ཙམ་གྱིས་ཀྱང༔ སྣང་བ་འགྱུར་ཞིང་འདོད་བློ་ཞིག༔ ཕྱག་དང་བསྐོར་བ་སུས་བྱས་པ༔ ལུས་ཀྱི་སྡིག་པ་ཐམས་ཅད་དག༔ གསོལ་འདེབས་བཟླས་བརྗོད་བརྩོན་པ་ཡིས༔ ངག་གི་སྒྲིབ་པ་རང་སར་ཞི༔ མོས་གུས་ཆེན་པོས་གསོལ་བཏབ་ན༔ བྱིན་བརླབས་ཞུགས་ཤིང་ཉམས་རྟོགས་འཆར༔ ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ ཐུན་མོང་དངོས་གྲུབ་རྩོལ་མེད་འབྱུང༔ འཁོར་ལོའི་འདུ་བར་སུས་སྤྱོད་པ༔ རྟེན་དེས་ཟུང་འཇུག་གོ་འཕང་འགྲུབ༔ སྲུང་དང་ཞི་རྒྱས་དབང་དྲག་ལས༔ གང་བརྩམས་ཐོགས་པ་མེད་པར་འཆར༔ གཞན་ཡང་རྡོ་རྗེའི་ལམ་ཞུགས་པས༔ ཐར་པ་ཆེན་པོའི་རྟེན་འབྲེལ་འགྲིགས༔ བདུད་རྩིའི་རྒྱུན་ལ་ཁྲུས་བྱས་པས༔ སྒྲིབ་པ་དག་ཅིང་ཚོགས་ཆེན་རྫོགས༔ བྱང་ཆུབ་ཤིང་དྲུང་མཉམ་བཞག་ན༔ སྤྱན་དང་མངོན་ཤེས་རྩོལ་མེད་འབྱུང༔ ཤར་ཕྱོགས་རྡོ་རྗེའི་ཕུག་པ་རུ༔ བསྒོམ་ན་བསྐྱེད་རིམ་དྲོད་རྟགས་མྱུར༔ ལྷོ་ཕྱོགས་བདུད་རྩིའི་ཁྲུས་ཁང་དུ༔ རྩ་རླུང་གཏུམ་མོའི་བདེ་དྲོད་འཆར༔ ནུབ་ཕྱོགས་དབང་གི་བྲག་སྐྱིབས་སུ༔ ཐབས་ལམ་ཟབ་མོའི་བརྟུལ་ཞུགས་རྫོགས༔ བྱང་ཕྱོགས་ཤེལ་གྱི་གསང་ཕུག་ཏུ༔ མཉམ་པར་བཞག་པས་ཀ་དག་རྟོགས༔ སེང་གེ་དྲེགས་པས་བསྒྱིངས་པའི་ཐོད༔ རྡོ་རྗེ་སེམས་དཔའི་མེ་ལོང་ཡོད༔ དེར་ནི་མངོན་སུམ་རིག་པའི་གནད༔ གཟིར་ན་སྣང་བཞིའི་རྩལ་ཆེན་རྫོགས༔ དབུས་མཐིལ་ཌཱ་ཀྐིའི་བྲོ་ར་རུ༔ རྡོ་རྗེའི་གར་དང་རྡོ་རྗེའི་གླུ༔ རྡོ་རྗེའི་ལྟ་བས་རབ་བལྟས་ན༔ དཔའ་བོ་མཁའ་འགྲོའི་ཡིད་བསྒུལ་ཞིང༔ ཉེ་རྒྱུད་སྤྱོད་པའི་གྲོགས་མཛད་དེ༔ ཕྱི་ནང་ཀུན་ཏུ་དགེ་ལེགས་འབྱུང༔ མདོར་ན་མཐོང་ཐོས་དྲན་རེག་དང༔ བཟང་ངན་ལས་ཀྱིས་འབྲེལ་པ་ཀུན༔ རྣམ་པ་ཀུན་ཏུ་དོན་ལྡན་པའི༔ རྡོ་རྗེ་གསང་བ་མཆོག་གི་གྲོང༔ དེ་དང་དེ་ཡི་ཡན་ལག་ཀྱང༔ ཡང་དག་གྲུབ་པའི་ཕོ་བྲང་དང༔ གནོད་སྦྱིན་གཏེར་འཆང་རོལ་པའི་ཞིང༔ པདྨ་ཚེ་ཡི་གསང་ཕུག་དང༔ རྡོ་རྗེ་ཁྲོ་བོ་འཆོལ་པའི་གྲོང༔ ཕྱོགས་ཀྱི་འདབས་འབྱོར་རྣམས་སུ་ཡོད༔ ཀུན་ཀྱང་ངོ་མཚར་རབ་འབྱམས་ཕྱིར༔ མ་འོངས་སྤྲུལ་པའི་སྐྱེས་བུ་ཡིས༔ རྟེན་འབྲེལ་ཟབ་མོས་སྒོ་ཕྱེས་ན༔ ལྷ་ཡི་མེ་ཏོག་ཆར་འབེབས་ཤིང༔ ཀླུ་ཡིས་སྣོད་བཅུད་འབྱོར་པ་སྤེལ༔ མི་རྣམས་བདེ་སྐྱིད་དཔལ་ལ་སྤྱོད༔ གང་འབྲེལ་ཐུན་མོང་དངོས་གྲུབ་དང༔ མཆོག་གི་ཡེ་ཤེས་ལྷུན་གྱིས་གྲུབ༔ བཀྲ་ཤིས་དགེ་ལེགས་ཡུན་དུ་གནས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཞེས་སྤྲུལ་པའི་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པ་དང་།པདྨ་འོད་གསལ་མདོ་སྔགས་གླིང་པ་ཟུང་གིས་གཏན་ལ་ཕབ་ཅིང་།པདྨ་གར་གྱི་དབང་ཕྱུག་གཡུང་དྲུང་གླིང་པ་རྩལ་གྱིས་ཡི་གེར་བྲིས་པ་འབྲེལ་ཚད་དོན་དང་ལྡན་པའི་ཕྲིན་ལས་མཁའ་ཁྱབ་ཏུ་འཕེལ་ཞིང་རྟག་པའི་རྒྱུར་གྱུར་ཅིག
མཆན། གནས་ཡིག་འདི་ནི་མཆོག་གྱུར་གླིང་པའི་བཀའ་འབུམ་ཁྲོད་ཀྱི་ཁི་པོད་ལས་ཞལ་
བཤུས་པའོ། །
༄༅། །རིགས་ཀུན་ཁྱབ་བདག་མཚོ་སྐྱེས་རྗེའི། །རྣམ་རོལ་དཔལ་ཆེན་སྒྲུབ་སྡེ་བརྒྱད། །ཌཱཀྐིའི་ཆོས་སྲུང་ལ་བཏུད་དེ། །ངོ་མཚར་གནས་ཀྱི་ལོ་རྒྱུས་དབྱེ། །རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་དབུ་རྩེར་འཇམ་དཔལ་སྐུ་ཡི་གནས། དེའི་དབུ་རྩེར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་གཤིན་རྗེའི་སྒྲུབ་ཕུག་གཡས་སུ་དྲན་པ་གསང་ཕུག བྲག་དཀར་རྩེ་མཐོན་འོག་ཏུ་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག དེ་འོག་ཤུད་བུ་དཔལ་སེང་སྒྲུབ་ཕུག དེ་འོག་རི་སྤང་མཚམས་སུ་འོ་དྲན་དཔལ་གྱི་དབང་ཕྱུག རྒྱལ་བ་བྱང་ཆུབ། ལྷ་ལུང་དཔལ་གྱི་རྡོ་རྗེ་རྣམས་ཀྱི་སྒྲུབ་ཕུག་བཅས། གསུང་གནས་མདུན་ངོས་སུ་རྒྱལ་བ་མཆོག་དབྱངས་ཀྱིས་དབང་ཆེན་རྟ་མགྲིན་སྒྲུབ་ཕུག གཡས་ཕྱོགས་སུ་པཎ་ཆེན་བཱི་མས་སྒྲོལ་དཀར་སྒྲུབ་ཕུག དེ་འོག་མཚོ་རྒྱལ་གསང་ཕུག་བཅས། ཐུགས་གནས་དབུས་སུ་ཡང་དག་ཚོགས་ཁང་ཆེན་མོ་ཟླ་གམ་སྒོ་གཅིག་པའི་གཟུགས། ཕུག་པའི་ཀླད་དུ་ལྷ་ལྕམ་མནྡ་ར་བས་བྱིན་གྱིས་བརླབས་པའི་ཕུག་པ། གཡས་ངོས་སུ་ཡེ་ཤེས་དབྱངས་ཀྱི་སྒྲུབ་ཕུག གཡོན་ངོས་སུ་གནུབས་ཆེན་ནམ་མཁའི་སྙིང་པོའི་སྒྲུབ་ཕུག ཡོངས་གྲགས་ཙིཏྟ་གསང་ཕུག་དང་བཻ་རོའི་སྒྲུབ་ཕུག་བཅས། ཡོན་ཏན་གནས་རྫོང་ཆེན་གྱི་མདུན་ངོས་སུ་གཉགས་ཆེན་ཛྙཱ་ནས་བདུད་རྩི་ཡོན་ཏན་སྒྲུབ་ཕུག ཤར་ངོས་སུ་བཱི་མས་བྱིན་གྱིས་བརླབས་པའི་ཕུག་པ། རྩེ་ལོགས་སུ་སོག་ལྷ་དཔལ་གྱི་སྒྲུབ་ཕུག ནུབ་ངོས་ཀྱི་བྲག་རྩ་ན་རྨ་ཐོག་རིན་ཆེན་སྒྲུབ་ཕུག བྱང་ངོས་སུ་གཡུ་སྒྲ་སྙིང་པོ་དང་། ཁྱེའུ་ཆུང་ལོ་ཙཱའི་སྒྲུབ་ཕུག་བཅས། ཕྲིན་ལས་གནས་ཀྱི་ལྷོ་ངོས་སུ་སྣ་ནམ་རྡོ་རྗེ་བདུད་འཇོམ་གྱིས་རྡོ་རྗེ་ཕུར་པའི་སྒྲུབ་ཕུག དེའི་ལྟག་ངོས་སུ་ལང་འགྲོ་དཀོན་མཆོག་འབྱུང་གནས་ཀྱི་གསང་ཕུག་བཅས། དབུས་ཀྱི་དཔལ་དེའུ་རྩེ་ལྔ་པ་ཅན་གྱི་མདུན་ངོས་སུ་ཆོས་རྒྱལ་ཁྲི་སྲོང་གིས་བཀའ་བརྒྱད་སྒྲུབ་ཕུག གཡོན་ངོས་སུ་ལྷ་སྲས་མུ་རུབ་ཀྱི་སྒྲུབ་ཕུག་བཞུགས། སྐུ་གནས་གཡོན་ངོས་ཀྱི་བྲག་རྩེའི་ངོས་རྣམ་སྣང་རྡོ་རྗེ་སེམས་དཔའི་སྐུ་རང་བྱོན་འཇའ་གུར་གྱི་ནང་དུ་བཞུགས་པ། གསུང་གནས་སྦས་ཕུག་གི་སྟེང་བྲག་བྱང་བསྟན་ངོས་སུ་རྟ་ཕག་རང་བྱོན། ལྷོ་ཕྱོགས་བྲག་གདོང་ངོས་སེང་གདོང་དམར་མོ་ཕུད་ཤམ་ཅན་གྱི་སྐུ། སྒྲོལ་དཀར་སྒྲུབ་ཕུག་གི་འགྲམ་དུ་ཨུ་ཏྭ་མའི་སྡོང་བོ་དང་ཏཱི་ལིག་རང་བྱོན། འདོན་ངོས་ལམ་སྟག་བྲག་གདོང་དུ་གུ་རུ་ཡབ་ཡུམ་གྱི་ཞབས་རྗེས། འབྲུ་གསུམ་རང་བྱོན་བཅས་ཐུགས་གནས་ཡང་དག་ཚོགས་ཁང་ཆེན་མོའི་སྟེང་ངོས་གཡོན་ཕྱོགས་ལ་རྡོ་རྗེ་སེམས་དཔའི་སྐུ་བརྙན་རང་བྱོན། ཚོགས་ཁང་ནང་ལོགས་གཡོན་ངོས་སུ་རལ་གྲི་རང་བྱོན། རྒྱབ་ངོས་ཀྱི་བྱང་ཕྱོགས་སུ་ཚེ་བུམ་རང་བྱོན། འོག་ངོས་ཕུག་ལོགས་སུ་ནམ་སྙིང་ཕྱག་ཞབས་ཀྱི་རྗེས། ཙིརྟ་གསང་ཕུག་གི་སྟེང་དུ་ཕྱག་རྡོར་རང་བྱོན་བཅས། རྫོང་ཆེན་བྲག་གི་ནུབ་ངོས་གཡས་ཕྱོགས་སུ་ཆེ་མཆོག་རང་བྱོན་དབུ་ཉི་ཤུ་རྩ་གཅིག་ཤིན་ཏུ་གསལ་བ། དེའི་གཡོན་གྱི་བྲག་ངོས་སུ་བཀའ་བརྒྱད་ཕོ་བྲང་གླིང་དགུ། མདུན་འོག་ཏུ་བདུད་རྩི་ཁྲོ་མཁར་བཅས། ཕྲིན་ལས་གནས་ཀྱི་འོག་ཏུ་ལྷ་མོ་ཙནྜི་ཀ་རཀྐའི་རྫིང་ནས་སྐུ་ཕྱེད་ཐོན་པའི་ཚུལ། གནས་ལྔ་གཙོ་བོར་གྱུར་པའི་ཕྱོགས་མཚམས་རྣམས་སུ་བཀའ་རྟགས་ཡིག་འབྲུ། ཕྱག་མཚན་ཕྱག་ཞབས་ཀྱི་རྗེས་གསལ་དང་མི་གསལ་གནས་ཡིག་རྒྱས་པ་རྣམས་སུ་འཁོད་པ་ལྟར་མང་དུ་བཞུགས། གསུང་གནས་ལམ་ཆེན་འགྲམ་དུ་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་ཞབས་རྗེས་འཐོར་བུ་བ་མང་། ལྕམ་མོའི་མདུན་ངོས་སྐུ་གནས་གཡས་ཕྱོགས་བྲག་དཀར་ངོས་སུ་བྱང་ཆུབ་མཆོད་རྟེན་ཤིན་ཏུ་གསལ་བ། གནས་ཆེན་ལྔ་ཡི་མདུན་ངོས་སུ་མཁའ་འགྲོའི་བྲོ་ར་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ན་ཕན་ཡོན་ཁྱད་པར་ཅན་ཐོབ་པ་བཅས་བཞུགས། མཐའ་བསྐོར་རྒྱས་པ་ལ་ཡིག་དྲུག་དུང་ཕྱུར་བརྒྱ། མཐའ་བསྐོར་བསྡུས་པ་ལ་དུང་ཕྱུར་ལྔ་བཅུ། ནང་གི་ལྔ་བསྐོར་ལ་དུང་ཕྱུར་ཉེར་ལྔ། ནང་བསྐོར་ལ་དུང་ཕྱུར་བདུན་གྱི་འགྱུར་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་རྡོ་རྗེའི་ལུང་དོན་ལྟར་དུས་རྒྱུན་ཡོད་པ་ཡིན་ཞིང་། ཁྱད་པར་ཡོས་ལོ་ནམ་ཤར་དུ་དུར་ཁྲོད་བརྒྱད་དང་། གནས་ཆེན་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་ཡོད་པས། ཕྱག་བསྐོར་མཆོད་འབུལ་ཚོགས་འཁོར་སོགས་དགེ་བ་བྱས་ཚད་གོང་སྨོས་འགྱུར་ལས་བརྒྱ་སྟོང་དུ་ལྷག་པར་འགྱུར་རོ།།ཞེས་པའང་།སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཟིགས་སྣང་ཇི་ལྟར་ཤར་བ་དང་། རང་ཉིད་ཀྱིས་མཐོང་བའི་གྲུབ་པའི་རིམ་པ་མདོར་བསྡུས་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་དང་རིག་འཛིན་ལས་རབ་གླིང་པ་ཟུང་གིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ། བཀྲ་ཤིས་པར་ཤོག བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །
༄༅། །སངས་རྒྱས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྗེ་བཙུན་བླ་མ་མཆོག །དབྱེར་མེད་སྙིང་གི་པདྨོར་རྟག་བཞུགས་ནས། །གསོལ་འདེབས་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ། །བཀྲ་ཤིས་དགེ་བའི་གནས་མཆོག་ཁྱད་པར་ཅན། །དབེན་ཅིང་ཉམས་དགའ་བྱིན་རླབས་ཟིལ་ཆེན་ཆགས། །རྣལ་འབྱོར་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས། །འགལ་རྐྱེན་མི་མཐུན་ཕྱོགས་རྣམས་ངང་གིས་ཉུང་། །བདེ་གཤེགས་ཞི་ཁྲོ་བཞུགས་པའི་རྫོང་ལྔ་ལ། །དཔའ་བོ་མཁའ་འགྲོ་འདུ་བའི་ཤོད་ཀྱིས་བརྟེན། །འདི་ཡི་ངོ་མཚར་བཀོད་པ་འགྲན་དུ་མེད། །ཕྱི་ལྟར་ས་འཛིན་ལྷུན་ཆགས་ཀུན་ནས་བསྐོར། །རྩེ་མོ་མཐོན་པོ་དགུང་སྔོན་དབྱིངས་སུ་བསྙེགས། །བཻཌཱུརྱ་འདྲ་ཆུ་འཛིན་བླ་བྲེ་བྲེས། །དེ་ལས་བདུད་རྩིའི་ཆར་ཟིལ་རྟག་ཏུ་འཕེལ། །སྤང་ལྗང་ནེའུ་གསེང་གཡུ་ཡི་མཎྜལ་བཞིན། །རིན་ཆེན་མེ་ཏོག་ཚོམ་བུའི་ཕྱུར་བུར་བཀང་། །འཚོ་བྱེད་སྨན་གྱི་ལྗང་བུས་རི་ཀླུང་ཁྱབ། །ཤེལ་གྱི་བྲག་རི་བྱེ་རུའི་མདངས་ཀྱིས་མཛེས། །དབྱིབས་ལེགས་ཕུག་པ་ལྷ་ཡི་ཁང་བཟང་འདྲ། །ངོ་མཚར་ས་རྡོའི་ཁྱད་པར་ཅི་ཡང་བརྡོལ། །མཐའ་སྐོར་ལྗོན་པའི་དགའ་ཚལ་སྟུག་པོ་ལ། །ཡིད་འོང་རི་དྭགས་ཕོ་མོ་བག་ཡངས་རྒྱུ། །དྲི་བཟང་རྐང་འཐུང་བསུང་ཞིམ་ངད་པ་ལྡངས། །ལྷ་བྱ་སྣ་ཚོགས་མགྲིན་པའི་པི་ཝཾ་རྡུང་། །མཛེས་པའི་བྱེའུ་ཆུང་སྐད་སྙན་གླིང་བུ་སྒྱུར། །དྭངས་བསིལ་རྙོག་མེད་འབབ་ཆུ་གཙང་མའི་རྒྱུན། །ལྷུང་ལྷུང་སྒྲ་སྙན་སྒྲོག་ཅིང་གཡས་གཡོན་འབབས། །གཉུག་མར་གནས་པའི་མི་དང་མི་མ་ཡིན། ཆོས་ལ་དད་ཅིང་དཀར་པོའི་ཕྱོགས་ལ་དགའ། །ས་ཡི་དཔྱད་ལེགས་ཡུལ་གྱི་དགེ་བཅུ་ཚང་། །ནང་ལྟར་མདོ་ཁམས་ཡོན་ཏན་གནས་ལྔ་འདུས། །གོང་དུ་སྐུ་མཆོག་འཇམ་དཔལ་ཞི་ཁྲོའི་གནས། །འབྲི་ཆེན་གཉན་ལྡང་གང་ཡོད་འདི་ལ་ཚང་། །དེ་འོག་གསུང་མཆོག་པདྨ་ཞི་ཁྲོའི་གནས། །ཛཾ་ནང་པདྨ་ཤེལ་ཕུག་དངོས་དང་འདྲ། །དབུས་སུ་ཐུགས་མཆོག་རྡོར་སེམས་ཞི་ཁྲོའི་གནས། །ཙཱ་འདྲ་རིན་ཆེན་བྲག་དང་ཁྱད་པར་མེད། །གཡོན་དུ་རྫོང་ཆེན་ཆེ་མཆོག་ཡོན་ཏན་གནས། །ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་བཀོད་པ་རྫོགས། །གཡས་འོག་ཕྲིན་ལས་རྡོ་རྗེ་ཕུར་པའི་གནས། །སེང་ཆེན་རྣམ་བྲག་ཇི་ལྟ་བ་རུ་བཞུགས། །དབུས་མདུན་བཀྲ་ཤིས་དཔལ་གྱི་དེའུ་ནི། །གནས་ཀྱི་སྙིང་པོ་ས་ཡི་འཛེར་བུ་གཉན། །མྱོང་གྲོལ་རྫས་མཆོག་ཐབས་ཤེས་ཆུ་མིག་ཟུང་། །མཁའ་འགྲོ་ཚོགས་ལ་རོལ་པའི་དུར་ཁྲོད་མཆོག །རྦོད་གཏོང་དྲེགས་པ་དྲག་སྔགས་གནས་རྣམས་ཀྱང་། །ཕྱི་སྐོར་རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ། །ཉམས་དགའ་བག་ཕེབས་རིག་པ་ཤིན་ཏུ་དྭངས། །སྡོད་ན་སེམས་སྤྲོ་སྒོམ་ན་ཏིང་འཛིན་འཕེལ། །ཤར་ཕྱོགས་ཡང་ལེ་ཤོད་དང་ལྷོར་གྲོ་ལོད། །ནུབ་ཕྱོགས་འཆི་མེད་ཚེ་དང་བྱང་རྣམ་སྲས། །གཞན་ཡང་ཁྱད་འཕགས་གནས་རིའི་ཕྲེང་བས་བསྐོར། །ངོ་མཚར་བཀོད་པ་དུ་མས་ཀུན་ཏུ་བརྒྱན། །རང་བྱུང་མི་འདྲ་ཆེད་དུ་བཅོས་པ་འདྲ། །གཅིག་ལ་ཀུན་ཚང་གང་འདོད་ལྷུན་གྱིས་གྲུབ། །གསང་བ་ཤངས་ཀྱི་ཟབ་ལུང་གཉིས་པ་སྟེ། །གསང་ཆེན་རོལ་པའི་ཕོ་བྲང་ཉིད་དང་མཚུངས། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་དངོས་སུ་བཞུགས། །བླ་མ་རིག་འཛིན་ཡེ་ཤེས་སྐུ་ཅན་རྣམས། །གཤེགས་བཞུགས་བྲལ་བ་མེ་ལོང་གཟུགས་བཞིན་སྣང་། །བདེ་གཤེགས་རྒྱལ་བ་ཞི་ཁྲོ་གཙོ་དང་འཁོར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཚོམ་བུར་བཀྲ། །གནས་ཡུལ་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འཐིབས། །ཁྱད་པར་དུས་སུ་ཚོགས་ཀྱི་འདུ་བར་སྤྱོད། །དཔལ་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་སོགས། །ཆོས་གཏེར་སྲུང་མས་རྟག་ཏུ་མེལ་ཚེ་མཛད། །འབའ་རྒྱལ་མཆེད་གསུམ་རིགས་གསུམ་མགོན་པོ་ཡི། །ཡང་སྤྲུལ་བཀའ་སྡོད་བདུད་བཙན་ཀླུ་ཡི་ཚུལ། །ལྕམ་མོ་སྤུན་གསུམ་ཀུན་འཁྱིལ་མཆེད་གསུམ་འཕྲུལ། །དཀར་པོའི་ཕྱོགས་སྐྱོང་སྒྲུབ་པའི་མཐུན་རྐྱེན་སྤེལ། །འཆི་མེད་གྲུབ་པའི་དྲང་སྲོང་བསམ་གཏན་མཛད། །ལྷ་ཀླུ་རྣམས་ཀྱིས་དུས་སུ་བཀུར་སྟི་བྱེད། །སྔོན་དུས་གུ་རུ་ཡབ་ཡུམ་རྗེ་འབངས་ཚོགས། །དངོས་སུ་ཞབས་བཅགས་སྒྲུབ་གནས་བྱིན་གྱིས་བརླབས། །ཟབ་མོའི་གཏེར་སྦས་བཀའ་སྲུང་གཉན་པོ་བསྐོས། །བར་དུ་སྤྱན་རས་གཟིགས་དངོས་ཀརྨ་པ། །རྫུ་འཕྲུལ་བཀོད་པས་ཕེབས་ནས་སྒྲུབ་གནས་མཛད། །ཕྱིས་སུ་རིག་འཛིན་ཀློང་གསལ་སྙིང་པོས་ཀྱང་། །ཡེ་ཤེས་དགོངས་པའི་རྩལ་གྱིས་བྱིན་ཆེན་ཕབ། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་བཅས། །ལྷན་རྒྱས་ཕེབས་ཏེ་བཀའ་འདུས་སྒྲུབ་ཆེན་བཙུགས། །སྣོད་བཅུད་ཡེ་ཤེས་ཆེན་པོའི་འཁོར་ལོར་བསྒྱུར། །གུ་རུའི་ཞབས་བསྟན་སྙན་བརྒྱུད་གདམས་པ་གསན། །སྤྲུལ་པའི་བརྡ་ཡིག་ཤོག་སེར་གཏན་ལ་ཕབ། །ཟབ་མོའི་གཏེར་བཞེས་གནས་ཞལ་འབྱེད་པ་སོགས། །བསྟན་འགྲོ་ཕན་བདེ་རྒྱས་པའི་རྟེན་འབྱུང་ཤར། །དེང་སང་ཁོ་བོས་རྒྱལ་ཁམས་སྤྱི་བྱེ་བྲག །བདེ་ལེགས་བཙས་སུ་སྒྲུབ་པའི་ཁང་བཟང་དང་། །སྐུ་གསུང་ཐུགས་རྟེན་གནད་དུ་འགྲོ་བ་བཞེངས། །ས་ཡི་མེ་བཙའ་ལུང་དང་མཐུན་པ་བཏབ། །རྒྱལ་བས་བསྔགས་པའི་དབེན་གནས་ཉམས་རེ་དགའ། །སྙིང་ནས་དམ་ཆོས་སྒྲུབ་པའི་གནས་སུ་བཟང་། །རྣམ་གཡེང་འདུ་འཛིའི་རྐྱེན་དང་རྒྱང་ཐག་རིང་། །བསམ་གཏན་བསྒོམ་ན་ཏིང་འཛིན་འདི་རུ་འཕེལ། །གནས་ཀྱིས་གང་ཟག་བྱིན་གྱིས་རློབས་པར་ནུས། །བསྙེན་སྒྲུབ་འདོད་ན་ཆུ་ཤིང་མཐུན་རྐྱེན་བཟང་། །མཐའ་གཉིས་སྤངས་པའི་བསོད་སྙོམས་བཙལ་བ་སླ། །ཚོགས་འཁོར་བསྐོར་ན་མཁའ་སྤྱོད་གསང་ལམ་བགྲོད། །ཚོགས་མཆོད་ཙམ་གྱིས་བསོད་ནམས་ཚོགས་ཆེན་རྫོགས། །སྙེམས་བྱེད་གཅོད་ན་ཚར་ཀློང་འགྲིགས་པར་སླ། །ཚེ་ཐར་ཕུལ་ན་དུས་མིན་འཆི་ལས་ཐར། །ཕྱག་སྐོར་བྱས་ན་ནད་གདོན་སྡིག་སྒྲིབ་བྱང་། །དར་ལྕོག་རླུང་རྟས་བསོད་ནམས་དབང་ཐང་རྒྱས། །དགེ་སྡིག་གང་བྱས་འབུམ་ཕྲག་ཉིད་དུ་འགྱུར། །དད་པས་འབྲེལ་ཐོགས་ཙམ་ཡང་དོན་དང་ལྡན། །ངོ་མཚར་རྨད་བྱུང་གནས་མཆོག་ཁྱད་པར་ཅན། །ཡ་མཚན་ཚུལ་ལ་ཕྱོགས་ཙམ་བསྟོད་པའི་མཐུས། །རྩ་གསུམ་རྒྱལ་བ་དབྱིངས་ནས་ཐུགས་དགྱེས་ཏེ། །དབང་དང་བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབ། །སྲུང་མ་མཉེས་པའི་དགེ་མཚན་འཛུམ་ཟེར་གྱིས། །ཉིན་དང་མཚན་མོར་བུ་བཞིན་རྟག་ཏུ་སྐྱོངས། །མི་ལུས་ཐོབ་ཀྱང་དུད་འགྲོའི་སེམས་ལྡན་རྣམས། །ཡོན་ཏན་ཐོས་ནས་དད་པ་རྙེད་གྱུར་ཅིག །ཆེ་བའི་སྙན་གྲགས་ཕྱོགས་སུ་ཁྱབ་པ་ཡིས། །ཀུན་ཀྱང་མོས་གུས་སྣང་བ་འཕེལ་བྱེད་ཤོག །ཅེས་པའང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གནས་མཆོག་དེ་ཉིད་དུ་བྲིས་པ་དགེ་ལེགས་སུ་འཕེལ།
མཆན།གནས་ཡིག་འདི་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བཀའ་འབུམ་ཁྲོད་ཀྱི་ཇ་པོད་ལས་ཞལ་བཤུས་པའོ། །
༄༅། །དཔལ་ཆེན་ཐུགས་སྤྲུལ་བསྟན་སྲུང་ཀུན་གྱི་གཙོ། །ཡེ་ཤེས་མགོན་པོ་ཁྲག་འཐུང་ཕྱག་བཞི་པ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །སྤྲུལ་པ་དཔལ་ལྡན་མགོན་པོ་རིགས་ཆེན་ལྔ། །གསང་བའི་དགྱེས་སྦྱོར་མ་གཅིག་ཙཎྜའི་ཀ །སྔགས་ཀྱི་སྲུང་མ་འབར་མ་མེ་ཡི་གདོང་། །སྤྲུལ་དང་ཡང་སྤྲུལ་སྣང་སྲིད་མ་མོའི་ཚོགས། །ལས་མཛད་ནག་པོ་ཆེན་པོ་བྱ་རོག་གདོང་། །བཀའ་ཉན་དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང་། །ཕོ་ཉ་བྲན་གཡོག་བསམ་མི་ཁྱབ་པ་སོགས། །བདེ་གཤེགས་རྣམ་དགུའི་དཀྱིལ་འཁོར་བཞུགས་པའི་རྫོང་། །དཔའ་བོ་མཁའ་འགྲོ་འདུ་བའི་ཤོད་ཆེན་པོའི། །གནས་གཏེར་སྐྱོང་མཛད་དམ་ཅན་རྒྱ་མཚོའི་ཚོགས། །འདིར་གཤེགས་སྨན་ཕུད་རཀྟ་བ་ལིང་ཏ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད། །སྔོན་གྱི་ཐུགས་དམ་གཉན་པོ་དེང་བསྐུལ་ན། །སྒྲུབ་པའི་གནས་སྲུང་འགལ་བྱེད་ཆོམས་ལ་ཕོབས། །སྒྲུབ་མཆོག་རྣལ་འབྱོར་རྣམས་ལ་བྱིན་གྱིས་རློབས། །སྒྲུབ་ལ་བར་གཅོད་ནད་གདོན་དབྱིངས་སུ་སོལ། །སྒྲུབ་པའི་མཐུན་རྐྱེན་ཉམས་རྟོགས་གོང་དུ་སྤེལ། །གསང་ཆེན་སྙིང་པོའི་བསྟན་པ་རྒྱས་པ་དང་། །རྣམ་བཞིའི་ཕྲིན་ལས་ཅི་བཅོལ་སྒྲུབ་པར་མཛོད། །ཅེས་མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཡོན་ཏན་གནས་ལྔ་གཅིག་ཏུ་འདུས་པའི་གནས་མཆོག་ཆེན་པོར་རིམ་གཉིས་སྒྲུབ་པའི་སྐབས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དགེ་ལེགས་འཕེལ། ཧཱུྃ། སྔོན་ཚེ་དཔལ་ཆེན་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཁས་བླངས་དམ་བཅའ་ཐ་ཚིག་ཅན། །གནོད་སྦྱིན་ཚུལ་འཆང་དགེ་བསྙེན་མཐུ་སྟོབས་བདག །བདུད་ནག་ཆེན་པོ་རྔམ་པའི་སྒྲ་སྐད་སྒྲོགས། །ཚངས་པ་ལྷ་ཡི་བཙན་རྒོད་མཐུ་བོ་ཆེ། །ཀླུ་བདུད་དགེ་བསྙེན་སྐུ་གཅིག་མཚན་བརྒྱད་སྤྲུལ། །གིང་བཙན་འབར་བ་སྤུན་བདུན་ལས་ལ་རྔམས། །ཆོས་རྒྱལ་ལི་བྱིན་ཧར་ལེགས་བློན་འཁོར་བཅས། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །རྡོ་རྗེ་ལེགས་པ་གནམ་ས་ཕྱེད་ཀྱི་བདག །སྨན་བཙུན་ལྕམ་མོ་མཆེད་གསུམ་ལ་སོགས་ཏེ། །རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེའི། །གནས་དང་གཏེར་སྲུང་གཉན་པོ་མ་ལུས་པ། །འདིར་གཤེགས་འདོད་ཡོན་ལྔ་ལྡན(བསང་མཆོད་དང་ཁ་བསྒྱུར)གཏོར་མའི་བཅུད། །སྨན་རཀ(གསེར་སྐྱེམས)ཕུད་ཀྱི་མཆོད་པ་དགྱེས་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བར་ཆད་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །ཡིད་ལ་བསམ་ཞིང་ཇི་ལྟར་བཅོལ་བའི་ལས།། ཐོགས་མེད་མྱུར་དུ་བསྒྲུབ་པར་མཛད་དུ་གསོལ། །ཞེས་མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཡོན་ཏན་གནས་ལྔ་གཅིག་ཏུ་འདུས་པའི་གནས་མཆོག་ཆེན་པོར་རིམ་གཉིས་སྒྲུབ་པའི་སྐབས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཁྱེར་བདེར་བྲིས་པ་དགེ་ལེགས་འཕེལ།
མཆན། ༡.གནས་ཡིག་འདི་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བཀའ་འབུམ་ཁྲོད་ཀྱི་ཇ་པོད་ལས་ཞལ་བཤུས་པའོ། ། ༢.གནས་འདིའི་ཡུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དཔལ་ཡུལ་རྫོང་ཧི་བོ་ཆོས་རྭ་ཆབ་ཞང་ཀར་དགོན་རྫོང་ཤོད་དགོན་གྱི་གནས་སུ་ཡོད། དཔལ་ཡུལ་རྫོང་ནས་གནས་འདིའི་བར་དུ་སྤྱི་ལེ༧༤ཙམ་ཡོད།གནས་འདིའི་བསྐོར་ལམ་ལ་མཐའ་བསྐོར་དང་། བར་བསྐོར། ནང་བསྐོར་གསུམ་ཡོད། མཐའ་བསྐོར་ལ་ཉི་མ་གསུམ་དང་། བར་བསྐོར་ལ་དུས་ཚོད་བདུན་གྱི་ཡས་མས། ནང་བསྐོར་ལ་དུས་ཚོད་གཉིས་ལྷག་དགོས།
༄༅།།ཡོན་ཏན་ཕྲིན་ལས་ཀྱི་གནས་མཆོག་བསྟན་པ་ནི།བོད་ཀྱི་མདོ་ཁམས་འབྲི་ཞེས་བྱ་བ་རུ༔ སེང་གེའི་ཟ་འགྲམ་ནམ་མཁའི་བྲག་ཉིད་ལ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་ཕུག་དང༔ ཞིབ་པར་དེ་ཡི་དཀར་ཆག་གཡས་སུ་སྦས༔ འདོན་པའི་སྐྱེས་བུ་རཏྣའི་མིང་ཅན་ཞིག༔ ལྷོ་ཡི་ཕྱོགས་ནས་གློག་འཁྱུག་བཞིན་དུ་འབྱུང༔ དེ་དུས་ནམ་མཁའི་མཚོ་ལ་ཐོག་བབས་བཞིན༔ པདྨའི་སྤྲུལ་པ་དེ་ཡི་ཡང་སྤྲུལ་དུ༔ པདྨ་ས་མིནྟ་བྷ་དྲ་ཞེས་པའམ༔ པདྨའི་རྒྱལ་པོ་སྙིང་པོ་ཞེས་བྱ་བ༔ མ་དག་ཚར་གཅོད་དག་པ་དབུགས་དབྱུང་འབྱུང༔ ཚུལ་ཡངས་ཡེ་ཤེས་ལྟ་སྟངས་མཁའ་ལ་གཟིགས༔ ཡོན་ཏན་གནས་གཙོ་ཡོན་ཏན་གཅིག་ཏུ་འདུས༔ ཡོན་ཏན་གནས་མཆོག་ལྔ་ཕྲན་བསྟན་པའོ༔ འབྱེད་པའི་སྐྱེས་བུ་སྡེ་དྲུག་དག་ནས་སྟོན༔
༄༅།།ཡོན་ཏན་ཕྲིན་ལས་ཀྱི་གནས་ནི།འབྲི་ཆུ་ཕར་ཀ་འཛོམ་ཐོག་ཕུ་སེང་གནམ་བྲག་ཏུ་གྲགས་པ། གཏེར་ཆེན་བདུད་འདུལ་བས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཡོད། རཏྣའི་མིང་ཅན་ནི་ཆོས་སྒོར་ཞུགས་པའི་མཚན་དཀོན་མཆོག་བསྟན་འཛིན་དུ་གྲགས་པ་མཆོག་གྱུར་གླིང་པ་ཉིད་དེ། དམ་ཆོས་ཤོག་སྡེ་དྲུག་པ། ཆོས་རྒྱལ་བླ་དཔེ་གནས་ཡིག་སོགས་བཞེས་པར་མཛད། ནམ་མཁའི་མཚོ་ལ་སོགས་ནི་བྱང་གནམ་མཚོ་ཁར་སྐུ་འཁྲུངས་པ། པདྨའི་སྤྲུལ་པ་པདྨ་ཉིན་བྱེད་ཀྱི་ཡང་སྤྲུལ་སི་ཏུ་པད་མ་ཀུན་བཟང་ཆོས་ཀྱི་རྒྱལ་པོའམ། གཏེར་ལུང་རྣམས་ནས་པདྨའི་སྙིང་པོ་སོགས་སུ་བསྟན་པ་ཉིད་དོ། །
༄༅།།དེ་ནས་ཁམས་ཀྱི་སེང་གེ་བྲག་ཏུ་བཞུགས༔ མ་སངས་གཡའ་སྤང་སྐྱེས་གཅིག་བྱ་བ་ནི༔ རྒད་པོ་མགོ་ལ་སྤྲེའུའི་ཞྭ་གྱོན་པ༔ མགོ་བོ་སློབ་དཔོན་པང་དུ་བཞག་བྱས་ནས༔ རྐང་པ་ཁམས་ཀྱི་གཡར་མོ་ཐང་ལ་བརྐྱངས༔ ལག་གཉིས་ཏི་སེ་མ་ཕམ་མཚོ་ལ་བསྐྱལ༔ མི་མ་ཡིན་ནི་བྱེ་བ་ཁྲག་ཁྲིག་སྟོང༔ བསམ་གྱིས་མི་ཁྱབ་གང་དག་ལྷགས་པར་གྱུར༔ མཚོན་གྱི་རིགས་བྱེད་ཆར་པ་ཕབ་པ་ཡིས༔ གུ་རུ་དྲག་པོ་རིགས་ལྔ་ཁྲོས་ནས་སུ༔ གཡའ་སྤང་གཙོ་བྱས་ལྷ་འདྲེ་ཐམས་ཅད་བཏུལ༔ ཞེས་པདྨ་བཀའ་ཐང་གི་ལེའུ་དྲུག་ཅུ་པའི་ནང་གསུངས་པ་ལྟར། གནས་ཀྱི་གཡས་འོག་སྤྲེའུ་ཞྭ་གྱོན་ནི་མིང་བཏགས་པ་ཙམ་དུ་མ་ཟད་དངོས་སུ་མིག་གི་མཐོང་ཡུལ་དུ་གྱུར་ཡོད།
༄༅།།ཨོཾ་སྭ་སྟི།རྩ་གསུམ་འདུས་པའི་སྤྱི་དཔལ་ཆེན་པོ་ནི། །མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། །ཐུགས་རྗེ་བྱིན་རླབས་གློག་ལྟར་མྱུར་བ་ཡི། །བདེན་པས་བྱིན་བརླབས་ཤིས་པ་སྩལ་དུ་གསོལ། །ཞེས་སྭསྟི་ཀ་མ་ལ་ཡི་དབྱངས་སྙན་གྱི་མེ་ཏོག་འཐོར་བས་སྐབས་ཕྱེས་ཏེ། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་ཕྲིན་ལས་ཀྱི་གནས་སེང་ཆེན་གནམ་བྲག་འདི། སྔོན་དུས་གཏེར་ཆེན་བདུད་འདུལ་རྡོ་རྗེས་གནས་ཞལ་ཕྱེས་ཤིང་གནས་ཡིག་རྒྱས་པར་བཀོད་པ་དང་།དུས་ཕྱིས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཟབ་གཏེར་རྒྱ་ཆེར་སྤྱན་དྲངས་པར་མཛད་པའི་གནས་འདིར། དུས་ཀྱི་རྒྱལ་པོ་དབང་ཆེན་སྤྲེལ་གྱི་ལོ་ཡི་ཟླ་བ་ལྔ་པ། དྲུག་པ། བདུན་པ་གསུམ་དང་། ཡང་སྦྲུལ་ལོའི་སྦྲུལ་ཟླ་དང་པོ་ལ་མཆོག་གླིང་གིས་ཟབ་གཏེར་འདོན་པའི་དུས་ཆེན་ཡིན་པས། ལོ་དང་ཟླ་བ་དེ་རྣམས་ཀྱི་སྐབས་སུ། བསྙེན་སྒྲུབ། ཚོགས་སྐོང་། སྦྱིན་སྲེག་སོགས་དང་། བསྐོར་བ་རེ་ལ་མ་ཎི་དུང་ཕྱུར་བདུན་རེའི་ཕན་ཡོན་བདུད་འདུལ་རྡོ་རྗེས་ཡོད་པར་གསུངས་ཤིང་། དེའང་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། ད་ནི་གནས་ཀྱི་ཕན་ཡོན་བརྗོད་པ་ནི༔ ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་ཆོད༔ བཀུར་བསྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས༔ ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་སྦྱོང༔ ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག༔ དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱ་རྩ་མཁའ་སྤྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་བསྒྲུབ་པས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོཿ ཞེས་གསུངས་པ་ལ་དད་གུས་དྲག་པོས་དྲན་པ་ཉེར་བར་བཞག་སྟེ། དགེ་སྒྲུབ་སྡིག་སྤངས་སྤྱི་དང་།ཁྱད་པར་རྔོན་རི་དྭགས་བསད་པ་སོགས་མི་བྱ་ཞིང་གནས་འདུས་སྐབས་སུ་བསྐོར་ཕྱག་མཆོད་འབུལ་སོགས་ལ་བརྩོན་ན་ནད་གདོན་བར་ཆད་ཞི་ཞིང་། བསམ་རྒུ་ཡིད་བཞིན་འགྲུབ་པ་ལ་ཐེ་ཚོམ་མེད་པས་ཐར་འདོད་སྐྱེ་འགྲོ་རྣམས་དད་བརྩོན་དྲག་པོས་འབད་པར་རིགས་སོ། །ཞེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་པས་ཤིང་ལུག་ཟླ༧ཚེས༡ཉིན། སེང་བྲག་ཕུ་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།།
མཆན།གནས་ཡིག་འདི་ནི་མཁྱེན་རྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་འབུམ་ཐ་པོད་ལས་ཞལ་བཤུས་པའོ།།
༄༅།།བྷཧྲཱི༔ན་མོ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སིངྔྷི་ཧཱུྃ་ཧྲཱི༔མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱ་མཚོ་ལས༔ སྒོ་གསུམ་རང་གྲོལ་ངང་ནས་ཕྱག་འཚལ་ལོ༔ མདོ་ཁམས་ཤར་ཕྱོགས་ཡུལ་གྱི་ལྗོངས༔ གནས་མཆོག་སེང་ཕུག་ཉེ་བའི་རྒྱབ༔ སྡིག་ཅན་གདོལ་པ་ཤན་པའི་གྲོང་ཁྱེར་གོང༔ ཨོ་རྒྱན་ང་ཡི་སྒྲུབ་གནས་ཁྱད་འཕགས་ཅན༔ ངོ་བོ་པོ་ཏ་ལ་དང་དབྱེར་མ་མཆིས་པའི་གནས༔ སེང་བྲག་པདྨ་དབང་ཕུག་རྩེ་གསུམ་ཡོད༔ སྒྲུབ་གནས་ཁྱད་འཕགས་དེ་ཡི་ཆགས་ཚུལ་ནི༔ མདུན་རི་ཧ་ཤང་ནག་པོ་གདན་ལྟར་དུ་བཏིང་བ༔ མཐོང་གྲོལ་སེང་ཕུག་སེང་ཆེན་ལྟར་དུ་འགྱིང་བ༔ ལྷ་ཤཱཀྱ་མུ་ནེ་གསེར་གདུགས་ལྟར་ཕུབ་པ༔ ཁྲི་ཤོད་པདྨ་སྐྱེས་ཚངས་རྒྱབ་འབོལ་ལྟར་བརྗིད་པ༔ ཇོ་ཆེན་སྤམ་ར་ཚེ་ལུང་རྣམས༔ རྒྱབ་ཀྱི་ཡོལ་བ་ལྟར་དུ་བཀྲ་བ༔ རྨུགས་སངས༔ དཔལ་གཉན་འདོང་རྣམས་སྙན་རྒྱན་ལྟར་དུ་མཛེས་པ༔ ཟིལ་ཁྲོམ་དཀར་པོ་བ་དན་ལྟར་དུ་ཕྱར་བ༔ རི་བཀྲ་ལྗང་ལྷ་དཀར་ཆེན་རྣམས་བུ་ལྟར་དུ་བསྐོར་བ༔ འབྲི་ཆུ་སྔོན་མོ་ཡོན་ཆབ་ལྟར་དུ་བཤམས་པ༔ མོ་ནམས་དཀར་པོ་མདུན་ཡོལ་ལྟར་དུ་བརྒྱངས་པ༔ ཤར་གྱི་སྒོ་སྲུང་སྟག་གདོང་དཀར་མོ་སོ་འབྲང་ཡིན༔ ལྷོ་ཡི་སྒོ་སྲུང་ཕག་གདོང་སེར་མོ་རི་བཀྲ་ཡིན༔ ནུབ་ཀྱི་སྒོ་སྲུང་རྟ་གདོང་དམར་མོ་ལྕགས་དིས་ཡིན༔ བྱང་གི་སྒོ་སྲུང་སྦྲུལ་གདོང་ལྗང་གུ་ཤམ་རི་ཁྲ་ལེབ་ཡིན༔ དེ་རྣམས་ཀུན་གྱི་དབུས་ལ་གནས་མཆོག་འགྲན་བྲལ་ནི༔ སེང་བྲག་པདྨ་དབང་ཕུག་ཅེས་བྱ་ནི༔ རི་བོ་པོ་ཏ་ལ་དང་དབྱེར་མ་མཆིས་པའི་རང་བྱུང་ལྷུན་གྱིས་གྲུབ་པའི་གནས་མཆོག་འདིར༔ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྐྱབས་མགོན༔ ཤར་ཕྱོགས་ནོར་འཛིན་དབང་གི་དཔུང་གྲོགས་ཡིན༔ ལྷོ་ཤ་ཟ་བདུད་ནག་གཉའ་གནོན་ཡིན༔ ལྷོ་ཤ་ཟ་གཤིན་རྗེའི་དཔུང་བཅས་ཡིན༔ ནུབ་སྤྲེའུ་མགོ་སེར་ལྟག་བདུད་ཡིན༔ བྱང་སྲིན་པོ་གྱིང་མདུར་གྱི་ཁ་གནོན་ཡིན༔ འགྲོ་དྲུག་ཐར་ལམ་འདྲེན་པའི་དེད་དཔོན་ཡིན༔ སྐྱེ་འགྲོ་བདེ་བྱེད་སྟེར་བའི་གནས་མཆོག་ཡིན༔ མདུན་དུ་ཡུམ་གནས་དཔལ་གྱི་གནས༔ མཁའ་སྤྱོད་བདེ་ཆེན་གསང་ཕུག་ཡོད༔ དེ་མདུན་ཁྲོ་ཆུའི་ཕ་ཝང་དང༔ སྔགས་སྲུང་ཨེ་ཀ་ཙ་ཏིའི་ལྷ་ཚོགས་བཞུགས༔ པདྨ་འབྱུང་གནས་དང་མཚོ་རྒྱལ་ཞབས་རྗེས་ཡོད༔ འཆི་བ་མེད་པའི་ཚེ་ཆུ་ཡོད༔ ཟད་མེད་བདེ་སྟེར་ཚེ་རིལ་ཡོད༔ ཨེ་མ་ང་ཡི་སྒྲུབ་གནས་ཁྱད་པར་ཅན༔ སེང་ཉིད་པདྨ་དབང་ཕུག་གི་བརྗོད་པར་དཀའ་བའི་ཡོན་ཏན་ནི༔ སྒོ་གསུམ་མོས་གུས་གདུང་བ་ཡི༔ གནས་མཆོག་འདི་ལ་གོམ་པ་བདུན་བོར་ན༔ གྲངས་མེད་སྡིག་སྒྲིབ་མ་ལུས་དག༔ གནས་མཆོག་འདི་ལ་ཕྱག་གསུམ་ཕུལ་བས་ན༔ མཚམས་མེད་ལྔ་ཡི་སྡིག་སྒྲིབ་དག་པར་ངེས༔ གནས་མཆོག་འདི་ལ་སྐོར་བ་བདུན་བྱས་ན༔ ཡིག་དྲུག་དུང་ཕྱུར་གཅིག་དང་ས་ཡ་བདུན་དུ་འགྱུར༔ འདི་ལ་ཐེ་ཚོམ་ཡིད་གཉིས་ཡོད་རེ་སྐན༔ ཚེ་གཅིག་ཉིད་ལ་རི་བོ་ཏཱ་ལ་དེ༔ གནས་མཆོག་འདིའི་མཚན་ཐོས་ཙམ་གྱིས་ནི༔ ངན་སོང་གསུམ་གྱི་སྐྱེ་སྒོ་ཁེགས་པར་ངེས༔ གནས་མཆོག་འདིའི་སྒོ་འབྱེད་ཙམ་གྱིས་ནི༔ དུག་མཚོན་སྐལ་ངན་ནད་མུག་འཁྲུག་རྩོད་ཞི༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས༔ འགོང་ཚོགས་ཇིང་དུར་དཔུང་ཚོགས་ངང་གིས་བཟློག༔ ངན་འགྲོའི་དུ་ཁ་མ་ལུས་སྐྱོབ་པ་དང༔ མཐོ་རིས་བདེ་དགའ་སྟེར་བའི་གནས་མཆོག་ཡིན༔ ཨེ་མ་གནས་མཆོག་འདི་མཇལ་སྐལ་ལྡན་ཚོགས་རེ་བསགས༔ ངན་སོང་རྒྱུན་ཆད་མཐའ་དག་གཅོད་པ་དང༔ མཐོ་རིས་ལམ་རྙེད་རྫོགས་སངས་འབྲས་བུ་རྙེད༔ ཀྱེ་མ་དུས་ངན་སེམས་ཅན་ལས་ངན་དབང་བཙན་པས༔ དམ་ཉམས་ནག་པོ་བདུད་རིགས་ནི༔ མི་དད་ལོག་ལྟ་སྒྲོ་སྐུར་མཁན༔ བན་བཙུན་སྟོན་ཆེན་སྔགས་པའི་ཆས་བཟུང་དང༔ སོ་སྐྱེ་མི་ནག་ཕོ་མོ་སྐལ་མེད་ཀྱིས༔ འབར་ཤ་ཅལ་སྒྲོག་སྣ་ཚོགས་བྱེད༔ བདེ་འགྲོའི་སྒོ་ཁེགས་མནར་མེད་དེ་རང་གནས༔ རང་བྱུང་གནས་མཆོག་དམ་པ་དང༔ འགྲོ་མགོན་བདུད་འདུལ་གླིང་པ་ལ༔ ཡོན་ཏན་མི་མཐོང་ཕལ་བའི་བུ་ཡིན་སྙམ༔ གནས་མཆོག་འདི་ནི་འོག་མིན་དབྱིངས་དང་མཉམ༔ འགྲོ་མགོན་བདུད་འདུལ་གླིང་པ་ནི༔ པད་འབྱུང་ཐུགས་རྗེ་ཆེན་པོ་སྒྱུ་མའི་གར༔ དངོས་ཡིན་གཞན་སྣང་འདུལ་ཕྱིར་གཟུགས་སྐུ་ཡིས༔ སངས་རྒྱས་དངོས་ཡིན་ཕལ་བའི་བུ་ཡིན་སུ་ཡིས་སྙམ༔ དེ་ཕྱིར་དག་སྣང་བསྐྱེད་ཅིག་མ་འོངས་སྐལ་ལྡན་ཚོ༔ རང་བྱུང་ལྷུན་གྲུབ་གནས་འདི་ལ༔ མཆོག་གི་སྒྲུབ་གནས་རྒྱ་མཚོས་བསྐོར༔ ང་སྤྲུལ་ལས་ཅན་སྐྱེས་བུ་ཡིས༔ ཟབ་གསང་འདི་རྣམས་མངོན་ཕྱུང་ཚེ༔ ཇིང་དུར་དཔུང་གཞོམ་སྐྱེ་འགྲོ་བདེ་ལྡན་འབྱུང༔ ཟབ་གསང་བཀའ་ཐེམ་བཅུ་པ་འདི༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཁྱོད་ལ་གཏད༔ ང་སྤྲུལ་ལས་ཅན་བུ་ལ་མྱུར་དུ་སྤྲོད༔ སྐལ་མེད་ལོག་གཤེད་ཅན་རྣམས་དབང་པོ་བསྣུབས༔ དམ་པར་འཆང་ཞིག་མ་མ་ཨེ་ཀ་ཙ་ཏི་རཀྵ། ས་མ་ཡ། རྒྱ་རྒྱ་རྒྱ༔
༈ ན་མོ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཧཱུཾ་ཧྲཱི༔ ཀུན་བཟང་སྐྱེ་མེད་རང་བྱུང་དོན་གྱི་ལྷ༔ ཨུ་རྒྱན་རྒྱལ་སྲས་རྒྱ་གར་པཎ་གྲུབ་པ༔ འཁོར་འདས་རྒྱལ་བ་ཀུན་གྱིས་གཙུག་གི་ནོར༔ གདོད་མའི་མགོན་པོ་མཆོག་དེ་སྤྱི་བོས་མཆོད༔ འོ་ན་ཨུ་རྒྱན་པད་འབྱུང་ཞེས་བྱ་བ༔ ས་སྟེང་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ༔ འཁོར་འདས་ཞིང་ཁམས་རྡུལ་སྙེད་ཐམས་ཅད་དུ༔ ཉི་ཟླ་ནོར་བུ་དབང་རྒྱལ་ལྟར་གྲགས་ཏེ༔ བོད་ཁམས་མུན་སེལ་འཇམ་དབྱངས་སྤྲུལ་པའི་རྗེ༔ མངའ་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བྱང་ཕྱོགས་གངས་ཅན་ལྗོངས་འདིར་སྤྱན་དྲངས་པས༔ ས་གཞི་བྱིན་བརླབས་བོད་ཁམས་ལྷ་སྲིན་བཏུལ༔ དཔལ་གྱི་བསམ་ཡས་ལྷུན་གྲུབ་གཙུག་ལག་ཁང༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཚུལ་དུ་བཞེངས༔ བོད་ཁམས་གངས་ཅན་རི་བྲག་ཐམས་ཅད་དུ༔ སྒྲུབ་པའི་གནས་ཕྱིན་ཟབ་གཏེར་ས་སྟེང་བཀང༔ མདོ་སྔགས་ཟབ་མོ་ཆོས་ཀྱི་ཆར་ཕབ་ནས༔ གྲུབ་ཐོབ་ལུང་བཀང་སངས་རྒྱས་བསྟན་པ་བརྡལ༔ ཏི་སེ་ནས་བཟུང་ཁམས་ཀྱི་གཙང་ཁ་ཡན༔ སྒྲུབ་གནས་བྱིན་ཆེན་དཔག་ཡས་ལས༔ བྱེ་བྲག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ ཕྱི་ནང་གསང་བ་ཁོ་ན་ཉིད་གནས་ལ༔ གངས་ཉི་ཤུ་རྩ་ལྔ༔ ཆུ་བཞི༔ བྲག་ཕུག་ཆེན་པོ་བརྒྱད༔ ཡང་དབེན་བཞི༔ ངོ་མཚར་གྱི་མཚོ་ཆེན་པོ་བརྒྱད༔ གྲགས་པའི་མཚོ་ཆེན་པོ་བཞི་ལས༔ སྟོད་དུ་གངས་དཀར་གྱི་རྒྱལ་པོ་ཏི་སེ་འཕགས་པ་འཇམ་དཔལ་སྐུ་ཡི་གནས༔ བར་དུ་གཉན་ཐང་ལྷ་སྤྱན་རས་གཟིགས་དབང་གསུང་གི་གནས༔ སྨད་དུ་རྨ་ཆེན་སྦོམ་ར་ཕྱག་ན་རྡོ་རྗེ་ཐུགས་ཀྱི་གནས༔ བཙེས་རིས་རག་ལྕོག་ཡོན་ཏན་གནས༔ རྡོ་རྗེ་གྲོ་ལོད་ཕྱི་ཡི་འགྲོ་བ་འདུལ་བའི་གནས༔ ཡང་སྟོད་དུ་བྲག་གི་ཡང་རྫོང་འཇམ་དཔལ་སྐུའི་གནས༔ དཔལ་གྱི་མཆིམས་ཕུ་བདུད་རྩི་ཡོན་ཏན་གྱི་གནས༔ སྨད་དུ་འབྲི་རྒྱལ་དཔལ་གྱི་གཉན་འདོང་སྐུའི་གནས༔ ཟིལ་ཁྲོམ་དཀར་ཡག་གསུང་གི་གནས༔ སེང་བྲག་པདྨ་དབང་ཕུག་ཐུགས་ཀྱི་གནས༔ ཤིང་གུ་གངས་ར་ཡོན་ཏན་གྱི་གནས༔ བསྐལ་པ་གངས་ར་ཕྲིན་ལས་ཀྱི་གནས་རྣམས་ལས༔ སྲིད་གསུམ་འགྲན་ཟླ་དང་བྲལ་བ་དཔལ་གྱི་སེང་བྲག་པདྨ་དབང་ཕུག་ཐུགས་ཀྱི་གནས་ཡིན༔ ཕྱི་ནང་གསང་བ་དེ་ཁོ་ན་ལས༔ རང་བྱུང་ལྷུན་གྱིས་གྲུབ་པའི་གནས་ཡིན༔ དེ་ནས་པདྨ་ཤེལ་ཕུག་ཏུ་རང་བྱུང་གནས་ཀྱི་བཞུགས་ཚུལ་ནི༔ པདྨ་དབང་ཕུག་གི་སྒོ་འགྲམ་གཡས་དེ་ན༔ བཀའ་སྲུང་མ་གཟའ་རྡོར་གསུམ་གྱི་སྐུ་དང༔ དེའི་གོང་དུ་ཇོ་བོ་ཁ་སར་པ་ཎིའི་ལྷ་ཚོགས་རྣམས་གསལ་བར་བཞུགས༔ སྒོ་འགྲམ་གཡས་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ལྷ་ཚོགས་རྣམས་དང༔ དཔལ་མགོན་ཕྱག་དྲུག་གི་ལྷ་ཚོགས་རྣམས་དང༔ དཔལ་གྱི་བཀའ་སྡོད་ཀྱི་ལྷ་ཚོགས་རྣམས་དང༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས་དང༔ འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་དང༔ དེའི་གོང་དེ་ན་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ་སོགས་གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེའི་གོང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་དང༔ ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་རྣམས་དང༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་དང༔ དཔལ་ཆེན་པདྨ་དབང་ཆེན་གྱི་ལྷ་ཚོགས་རྣམས་དང༔ འཇམ་དཔལ་སྐུའི་ལྷ་ཚོགས་རྣམས་དང༔ དེའི་གོང་དུ་སྟོན་པ་ཤཱཀྱ་ཐུབ་པ་ལ་གནས་བརྟན་ཆེན་པོ་བཅུ་དྲུག་གིས་བསྐོར་བའི་ཚུལ་དང༔ སངས་རྒྱས་སྨན་བླ་མཆེད་བརྒྱད་ཀྱི་ལྷ་ཚོགས་རྣམས་དང༔ ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ལྷ་ཚོགས་རྣམས་དང༔ ཕྱག་ན་རྡོ་རྗེ་ཨུ་ཙ་ནའི་ལྷ་ཚོགས་རྣམས་དང༔ ཕྱག་ན་རྡོ་རྗེ་འགྲོ་བཟང་གི་ལྷ་ཚོགས་རྣམས་དང༔ ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཚོགས་རྣམས་དང༔ ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ལྷ་ཚོགས་རྣམས་དང༔ ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་ལྷ་ཚོགས་རྣམས་དང༔ གསང་བདག་དྲེགས་འདུལ་གྱི་ལྷ་ཚོགས་རྣམས་དང༔ བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེའི་གོང་དུ་ཡི་དམ་རྟ་ཕག་ཡབ་ཡུམ་ལ༔ འཁོར་དཔའ་བོ་གིང་ཆེན་སྡེ་བཞིས་བསྐོར་བའི་ཚུལ་དང༔ དེའི་མཁའ་ལ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ དཔའ་བོ་ཐོད་ཕྲེང་སྡེ་ལྔའི་ལྷ་ཚོགས་རྣམས་དང༔ འགྲོ་འདུལ་གུ་རུ་དྲུག་གི་ལྷ་ཚོགས་རྣམས་དང༔ སྤྲུལ་པའི་གུ་རུ་མཚན་བརྒྱད་དང་རྗེ་འབངས་ཉི་ཤུ་རྩ་ལྔས་བསྐོར་བའི་ཚུལ་དང༔ གཞན་ཡང་རིག་འཛིན་རྒྱ་མཚོའི་ལྷ་ཚོགས་དཔག་མེད་བཞུགས༔ དེའི་མཁའ་ལ་མགོན་མཆོག་ཚེ་དཔག་མེད་མགོན་གྱི་ལྷ་ཚོགས་རྣམས་དང༔ སངས་རྒྱས་དཔའ་བོ་གསུམ་གྱི་ལྷ་ཚོགས་རྣམས་དང༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ༔ སེམས་དཔའ་ལྕམ་དྲལ་གྱི་ལྷ་ཚོགས་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེའི་གཡོན་ཕྱོགས་ན་འཕགས་མཆོག་ནམ་མཁའི་རྒྱལ་པོ་ལ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ལྷ་ཚོགས་རྣམས་དང༔ དེའི་འོག་ཏུ་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་ལྷ་ཚོགས་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེའི་འོག་ཏུ་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ལྷ་ཚོགས་རྣམས་བཞུགས༔ ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་ན་རག་དོང་སྤྲུགས་ཀྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་རིག་པ་མཆོག་གི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་མི་ཏྲ་ཁྲི་དྲུག་གི་ལྷ་ཚོགས་རྣམས་དང༔ དེའི་མདུན་གྱི་ནམ་མཁའ་ལ་སྤྲུལ་པའི་རིག་འཛིན་ཆེན་པོ་བརྒྱད་ལ༔ རིག་འཛིན་བརྡ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་བའི་ཚུལ་རྣམས་གསལ་བར་བཞུགས༔ དེའི་འོག་ཏུ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་འཇིགས་པ་ཀུན་སེལ་གྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་ཧ་ལ་ཧ་ལའི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་གསང་བདག་གཙུག་རྒྱན་གྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་པདྨ་གར་དབང་གི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་རིག་པ་རང་གྲོལ་གྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་པདྨ་རྣམ་རོལ་གྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་རྒྱུད་དྲུག་ལམ་དགག་གི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་འཇིགས་པ་ཀུན་སེལ་གྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་འཁོར་བ་རང་གྲོལ་གྱི་ལྷ་ཚོགས་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེའི་མདུན་གྱི་ནམ་མཁའ་ལ༔ མགོན་པོ་ཀླུ་སྒྲུབ་སྙིང་པོ་ལ་ཐོགས་མེད་དབྱིག་གཉེན་ལ་སོགས་རྒྱན་དྲུག་མཆོག་བརྒྱད་ཀྱི་ལྷ་ཚོགས་རྣམས་དང༔ རྒྱ་གར་གྱི་པཎ་གྲུབ་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེའི་འོག་ཏུ་ཡི་དམ་དྲེགས་པ་ཀུན་འདུལ་གྱི་ལྷ་ཚོགས་རྣམས་དང༔ ཡི་དམ་འཁོར་ལོ་མེ་འབར་གྱི་ལྷ་ཚོགས་རྣམས་དང༔ རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་ལྷ་ཚོགས་རྣམས་དང༔ དེའི་འོག་ཏུ་ནག་པོ་ནཱ་ག་ཀླུ་འདུལ་གྱི་ལྷ་ཚོགས་རྣམས་དང༔ རྟ་མགྲིན་ཡང་གསང་འདུས་པའི་ལྷ་ཚོགས་རྣམས་དང༔ རྟ་མགྲིན་ཡང་ཆུང་ནག་པོའི་ལྷ་ཚོགས་རྣམས་དང༔ དེའི་འོག་ཏུ་དཔལ་མགོན་ཕྱག་བཞིའི་ལྷ་ཚོགས་རྣམས་དང༔ དཔལ་མགོན་ག་ཡ་དྷ་རའི་ལྷ་ཚོགས་རྣམས་དང༔ དཔལ་མགོན་མེ་དབལ་ནག་པོའི་ལྷ་ཚོགས་རྣམས་དང༔ དཔལ་མགོན་འབྲང་ཞལ་ཅན་གྱི་ལྷ་ཚོགས་རྣམས་དང༔ ཆོས་སྐྱོང་བྲག་ལྷ་མགོན་པོའི་ལྷ་ཚོགས་རྣམས་དང༔ མགོན་དཀར་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་རྣམས་དང༔ རྒྱལ་ཆེན་བཞི་སོགས་རྣམ་སྲས་དམར་པོ་རྐྱ་བརྒྱད་ཀྱི་ལྷ་ཚོགས་རྣམས་དང༔ དེའི་འོག་ཏུ་ནོར་ལྷ་ཛཾབྷ་ལ་དམར་པོའི་ལྷ་ཚོགས་རྣམས་དང༔ ཛཾ་སེར་ལ་སོགས་གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་དཔག་ཏུ་མེད་པ་བཞུགས༔ དེའི་མཁའ་ལ་རྗེ་བཙུན་མི་གཡོ་བ་དཀར་སྔོན་གྱི་ལྷ་ཚོགས་དཔག་མེད་བཞུགས༔ དེ་རྣམས་ཀྱི་མདུན་དུ་སྨོན་ལམ་རྒྱ་ཆེན་པོ་ཐོབ་དང༔ གནས་སྐབས་དང་མཐར་ཐུག་གི་བདེ་བ་དཔག་ཏུ་མེད་པ་ལ་ལོངས་སྤྱོད་པའི་རྟེན་འབྲེལ་ཡོད་དོ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱ་མཚོ་ཡི༔ མི་བཟད་སྐུ་གསུང་ཐུགས་ཡོན་བདེན་སྟོབས་ཀྱི༔ རྒྱ་འདྲེ་ཧོར་སོགས་དམག་དཔུང་བཟློག་པ་དང༔ སྐུ་རྗེ་བོད་ཀྱི་རྒྱལ་ཁམས་འདིར་འགྲོ་ལ༔ བདེ་སྐྱིད་འབྱུང་བའི་བཀྲ་ཤིས་ཤོག༔ ཡུལ་ཕྱོགས་ཐམས་ཅད་དུ་སརྦ་མངྒལཾ༔
༈ ན་མོ་གུ་རུ་སརྦ་སིདྡྷི་ཧཱུཾ་ཧྲཱི༔ མཁའ་སྤྱོད་གཞོམ་མེད་འཇའ་ཐིག་གཞལ་ཡས་ན༔ དགུ་ལྡན་བླ་མ་འོད་སྐུའི་ཚོམ་བུར་གསལ༔ རྒྱལ་བ་ཀུན་གཙོ་པདྨ་ཐོད་ཕྲེང་རྩལ༔ རྣམ་ཀུན་སྒོ་གསུམ་གུས་པས་སྤྱི་བོས་མཆོད༔ དེ་ནས་རིག་འཛིན་གསང་བ་ཤེལ་ཕུག་གི་ཕྱིའི་སྒོ་ལོག་གཡས་ཟུར་ན༔ སྐྱེས་བུ་རྡོ་རྗེ་ལེགས་པ་དང༔ དཀར་མོ་ཉི་ཟླ་སྟོང་གིས་ཐོད་ཕྲེང་ཅན་དང༔ སྲོག་བདག་བདུད་ཀྱི་རྒྱལ་པོ་རྣམས་ཀྱི་ལྷ་ཚོགས་ཐམས་ཅད་གསལ་བར་བཞུགས༔ དེ་ནས་ནང་སྒོ་གཡས་ནས་རིམ་བཞིན་དུ༔ སྒོ་མ་ལྕགས་ཀྱུ་དཀར་མོའི་ལྷ་ཚོགས་རྣམས་དང༔ ཞགས་པ་སེར་མོའི་སྐུ་རྣམས་གསལ་བར་ཡོད༔ དེའི་གོང་དུ་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ལྷ་ཚོགས་རྣམས་དང༔ དཔལ་མགོན་གདོང་བཞིའི་ལྷ་ཚོགས་རྣམས་དང༔ རྟ་མགྲིན་ནག་པོ་དྲེགས་པ་བཅོ་བརྒྱད་སོགས་གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེ་རྒྱུད་བླ་མ་ཐམས་ཅད་ནི༔ མདུན་གྱི་ནམ་མཁའ་འོད་སྐུའི་ཚོམ་བུར་གསལ༔ དེ་གོང་གསང་བ་འདུས་པ་མི་བསྐྱོད་པའི་ལྷ་ཚོགས་རྣམས་དང༔ གསང་བ་འདུས་པ་འཇམ་པའི་ལྷ་ཚོགས་དང༔ གཞན་ཡང་ལྷ་ཚོགས་བརྗོད་འདས་བཞུགས༔ དེའི་གོང་དུ་འཁོར་ལོ་སྡོམ་པ་ལྷ་ལྔའི་ཚོགས་རྣམས་དང༔ འཁོར་ལོ་སྡོམ་པ་བཅུ་གསུམ་གྱི་ལྷ་ཚོགས་རྣམས་དང༔ བདེ་མཆོག་ལྷ་དྲུག་ཅུའི་ལྷ་ཚོགས་རྣམས་གསལ་བར་བཞུགས༔ དེའི་གོང་དུ་སམ་བྷོ་ཊའི་ལྷ་ཚོགས་རྣམས་དང༔ རྡོ་རྗེ་གུར་གྱི་ལྷ་ཚོགས་རྣམས་དང༔ དགྱེས་པ་རྡོ་རྗེ་ལྷ་དགུ་ཧེ་རུ་ཀ་བཞི་པའི་ལྷ་ཚོགས་རྣམས་དང༔ དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༔ དེ་དག་རྣམས་ཀྱི་བརྒྱུད་པའི་བླ་མ་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེའི་མཁའ་ལ་དྲུག་པ་རྡོ་རྗེ་འཆང་ལ་རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱིས་བསྐོར་ནས་བཞུགས༔ དེ་འོག་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་རྣམས་དང༔ སངས་རྒྱས་ཐོད་པའི་ལྷ་ཚོགས་རྣམས་དང༔ མ་ཧཱ་མ་ཡའི་ལྷ་ཚོགས་རྣམས་དང༔ སངས་རྒྱས་མཉམ་སྦྱོར་གྱི་ལྷ་ཚོགས་རྣམས་དང༔ གཤིན་རྗེའི་གཤེད་དམར་པོའི་ལྷ་ཚོགས་རྣམས་དང༔ གཤིན་རྗེ་དགྲ་ནག་གི་ལྷ་ཚོགས་རྣམས་དང༔ འཇམ་དཔལ་ནག་པོ་སུམ་འབྲེལ་གྱི་ལྷ་ཚོགས་རྣམས་དང༔ སྤྲུལ་སྐུ་རིགས་གསུམ་མགོན་པོའི་ལྷ་ཚོགས་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་ཏུ་མེད་པ་བཞུགས༔ དེ་འོག་གོང་དུ་ཨོ་རྒྱན་པདྨ་དྷ་ན་ཀོ་ཤའི་མཚོ་ལས་འཁྲུངས་ཚུལ་དང༔ དེ་འོག་ཀླུ་མི་མགོན་དཀར་པོ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་ཚུལ་རྣམས་གསལ་བར་བཞུགས༔ དེ་ལ་སྨོན་ལམ་གང་བཏབ་འགྲུབ༔ དེའི་མཁའ་ལ་སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ལྷ་ཚོགས་རྣམས་དང༔ དེའི་གོང་དུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས༔ དེའི་གཡས་སུ་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བསྐོར་ནས་བཞུགས༔ དེའི་མཁའ་ལ་རྒྱལ་བ་རིགས་ལྔའི་ལྷ་ཚོགས་རྣམས་དང༔ སློབ་དཔོན་སངས་རྒྱས་གསང་བ་སྒྱུ་འཕྲུལ་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བའི་ཚུལ་དང༔ དེའི་གོང་དུ་མགོན་པོ་ཚེ་དཔག་མེད་པའི་ལྷ་ཚོགས་རྣམས་དང་གཉིས་མེད་རྒྱུད་ཀྱི་ལྷ་ཚོགས་རྣམས་གསལ་བར་བཞུགས༔ དེའི་འོག་ཏུ་མཆོག་གི་རིག་འཛིན་ཆེན་པོ་བརྒྱད་དང༔ ཞི་ཁྲོ་སྒྱུ་འཕྲུལ་གྱི་ལྷ་ཚོགས་རྣམས་བཞུགས༔ སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་དང༔ དེ་འོག་རྒྱལ་བ་དམ་པ་རིག་བརྒྱའི་ལྷ་ཚོགས་རྣམས་དང༔ ཡི་དམ་རྡོ་རྗེ་དྲག་རྩལ་གྱི་ལྷ་ཚོགས་རྣམས་དང༔ དྲག་པོ་མེ་རླུང་འཁྱིལ་བའི་ལྷ་ཚོགས་རྣམས་དང༔ དྲག་པོ་མེའི་འཁོར་ལོ་ཅན་གྱི་ལྷ་ཚོགས་རྣམས་དང༔ པདྨ་བཛྲ་རྩལ་གྱི་ལྷ་ཚོགས་རྣམས་དང༔ དེའི་མཁའ་ལ་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་ནས་བཞུགས་པ༔ དེ་འོག་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་རྣམས་དང༔ སངས་རྒྱས་སུམ་ཅུ་རྩ་ལྔའི་ལྷ་ཚོགས་རྣམས་དང༔ གཞན་ཡང་ལྷ་ཚོགས་དཔག་ཏུ་མེད་པ་བཞུགས༔ དེའི་འོག་ཏུ་རྒྱུད་གུར་མགོན་པོའི་ལྷ་ཚོགས་རྣམས་དང༔ མ་གཅིག་དཔལ་ལྡན་ལྷ་མོའི་ལྷ་ཚོགས་རྣམས་དང༔ ཤན་པ་སྲོག་སྒྲུབ་ནག་མོའི་ལྷ་ཚོགས་རྣམས་དང༔ དྲང་སྲོང་གཟའ་བདུད་ཆེན་པོའི་ལྷ་ཚོགས་རྣམས་དང༔ གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་ཀྱི་སྐུ་དང༔ སྒོ་མ་ལྕགས་སྒྲོག་མ་དང༔ དྲིལ་བུ་མའི་སྐུ་རྣམས་གསལ་བར་བཞུགས༔ སྨོན་ལམ་གང་བཏབ་འགྲུབ་པར་ཐེ་ཚོམ་མེད༔ མཁའ་ཁྱབ་སྐྱེ་འགྲོ་སེམས་ཅན་མ་ལུས་ཀུན༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ སརྦ་མངྒ་ལཾ་བྷ་ཝནྟུ༔
༈ ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ་ཧྲཱི༔ དེ་ནས་མཁའ་སྤྱོད་འོད་གསལ་ཕུག་གི་བཞུགས་ཚུལ་ནི༔ གདོང་སྒང་རྐང་ཐུང་གི་ཐེམ་ལ་འཛེག་པ་ནི༔ ངན་སོང་རྡོག་པས་ནོན་པའི་བརྡ་དང༔ དེ་སྟེང་བདེ་བའི་སྤང་མཐིལ་དེ༔ རིག་འཛིན་མཁའ་འགྲོ་རྣམས་ཀྱི་བྲོ་ར་ཡིན༔ དེར་གར་མཁན་གྱི་གར་གྱིས་བྲོ་མཁན་གྱི་བྲོ་རྡུངས༔ དེ་གོང་སྒོ་འགྲམ་གཡས་ངོས་ནས༔ མ་བདུན་སྲིང་བཞི་འབར་མ་ཕོ་ཉ་དང༔ སྐྱེས་བུ་གིང་ཆེན་བརྒྱད༔ དབང་ཕྱུག་མ་ཉེར་བརྒྱད་ཀྱི་སྐུ་རྣམས་གསལ་བར་ཡོད༔ དེའི་གོང་དུ་བདུད་མགོན་སེང་གདོང་ཡབ་ཡུམ་བཀའ་འཁོར་བྲན་གཡོག་དང་བཅས་པ་རྣམས་དང༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པའི་སྡེ་ཚོགས་ཡོད་པས༔ དེ་མདུན་དུ་མཚོན་ཆའི་རིག་བྱེད་རྣམས་ཀྱིས་མཎྜལ་ཕུལ་བས༔ དུས་འཁྲུགས་མཚོན་སྐལ་ཞི་བའི་རྟེན་འབྲེལ་ཡོད༔ དེའི་གོང་དུ་དཔལ་ཆེན་དྲེགས་པ་ཀུན་འདུལ་གྱི་ལྷ་ཚོགས་རྣམས་བཞུགས༔ དེ་གོང་དུ་དཔལ་ཆེན་སྟོབས་ལྡན་ནག་པོའི་ལྷ་ཚོགས་དང༔ དེ་གོང་དུ་སྲིད་པ་མ་རྒྱུད་ཀྱི་ལྷ་ཚོགས་རྣམས་བཞུགས༔ བཛྲ་ཀུ་མ་ར་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་དང༔ བཛྲ་ཧེ་རུ་ཀ་ཐུགས་ཀྱི་ལྷ་ཚོགས་རྣམས་དང༔ མཉྫུ་ཤྲཱི་སྐུའི་ལྷ་ཚོགས་རྣམས་དང༔ ཧྱ་གྲཱྀ་ཝ་གསུང་གི་ལྷ་ཚོགས་རྣམས་དང༔ མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་རྣམས་དང༔ གཞན་ཡང་ལྷ་ཚོགས་བརྗོད་འདས་བཞུགས༔ དེ་འོག་ཏུ་ཨུ་རྒྱན་གྱིས་གསང་ཕུག་དང་སྐུ་རྗེས༔ ཚེ་ཡང་ཕུར་གསུམ་གྱི་ལྷ་ཚོགས་རྣམས་ལམ་མེར་བཞུགས༔ དེ་འོག་ཏུ་འཆི་མེད་ཚེའི་སྒྲུབ་ཕུག་དང༔ ལོངས་སྐུ་མགོན་པོ་ཚེ་དཔག་མེད་པའི་ལྷ་ཚོགས་རྣམས་དང༔ རིག་འཛིན་པདྨ་འབྱུང་གནས་ཀྱི་ཞབས་རྗེས་རྣམས་གསལ་བར་བཞུགས༔ དེའི་མཁའ་ལ་རིག་འཛིན་པདྨ་དབང་ཆེན་ཡབ་ཡུམ་དང༔ སྤྲུལ་པའི་གུ་རུ་མཚན་བརྒྱད་དཔའ་བོ་གིང་བཞི་དང༔ མཆོག་སྤྲུལ་གྱི་རིག་འཛིན་བརྒྱད་དང༔ ཡང་སྤྲུལ་རྗེ་འབངས་ཉི་ཤུ་རྩ་ལྔ་དང༔ བླ་མ་རིག་འཛིན་གྱི་ལྷ་ཚོགས་རྣམས་གསལ་བར་བཞུགས༔ དེ་གོང་བར་དོའི་འཕྲང་ལམ་དང༔ གཤིན་རྗེ་ཆོས་རྒྱལ་གྱི་སྐུ་དང༔ རིག་རྩལ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་དང༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས༔ དེའི་མཁའ་ལ་གསང་སྔགས་ཕ་རྒྱུད་ཀྱི་ལྷ་ཚོགས་རྣམས་དང༔ དེ་འོག་གསང་སྔགས་མ་རྒྱུད་ཀྱི་ལྷ་ཚོགས་རྣམས་དང༔ དེ་འོག་གཉིས་མེད་རྒྱུད་ཀྱི་ལྷ་ཚོགས་རྣམས་དང༔ ཐུགས་རྗེ་ཆེན་པོ་ལས་རྒྱ་མཚོའི་རྒྱུད་ཀྱི་ལྷ་ཚོགས་རྣམས་དང༔ དཔལ་ཆེན་ཡང་གསང་ཁྲོས་པའི་ལྷ་ཚོགས་རྣམས་དང༔ རིག་འཛིན་དམ་པའི་ལྷ་ཚོགས་འོད་ཕུང་འབར༔ དེ་འོག་རིག་འཛིན་ཚོགས་ཁང་དབུས༔ ཕྱི་ལྟར་ཙནྡན་ཀ་བ་དགུ་དཀྲིས་ཡིན༔ ཨུ་རྒྱན་པདྨ་དེ་ཉིད་པད་སྡོང་གི་རྩེ་ལ་སྐུ་འཁྲུངས་པའི་ཚུལ་ཡིན༔ གསང་བ་ལྟར་ན་ཟབ་གསང་གཏེར་གྱི་སྒྲོམ་བུ་ཡིན༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་དང་མ་སྲིང་རྒྱ་མཚོ་སྤྲིན་ལྟར་འཁྲིགས༔ དེ་འོག་ཌཱཀྐི་སྡེ་ལྔ་དཔའ་བོ་གིང་བཞི་དང༔ རྒྱལ་ཆེན་བཞི་སོགས་དཔལ་ཆེན་གྱིས༔ བཀའ་སྡོད་ལྷ་ཚོགས་ཁྲ་ཁྲ་ལམ་ལམ་གསལ༔ ཨེ་མ་ད་ལྟ་བཞུགས་དང་མ་འོངས་སྐལ་ལྡན་ཀུན༔ ཐུན་མོང་ཕྲིན་ལས་དངོས་གྲུབ་མ་གཏོགས་པར༔ ཚེ་གཅིག་སངས་རྒྱས་ཐོབ་འདོད་གདུང་ཤུགས་བསྐྱེད༔ སེམས་བསྐྱེད་སྨོན་ལམ་བཟང་པོས་མཚམས་སྦྱོར་རེམ༔ སྐད་ཅིག་སངས་རྒྱས་ཐོབ་འདོད་བུ་ཡོད་ན༔ འགྲན་བྲལ་གནས་མཆོག་འདི་ལ་ཕྱག་བསྐོར་འབུལ༔ ཚེ་གཅིག་སངས་རྒྱས་ཐོབ་པར་ཐེ་ཚོམ་མེད༔ འཛམ་གླིང་རྒྱལ་ཁམས་ཀུན་ཏུ་ཡང༔ བཀྲ་ཤིས་དཔལ་དང་རྒྱ་མཚོ་མེ་རེ་རེ༔ མི་དབང་ནོར་འཛིན་སྐྱེས་ཆེན་རྣམས་དང༔ བརྒྱུད་འཛིན་བུ་སློབ་རྣམས་ལ༔ འབད་མེད་མྱུར་བ་ཉིད་དུ༔ རྒྱུན་ཆད་མེད་པར་སྩོལ་ཅིག༔ བླ་མེད་སྟོན་མཆོག་དམ་པ་མཆོག་གསུམ་སྐུ་གསུམ་རྒྱ་མཚོས་གཟི་བྱིན་མྱུར་དུ་བསྐྱེད་ལ༔ ནད་མུག་བསྐལ་ངན་འཁྲུག་བརྩོད་མྱུར་བ་ཉིད་དུ་བཟློག་ཅིག༔ སརྦ་མངྒལཾ༔
༈ ན་མོ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ཙིཏྟ་སིངྔྷི་ཧཱུྃ་ཧྲཱི༔ མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ནས༔ མངོན་ཤེས་རྫུ་འཕྲུལ་མཐུ་རྩལ་ཅན༔ སྒྲུབ་པ་པོ་ལ་མ་དང་བུ་ཡི་བརྩེ༔ གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་འདུད༔ ཡུམ་མཆོག་བདེ་བ་ཆེན་པོ་ཡིས༔ མཁའ་འགྲོ་གསང་བའི་ཕུག་པ་རུ༔ མདུན་དུ་ཕ་ཝང་ནག་པོའི་ལོགས་སུ༔ མ་ཚོགས་མཁའ་འགྲོའི་ཞབས་རྗེས་ཡོད༔ དེ་གོང་སྐས་ལ་འཛེག་པ་ནི༔ སྐལ་ལྡན་བདེ་ཆེན་ཐར་གླིང་བསྒྲོད་པའི་བརྡ༔ སྒོ་འགྲམ་གོང་ལ་གུ་རུའི་ཞབས་རྗེས་ཡོད༔ དེ་འོག་སྒོ་ལོག་གཡས་གཡོན་དུ༔ སྒོ་མ་བཞིའི་སྐུ་རྣམས་གསལ་བར་ཡོད༔ དེ་ནས་ནང་གི་སྒོ་གཡས་སུ༔ གནོད་སྦྱིན་དམ་ཅན་སྡེ་ལྔའི་སྐུ་དང༔ བདུད་འདུལ་སེང་གདོང་སྡེ་ལྔའི་སྐུ་དང༔ གཤིན་རྗེ་རྟ་ཞོན་དམར་པོའི་སྐུ་དང༔ འཇམ་དཔལ་འཆར་ཀ་ནག་པོའི་སྐུ་དང༔ འཇམ་དཔལ་པ་ཏྲ་ནག་པོའི་ལྷ་ཚོགས་རྣམས་དང༔ འཇམ་དཔལ་དུག་གདོང་ནག་པོའི་ལྷ་ཚོགས་རྣམས་དང༔ འཇམ་དཔལ་ཚེ་བདག་ནག་པོའི་ལྷ་ཚོགས་རྣམས་དང༔ འཇམ་དཔལ་ཉི་ཟླ་ཁྲོ་ནག་གི་ལྷ་ཚོགས་རྣམས་དང༔ འཇམ་དཔལ་ཤྲཱི་ནག་པོའི་ལྷ་ཚོགས་རྣམས་དང༔ ཁྲོ་རྒྱལ་པདྨ་བརྩེགས་པའི་ལྷ་ཚོགས་རྣམས་དང་གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔ དེ་གོང་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་དང༔ གཤིན་རྗེ་གཤེད་དམར་པོའི་ལྷ་ཚོགས་རྣམས་དང༔ འཇམ་དཔལ་ཨ་ར་པ་ཙ་ཡི་ལྷ་ལྔའི་ལྷ་ཚོགས་རྣམས་གསལ་བར་བཞུགས༔ དེ་གོང་འཕགས་མཆོག་ནམ་མཁའ་རྒྱལ་པོའི་ལྷ་ཚོགས་རྣམས་བཞུགས༔ དེ་གོང་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་དང༔ རིག་འཛིན་པདྨ་འབྱུང་གནས་ཨོ་རྒྱན་རྒྱ་མཚོའི་ཡུལ་དུ་སྐུ་འཁྲུངས་པའི་ཚུལ་དང༔ ཡི་དམ་དབང་དྲག་པདྨ་ཡབ་ཡུམ་དང༔ ཐོད་ཕྲེང་སྡེ་ལྔ་དང༔ འགྲོ་འདུལ་གྱི་གུ་རུ་རིགས་དྲུག་དང༔ སྤྲུལ་པའི་གུ་རུ་མཚན་བརྒྱད་དང༔ རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད༔ དཔའ་བོ་གིང་ཆེན་སྡེ་བཞིའི་ལྷ་ཚོགས་རྣམས་བཞུགས༔ དེ་གོང་དགྱེས་རྡོར་མཚོ་སྐྱེས་རྡོ་རྗེ་ཧེ་རུ་ཀ་བཞིའི་ལྷ་ཚོགས་རྣམས་གསལ་བར་བཞུགས༔ དེ་གོང་དུ་བདག་མེད་ལྷ་མོ་བཅོ་ལྔའི་ལྷ་ཚོགས་རྣམས་དང༔ ཕག་མོ་ལྷ་བཅུའི་ལྷ་ཚོགས་རྣམས་དང༔ རྡོ་རྗེ་ཁྲོས་མ་ནག་མོ་ལྷ་ལྔའི་ལྷ་ཚོགས་རྣམས་དང༔ ཕག་མོ་དམར་ཆུང་མའི་ལྷ་ཚོགས་རྣམས་དང༔ ཕག་མོ་གཙུག་རྒྱན་མ་དང༔ ལྷ་མོ་འོད་ཟེར་ཅན་མ་དང༔ ལྷ་མོ་ཀུ་རུ་ཀུལླེ་མ་དང༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང༔ རྡོ་རྗེ་མཁའ་སྤྱོད་མ་ལྷ་ལྔའི་ལྷ་ཚོགས་རྣམས་དང༔ ལྷ་མོ་དབྱངས་ཅན་མ་རིགས་ལྔའི་ལྷ་ཚོགས་རྣམས་དང༔ དཔལ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལྷ་ཚོགས་རྣམས་དང༔ ཡེ་ཤེས་ཀྱི་ཌཱཀྐི་མ་ཉི་ཟླ་ཁྲོས་མའི་ལྷ་ཚོགས་རྣམས་དང༔ མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེའི་ལྷ་ཚོགས་རྣམས་དང༔ མ་གྲུབ་པའི་རྒྱལ་མོའི་ལྷ་ཚོགས་རྣམས་དང༔ ཌཱཀྐི་མ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་སྐུ་བཞིའི་ལྷ་ཚོགས་རྣམས་དང༔གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས༔དེ་འོག་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་དང་ཉེར་ལྔའི་ལྷ་ཚོགས་རྣམས་ལམ་མེར་བཞུགས༔ དེ་གོང་བླ་མ་དགོངས་པ་འདུས་པའི་ལྷ་ཚོགས་ལྔ་བརྒྱ་ལྔ་བཅུ་རྩ་བརྒྱད་བཞུགས༔ དེ་འོག་ཀླུ་མི་མགོན་དཀར་པོའི་སྐུ་ཡོད༔ དེ་འོག་འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྒྲོལ་མ་ལྷ་ཉི་ཤུ་རྩ་གཅིག་གིས་བསྐོར་ནས་བཞུགས༔ དེའི་མཁའ་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་བརྒྱུད་པ་དགུ་ལྡན་གྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས༔ དེ་འོག་ཏུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ་པཎ་ཆེན་པདྨ་བཛྲ་དང་གནས་བརྟན་ཆོས་སྐྱོང་དྲག་སོགས་ལམ་འབྲས་ཀྱི་བརྒྱུད་པ་རྣམས་ཀྱིས་བསྐོར་ནས་བཞུགས༔ དེ་འོག་དུས་གསུམ་གྱིས་སངས་རྒྱས་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་ནས་བཞུགས༔ དེ་འོག་རྒྱན་དྲུག་མཆོག་བརྒྱད་ལ་སོགས་བོད་ཀྱི་པཎ་གྲུབ་རྣམས་ཀྱིས་སྐུ་དཔག་ཏུ་མེད་པ་གསལ་བར་བཞུགས༔ དེ་འོག་རྡོ་རྗེ་ནག་པོ་ཆེན་པོ་ལ་ཁྲོ་བོ་བཅུའི་བསྐོར་བའི་ཚུལ་དང༔ རྣམ་སྲས་སེར་ཆེན་རྐྱ་བརྒྱད་ལ་གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་ཚུལ་དང༔ དྲེགས་པའི་གཙོ་བོ་དབང་ཕྱུག་ཡབ་ཡུམ་དང༔ གཞན་ཡང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་བཞུགས༔ དེ་མདུན་སྨོན་ལམ་གང་བཏབ་འགྲུབ་པར་ཐེ་ཚོམ་མེད༔ གནས་དེའི་ནང་དུ་རིན་པོ་ཆེ་དང༔ འབྲུ་སྨན་དར་ཟབ་ཀྱི་རིག་བྱེད་རྣམས་ཕུལ་དང༔ མུ་གེའི་བསྐལ་པ་ཞི་བའི་རྟེན་འབྲེལ་ཡོད༔ སྟག་ཤར་རྣམས་ཀྱི་གོ་མཚོན་རིགས་བྱེད་ཕུལ་དང༔ ཕྱི་ནང་གི་དུས་འཁྲུགས་མཚོན་གྱི་བསྐལ་པ་ཞི་བའི་རྟེན་འབྲེལ་ཡོད༔ ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག༔ སརྦ་མངྒ་ལཾ༔
༈ ན་མོ་སརྦ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ་ཧྲཱི༔ དེ་ནས་གནས་ནང་གི་གནས་མཆོག་ནི༔ ལྷ་རི་འོད་གསལ་མདུན་ནས་ཞལ་གཟིགས་ན༔ མཉམ་མེད་ཤཱཀྱའི་རྒྱལ་པོའི་མཛད་པ་བཅུ་གཉིས་ཀྱི་བཀོད་པ་རྣམས་དང༔ ལྷ་ཤཱཀྱ་མུ་ནེ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཚུལ་དང༔ རྗེ་མ་ཧཱ་གུ་རུའི་རྣམ་ཐར་གྱི་བཀོད་པ་རྣམས་དང༔ ཁྱད་པར་དུ་ཟ་ཧོར་རྒྱལ་པོས་མེ་ལ་བསྲེགས་པའི་ཚུལ་རྣམས་གསལ་བར་ཡོད༔ གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས་༔ དེ་ནས་ཕྱག་ཞབས་རྗེས་རྣམས་བཞུགས་ཚུལ་ནི༔ ཨུ་རྒྱན་ཡབ་ཡུམ་རྗེ་འབངས་ཉེར་ལྔ་སོགས༔ གཞན་ཡང་མ་ཚོགས་མཁའ་འགྲོ་རྒྱ་མཚོ་རྣམས་ཀྱི་ཕྱག་ཞབས་ཀྱི་རྗེས་རྣམས་བརྗོད་ལས་འདས་པ་གསལ་བར་བཞུགས༔ གཞན་ཡང་གསུང་ཡིག་འབྲུ༔ ཐུགས་ཕྱག་མཚན་གྱིས་རིག་བྱེད་དཔག་མེད་ཡོད༔ རྗེ་འབངས་རྣམས་ཀྱི་སྒྲུབ་ཕུག་གཞན་རྣམས་ལ་ལྷ་ཚོགས་གྲངས་མེད་བཞུགས་ཚུལ་དཔག་མཐའ་ཡས༔ ཨེ་མ་ད་ལྟ་བཞུགས་དང་མ་འོངས་སྐལ་ལྡན་རྣམས༔ རང་བྱུང་ལྷུན་གྲུབ་དཔལ་གྱི་ཡེ་ཤེས་ནི༔ ཆེ་བའི་ཡོན་ཏན་བརྗོད་འདས་སུ་ཞིག་ལོངས༔ གནས་འདི་མཚན་ཐོས་སྐལ་ལྡན་ཕོ་མོ་རྣམས༔ ཚེ་རབས་གྲངས་མེད་སྡིག་སྒྲིབ་ཟད་པར་ངེས༔ གནས་མཆོག་འདི་ལ་དད་གུས་ངེས་བསྐྱེད་ཀུན༔ མི་དགེ་བཅུ་སྤྱོད་ལས་སྒྲིབ་དག་པར་ངེས༔ གནས་འདིར་ངེས་སེམས་གོམ་པ་བདུན་བོར་ན༔ བདེ་ཆེན་ཐར་པའི་ལམ་སྣ་ཟིན་པར་ངེས༔ གནས་མཆོག་འདི་ལ་དར་ལྕོག་སུས་བཙུགས་པ༔ ཕོ་བྲང་རི་བོ་ཏ་ལར་སྐྱེ་བར་ངེས༔ གནས་མཆོག་འདི་ལ་མར་མེ་སུས་ཕུལ་བ༔ བདེ་ཆེན་མཁའ་སྤྱོད་གནས་སུ་སྐྱེ་བར་ངེས༔ གནས་མཆོག་འདི་ལ་ཚེ་ཐར་སུས་བཏང་བ༔ མགོན་མཆོག་ཚེ་དཔག་མེད་དང་མཇལ་བར་ངེས༔ གནས་མཆོག་འདི་ལ་ཚོགས་འཁོར་སུས་བསྐོར་བ༔ འཕོ་མེད་རིག་འཛིན་ཞིང་དེར་སངས་རྒྱས་ཐོབ༔ གནས་མཆོག་འདི་ལ་ཕྱག་མཆོད་སུས་ཕུལ་བ༔ བདེ་ཆེན་ཀུན་འོད་ཞིང་དེར་སྐྱེ་བར་ངེས༔ གནས་མཆོག་འདི་ལ་བསྐོར་བ་བདུན་བྱས་ན༔ ཡིག་དྲུག་དུང་ཕྱུར་གཅིག་དང་ས་ཡ་བདུན༔ འགྲོ་ངེས་རྒྱལ་བ་རིག་འཛིན་པདྨའི་བཀའ༔ སྒྲུབ་གནས་གཞན་ལ་ཟླ་གཅིག་བསྡད་པ་བས༔ གནས་མཆོག་འདི་ལ་ཞག་གཅིག་བསྡད་པས་ཡོན་ཏན་འཕེལ༔ སྒྲུབ་གནས་གཞན་ལ་ལོ་གཅིག་བསྡད་པ་བས༔ གནས་མཆོག་འདི་རུ་ཟླ་གཅིག་བསྡད་པས་བསོད་ནམས་ཆེ༔ དེ་སོགས་ཡོན་ཏན་དཔག་མེད་བརྗོད་ལས་འདས༔ དཔལ་གྱི་གནས་མཆོག་འདི་ཉིད་ལ༔ བཀུར་སྟི་མཆོད་པ་སུས་བྱས་པ༔ བུ་འདོད་པ་རྣམས་བུ་ཡི་དངོས་གྲུབ་ཐོབ༔ ནོར་འདོད་པ་རྣམས་ནོར་གྱི་དངོས་གྲུབ་ཐོབ༔ ནད་གདོན་འབྱུང་པོས་བཏབ་པ་རྣམས་དང༔ དུས་མ་ཡིན་པའི་འཆི་བ་བརྒྱད་སོགས༔ འཕྲལ་རྐྱེན་ངན་པ་ཐམས་ཅད་ཞི་བར་འགྱུར༔ དད་གུས་མོས་པས་གསོལ་བཏབ་ན༔ ཚེ་ཆད་པ་ཐམས་ཅད་མཐུད་ནུས་སོ༔ མོ་ལྟས་པྲ་རྟགས་ངན་པ་དང༔ རྨིས་ལྟས་མཚན་ངན་ཐམས་ཅད་གྲོལ་བར་འགྱུར༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ལ་སོགས་པ༔ ལེགས་དགུ་དཔལ་གྱིས་སྙན་གྲགས་ཐོབ་པར་ངེས༔ སྐལ་ཡོད་དངོས་གྲུབ་ཐོབ་པའི་གནས་མཆོག་ཡིན༔ སྐལ་མེད་ཚེ་སྲོག་གཅོད་པའི་གནས་མཆོག་ཡིན་པས༔ གནས་འདིར་མི་དད་ལོག་སྤྱོད་མཁན་རྣམས་དང༔ མཁའ་འགྲོའི་སྒོ་ནོར་རི་དྭགས་གསོད་མཁན་དང༔ ཕྱི་ནང་གནས་བསྐོར་བརྡུང་འཕྲོག་བཅོམ་མི་དང༔ ངན་སེམས་འཆང་བའི་དགྲ་རྐུན་ཇག་རྣམས་དང༔ མ་ཚོགས་གནས་གསུམ་མཁའ་འགྲོ་ཐམས་ཅད་ཀྱིས༔ བཀའ་ཆད་དྲག་པོ་མྱུར་དུ་གཏོང་བས༔ ཚེ་འདིར་མི་རུང་སྣ་ཚོགས་མྱུར་གཏོང་ནས༔ ཚེ་སྲོག་མྱུར་ལྟུང་དྲན་ཤེས་གཏོར་བར་ངེས༔ དེ་ཕྱིར་བག་ཡོད་དྲན་ཤེས་ངེས་འཚལ་ལོ༔ སྒོ་གསུམ་སྤྱོད་ལམ་རྣམ་བཞི་ཞིབ་འཚལ་ལོ༔ སརྦ་མངྒ་བྷ་ཝནྟུ༔ དགོང་གསོལ་འདི་དུས་རྒྱུན་དུ་འདོན་དགོས༔ ཧོ་དགོངས་སུ་གསོལ་ལོ༔ ལན་གསུམ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་བཀའ་སྲུང༔ གཉེར་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་ལ་སོགས་ཏེ༔ ཡེ་ཤེས་དང་ལས་ལ་གྲུབ་པའི་བཀའི་བཀའ་སྲུང༔ གཏེར་སྲུང་གཏེར་གྱི་བདག་པོ༔ གནས་སྲུང་གནས་ཀྱི་སྲུང་མ༔ རང་རང་གི་བཀའ་འཁོར་བྲན་གཡོག་དང་བཅས་པ༔ ཕོ་ཉ་ལས་མཁན་སྡེ་བརྒྱད་དྲེགས་བྱེད་གདུག་རྩུབ་ཅན༔ དམ་ཚིག་གི་སྲུང་མ༔ དམ་ཉམས་རྣམས་ཀྱི་ཤན་པ༔ ཤ་ལ་དགྱེས་ཤིང་ཁྲག་ལ་རྔམ་པ་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ༔ གང་དག་ཞི་བས་མི་འདུལ་བ༔ དཀར་པོའི་ཕྱོགས་ལ་མི་དད་ཅིང༔ ནག་པོའི་ཕྱོགས་ལ་མངོན་པ་དགའ་བ༔ བསྒྲལ་བའི་ཞིང་དུ་གྱུར་པ༔ དབེན་གནས་སུ་བཤད་སྒྲུབ་ཀྱི་སྡེ་བཅོམ་པ༔ དད་ལྡན་གྱི་གནས་སྐོར་ཕོ་མོ་རྣམས་ལ་རྡུང་བརྡེགས་བཅོམ་གསུམ་བྱེད་མི། རྐུ་འཕྲོག་དང་བསད་གཅོད་བྱེད་མི༔ མགོ་སྐོར་རྒྱུག་ལོག་རྗེས་བསྙགས་ཀྱིས་བདག་པོ་རྣམས་དང༔ མ་གྲོལ་གྲོལ་རྫུན་བཏབ་ནས༔ གནས་མཆོག་འདི་རྣམས་ལ་མིང་གཞན་འདོགས་མཁན༔ བཀའ་རྐུ་ལྟ་ལོག་འབར་བ༔ སྒྲོ་སྐུར་བཏབ་མི༔ བསླབ་པའི་སློབ་བུ་དམ་ལོག་བྲན་གཡོག་ངོ་ལོག་གི་བདག་པོ༔ སངས་རྒྱས་བསྟན་པའི་རུ་ཊ༔ དགྲ་བགེགས་མཐའི་དམག་དཔུང༔ དམག་དཔོན་དཔོན་བློན་གྲོས་ར་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱི་ཚེ་བླ་སྲོག་གསུམ༔ ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད་ཤ་རུས་ཁྲག་གསུམ༔ མཐའ་རྩ་སྐྱེ་བརྒྱུད་འབངས་འཁོར་བྲན་གཡོག་དང་བཅས་པ་ཐམས་ཅད༔ རྡོ་རྗེ་ནག་པོ་ཆེན་པོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ༔ སྲོག་བཅོད་ཤན་པ་གྲི་ཐོགས་དང་བཅས་པ་ཁྱེད་རྣམས་ལ༔ ཟས་སྐལ་དུ་གཏོད་ཅིག་མ་ཤོར་ཅིག༔ བཞེས་ཤིག༔ རྩད་ནས་ཆོད་ཅིག༔ དྲུང་ནས་ཕྱུངས་ཤིག༔ སྙིང་ཁྲག་ཐང་ལ་འཕོས་ཤིག༔ ཤ་རུས་ཁྲག་གསུམ་ཐམས་ཅད་ལས་མཁན་རྡོ་རྗེ་ཕོ་ཉའི་ཚོགས་རྣམས་ཀྱིས་དཔའ་ཟས་གྱིས་ཤིག༔ དགྲ་བགེགས་བྱད་མ་དེ་དག་རྣམས་ཀྱི་ལུས་ངག་ཡིད་གསུམ་ཉི་ཟླ་གཟའ་ཡིས་ཟིན་པ་བཞིན་དུ་ཐོངས་ཤིག༔ ཤི་ནས་དམྱལ་བར་སྐྱེ་ཞིག་ས་མ་ཡཱ༔ གནས་འདི་ལ་དད་གུས་ཀྱི་བཀུར་སྟི་རིམ་གྲོ་ལ༔ ལམ་འཕྲང་སེལ་མཁན་རྣམས་ཚེ་བསོད་དཔལ་འབྱོར་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པར་མཛོད་ཅིག བཛྲ་ས་མ་ཡ༔
མཆན། ༡.གོང་གི་གནས་ཡིག་འདི་ནི་སེང་གནམ་དགོན་གྱིས་ གནང་བའི་དཔེ་དེབ་ནས་ཞལ་བཤུས་པའོ། ། ༢.གནས་འདི་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་འཇོ་མདའ་རྫོང་སྒང་ཐོག་ཞང་སྒང་ཐོག་གྲོང་གི་ལུང་པའི་ཕུའི་རི་མགོ་ན་ཆགས་ཡོད། གནས་སྐོར་པའི་བརྒྱུད་རིམ་དང་བར་ཐག་ནི། ཟི་ཁྲོན་ཞིང་ཆེན་དང་བོད་ལྗོངས་ཀྱི་ས་མཚམས་འབྲི་ཆུ་སྒང་ཐོག་ཟམ་པ་ནས་སྤྱི་ལེ༧ཙམ་ཡོད།སྔོན་ཆད་རླངས་འཁོར་གྱི་ལམ་མེད་མོད།སྤྱི་ལོ༢༠༠༩ལོའི་ཟླ༨པའི་ཚེས༡༨ཉིན་ལམ་གསར་བཟོ་བྱས་པས་ལམ་སྣེ་དགོན་པའི་ཉེ་འདབས་སུ་བསླེབས་ཡོད་པས་ལམ་ཧ་ཅང་སྟབས་བདེ་ཡིན།གནས་སྐོར་པ་རྣམས་རི་འདབས་སུ་རླངས་འཁོར་ལས་བབས་ཏེ་གཡས་སྐོར་བརྒྱབ་ནས་དགོན་ཐོག་ཏུ་བསླེབས་ཐུབ་པས།མཐའ་སྐོར་གྱི་ལམ་བར་དུ་རང་བྱོན་མང་པོ་མཇལ་རྒྱུ་ཡོད། དེར་ས་གནས་ཀྱི་མི་རྒྱུས་ཡོད་གླས་ནས་ཁྲིད་ན་གནས་མཇལ་པ་བཟང་དགོན་ནང་དུ་འབྱོར་རྗེས་ལྷ་མཇལ་དང་རྩེ་བསྐོར་མཚམས་སྒྲུབ་བྱས་ཚེ།ཡུལ་ལྗོངས་མཛེས་ཤིང་དབེན་རི་ཉམས་དགའ་བ་ཞིག་ཡིན།
༄༅། །ཕྲིན་ལས་གནས་ཀྱི་གཙོ་བོ་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཀླུང་ཕྱོགས་དག་ཏུ༔ ཀཿཞེས་རི་བོ་སེང་ཆེན་འགྱིང་འདྲའི་མགུལ༔ རིན་ཆེན་འདྲ་བའི་བྲག་ལ་པད་འབྱུང་བདག༔ ལོ་གཅིག་བཞུགས་པའི་སྒྲུབ་གནས་ཀེའུ་ཚང༔ནང་དུ་སྒྱུ་འཕྲུལ་ལྷ་ཚོགས་རང་བྱོན་བཞུགས༔ མ་འོངས་འདི་རུ་ང་སྤྲུལ་བདེ་གཤེགས་མཚན༔ བསྟན་པའི་མེ་རོ་སྨད་ནས་སློང་བར་བྱེད༔ པད་འབྱུང་བརྒྱུད་འཛིན་བསྟན་པའི་བདག་པོ་རུ༔ སེང་ཆེན་འདྲ་བའི་མི་རབས་བཅུ་གསུམ་འབྱུང༔
༄༅། །ཕྲིན་ལས་གནས་ཀྱི་གཙོ་བོ་ཡོངས་གྲགས་ཀཿཐོག་རྡོ་རྗེ་གདན། ང་སྤྲུལ་བདེ་གཤེགས་མཚན་ནི་ཀཿདམ་པ་བདེ་གཤེགས། སེང་ཆེན་འདྲ་བའི་མི་རབས་ནི་དམ་གཙང་བྱམས་གསུམ་ནས་བརྩམས་ཏེ་བླ་རབས་བཅུ་གསུམ་དུ་གྲགས་པ་རྣམས་སོ། །
༄༅། །རྒྱལ་བ་ཀཿཐོག་པའི་གནས་ཡིག་སྤྲུལ་སྐུའི་ཞིང་བཀོད་བཞུགས་སོ། །
འདས་དང་མ་འོངས་ད་ལྟར་གྱི༔ དུས་གསུམ་མ་བསྒྲིབས་གསལ་མཁྱེན་པའི༔ བདེར་གཤེགས་རྒྱལ་བ་སྲས་བཅས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཨོ་རྒྱན་ཡུལ་དུ་སྐུ་འཁྲུངས་ཏེ༔ དུར་ཁྲོད་བརྒྱད་དུ་སྒྲུབ་པ་མཛད༔ བརྟུལ་ཞུགས་སྦྱོར་སྒྲོལ་མཐའ་རུ་ཕྱིན༔ མཆོག་ཐུན་དངོས་གྲུབ་ཚེ་ལ་དབང༔ མུ་སྟེགས་བདུད་རྣམས་ཆམ་ལ་ཕབ༔ ཤཱཀ་ཐུབ་བསྟན་པའི་སྒྲོན་མེ་སྦར༔ ཁྱད་པར་གངས་ཅན་བོད་ཀྱི་ཡུལ༔ སྔོན་གྱི་སྨོན་ལམ་མཐུས་བྱོན་ནས༔ རྡོ་རྗེ་ཐེག་པའི་བསྟན་པ་བསྟན༔ མུན་གླིང་ཆོས་ཀྱི་སྒྲོན་མེ་སྦར༔ ས་འོག་ས་སྟེང་གཏེར་གྱིས་བཀང༔ མ་འོངས་ང་སྤྲུལ་གྲངས་མེད་ཀྱིས༔ ཟབ་པའི་གནས་ཀྱི་སྒོ་འབྱེད་ཅིང༔ གཅེས་དགུའི་སྙིང་པོ་གཏེར་ལ་སྤྱོད༔ ལས་ཅན་རྗེ་འབངས་གྲོགས་བདུན་ཉོན༔ འཛམ་བུ་གླིང་གི་མཐའ་འཁོབ་ཡུལ༔ གངས་ཅན་ལྗོངས་ཀྱི་ལྟེ་བ་ཉིད༔ ཀཿཐོག་མི་འགྱུར་རྡོ་རྗེ་གདན༔ འཁོར་ལོ་ལྔ་ལྡན་ཞི་ཁྲོའི་གནས༔ ང་ཡི་སྒྲུབ་གནས་མང་ཡོད་ཀྱང༔ གནས་ཀྱི་རྒྱལ་པོ་འདི་ཁོ་ན༔ མ་འོངས་དུས་ལ་མ་བབས་པར༔ འདི་ཡི་གྲགས་པ་སྤེལ་མི་བྱ༔ སྦས་པའི་ཡུལ་དུ་བྱ་བར་རིགས༔ མ་འོངས་ཉི་ཤུ་ཁ་རལ་དུས༔ ཁྱེད་རྣམས་ཀུན་གྱི་སྤྲུལ་པ་ནི༔ པད་མ་ང་ཡི་སྦས་ཡུལ་འདིར༔ ལས་སྨོན་སྟོབས་ཀྱིས་འདུས་ནས་སུ༔ སྦས་ཡུལ་འདི་ཡི་གནས་སྒོ་འབྱེད༔ ཁྱད་འཕགས་སྙིང་ནོར་གཏེར་འགའ་འབྱིན༔ བསྟན་འགྲོའི་དོན་ཆེན་འབྱུང་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པས་རྗེ་འབངས་གྲོགས་བདུན་པོས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཕུལ་ཞིང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་གསེར་གཡུའི་མཎྜལ་ཕུལ་ནས་ཞུས་པ༔ ཀྱེ་མ་རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཐུགས་རྗེའི་བདག་ཉིད་འགྲོ་བ་ཡོངས་ལ་བརྩེ༔ ཉེ་རིང་མེད་པར་ཡེ་ཤེས་སྤྱན་གྱིས་གཟིགས༔ སངས་རྒྱས་གཉིས་པ་ཁྱེད་ལ་ཕྱག་འཚལ་ལོ༔ བདག་ཅག་ལས་ཅན་རྗེ་འབངས་གྲོགས་བདུན་པོ༔ སྐྱེ་སྔོན་བསོད་ནམས་བསགས་ཏེ་ཉིད་དང་འཇལ༔ འདི་ནས་མ་འོངས་བསྐལ་པའི་མཐར་ཐུག་དུས༔ གུ་རུ་ཉིད་ཀྱི་སྒྲུབ་གནས་སྦས་ཡུལ་འདིར༔ བདག་སོགས་རྗེ་འབངས་སྤྲུལ་པས་གཏེར་འདོན་ཅིང༔ སྦས་པའི་ཡུལ་འདི་གནས་སྒོ་འབྱེད་པ་ཡི༔ དཀར་ཆག་མདོ་བྱང་རྒྱས་པར་བསྟན་དུ་གསོལ༔ དེ་སྐད་ཞུས་པས་གུ་རུས་བཀའ་བསྩལ་པ༔ སྤྱིར་ན་ཕྱི་སྣོད་ཞིང་ཁམས་རང་བཞིན་དང༔ ནང་བཅུད་སྐྱེ་འགྲོ་ལྷ་ཡི་རོལ་པ་ལས༔ ཞིང་ཁམས་ཡེ་གྲུབ་གསར་དུ་བསྟན་མེད་ཀྱང༔ མ་རྟོགས་འགྲོ་བ་བློ་དམན་རྣམས་ཀྱི་དོན༔ བྱིན་བརླབས་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་བསྟན༔ དེའི་ནང་གནས་ཀྱི་རྒྱལ་པོ་བདུན་ཡོད་དེ༔ རྒྱ་གར་གནས་ཀྱི་རྒྱལ་པོ་རྡོ་རྗེ་གདན༔ དེ་ཡི་རྩ་བའི་སྒྲུབ་གནས་ཉེར་བདུན་ཡོད༔ ཨོ་རྒྱན་གནས་ཀྱི་རྒྱལ་པོ་ཀོ་ཤའི་མཚོ༔ དེ་ཡི་རྩ་བའི་སྒྲུབ་གནས་བཅུ་དྲུག་ཡོད༔ བལ་པོ་གནས་ཀྱི་རྒྱལ་པོ་ཡང་ལེ་ཤོད༔ དེ་ཡི་རྩ་བའི་སྒྲུབ་གནས་ཉི་ཤུ་ཡོད༔ བོད་ཀྱི་གནས་རྒྱལ་ལྷ་ས་ལྕགས་ཕོ་རི༔ དེ་ཡི་རྩ་བའི་སྒྲུབ་གནས་ཉེར་བརྒྱད་ཡོད༔ ཁམས་ཡུལ་གནས་ཀྱི་རྒྱལ་པོ་སྦས་པའི་ཡུལ༔ འཁོར་ལོ་ལྔ་ལྡན་ཀཿཐོག་རྡོ་རྗེ་གདན༔ དེ་ཡི་སྒྲུབ་གནས་བརྒྱ་དང་ཉི་ཤུ་བཞི༔ རྒྱལ་མོ་རོང་གི་གནས་རྒྱལ་མུ་རྡོ་ཞེས༔ དེ་ཡི་རྩ་བའི་སྒྲུབ་གནས་སོ་བདུན་ཡོད༔ རྒྱ་ནག་གནས་ཀྱི་རྒྱལ་པོ་གླང་ཆེན་རི༔ རྩ་བའི་སྒྲུབ་གནས་སྦས་ཡུལ་ལྔ་བཅུ་ཡོད༔ གནས་ཀྱི་རྒྱལ་པོ་རེ་རེ་རྩ་བ་ལས༔ ཡན་ལག་སྒྲུབ་གནས་གྲངས་ལས་འདས་པ་ཡོད༔ ཁྱད་པར་མདོ་ཁམས་ས་ཡི་ཐིག་ལེ་ཆེ༔ ཀཿཐོག་མི་འགྱུར་འཁོར་ལོ་ལྔ་ལྡན་གནས༔ རྒྱ་གར་རྡོ་རྗེ་གདན་དང་བཀོད་པ་མཚུངས༔ དབུས་ཀྱི་རི་བོ་ལྷུན་ཆགས་བརྗིད་དང་ལྡན༔ རྩེ་མོ་ཟླུམ་པོ་ཀ་པཱ་ལ་དང་མཚུངས༔ དཔལ་ཆེན་ཆེ་མཆོག་ཁྲག་འཐུང་ཁྲོ་བོའི་གནས༔ རྩ་མཆོག་རང་བྱོན་ཧཱུྃ་ཡིག་དམར་ནག་དང༔ རུ་ལུའི་ཡི་གེ་འབྲུ་དྲུག་རང་བྱོན་གསལ༔ འགྲམ་པ་གཡས་སུ་རྡོ་རྗེ་སེམས་དཔའི་གནས༔ བྲག་རི་རྡོ་རྗེ་གནམ་ལང་འདྲ་བ་ལ༔ ཤྲཱི་སེང་ཧའི་ཕྱག་བྲིས་ཧཱུྃ་རིང་དང༔ རྡོར་སེམས་རྒྱན་གཅིག་སྒྲུབ་ཐབས་གཏེར་དུ་བཞུགས༔ འགྲམ་པ་གཡོན་དུ་མི་གཡོ་མགོན་པོ་དང༔ ཁྲོ་གཉེར་ཅན་དང་འཕགས་མ་སྒྲོལ་མའི་གནས༔ ཏཱཾ་ཡིག་སྔོ་ནག་མི་གཡོ་མགོན་པོའི་སྐུ༔ ཁྲོ་གཉེར་ཅན་གྱི་སྙིང་པོ་ཆུས་བཀྲུས་གསལ༔ སྒྲུབ་ཐབས་མན་ངག་དང་བཅས་གཏེར་དུ་བཞུགས༔ མི་གཡོའི་གསང་ཕུག་པད་མའི་སྒྲུབ་ཕུག་ཡོད༔ ཕྱི་ལྟར་བྲག་རི་མི་གསུམ་གྲོས་བྱས་འདྲ༔ དབུས་ཀྱི་རི་སྐེད་མཁའ་སྤྱོད་སྤྲུལ་པའི་གནས༔ ཨོ་རྒྱན་པད་མ་བདག་གི་སྒྲུབ་ཕུག་ནི༔ རྒྱ་སྐར་རམ་ནི་གསལ་སྐར་ཁ་ཕྱེ་འདྲ༔ ལོ་གསུམ་བར་དུ་མཁའ་སྤྱོད་རིག་འཛིན་སྒྲུབ༔ དེ་ལ་སྦས་པའི་གསང་ཕུག་ཁྱད་འཕགས་པ༔ རྔ་ཡབ་དཔལ་རི་པད་མ་འོད་དང་མཚུངས༔ བཟོ་སྣ་ཁྱད་འཕགས་ང་ཡི་སྐུ་ཚབ་ནི༔ གངས་ལྗོངས་བོད་ཀྱི་རྒྱན་གཅིག་ཅེས་བྱ་བཞུགས༔ གཞན་ཡང་གཏེར་ཁ་དཔག་ཏུ་མེད་པ་དང༔ པད་མ་ར་ཛ་རང་བྱོན་ཞི་མ་ཁྲོ༔ ཧཱུྃ་ཡིག་དང་ནི་ཀཱཿཡིག་རང་བྱོན་གསལ༔ དཔའ་བོ་འབྲུ་ལྔ་ཧ་རི་ནི་ས་ཡོད༔ ཡེ་ཤེས་མཚོ་རྒྱལ་བཻ་རོ་དཔལ་དབང་དང༔ རྒྱལ་བའི་བློ་གྲོས་ཀླུ་དབང་སྒྲུབ་ཕུག་རྣམས༔ སྦས་ནས་ཡོད་པ་དེ་རྣམས་གསལ་བར་བྱ༔ རྨ་ཐོག་རིན་ཆེན་སྒྲུབ་ཕུག་ས་ལེར་གསལ༔ དཀར་ནག་འདྲེས་པ་བྲག་གི་ངོས་ཡངས་ལ༔ མཁའ་འགྲོ་སྡེ་ལྔ་རང་བྱུང་བརྡ་རྟགས་ཅན༔ རིག་འཛིན་གནས་དེའི་རྩ་བར་སྦས་པའི་མཚོར༔ ཀླུ་ཡི་རྒྱལ་པོ་ནེའུ་ལེ་ཐོད་དཀར་གནས༔ རིན་ཆེན་ནོར་གཏེར་དཔག་ཏུ་མེད་པ་སྦས༔ དེ་ཡི་སྟེང་ཕྱོགས་རྗེ་འབངས་གྲོགས་བདུན་དང༔ ལྷ་ཀླུ་མི་མིན་རྣམས་ལ་ཆོས་བསྟན་པའི༔ ཁོད་སྙོམས་ལག་མཐིལ་ལྟ་བུའི་དགའ་ཚལ་དུ༔ འདོན་དུ་མི་རུང་ས་བཅུད་གཏེར་བུམ་སྦས༔ དེ་ཡི་ཁ་རྒྱན་ཙན་དན་ཤིང་བཅས་གསལ༔ དེ་ཡི་གཡོན་ལོགས་འཇམ་དཔལ་སྐུ་ཡི་གནས༔ ཁྲོ་བོ་ཡ་མན་ཏ་ཀ་རང་བྱོན་དང༔ ཧཱུྃ་ཡིག་མཐིང་ནག་མེ་རི་དང་བཅས་གསལ༔ དེ་ཡི་འོག་ཏུ་ཡོན་ཏན་ཁྱུང་ནག་གནས༔ ཀླུ་འདུལ་ཕུག་པར་མནན་གཏད་བརྒྱ་རྩ་སོགས༔ ཐན་པ་སད་སེར་སྲུང་ཐབས་མང་དུ་སྦས༔ བྱ་ཁྱུང་རང་བྱོན་སྦྲུལ་གཉིས་ཟས་སུ་ཟ༔ གཡོན་ལོགས་ཕ་ཝཾ་འབྲོང་གིས་ཆུ་འཐུང་འདྲ༔ ཁ་བྱང་མང་སྦས་བརྡ་རྟགས་ཡིག་འབྲུ་གསལ༔ རྒྱལ་བ་མཆོག་དབྱངས་སྒྲུབ་ཕུག་སྦས་གནས་ཡོད༔ གནས་སྒོ་འབྱེད་ཚེ་ལེགས་པར་གསལ་བར་བྱ༔ བདུད་རྩི་སྨན་གྱི་སྒྲུབ་པ་གཏེར་སྦས་ནས༔ ཐོད་པ་ཁ་སྦུབ་ལྟ་བུའི་གཏེར་སྒོ་གསལ༔ རྟ་མགྲིན་རང་བྱོན་མཆོག་དབྱངས་དབུ་རྗེས་ཡོད༔ དེ་ཡི་གཡོན་ལོགས་མདའ་རྒྱང་གང་གི་སར༔ སྒྱུ་འཕྲུལ་སྙིང་པོ་ཡང་གསང་དགོངས་འདུས་གནས༔ བྲག་རི་རིན་ཆེན་བུམ་པ་ལྟ་བུ་ཡི༔ ཕྱོགས་དང་ཕྱོགས་མཚམས་བར་མེད་ཐམས་ཅད་དུ༔ སྤྲུལ་པའི་རིག་འཛིན་རྣམ་པ་བརྒྱད་པོ་ཡི༔ རྫུ་འཕྲུལ་སྤྲུལ་པའི་སྒྲུབ་ཕུག་ཁྱད་འཕགས་དང༔ པད་མ་ང་ཡི་ཁ་ཊཱཾ་ཕྱག་མཁར་གྱིས༔ མི་མིན་དམ་ལ་བཏགས་ནས་བརྡུངས་པའི་རྗེས༔ ཀླུ་ཡི་རྒྱལ་པོ་འབྲུག་ཞོན་རང་བྱོན་གསལ༔ སྒྱུ་འཕྲུལ་སྙིང་པོ་དགོངས་འདུས་ཟབ་ཆོས་ནི༔ གསེར་སྒྲོམ་སྨུག་པོར་རྒྱ་ཡི་བཏབ་ནས་སྦས༔ གཞན་ཡང་ལྷ་སྐུ་ཡིག་འབྲུ་རང་བྱོན་མང༔ སྦས་པའི་གཏེར་ཁ་ལྔ་ཙམ་རྒྱས་བཏབ་སྦས༔ དེའི་འདབ་གཏེར་སྲུང་གཉན་རྗེ་དམར་པོ་གནས༔ ཁྱེའུ་ཆུང་ལོ་ཙཱའི་སྒྲུབ་ཕུག་ཁྱད་འཕགས་ཡོད༔ དྲག་སྔགས་རག་ཤའི་ཕྲེང་བ་བསྣུན་པའི་རྗེས༔ དེ་སོགས་རང་བྱོན་དཔག་ཏུ་མེད་པ་དང༔ གཉན་སྲུང་ཟ་ཡིག་གཏད་ཁྲོལ་འཁོར་ལོ་སྦས༔ འདོན་པའི་སྐྱེས་བུ་དབང་གི་མིང་ཅན་འབྱུང༔ དེ་ཡི་གཡོན་ལོགས་ཉེ་བ་སྟེང་གི་ཆ༔ སྒྱུ་འཕྲུལ་རྡོ་རྗེ་སྙིང་པོ་གཏེར་སྦས་ཚེ༔ ཡེ་ཤེས་མཁའ་འགྲོ་གསང་བའི་ཐིག་ལམ་དུ༔ རྗེ་འབངས་ཀུན་གྱི་རྫུ་འཕྲུལ་ཞབས་རྗེས་ནི༔ ས་ཡི་འོག་ཏུ་སྦས་པའི་ཚུལ་དུ་ཡོད༔ འདོན་པའི་དུས་ལ་བབ་ཚེ་སྟོན་པར་གྱིས༔ གཡས་ཕྱོགས་རྡོ་རྗེའི་རྫོང་ཆེན་གསུང་སྐོར་ནི༔ ཇ་ལམ་གཅིག་གི་བར་གྱིས་འཁོར་བ་ཡོད༔ རྡོ་བ་སྲིན་པོའི་རོ་བསྣོལ་ལྟ་བུ་ཡིས༔ རྡོ་རྗེའི་རྫོང་གི་གནས་སྒོ་བཅད་ནས་ཡོད༔ ལོ་ཙཱ་སྐ་བ་དཔལ་བརྩེགས་ཞབས་རྗེས་དང༔ རྫོགས་ཆེན་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི༔ ཟབ་ཆོས་རིན་ཆེན་ལ་བསེ་སྒྲོམ་དུ་སྦས༔ གཏེར་སྒོ་རྟགས་ལྡན་གསལ་བར་མངོན་པ་དང༔ རྒྱ་ཡི་ཡི་གེ་ཨ་ར་ཛེ་ཞེས་གསལ༔ གཞན་ཡང་གཟུགས་དང་ཡིག་འབྲུ་རང་བྱོན་མང༔ བུམ་པའི་མགྲིན་པའམ་ནི་ཁ་ཁྱེར་དུ༔ སྒྱུ་འཕྲུལ་གཏེར་སྒོ་མ་ནོར་ས་ལེར་གསལ༔ བཻ་རོའི་སྐུ་ཚབ་པདྨའི་གསང་གོས་དང༔ མཁར་ཆེན་དཔལ་དབང་མདུན་ཆས་ཡོངས་རྫོགས་སྦས༔ གཏེར་སྒོ་དེ་ཡི་གཡོན་ཕྱོགས་མདའ་གང་མཚམས༔ ཤཱཀྱ་ཐུབ་པའི་རིང་བསྲེལ་འབྲུ་བདུན་ནི༔ རིན་ཆེན་གསེར་གྱི་སྒྲོམ་བུའི་ནང་དུ་སྦས༔ མཚལ་གྱིས་བྲིས་པའི་གཏེར་རྟགས་ས་ལེར་ཡོད༔ དེ་ཡི་གཡོན་འགྲམ་བྲག་གི་ངོས་ཡངས་ལ༔ ཞི་བ་བཞི་བཅུ་རྩ་གཉིས་ལྷ་ཚོགས་ནི༔ ལས་ལྡན་རྣམས་ཀྱི་སྣང་ངོར་ས་ལེར་གསལ༔ ཀུན་བཟང་ཡབ་ཡུམ་དངོས་སུ་གསལ་བར་ཡོད༔ གཏེར་གྱི་ཡང་བྱང་སྙིང་བྱང་ཉེར་བདུན་སྦས༔ གཞན་ཡང་རང་བྱོན་གྲུབ་པ་མང་པོ་ཡོད༔ བྲག་དེ་རྩལ་ཆེན་སེང་གེ་འགྱིངས་ལྟ་བུ༔ ཕྱི་རྗེས་འཚོ་ཞིང་སྐབས་ཀྱི་མཇུག་བསྡུ་འདྲ༔ གཡོན་ཕྱོགས་མི་རིང་མདའ་རྒྱང་གཉིས་ཀྱི་བར༔ བྲག་རི་མི་འགྱུར་རྡོ་རྗེའི་བརྡ་རྟགས་ཅན༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་བསྒྲུབ་པའི་གནས༔ དཔལ་གྱི་དབང་ཕྱུག་སྒྲུབ་ཕུག་གབ་སྦས་ཡོད༔ ལོ་གསུམ་ཟླ་བདུན་ཞག་བཅུ་བར་མེད་དུ༔ རྡོ་རྗེ་གཞོན་ནུ་བསྒྲུབས་ཤིང་དངོས་སུ་གྲུབ༔ གྲུབ་པ་ཐོབ་པའི་དགེ་མཚན་གསལ་བར་ཡོད༔ ཕུར་པ་བི་ཏོ་ཏ་མའི་རྒྱུད་བཅས་དང༔ བཻ་རོ་ཙ་ནའི་ཞྭ་གོས་ལྷམ་གསུམ་སྦས༔ དེ་ཡི་འོག་ཏུ་ཡུམ་ཆེན་སྤྱན་མའི་གནས༔ ཕ་ཝཾ་གྲུ་བཞི་དཔལ་དང་ལྡན་པ་ལ༔ པད་མ་ང་དང་རྗེ་འབངས་གྲོགས་བདུན་གྱིས༔ འཛམ་གླིང་ས་བཅུད་བསྡུས་ནས་སྒྲོམ་དུ་བཅུག༔ གཏེར་སྲུང་ས་ཡི་ལྷ་མོ་བསྟན་མ་སྟེ༔ འདོན་པའི་སྐྱེས་བུ་འབྲུག་གི་མིང་ཅན་འབྱུང༔ མིང་ཡང་འབྲུག་ལ་ལོ་ཡང་འབྲུག་ཏུ་ཡོད༔ རྨ་ཐོག་སྤྲུལ་པ་ཁྲོམ་གྱི་ཕྱོགས་ནས་འབྱུང༔ བསྐལ་པ་འབྲུག་གི་ལོ་ལ་འདོན་པར་འགྱུར༔ ས་བཅུད་དེ་བླངས་གཞན་དུ་མ་སྤེལ་ནས༔ ང་ཡི་སྒྲུབ་གནས་ཀཿཐོག་འདི་ཉིད་དུ༔ བཞུགས་སུ་གསོལ་ན་བསྟན་འགྲོའི་བསོད་ནམས་འཕེལ༔ གཏེར་སྲུང་ལྷ་མོ་བསྟན་མའི་སྐུ་མཁར་ནི༔ ལྷུན་ཆགས་ཡོད་པ་སུམ་ཡིག་བརྡ་རྟགས་ཅན༔ གཞན་ཡང་རང་བྱོན་གཏེར་སྒོ་བརྗོད་མི་ལང༔ དུས་ལ་བབས་ཚེ་གསལ་བར་མངོན་པ་འོངས༔ གཡོན་ལོགས་བྲག་རི་སྔོ་ནག་དྲག་ལ་རྔམ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ཟབ་པའི་གནས༔ མ་མོ་རྦོད་གཏོང་སྒྲུབ་པའི་གནས་ཆེན་ཏེ༔ ཏྲཀ་ཡིག་རང་བྱོན་དེ་འོག་ཁྲག་མཚོ་ཡོད༔ རྦོད་གཏོང་མ་མོའི་སྒྲུབ་པ་མི་འདྲ་བདུན༔ ཅོག་སྒྲོམ་ནག་པོར་བཅུག་ནས་གཏེར་དུ་སྦས༔ གཏེར་སྒོ་མཁའ་འགྲོའི་བྷ་ག་གསལ་བར་ཡོད༔ དུས་ལ་བབ་ཚེ་རཀ་མོ་བྷྱོ་བདུན་གསལ༔ གདུག་པ་སྤྲེལ་ལོར་འདོན་པའི་སྐྱེས་བུ་འབྱུང༔ གསང་གནས་བདེ་སྟོང་དགའ་བཞིའི་ཕྲེང་ཆེན་པོ༔ གནམ་ས་ཟུར་གསུམ་ཆོས་འབྱུང་ཚུལ་དུ་གྲུབ༔ བྲག་རི་བྱང་འབྲོང་ཟེ་བ་འདྲ་བ་ལ༔ ཨེ་ཡིག་རང་བྱོན་དྲག་སྔགས་སྐོར་དགུ་སྦས༔ གཏེར་སྒོ་ཟུར་གསུམ་མི་འགྱུར་བརྡ་རྟགས་ཅན༔ དེ་ཡི་མདུན་ངོས་དཔའ་བོའི་བྲོ་ར་ཡོད༔ དེ་རུ་ཆུ་དུག་སྔགས་ཀྱི་རང་སྒྲ་འདོན༔ མ་འོངས་དུས་ན་འདི་རུ་མཆོད་རྟེན་བརྩེགས༔ པད་བརྩེགས་དུར་ཁྲོད་བྱིན་བརླབས་གཟི་མདངས་འབར༔ མ་རུངས་བདུད་སྤྲུལ་མགོན་གྱི་མིང་ཅན་འབྱུང༔ དེ་ཚེ་སྒྲུབ་གནས་འདི་འཛིན་སྐྱེས་བུ་ཀུན༔ དབུ་འཕང་དམའ་ཞིང་དགོན་གནས་སྟོང་ལ་ཐུག༔ འབྲི་ཡུལ་གནས་སུ་ལྷ་སྲས་སྤྲུལ་པ་འབྱུང༔ བདུད་སྤྲུལ་དེ་ཡིས་དབང་དུ་བསྡུ་བར་འགྱུར༔ འོན་ཀྱང་པདྨ་ང་ཡི་ཐུགས་རྗེ་ཡིས༔ ཀཿཐོག་ཕྱོགས་སུ་ཆོས་རྒྱལ་སྤྲུལ་པ་ནི༔ དབང་པོའི་མིང་ཅན་འབྲུག་གི་ལོ་བ་འབྱུང༔ བོད་ཡུལ་དབུས་འཁྲུགས་ནང་དམེ་ཤི་ཆད་འོང༔ ཁྲི་འབངས་མིང་ཅན་བདུད་འཇོམས་སྐྱེ་མཐའ་འབྱུང༔ སྡེ་དང་ལྷོ་ལྗོངས་དམག་གི་དཔུང་དང་ནི༔ ང་སྤྲུལ་སྐྱེས་བུ་ཟུང་གི་ཐུགས་རྗེས་འདུལ༔ གཡས་རི་གཡུ་འབྲུག་གནམ་དུ་འགྲོ་བ་འདྲ༔ འགྲམ་པ་གཡས་ལོགས་རྫ་བྲག་སྤང་འཐབ་པ༔ རྗེ་འབངས་གྲོགས་བདུན་སྒྲུབ་ཕུག་ཁྱད་འཕགས་དང༔ ཁམས་ཀྱི་སྐལ་ལྡན་འབངས་གསུམ་སྒྲུབ་ཕུག་ཡོད༔ རྒྱས་བཏབ་ཡི་གེ་ས་མ་ཡ་རང་བྱོན༔ ཕྲིན་ལས་སྣ་ཚོགས་ཐོགས་མེད་འགྲུབ་པའི་གནས༔ སྔགས་སྲུང་མ་ཉིད་རང་བྱོན་འབུར་དུ་དོད༔ རི་ཆེན་ལྷ་བྲག་དྲི་བཟང་ཤིང་སྣ་གཏིབ༔ མཆོག་ཐུན་དངོས་གྲུབ་གང་རུང་འགྲུབ་པའི་གནས༔ ཁྱད་པར་གུ་རུ་མཚན་བརྒྱད་རང་བྱོན་གསལ༔ སེང་གེ་སྒྲ་སྒྲོགས་སྒྲུབ་ཕུག་ངོ་མཚར་ཅན༔ སྐུ་རྗེས་དག་ལ་མེ་རི་འབར་བ་ཡོད༔ མ་འོངས་འདི་རུ་དབེན་ཁྲོད་ཞིག་ཀྱང་འབྱུང༔ གུ་རུ་པདྨ་ཞི་བའི་སྒྲུབ་གནས་ནི༔ དེ་ཡི་གཡས་ཕྱོགས་བྲག་རི་སྙིང་གི་དབྱིབས༔ སིདྡྷི་རང་བྱོན་སྒྲུབ་ཐབས་སྐོར་གསུམ་སྦས༔ གཏེར་སྒོ་རྡོ་དཀར་ཞལ་བ་བྱས་པ་ཡོད༔ མདུན་ངོས་འོག་ཏུ་གུ་རུ་དྲག་པོའི་གནས༔ རྡོ་རྗེ་གྲོ་ལོད་རང་བྱོན་སྟག་རྗེས་དང༔ ཕུར་པ་གདབ་རྗེས་སྲིན་པོའི་གློ་སྙིང་ཡོད༔ གུ་རུ་དྲག་པོའི་ཕྱི་ནང་གསང་སྒྲུབ་སྦས༔ གཡུ་སྒྲ་སྙིང་པོའི་སྒྲུབ་ཕུག་ཞབས་རྗེས་དང༔ ཁྱེའུ་ཆུང་ལོ་ཙཱའི་སྒྲུབ་ཕུག་ཕྱག་རྗེས་སོགས༔ སྐུ་དང་ཡིག་འབྲུ་རང་བྱོན་མང་དུ་ཡོད༔ གཡོན་ཕྱོགས་སྒྲིབ་པ་རྣམ་པར་སེལ་བའི་གནས༔ ཉམས་དགའ་ཡིད་སྤྱོད་གཞན་ལས་ཁྱད་འཕགས་པ༔ དཔལ་ལྡན་རྡོ་རྗེ་སེམས་དཔའི་སྒྲུབ་གནས་ཆེ༔ སྒྲུབ་སྦྱོང་གྲུབ་ཆུ་འཐུང་ཚད་ངན་སོང་མེད༔ རི་གསུམ་དབུས་ཀྱི་རི་བོ་འཇམ་དཔལ་དབྱངས༔ གཡས་སུ་སྤྱན་གཟིགས་གཡོན་དུ་ཕྱག་རྡོར་གནས༔ འདི་གསུམ་ཁྱད་འཕགས་ཁ་ཊྭཱཾ་རྩེ་གསུམ་ཚུལ༔ མདུན་ངོས་དྷཱི་དང་ཧྲཱི༔ ཧཱུྃ་ཡིག་རང་བྱོན༔ རིགས་གསུམ་མགོན་པོའི་སྒྲུབ་ཕུག་རྒྱ་ཆེ་ལ༔ ཟླུམ་འཁྱིལ་བསྒོམ་པའི་ཉམས་རྟགས་འཕེལ་བ་ཡོད༔ དེ་ཡི་འོག་ཏུ་རྡོ་རྗེ་བདུད་རྩིའི་གནས༔ པད་འབྱུང་སྒྲུབ་ཕུག་སྦས་པའི་ཚུལ་དུ་ཡོད༔ སངས་རྒྱས་སྨན་བླ་བསྒྲུབ་ན་དེ་རུ་འགྲུབ༔ ནད་སེལ་ཤིང་སྣ་མི་འདྲ་གཉིས་ཀྱང་ཡོད༔ ཤིང་དེ་བདུག་པས་འཕྲལ་རྐྱེན་ནད་ལས་གྲོལ༔ དེ་རུ་རྩི་སྨན་མི་སྐྱེ་གཅིག་ཀྱང་མེད༔ སྨན་སྣ་གཞན་ལས་ནུས་པ་བདུན་འགྱུར་ཆེ༔ མུ་ཡིག་རང་བྱོན་གུ་རུའི་ཕྱག་རྗེས་དང༔ སྒྲུབ་རྟགས་མཚན་མ་བསམ་གྱིས་མི་ཁྱབ་ཡོད༔ གནས་དེར་སྒྲུབ་པའི་རྣལ་འབྱོར་གང་ཡང་རུང༔ ནད་མེད་ཚེ་རིང་བདེ་སྐྱིད་དཔལ་ལ་སྤྱོད༔ ཀཿཐོག་རྡོ་རྗེ་གདན་གྱི་གནས་ཀྱི་སྙིང༔ དེ་རུ་བཞུགས་མ་ཐག་ཏུ་སྤྲོ་བ་འཕེལ༔ རིག་འཛིན་སྒོམ་པ་ལས་སུ་རུང་བ་དང༔ མ་འབད་ལྷུན་གྲུབ་འགྲོ་དོན་འབྱུང་བའི་གནས༔ རྒྱ་གར་ཡུལ་ཆེན་མ་གྷ་དྷ་དང་མཚུངས༔ མཁའ་སྤྱོད་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ༔ གནས་དེའི་ཆེ་བ་མདོ་རུ་མ་བསྡུས་ན༔ པདྨ་བདག་གིས་བརྗོད་པར་ག་ལ་ནུས༔ གཞན་དུ་མེད་པའི་ཁྱད་ཆོས་རྣམ་པ་ལྔ༔ རིན་ཆེན་ལྔ་ཡི་སྒྲོམ་བུར་བཅུག་ནས་ཡོད༔ མི་འགྱུར་གསལ་བའི་བརྡ་རྟགས་རྒྱའི་ཡི་གེ༔ མུ་ས་ཧོ་ཞེས་གཤོག་གི་ཚུལ་དུ་དོད༔ སྨན་སྒྲུབ་རིལ་བུ་ནད་སེལ་འབྲུ་འབུམ་བདུན༔ རྒྱལ་པོ་ཛ་ཡི་དབུ་ཐོད་ནང་དུ་གཏམས༔ གཞིག་མེད་རིམ་པ་བཅུ་གསུམ་རྒྱས་བཏབ་པ༔ གཏེར་སྲུང་གཉན་ཆེན་ཐང་ལྷ་གཡུ་སྒྲོན་མ༔ དགེ་བསྙེན་བཞག་བྲ་ལྷ་རྩེ་གསུམ་ལ་གཏད༔ གང་གིས་དད་མོས་ཡོད་རང་ཙམ་གྱིས་ནི༔བསོད་ནམས་ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར༔དེ་ལས་ལྷག་པའི་ཡོན་ཏན་ཅི་ཞིག་བརྗོད༔དེ་ཡི་གཡོན་ལོགས་ལས་བཞི་ལྷུན་གྲུབ་ཀྱི༔ཕ་ཝང་རུས་སྦལ་ལམ་ནི་ཕག་པའི་གཟུགས༔ལས་བཞི་ལྷུན་གྲུབ་གཏེར་སྒོ་མངོན་དུ་གསལ༔མདོ་བྱང་འདི་སོགས་གཏེར་ཁ་བདུན་སྦས་སོ༔ ནུབ་ནས་སུ་རྒྱའི་བྲག་ཁ་ཤར་དུ་བསྟན༔ ཤར་ནས་དྲོངས་མཁན་བྲག་རི་ནུབ་ཏུ་བསྟན༔ དེ་གཉིས་ཁ་སྦྱོར་ཉི་ཟླའི་ཚུལ་དུ་ཡོད༔ ནུབ་ཀྱི་བྲག་ངོས་ལུང་བསྟན་ཕྱོགས་བསྡུས་དང༔ པདྨ་བདག་གིས་ཟ་བེར་ཕོད་ཁ་སྦས༔ ཤར་གྱི་བྲག་རི་ཕུར་བ་ཕྲིན་ལས་གནས༔ ཀརྨ་ཧེ་རུ་ཀ་དཔལ་རང་བྱོན་དང༔ མ་ར་ཡ་ཕཊཿཐོད་པ་བཾ་ཡིག་མཚན༔ ཚར་གཅོད་དྲག་པོའི་ངན་སྔགས་སྒོ་དགུ་སྦས༔ རྒྱལ་གཏེར་འཕྲུལ་གཏེར་ནོར་གཏེར་དུ་མ་སྦས༔ རྨ་ཐོག་རིན་ཆེན་ཕྱག་མཁར་ཐོད་པ་སྦས༔ མཐུ་སྟོབས་བྲག་ལ་ཕྱག་མཛུབ་རྗེས་གཏད་པ༔ དེ་སོགས་ངོ་མཚར་ཅན་གྱི་དགེ་མཚན་གསལ༔ དེ་ཡི་སྟེང་ཕྱོགས་གཡས་སུ་གྱེས་པ་ན༔ མཁའ་འགྲོ་སྡེ་ལྔའི་དབྱངས་སྙན་གླུ་བླངས་ཚུལ༔ བྲག་རི་སྒེག་མོ་ལྔ་གཤིབ་ཚུལ་དུ་ཡོད༔ གནས་ཀྱི་མིང་ནི་མཁའ་འགྲོ་འབུམ་རྫོང་ཞེས༔ ངོ་མཚར་ཁྱད་འཕགས་མཁའ་འགྲོའི་གསང་ཕུག་དང༔ ཚོགས་གཞོང་བམ་རོ་རྒྱན་དང་ལྡན་པ་ཡོད༔ ཡང་གསང་མཁའ་འགྲོའི་སྙིང་ཁྲག་ཟབ་ཆོས་སྐོར༔ ཡེ་ཤེས་མཚོ་རྒྱལ་ན་བཟའ་དབུ་སྐྲ་དང༔ མཎྡ་ར་བའི་ཚེ་བུམ་ཚེ་ཆུ་སྦས༔ འཆི་མེད་བསྒྲུབ་ན་གནས་མཆོག་དེ་རུ་བསྒྲུབས༔ དེ་ཡི་འོག་ཏུ་མདའ་རྒྱང་གང་གི་སར༔ བྲག་དམར་ཞེས་བྱ་རྨ་བྱ་བབས་པ་འདྲའི༔ ནུབ་ཀྱི་ཕྱོགས་ནས་ཁ་ནི་ཤར་དུ་བལྟ༔ མ་འོངས་དུས་སུ་ཆེ་བཙན་དུག་གིས་གསོད༔ དེ་ལ་ཕན་ཕྱིར་དུག་སེལ་དགོངས་འདུས་སྦས༔ ལྷ་མོ་རྨ་བྱ་ཆེན་མོ་རང་བྱོན་ཡོད༔ གཏེར་སྒོ་ཐིག་ལེ་བརྡ་རྟགས་མང་དུ་ཡོད༔ འདོན་པའི་སྐྱེས་བུ་མཚོ་རྒྱལ་ཁྱོད་ཀྱི་སྤྲུལ༔ གསང་བདག་མིང་ཅན་ཐབས་དང་ལྡན་པ་འབྱུང༔ དེ་ཡི་འོག་ཏུ་འདོམ་པ་བཅུ་བདུན་སར༔ ཕ་ཝཾ་གྲུ་བཞི་ཟླུམ་ལྡན་གཏིང་དུ་ཟུག༔ དེ་འོག་ཕུང་སྲི་སྤུན་དགུ་མནན་ནས་ཡོད༔ མ་འོངས་བདུད་སྤྲུལ་རིག་པའི་མིང་ཅན་གྱིས༔ ང་སྤྲུལ་ཡིན་ཟེར་དེ་རུ་སྒྲུབ་པ་བྱེད༔ མི་མཚམས་ལས་ཀ་སྣ་ཚོགས་བྱེད་པའི་དུས༔ ཀཿཐོག་བསྟན་པ་མར་མར་འགྲིབ་པའི་རྟགས༔ དེ་ཉིད་བཟློག་ཕྱིར་ཕ་ཝཾ་དེའི་སྟེང་སར༔ རྐང་འདོམ་བདུན་གྱི་ཡར་ལ་གཞལ་བ་ན༔ ས་ཡི་འོག་ཏུ་རྡོ་ནག་དཔལ་དང་ལྡན༔ ཟུར་གསུམ་གཏོར་མའི་གཟུགས་སུ་གྲུབ་པ་ཡོད༔ དེ་སྟེང་གུ་རུ་བདག་གི་རྫུ་འཕྲུལ་གྱིས༔ ཕུར་པ་བཏབ་རྗེས་དེ་འོག་སོར་བཞིའི་སར༔ ཆོས་འབྱུང་ཟུར་དྲུག་ཧཱུྃ་ཡིག་རྒྱ་ཅན་ལ༔ དྲག་སྔགས་སྲོག་གཟེར་མ་བུ་གཉིས་བཅས་བཞུགས༔ འདོན་པའི་སྐྱེས་བུ་པདྨའི་མིང་ཅན་འབྱུང༔ དེ་ཚེ་ཀུན་གྱི་དེ་ཉིད་ཉམས་བླང་ན༔ བར་ཆད་དེ་ཉིད་ལྷག་མེད་བཟློག་པར་འགྱུར༔ དེ་ནས་གཡས་སུ་མདའ་རྒྱང་གསུམ་ཉེ་ན༔ སྦས་པའི་སྒྲུབ་གནས་བསམ་གཏན་ཉན་ཐོས་བཞུགས༔ རི་ཡི་འདབས་སྐེད་ཐུབ་པ་དྲུག་གི་ཚལ༔ གདུང་དྲུག་རྒྱུན་མ་ཆད་པ་བཞེངས་སྟབས་ཡོད༔ རིགས་དྲུག་འཁོར་བའི་སྐྱེ་སྒོ་གཅོད་པའི་ཚུལ༔ དེ་སོགས་གཡས་རིའི་ལོ་རྒྱུས་བསྡུས་ཙམ་མོ༔ རྒྱས་པར་བརྗོད་ན་ཉན་པར་ག་ལ་ནུས༔ གཡོན་རི་གླང་ཆེན་བྲེས་ལ་ཉལ་བ་འདྲ༔ ཉན་ཐོས་དགྲ་བཅོམ་གནས་བརྟན་བཅུ་དྲུག་གནས༔ རིག་འཛིན་གྲུབ་ཐོབ་རྒྱུན་ཆད་མེད་པའི་རི༔ དྲག་ཁྲོས་ཡང་དག་རྡོ་རྗེ་ཐུགས་ཀྱི་གནས༔ བྲག་རི་མཚོན་ཆ་སྣ་ཚོགས་གཟེངས་པ་འདྲ༔ དྲི་བཟང་སྨན་དང་ཤིང་སྣ་ལྗོན་པའི་ཚལ༔ ཡང་དག་ཧེ་རུ་ཀ་དཔལ་ཡབ་ཡུམ་དང༔ མེ་རི་དཔུང་དང་བཅས་པ་འབུར་དུ་དོད༔ རྩ་བའི་བསྙེན་སྔགས་འབྲུ་འབུམ་ས་ལེར་གསལ༔ ཡང་དག་ཐུགས་ཀྱི་གཏེར་ཁ་དཔག་མེད་སྦས༔ དེ་ཡི་གཡས་སུ་ཚེ་དཔག་མགོན་པོའི་གནས༔ ཚེ་དཔག་མེད་དང་ལྷ་ལྔ་རང་བྱོན་གསལ༔ དུས་གསུམ་སངས་རྒྱས་སྟོང་གིས་བྱིན་བརླབས་པས༔ རིགས་གསུམ་མགོན་པོའི་སྐུ་ཚབ་ཁྱད་འཕགས་སོགས༔ གསང་བ་ཟབ་པའི་ཆོས་དགུ་གཏེར་དུ་བཞུགས༔ གཡོན་ལོགས་ཚར་གཅོད་དམོད་པ་དྲག་སྔགས་གནས༔ ཕུང་བྱེད་ངན་སྔགས་སྐོར་དགུ་ལྕགས་སྒྲོམ་ནང༔ མི་ཤིག་རིམ་པ་བདུན་གྱིས་རྒྱས་བཏབ་སྦས༔ ཤིན་ཏིང་གྷརྦའི་སྒྲུབ་ཕུག་ཁྱད་འཕགས་པ༔ ཟུར་གསུམ་དབྱིབས་སུ་གྲུབ་པ་དེ་ཡི་ངོས༔ ཧཱུྃ་མཐིང་དང་ནི་ཐུན་གྱིས་བྲབ་རྗེས་གསལ༔ གཞན་ཡང་རླངས་ཆེན་དཔལ་སེང་སྒྲུབ་ཕུག་དང༔ རྡོ་རྗེ་བདུད་འཇོམས་སྒྲུབ་ཕུག་ཤིན་ཏུ་སྦས༔ དེ་ཉིད་ལེགས་པར་བསལ་ནས་བསྟན་པར་བྱ༔ དྲག་སྔགས་བསྒྲུབ་ན་གནས་མཆོག་དེ་རུ་སྒྲུབས༔ སྒྲུབ་གནས་གཞན་ལས་ནུས་པ་དགུ་འགྱུར་ཆེ༔ མདུན་ངོས་སྐ་བ་དཔལ་བརྩེགས་སྒྲུབ་ཕུག་ཡོད༔ རྩེ་ལ་པདྨ་ང་ཡི་སྒྲུབ་ཕུག་ནི༔ ཤིན་ཏུ་ངོ་མཚར་བཀོད་པ་ལྷུན་གྱིས་གྲུབ༔ དེ་ནས་ཡར་ལ་མིག་མཐོང་ཉེ་བ་ན༔ ཀོང་བཙུན་དེ་མོའི་བླ་མཁར་གནམ་དུ་ཟུག༔ དེ་ཡི་གཡས་སུ་འཕགས་པ་འཇམ་དཔལ་གནས༔ ཨ་ར་པ་ཙ་ན་དྷཱིཿརང་བྱུང་ནི༔ གསེར་གྱི་མདོག་ཏུ་སྣང་བ་ས་ལེར་གསལ༔ འདི་རུ་རིག་པའི་ཤེས་རབ་རྒྱས་པར་འགྱུར༔ འཇམ་དཔལ་དབྱངས་ཀྱི་རལ་གྲི་རང་བྱོན་གསལ༔ གུ་རུ་བློ་ལྡན་མཆོག་སྲེད་སྒྲུབ་ཕུག་གསལ༔ པད་མ་བདག་གི་དབུ་ཞྭ་གཏེར་དུ་སྦས༔ ཤེས་རབ་རྒྱས་པའི་ཤྲི་ཡིག་རང་བྱོན་གསལ༔ སྒྲུབ་ཕུག་ཁྱད་འཕགས་གནས་སྒོ་འབྱེད་པའི་དུས༔ རྒྱལ་བ་མཆོག་དབྱངས་ཁྱེའུ་ཆུང་ལོ་ཙཱ་བ༔ གཞན་མིན་དངོས་སྤྲུལ་ཀཿཐོག་འདི་རུ་འབྱུང༔ རྨ་བན་རིན་ཆེན་འམ་ནི་ཡེ་ཤེས་སྡེ༔ དེས་ཀྱང་དངོས་སྤྲུལ་སྦས་ཡུལ་འདི་རུ་བྱོན༔ ཁྱད་པར་རྒྱལ་བ་བློ་གྲོས་ལྷ་དཔལ་རྡོར༔ གནས་སྒོ་འདི་འབྱེད་འགྲོ་དོན་གྲོགས་སུ་དབྱུང༔ རྡོ་རྗེ་སྤྲེའུ་ཆུང་ངམ་ནི་ཀླུ་ཡི་དཔལ༔ སྦས་ཡུལ་འདི་ཡི་གནས་སྒོ་འབྱེད་པའི་དུས༔ རྗེས་སུ་ཡི་རང་རྟེན་འབྲེལ་རྒྱ་ཆེར་བསྒྲིགས༔ རྗེ་འབངས་ཟུར་བཞིའི་སྤྲུལ་པ་ཀཿཐོག་འདིར༔ ཤར་དང་ལྷོ་ནུབ་བྱང་གི་ཕྱོགས་ནས་འབྱུང༔ ཁྱད་པར་མཁར་ཆེན་ཀླུ་དབང་སྤྲུལ་པ་ནི༔ རང་ལ་དབང་མེད་ལས་ཀྱི་ཤུགས་ཀྱིས་འདུན༔ སྐལ་ལྡན་གཉིས་པ་ཀཿཐོག་ནུབ་ཀྱི་ཕྱོགས༔ ཆོས་བློན་མཁར་ཆེན་རྒྱལ་གྱི་སྤྲུལ་པ་ནི༔ མ་ཧཱ་ཙི་ནའི་མིང་ཅན་སྙིང་སྟོབས་ལྡན༔ མདོ་སྔགས་བསྟན་པའི་གསལ་བྱེད་ཆེན་པོ་འབྱུང༔ སྐལ་ལྡན་གསུམ་པ་ཀཿཐོག་བྱང་གི་ཕྱོགས༔ བསོད་ནམས་མིང་ཅན་ཉམ་ཆུང་ཞི་ཞིང་དུལ༔ སྐལ་ལྡན་བཞི་པ་ཀཿཐོག་བྱང་ཤར་མཚམས༔ རྒྱལ་མཚན་མིང་ཅན་དབང་གི་རྟགས་འཆང་བ༔ མ་བསླབ་ཆོས་རྣམས་ཁོང་དུ་ཆུད་པ་འབྱུང༔ སྐལ་ལྡན་ལྔ་པ་ཀཿཐོག་ཤར་ལྷོའི་མཚམས༔ སྦས་ཡུལ་འདི་ཡི་ཕྲིན་ལས་གནས་ཆེན་ཏེ༔ ཛ་གད་ཅེས་བྱ་བདུད་རྩི་སྨན་སྒྲུབ་གནས༔ མཆོག་ཅན་མིང་ཅན་གཡུ་སྒྲའི་སྤྲུལ་པ་འབྱུང༔ དེ་དག་ཁྱད་པར་རྩ་བའི་མཆོག་ལྔ་སྟེ༔ གཞན་ཡང་སྐལ་ལྡན་སྐྱེས་བུ་མང་པོ་ཀུན༔ སྦས་ཡུལ་གནས་འདིའི་སྒོ་འབྱེད་གྲོགས་སུ་གྱུར༔ དེ་དག་ཀུན་གྱི་ལས་སྨོན་མཐུ་འགྲིགས་ན༔ ཐོག་མར་བསྟན་པ་དབུས་ནས་ཕྱོགས་མཐར་ཁྱབ༔ དེ་ཡི་སྟེང་ཕྱོགས་བམ་རོ་ཐོད་པ་མཁར༔ ཤིན་ཏུ་བལྟས་ན་ངོ་མཚར་རྨད་བྱུང་བ༔ མཐོང་བ་ཙམ་གྱི་དད་མོས་ཐོབ་པ་ཡོད༔ དེ་ཡི་གཡས་ལོགས་འདོམ་པ་གསུམ་གྱི་མཚམས༔ བམ་ཡིག་སྟེང་ན་རྡོ་རྗེ་བརྡ་རྟགས་ཅན༔ འཇམ་དཔལ་སྒྱུ་འཕྲུལ་ཞི་བའི་གཏེར་སྒོ་གསལ༔ དེ་ནས་ཚུར་ལ་གཡོན་ཕྱོགས་ཉེ་བ་ན༔ རྨ་ཐོག་རིན་ཆེན་རྫུ་འཕྲུལ་ཞབས་རྗེས་དང༔ རྒྱལ་བ་མཆོག་དབྱངས་ཞབས་རྗེས་གཡས་གཉིས་གསལ༔ དེ་རུ་གྲུབ་རྟགས་མཚན་མ་རྣམ་པ་བདུན༔ སྔོན་གྱི་རྗེ་འབངས་རྣམས་ཀྱིས་བསྟན་པ་གསལ༔ རྒྱལ་པོ་མདོ་གཞེར་ནག་པོའི་སྲས་མོ་ནི༔ གཡུ་སྒྲའི་མིང་ཅན་དེ་ཡི་སྐུ་རྒྱན་སྦས༔ དེ་ཡི་གཡོན་ཕྱོགས་བྲག་རི་གཏོར་མ་འདྲ༔ པདྨ་བདག་དང་རིག་འཛིན་བརྒྱད་ལ་སོགས༔ རྗེ་འབངས་རྣམས་ཀྱིས་མཐའ་དམག་བཟློག་པའི་ཕྱིར༔ དམོད་པ་དྲག་སྔགས་དགོངས་འདུས་དཀྱིལ་འཁོར་གྱི༔ ཞལ་ཕྱེས་མ་རུང་བསྒྲལ་བའི་གཏོར་ཟོར་སྦས༔ མ་འོངས་མཐའ་འཁོབ་དམག་གིས་འཇོམས་པའི་དུས༔ འདོན་པའི་སྐྱེས་བུ་སྔགས་ཀྱི་མིང་ཅན་འབྱུང༔ དེ་ཚེ་ཟབ་པའི་གཏེར་དེ་འབྱིན་པར་འགྱུར༔ དེ་ཡིས་མཐའ་དམག་བདུད་རྣམས་སུམ་སྟོང་འཇོམས༔ དེ་ནས་མདའ་གང་ཁྲུ་གང་སོར་གསུམ་སར༔ ཕུང་བྱེད་འཇོམས་པའི་ཆར་འབེབས་གང་གཱའི་རྒྱུན༔ ཡོངས་སུ་ཆད་མེད་སྒྱུ་མའི་གཡུལ་བཟློག་སྦས༔ འདི་ཉིད་བློ་དམན་རྣམས་ཀྱིས་གོ་དཀའ་བས༔ གསལ་བཤད་ཞིབ་ཏུ་བཤད་ན་འདི་ལྟར་རོ༔ མ་རུངས་སྨོན་ལོག་བདུད་སྤྲུལ་ཕྱི་ཡི་གླིང༔ མགོ་དཀར་མིང་ཅན་ཕྱི་པ་མུ་སྟེགས་པ༔ ཀུན་རྫོབ་རྫུ་འཕྲུལ་མངོན་ཤེས་ཐོགས་པ་མེད༔ བསྟན་པ་བཤིག་ཕྱིར་མི་དངོས་རེ་རེ་ལས༔ སྒྱུ་མའི་སྤྲུལ་པ་འབུམ་ཕྲག་མང་པོ་འགྱེད༔ ལུས་ཀྱི་རྔམས་གཟུགས་ངག་གི་རྒྱོབ་སོད་སྒྲ༔ ཡིད་ཀྱིས་སངས་རྒྱས་ཆོས་ལ་གནག་བྱ་བ༔ དེ་ཚེ་ཆར་འབེབས་གང་གཱའི་ཆུ་རྒྱུན་འདི༔ སེམས་བསྐྱེད་ཅན་གྱི་རྣལ་འབྱོར་སུས་བཀླགས་པ༔ མ་རུང་མཐའ་དམག་བདུད་དཔུང་ཚོགས་རྣམས་འཇོམས༔ ཅིའི་ཕྱིར་ཞེ་ན་མཐའ་མའི་སྤྲུལ་པ་ནི༔ ཀུན་རྫོབ་དངོས་དང་མཚན་མའི་རྫས་ལ་བརྟག༔ དངོས་ནི་དུག་ལས་བྱུང་བའི་ཤོག་བུ་སྟེ༔ ཀུན་རྫོབ་ཟག་བཅས་སྒྱུ་མ་ལ་བརྟེན་ཕྱིར༔ ཆར་འབེབས་འདི་བས་མཚན་རྫས་ཤོག་གཟུགས་ཀུན༔ པདྨ་ང་ཡི་ཐུགས་རྗེས་ཆར་གྱིས་འཇོམས༔ གཞན་ཡང་རླུང་ནོན་རྡོ་རྗེའི་རི་བོ་ནི༔ ནུས་ལྡན་སྔགས་པ་ཀུན་གྱི་གཞུང་བཞིན་བཤད༔ འབྱུང་བ་རླུང་ཉིད་ཏིང་འཛིན་མཐུས་ནོན་ན༔ ཀླ་ཀློའི་སྤྲུལ་པ་ནམ་མཁའི་མཁའ་ལ་ལྡིང༔ དེ་ལྟར་བྱས་ན་དངོས་ཉིད་མངོན་དུ་འགྱུར༔ དངོས་པོ་རེ་རེའི་ནུས་པ་ཆུང་བའི་ཕྱིར༔ མཐའ་ཡི་དམག་དཔུང་བཟློག་པའི་མན་ངག་མཆོག༔ འདོན་པའི་སྐྱེས་བུ་རྡོ་རྗེའི་མིང་ཅན་འབྱུང༔ དེ་ཚེ་དེ་ལ་ཀུན་གྱིས་ལོག་ལྟ་བྱེད༔ དེ་ཉིད་མ་བྱེད་བསྟན་འགྲོའི་དོན་ཆེན་འབྱུང༔ མ་འོངས་རྗེས་འཇུག་ཀུན་གྱི་ཡིད་ལ་ཟུངས༔ དེ་ནས་གཡོན་ལོགས་མདའ་རྒྱང་བཞི་ཡི་སར༔ བྲག་རི་རྡོ་རྗེའི་རྒྱ་གྲམ་འདྲ་བ་ལ༔ རྡོར་སེམས་ཐུགས་ཀྱི་མེ་ལོང་སྒྲུབ་ཐབས་དང༔ འཇམ་དཔལ་བཤེས་གཉེན་གདུང་རྟེན་ཡོངས་རྫོགས་སྦས༔ གཞན་ཡང་གྲུབ་རྟགས་སྐུ་རྗེས་མང་དུ་གསལ༔ དེ་ཡི་གཡོན་ཕྱོགས་ཉེ་བ་སྟེང་གི་ཆ༔ གཤིན་རྗེ་ཀི་ཀང་དམར་པོའི་སྒྲུབ་གནས་ཆེ༔ ལས་ཀྱི་གཤིན་རྗེ་རང་བྱོན་འབུར་དུ་དོད༔ མནན་གཏད་ས་ཡི་གཤིན་རྗེ་འགྱུ་ཕྲེང་སོགས༔ ཡ་ང་བག་ཚའི་མངོན་སྤྱོད་གྲུབ་རྟགས་མང༔ ཡ་མ་ར་ཙའི་སྒྲུབ་ཐབས་ལེའུ་བདུན་རྣམས༔ སྐུ་གསུང་ཐུགས་རྟེན་དང་བཅས་གཏེར་དུ་བཞུགས༔ དེ་ཡི་གཡས་སུ་མི་འདོམ་བཅུ་ཡི་སར༔ མ་ཡིག་དམར་སེར་རང་བྱོན་གསལ་བར་ཡོད༔ སྒྲ་སྦྱོང་ཐར་ལམ་རྡོ་རྗེའི་རྫོང་རིང་དང༔ རང་བྱོན་གྲུབ་རྟགས་མཚན་མ་མང་དུ་ཡོད༔ དེ་ནས་གཡོན་ཕྱོགས་མིག་མཐོང་ཉེ་བ་ན༔ པདྨ་བདག་གི་རྫུ་འཕྲུལ་ཞབས་རྗེས་དང༔ ཡེ་ཤེས་མཚོ་རྒྱལ་ཕྱག་བྲིས་ཙ་རང་བྱོན༔ དེ་ཡི་མདུན་ངོས་གཡོན་རིའི་མཐའ་རྟེན་ཚུལ༔ རི་བོ་ཆོས་དུང་གཡས་འཁྱིལ་འདྲ་བ་ན༔ ཇོ་བོ་ཁ་སར་པ་ཎའི་སྒྲུབ་གནས་ཏེ༔ སྤྱན་གཟིགས་པདྨ་དྲི་མ་མེད་པའི་རྒྱུད༔ བློན་པོ་མགར་གྱི་ཐུགས་དམ་རྟེན་སྐལ་ནི༔ གསེར་གྱིས་བྲིས་པའི་བླ་དཔེ་པོ་ཏི་གསུམ༔ གཞན་ཡང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ གཏེར་ཁ་ཡོངས་རྫོགས་རྗེ་གཏེར་འཕྲུལ་གཏེར་སོགས༔ གཏེར་ཁ་བདུན་སྦས་གཞན་ཡང་རང་བྱོན་ནི༔ ཧྲི༔ཡིག་དང་ནི་རྒྱ་ཡི་སུ་ལ་ཧོ༔ མཁར་ཆེན་དཔལ་དབང་རྒྱལ་བའི་བློ་གྲོས་ཀྱི༔ ཞབས་རྗེས་གཡས་གཉིས་ཆེ་ཆུང་གསལ་བར་མངོན༔ དེ་སོགས་གྲུབ་རྟགས་མཚན་མ་དཔག་ཏུ་མེད༔ དེ་ཡི་གཡོན་ཕྱོགས་མི་མངོན་ཉེ་བ་ན༔ དྲི་བཟང་སྨན་དང་ཤིང་སྣ་གཏིབ་པའི་ཚུལ༔ རྡོ་རྗེ་ཕག་མོ་སྒྲུབ་གནས་ཁྱད་འཕགས་ལ༔ མཐོང་བས་ཉམས་དང་ཡིད་སྤྲོ་འཕེལ་བ་ཡོད༔ མ་ཡིག་རང་བྱོན་ནུས་འབྱིན་ས་ལེ་དང༔ བལ་མོ་ཅི་ལ་ཅི་པའི་ཕྱག་མཛུབ་རྗེས༔ མ་རྒྱུད་མཁའ་འགྲོ་སྒྲུབ་ཐབས་རྣམ་པ་གསུམ༔ ཁྱད་པར་བཟོ་ཁྱད་ལྕགས་ཀྱི་ཕག་མོ་དང༔ ནུས་འབྱིན་ས་ལེའི་མགོ་རྒྱན་ཡོངས་རྫོགས་སྦས༔ ཕག་མོའི་གྲུབ་ཆུ་སྦས་པའི་ཚུལ་དུ་ཡོད༔ དེ་ཡི་འོག་ཏུ་ཁྲོས་མ་ནག་མོ་ནི༔ དྲག་ལ་འཚུབ་པ་བྲག་ནག་རྔམ་ཞིང་བརྗིད༔ འཕྲུལ་གྱི་གཏེར་ཁ་གཉིས་དང་ནོར་གཏེར་གཅིག༔ གཞན་ཡང་གཏེར་དང་རང་བྱོན་དཔག་ཏུ་མེད༔ གཡོན་རིའི་ལོ་རྒྱུས་བསྡུས་ཙམ་བསྟན་པའོ༔ མདུན་རི་དཔའ་བོ་གོ་ཁྲབ་གྱོན་པ་འདྲ༔ རི་བོ་རྩེ་ལྔ་དཔའ་བོ་སྡེ་ལྔའི་ཚུལ༔ སྨན་དང་ནགས་ཚལ་རྫ་དང་བྲག་སྤང་འཐབ༔ རིན་ཆེན་སྣ་ཚོགས་ཕྱུར་བུར་གཏམས་པའི་ཚུལ༔ གནས་ཀྱི་མིང་ནི་དཔའ་བོ་འབུམ་རྫོང་ཞེས༔ འཁོར་ལོ་ལྔ་ལྡན་གནས་ཀྱི་ཡན་ལག་གི༔ སྐུ་ཡི་གནས་ཆེན་ངོ་མཚར་རྨད་དུ་བྱུང༔ གུ་རུ་ཐོད་ཕྲེང་སྡེ་ལྔའི་སྐུ་ཚབ་དང༔ དེ་ཡི་སྒྲུབ་ཐབས་ཕྱི་ནང་གསང་གསུམ་བཅས༔ རིན་ཆེན་ལྗོན་གྱི་ག་འུར་བཅུག་ནས་སྦས༔ གཞན་ཡང་དཔའ་བོ་སྡེ་ལྔ་རང་བྱོན་དང༔ དཔའ་བོ་རྡོ་ཡི་ཐོད་པ་མི་འདྲ་བདུན༔ རྨད་བྱུང་ཡོན་ཏན་དམ་རྫས་བཅུད་ཀྱིས་གཏམས༔ ཐོད་ཕྲེང་སྡེ་ལྔའི་སྒྲུབ་ཕུག་རིགས་ལྔ་དང༔ གེ་སར་རྒྱལ་པོའི་སྐུ་ཆས་ཡོངས་རྫོགས་སྦས༔ གཏེར་སྲུང་རྩལ་ཆེན་ཟངས་ཀྱི་གོང་ཞུ་ཅན༔ སྤུན་ཟླ་མཆེད་ལྔས་གནས་ཡུལ་ཞིང་ཀུན་སྐྱོང༔ གཞན་ཡང་གཏེར་ཁ་མི་འདྲ་བཅུ་གཉིས་ཡོད༔ གྲུབ་རྟགས་རང་བྱོན་མཚན་མ་བསམ་ལས་འདས༔ རྒྱལ་བ་མཆོག་དབྱངས་སྒྲུབ་ཕུག་འཁྱིལ་ཞིང་ཟླུམ༔ ཤིན་ཏུ་ངོ་མཚར་བཀོད་པ་གཞལ་དུ་མེད༔ རྟ་མགྲིན་སྐུ་སོགས་ཐུགས་དམ་རྟེན་རྣམས་སྦས༔ དེ་ཡི་སྟེང་ཕྱོགས་རྟ་མགྲིན་གསང་ཕུག་དང༔ སྒྲིབ་སྦྱོང་འཕྲང་ལམ་ཁྱད་དུ་འཕགས་པ་དང༔ ཉི་མ་འོད་ཟེར་སྒྲུབ་ཕུག་ངོ་མཚར་ཅན༔ སྐུ་རྗེས་དང་ནི་ཉི་ཟླ་རང་བྱོན་གསལ༔ རྟ་མགྲིན་གྲུབ་ཆུ་གུ་རུའི་ཚེ་ཆུ་དང༔ དཔའ་བོའི་བྲོ་ར་དུར་ཁྲོད་བདེ་ཆེན་གནས༔ མགོན་དཀར་དུར་ཁྲོད་བདག་པོའི་སྐུ་ཡང་གསལ༔ རྒྱ་གར་དུར་ཁྲོད་བདེ་ཆེན་གདལ་བའི་གནས༔ མགོན་དཀར་དུར་ཁྲོད་བདག་པོའི་སྐུ་ཡང་གསལ༔ རྒྱ་གར་དུར་ཁྲོད་བདེ་ཆེན་གདལ་དང་མཚུངས༔ མདུན་རིའི་ལོ་རྒྱུས་ཤིན་ཏུ་བསྡུས་ཙམ་མོ༔ རྒྱས་པར་བཤད་ན་ཉན་པ་པོ་ཡང་སུན༔ བྱང་ཤར་མཚམས་སུ་གསུང་གི་གནས་ཀྱི་མཆོག༔ རྟ་མགྲིན་པདྨ་དབང་ཆེན་སྒྲུབ་པའི་གནས༔ བྲག་རི་བྱ་སྐྱིབས་མི་འདྲ་སྣ་ཚོགས་བཀྲ༔ རྟ་མགྲིན་གསང་ཕུག་རྒྱ་མཚོའི་སྟེང་དུ་ཆགས༔ ཟླུམ་ཞིང་འཁྱིལ་བ་ཡངས་ལ་ཉམས་སྤྲོ་བ༔ རྐང་བྲོ་བརྡུངས་ནས་རྔ་སྒྲ་ལྡིར་ལྡིར་འབྱིན༔ རྟ་མགྲིན་སྐུ་གསུང་ཐུགས་ཀྱི་གཏེར་ཁ་སྦས༔ འདོན་པའི་སྐྱེས་བུ་རིག་འཛིན་མིང་ཅན་འབྱུང༔ གཞན་ཡང་རྒྱལ་བ་མཆོག་དབྱངས་སྒྲུབ་ཕུག་དང༔ གུ་རུའི་གསང་ཕུག་མཚོ་རྒྱལ་སྦས་པའི་ཕུག༔ ཀླུ་འདུལ་ཁྱུང་ཕུག་དཔལ་དབང་སྒྲུབ་ཕུག་སོགས༔ རང་བྱོན་གྲུབ་རྟགས་མང་ཡོད་གཏེར་ཁ་ལྔས༔ གནས་འབྲེལ་ཙམ་ཡང་རིག་འཛིན་གྲལ་དུ་འཁོད༔ ལྷག་པའི་ཡོན་ཏན་ཆེ་བ་བརྗོད་མི་ལང༔ ཐུགས་ཀྱི་གནས་མཆོག་ཀཿཐོག་ནུབ་ཀྱི་ཕྱོགས༔ དཔལ་ཆེན་ཡང་དག་སྒྲུབ་པའི་གནས་ཆེན་པོ༔ དུས་གསུམ་རྒྱལ་ཀུན་ཐུགས་ཀྱིས་བྱིན་བརླབས་པ༔ ཡང་དག་ཧེ་རུ་ཀ་དཔལ་རང་བྱོན་གསལ༔ ཧཱུྃ་ཆེན་ཀ་རའི་སྒྲུབ་ཕུག་ངོ་མཚར་ཅན༔ གུ་རུའི་གསང་ཕུག་ཡང་དག་སྒྲུབ་ཕུག་སོགས༔ ངོ་མཚར་བཀོད་པ་གཞལ་དུ་མ་གྲུབ་བཞུགས༔ ཡང་དག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ གཏེར་ཁ་ལྔ་དང་ཧཱུྃ་ཆེན་ཀ་ར་ཡི༔ གདུང་རྟེན་ཡོངས་རྫོགས་གུ་རུའི་དབུ་ཞྭ་སྦས༔ དེ་ཡི་སྟེང་ཕྱོགས་སེང་གདོང་རིགས་ལྔའི་གནས༔ བྲག་རི་དཔལ་བཤོས་ལྔ་བསྒྲིག་ཚུལ་དུ་ཡོད༔ མཁའ་འགྲོ་སེང་ཧ་སྔོན་མོ་རང་བྱོན་དང༔ མཁའ་འགྲོ་གསང་བའི་སྒྲུབ་ཐབས་ལ་སོགས་པ༔ སྐུ་གསུང་ཐུགས་རྟེན་ཁྱད་འཕགས་གཏེར་དུ་བཞུགས༔ གཏེར་སྲུང་འབར་བ་སྤུན་བདུན་དག་ལ་གཏད༔ འདོན་པའི་སྐྱེས་བུ་རྡོ་རྗེའི་མིང་ཅན་འབྱུང༔ དེ་ནས་ཕར་ལ་མིག་མཐོང་ཉེ་བ་ན༔ བསྟན་སྲུང་ཆོས་སྐྱོང་དགོངས་པ་འདུས་པའི་གནས༔ བྲག་རི་མདུང་དང་རལ་གྲི་གཤིབ་པ་འདྲ༔ གཡས་སུ་མགོན་པོ་གཡོན་དུ་ལྷ་མོ་དང༔ དབུས་སུ་སྔགས་སྲུང་མདུན་དུ་དམ་ཅན་བདུན༔ གཡས་ལོགས་དུར་ཁྲོད་ལྷ་མོ་སྲོག་སྒྲུབ་མ༔ གཡོན་ལོགས་ནོར་ལྷ་མདུན་ལོགས་ཡུལ་ལྷའི་ཚོགས༔ དངོས་སུ་གནས་ཤིང་ལས་ཀུན་འགྲུབ་པར་འགྱུར༔ ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད་སོགས་ཀྱི༔ ཆོས་སྐྱོང་སྒྲུབ་ཕུག་གསུམ་དང་བམ་རོ་ཕུག༔ ཞི་རྒྱས་དབང་དྲག་ལས་བཞིའི་གཏེར་དུ་གསལ༔ ཆོས་སྐྱོང་དགོངས་པ་འདུས་པའི་སྒྲུབ་ཐབས་དང༔ དཔལ་ལྡན་མགོན་པོ་ལྷ་མོ་སྔགས་སྲུང་མའི༔ སྐུ་ཚབ་རྣམ་གསུམ་མཆོང་ལྕགས་གཡུ་ལས་གྲུབ༔ རྒྱུད་གསུམ་ཆོས་སྐྱོང་དྲེགས་པའི་སྲོག་རྟེན་སོགས༔ གཏེར་ཁ་དྲུག་སྦས་གཞན་ཡང་རང་བྱོན་དང༔ བཀོད་པ་ཁྱད་འཕགས་རྫུ་འཕྲུལ་གྲུབ་རྟགས་མང༔ དེ་ཡི་གཡོན་ལོགས་འོག་ཕྱོགས་མི་མཐོང་སར༔ རྦོད་གཏོང་མ་མོ་སྒྲུབ་པའི་གནས་ཆེན་པོ༔ བྲག་རི་ཕུར་བུ་མགོ་མཇུག་བསྒྱུར་བ་འདྲ༔ མདོག་ཀྱང་སྔོ་ནག་ལྕགས་ཀྱི་མདོག་ཏུ་ཡོད༔ སངས་རྒྱས་ཡེ་ཤེས་སྒྲུབ་ཕུག་ཁྱད་འཕགས་པ༔ སྦྱོར་སྒྲོལ་གསང་ཕུག་སྦས་པའི་ཚུལ་དུ་ཡོད༔ རྦོད་གཏོང་མ་མོའི་གཏེར་ཁ་མི་འདྲ་བདུན༔ སྒྱུ་འཕྲུལ་རྡོ་རྗེའི་བཀོད་པ་གཏེར་དུ་གཏམས༔ འདོན་པའི་སྐྱེས་བུ་ཚེ་དབང་མིང་ཅན་འབྱུང༔ ཡོན་ཏན་གནས་མཆོག་ཀཿཐོག་ཤར་གྱི་ཕྱོགས༔ ཁྲམ་དང་པ་ཅོག་སྒང་གི་ས་མཚམས་སུ༔ སྟག་ཆེན་ཞེས་བྱ་ཐོང་དོ་ཆད་པ་རུ༔ ཆེ་མཆོག་ཡོན་ཏན་སྒྲུབ་པའི་གནས་ཆེན་ཏེ༔ གནམ་ལ་འཁོར་ལོ་རྩིབས་བཅུ་བཀྲ་ཤིས་གནས༔ ས་ནི་ཟླ་གམ་སྒོ་གཅིག་ཚུལ་དུ་ཡོད༔ པཎ་ཆེན་བི་མ་མི་ཏྲའི་སྒྲུབ་ཕུག་ནང༔ བི་མའི་སྐུ་ཚབ་དུང་ལས་གྲུབ་པ་ནི༔ མི་གཟུགས་ཆེ་བའི་ཁྲུ་གང་ཙམ་གྱི་ཚད༔ རྒྱ་ནག་པ་ལ་ཏ་ཡི་རྒྱལ་པོ་ཡི༔ ཐུགས་དམ་རྟེན་སོགས་ཡང་ཟབ་གཏེར་མང་སྦས༔ པཎ་ཆེན་བི་མ་མི་ཏྲ་ཟླ་བདུན་བཞུགས༔ སྒྲུབ་ཕུག་དེ་ཡི་གཡོན་ལོགས་ཞབས་རྗེས་གསལ༔ གཞན་ཡང་གུ་རུ་པདྨའི་སྒྲུབ་ཕུག་ནི༔ བཀོད་པ་ཁྱད་འཕགས་རྔ་ཡབ་དཔལ་རིའི་ཚུལ༔ མདུན་ངོས་ཧཱུྃ་ཡིག་དང་ནི་སྭ་ཉཱ་ཝ༔ གཞན་ཡང་རང་བྱོན་དཔག་ཏུ་མེད་པ་དང༔ པདྨ་རྒྱལ་པོའི་སྐུ་ཚབ་སྒྲུབ་ཐབས་བཅས༔ རིན་ཆེན་བསེ་ཡི་སྒྲོམ་ནང་གཏེར་དུ་སྦས༔ གུ་རུའི་དབུ་རྗེས་མཚོ་རྒྱལ་ཕྱག་མཛུབ་རྗེས༔ རྒྱལ་པོ་མདོ་གཞེར་ནག་པོ་ཟ་བེར་སྦས༔ གུ་རུའི་རྣམ་ཐར་འབྲིང་པོ་ལེའུ་བཅུ༔ བཻ་རོ་ཙ་ནའི་ཕྱག་བྲིས་བླ་དཔེ་སྦས༔ དེ་ཡི་གཡོན་ལོགས་རྟ་མགྲིན་ཁྲོ་བོའི་གནས༔ སྒྲུབ་ཕུག་གཏེར་སྒོ་གྲུབ་རྟགས་མཚན་མ་མང༔ དེ་ཡི་སྟེང་ཕྱོགས་ཀུ་རུ་ཀུལླེའི་གནས༔ དབང་གི་སྒྲུབ་ཕུག་རིགས་བྱེད་མ་རང་བྱོན༔ ཧྲཱིཿཡིག་དང་ནི་གཏེར་སྒོ་ཟླ་གམ་ཚུལ༔ ལྷ་ཀླུ་མི་ཡི་ནོར་བུ་རྣམ་པ་གསུམ༔ གསལ་བྱེད་ཉི་མ་ཟླ་བ་རང་བྱོན་མངོན༔ དབང་གི་གྲུབ་ཆུ་སྣང་བ་ཟིལ་གནོན་སོགས༔ ངོ་མཚར་བཀོད་པ་ཁྱད་འཕགས་གནས་དེ་ཡི༔ ལོ་རྒྱུས་ཞིབ་པར་མ་སྤྲོས་བསྡུས་ཙམ་མོ༔ དེ་ཡི་གཡས་ཕྱོགས་འོག་ཏུ་གྱེས་པ་ན༔ ཚེ་དཔག་མེད་པའི་སྒྲུབ་གནས་གྲུབ་ཆུ་སོགས༔ བསམ་གྱིས་མི་ཁྱབ་གཏེར་ཁ་རང་བྱོན་མང༔ རྒྱས་པར་མདོ་བྱང་ཟུར་དུ་གསལ་ལ་ལྟོས༔ ཕྲིན་ལས་གནས་མཆོག་ཀཿཐོག་ལྷོ་ཡི་ཕྱོགས༔ ཛ་གད་ཅེས་བྱ་བདུད་རྩི་སྨན་གྱི་གནས༔ ཁྲོ་བོ་བདུད་རྩི་འཁྱིལ་པ་རང་བྱོན་དང༔ སྨན་ལྷ་རྒྱལ་བ་རིགས་ལྔ་འབུར་དུ་དོད༔ སྨན་ལྷའི་སྒྲུབ་ཕུག་འཆི་མེད་ནད་སེལ་ཆུ༔ རི་ཡི་མདུན་དུ་ཛ་ཡིག་ལྗང་གུ་དང༔ རྒྱབ་ཏུ་གཾ་ཡིག་དཀར་པོ་རང་བྱོན་གསལ༔ དེ་དག་གཡས་ཟུར་བྲག་རི་སྔོ་དཀར་ནག༔ ཧ་ཅང་བང་མི་ཆེ་ལ་སེང་དེའི་གཟུགས༔ དེ་རུ་གསང་བའི་གཏེར་ཁ་ལྔ་ཙམ་སྦས༔ གཡོན་ལོགས་ཕ་ཝཾ་རྡོ་རྗེ་གནམ་ལངས་འདྲ༔ དེ་རུ་ནད་སེལ་བདུད་རྩི་རིལ་བུ་འབུམ༔ ཕོ་མོ་མཚན་ལྡན་བཅུ་དྲུག་ཐོད་པའི་ནང༔ རྒྱ་ལྔས་བཏབ་སྟེ་མི་ཤིག་གཏེར་དུ་སྦས༔ གཞན་ཡང་གུ་རུ་པདྨའི་སྒྲུབ་ཕུག་དང༔ རྗེ་འབངས་གྲོགས་བདུན་རང་རང་སྒྲུབ་ཕུག་ལ༔ གྲུབ་པའི་བརྡ་རྟགས་རྡོ་རྗེ་དང་བཅས་གསལ༔ མཆོག་གི་གནས་ཆེན་ཀཿཐོག་ནུབ་ཀྱི་ཕྱོགས༔ འབྲི་སྡེ་རྒྱུད་དུ་དཔལ་ཡུལ་ཕྱག་རྡོར་གནས༔ གནམ་ལ་བཀྲ་ཤིས་དར་གདུགས་གུར་ཡོལ་འདྲ༔ ས་ལ་བཀྲ་ཤིས་ཀོལ་ག་བྱན་ལག་ལྗོངས༔ ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ་འབོས་རིང་བསྐོར༔ དབུས་ཀྱི་རི་བོའི་འོག་ཏུ་ནགས་ལྗོངས་ཚལ༔ བྲག་ནག་རོ་སོལ་བྱུག་པ་འདྲ་བ་ལ༔ ཕྱག་རྡོར་རང་བྱོན་ཧཱུྃ་མཐིང་མེ་རི་གསལ༔ མཁར་ཆེན་དཔལ་དབང་སྒྲུབ་ཕུག་ཁྱད་འཕགས་དང༔ གུ་རུའི་གསང་ཕུག་གསང་བདག་སྒྲུབ་ཕུག་ཡོད༔ གཏུམ་པོ་གདོན་འདུལ་སྒྲུབ་ཐབས་སྐོར་གསུམ་དང༔ ཁྱུང་ལྔའི་སྒྲུབ་ཐབས་གུ་རུའི་རྣམ་ཐར་བསྡུས༔ ཕྱག་རྡོར་སྐུ་ཚབ་པདྨའི་འདྲ་འབགས་སྦས༔ གཞན་ཡང་གྲུབ་རྟགས་རང་བྱོན་བརྗོད་མི་ལངས༔ ཐུན་མོང་གནས་མཆོག་ཀཿཐོག་ཤར་གྱི་ཕྱོགས༔ ཁྲམ་གྱི་ཡུལ་དུ་སྤོས་རི་ངད་ལྡན་ཞིང༔ ཐུབ་དབང་གནས་བརྟན་བཅུ་དྲུག་སྒྲུབ་པའི་གནས༔ རྒྱ་གར་སྤོས་དྲི་ངད་ལྡན་གཉིས་རྨད་བྱུང༔ གནམ་ས་ཟླུམ་འཁྱིལ་བཀྲ་ཤིས་བྱིན་ཆགས་དབུས༔ རི་བོ་ལྷུན་ཆགས་ཕྱེ་མར་སྤུངས་པ་འདྲ༔ མཆོག་ཆེན་རྨད་དུ་བྱུང་བའི་གཏེར་བདུན་སྦས༔ ཁྱད་པར་སངས་རྒྱས་རབ་བདུན་རིང་བསྲེལ་ནི༔ རིན་ཆེན་བསེ་ཡི་སྒྲོམ་བུར་རྒྱས་བཏབ་ཅིང༔ གུ་རུའི་གསང་གོས་སྔོན་པོ་དྲིལ་ཏེ་སྦས༔ གནས་ཞལ་འབྱེད་དང་གཏེར་འདོན་སྐྱེས་བུ་ནི༔ གསང་སྔགས་དང་ནི་རྡོ་རྗེའི་མིང་ཅན་གཉིས༔ དུས་མཉམ་འོང་ཞིང་འགྲོ་དོན་གོང་འཕེལ་འགྱུར༔ ཁྱད་པར་གནས་མཆོག་ཀཿཐོག་ནུབ་བྱང་མཚམས༔ དེ་བི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག༔ འཁོར་ལོ་སྡོམ་གནས་མི་བསྐྱོད་གསང་འདུས་དང༔ ཆེ་མཆོག་དཔལ་དགུའི་གནས་མཆོག་ཁྱད་དུ་འཕགས༔ བཀའ་བརྒྱད་རིག་པ་རང་ཤར་སྒྲུབ་ཐབས་དང༔ ཆེ་མཆོག་དང་ནི་ཡང་དག་སྐུ་ཚབ་སོགས༔ གཏེར་ཁ་བདུན་སྦས་རང་བྱོན་སྒྲུབ་ཕུག་དང༔ གྲུབ་རྟགས་མཚན་མ་དཔག་མེད་ས་ལེར་གསལ༔ གནས་ཀྱི་རྒྱལ་པོ་ཙཀྲ་ལྔ་ལྡན་གྱི༔ ཁ་བྱང་བསྐོར་ལྔ་གནས་ཀྱི་མདོ་བྱང་སོགས༔ ལོགས་སུ་གསལ་བས་དེ་རུ་བལྟས་པས་ཤེས༔ འདི་རུ་རྒྱས་པར་མ་སྤྲོས་བསྡུས་ཙམ་མོ༔ འདི་ནི་ཀཿཐོག་མི་འགྱུར་རྡོ་རྗེ་གདན༔ གནས་ཀྱི་རྒྱལ་པོ་ཙཀྲ་ལྔ་ལྡན་གྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་གནས་ལྔ་དང༔ མཆོག་གི་གནས་དང་ཐུན་མོང་ཁྱད་པར་སྟེ༔ ཡན་ལག་གནས་ཆེན་བརྒྱད་དང་བཅས་པ་ཡི༔ མདོ་བྱང་དཀར་ཆག་འབྲིང་པོར་བསྟན་པའོ༔ དེ་ནས་གནས་ཀྱི་ཕན་ཡོན་བཤད་པ་ནི༔ གང་ཞིག་ཀཿཐོག་འཁོར་ལོ་ལྔ་ལྡན་གྱི༔ གནས་མཆོག་འདི་ལ་དད་མོས་སུས་བྱས་པ༔ གནས་སྐབས་རྐྱེན་རྣམས་ངང་གིས་སེལ་བར་འགྱུར༔ ནང་སྐོར་གཅིག་གི་ཕན་ཡོན་བསྟན་པ་ནི༔ གྲངས་ལ་གཞལ་ན་སིདྡྷི་དུང་ཕྱུར་གསུམ༔ ཚད་ལ་གཞལ་ན་རྒྱལ་བ་ཐམས་ཅད་ལ༔ མཉེས་པའི་མཆོད་པ་དུས་གཅིག་བྱས་པ་བས༔ དད་མོས་བརྟན་པོས་བསྐོར་བ་གཅིག་བྱེད་ལྷག༔ ཕྱག་དང་མཎྜལ་ཚོགས་སྐོང་མཆོད་སྒྲུབ་སོགས༔ དགེ་བ་གང་བྱས་གནས་མཆོག་གཞན་ལས་ཀྱང༔ ཁྱད་དུ་འཕགས་པའི་བསོད་ནམས་བདུན་འགྱུར་ཆེ༔ བར་བསྐོར་གཅིག་གི་ཕན་ཡོན་བསྟན་པ་ནི༔ གྲངས་ལ་གཞལ་ན་སིདྡྷི་དུང་ཕྱུར་ལྔ༔ ཚད་ལ་གཞལ་ན་སྟོང་གསུམ་འབྲུ་ཡིས་བཀང༔ བདེ་གཤེགས་རྣམས་ལ་མཆོད་པ་ཕུལ་བ་བས༔ དད་དང་ལྡན་པའི་བར་བསྐོར་གཅིག་གིས་བསྔགས༔ ཕྱི་བསྐོར་གཅིག་བྱས་ཕན་ཡོན་བསྟན་པ་ནི༔ གྲངས་ལ་གཞལ་ན་སིདྡྷི་དུང་ཕྱུར་བདུན༔ ཚད་ལ་གཞལ་ན་སྟོང་གསུམ་གསེར་གྱིས་བཀང༔ མཆོད་པ་ཕུལ་ཞིང་སྦྱིན་པ་བཏང་བ་བས༔ གནས་མཆོག་འདི་ལ་ཕྱི་སྐོར་གཅིག་གིས་འཕགས༔ གསང་བསྐོར་རྡོ་རྗེའི་རྫོང་རིང་ལན་གཅིག་འགྲིམ༔ སྐྱེ་བ་གསུམ་དུ་ངན་སོང་གནས་མི་ལྷུང༔ མཐོ་རིས་ལྷ་མིའི་ལུས་རྟེན་ཐོབ་པར་འགྱུར༔ ཅིའི་ཕྱིར་པདྨའི་སྒྲུབ་གནས་མང་ན་ཡང༔ འདི་ནི་གུ་རུ་ང་ཡི་སྦས་པའི་ཡུལ༔ བསྐལ་བཟང་སངས་རྒྱས་སྟོང་གིས་བྱིན་བརླབས་པ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་སྒྲུབ་སྤྲིན་ལྟར་འདུ་བ་གནས་ཀྱི་མཆོག༔ ཚོགས་འཁོར་གཅིག་གིས་བསོད་ནམས་རྒྱུ་ཚོགས་རྫོགས༔ སྒོམ་སྒྲུབ་གཅིག་གིས་འབྲས་བུ་ཡེ་ཤེས་ཚོགས༔ ཚོགས་གཉིས་ཟུང་འཇུག་དུས་གཅིག་རྫོགས་པར་འགྱུར༔ གནས་འབྲེལ་ཐོབ་ཚད་པད་མ་འོད་དུ་སྐྱེ༔ སྒྲུབ་པ་གང་བྱས་མི་འགྲུབ་གཅིག་ཀྱང་མེད༔ ཁྱད་པར་ནད་གདོན་རྐྱེན་གྱིས་བཏབ་པ་རྣམས༔ གནས་བསྐོར་འདི་བྱས་ཙམ་གྱིས་ནད་གདོན་ཞི༔ དུས་མིན་འཆི་བའི་ཚེ་གེགས་ཐེབས་པ་རྣམས༔ བར་བསྐོར་འདི་བྱས་ཚེ་གེགས་བར་ཆད་ཟློག༔ གང་ཞིག་མཐུ་དང་བྱད་ཁའི་འོག་སོང་ན༔ གནས་འདིར་བྱད་བཟློག་ཐ་ན་བསྐོར་ཕྱག་སོགས༔ རྐྱེན་སེལ་དམིགས་པ་ཙམ་གྱིས་བྱད་ཁ་བཟློག༔ ཁྱད་པར་མ་འོངས་སྙིགས་མ་ལྔ་བདོའི་དུས༔ སྲོག་བདག་རྒྱལ་པོ་གཟའ་ཀླུ་ལ་སོགས་པ༔ ནག་ཕྱོགས་ཁ་དར་ནད་རིམས་སྣ་ཚོགས་དར༔ ནད་གདོན་དེ་ཉིད་སེལ་ཕྱིར་རིམ་གྲོ་ནི༔ ཐབས་ཀྱིས་བཅོས་ན་གཏོ་སྨན་གང་གིས་ཀྱང༔ ཕན་པར་དཀའ་བས་དེ་དུས་གནས་འདི་ལ༔ ཕྱག་དང་བསྐོར་བ་བྱས་ན་དེ་ཡིས་ཕན༔ གནས་སྐབས་བར་ཆད་རྐྱེན་བགེགས་འདི་ཡིས་སེལ༔ ཕྱི་མ་ས་ལམ་བར་ཆད་འདི་ཡིས་བཟློག༔ གསོལ་བ་གང་བཏབ་ཡིད་བཞིན་ནོར་ལྟར་འགྲུབ༔ སྨོན་ལམ་གང་བྱས་ཆུད་ཟོས་སོང་རེ་སྐན༔ ཁྱད་པར་གནམ་ལོ་ཡོས་ལོ་ནམ་ཤར་ཚེ༔ གནས་ཡུལ་ཀུན་གྱི་རྩ་གསུམ་དཔའ་བོ་དང༔ མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་འདུ༔ ཡོས་ཀྱི་ཟླ་བར་ཚེས་བཅུ་ནམ་ཤར་དང༔ ཚེས་གཅིག་ཚེས་ལྔ་ཚེས་བརྒྱད་བཅོ་ལྔ་ལ༔ དགེ་བ་གང་བྱས་འབུམ་འགྱུར་བསོད་ནམས་ཆེ༔ ཁྱད་པར་འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གནས༔ ཁྲེགས་ཆོད་གཞི་དང་ཐོད་རྒལ་ལམ་བསྒོམ་ན༔ མི་ལོ་བདུན་ནས་འཇའ་ལུས་ངེས་པར་འགྲུབ༔ ཚེ་འདིར་བྱང་ཆུབ་མཆོག་གི་ལམ་བགྲོད་ཅིང༔ ཕྱི་མ་ཕྱག་རྒྱ་ཆེན་པོ་ཐབས་མཆོག་གི༔ དངོས་གྲུབ་འབྲས་བུ་ངེས་པར་ཐོབ་ནུས་པ༔ གནས་ཀྱི་རྒྱལ་པོ་འདི་ཉིད་ཁོ་ན་ཙམ༔ སྤྱིར་ན་དག་པ་ཡེ་ཤེས་རང་རྩལ་ལས༔ འཇིག་རྟེན་ཐམས་ཅད་ཞིང་ཁམས་རང་བཞིན་ལ༔ ལྷག་གཞན་གོང་འོག་དབྱེ་བ་མེད་མོད་ཀྱང༔ འོན་ཀྱང་འགྲོ་བའི་བསོད་ནམས་བསགས་པའི་ཞིང༔ པདྨའི་སྒྲུབ་གནས་འཁོར་ལོ་ལྔ་ལྡན་ཞིང༔ སྒྲུབ་གནས་བརྒྱ་རྩ་བརྒྱད་ཀྱི་སྙིང་པོ་སྟེ༔ འདི་ལ་དད་དང་ཡིད་ཆེས་མོས་གུས་ཀྱི༔ གནས་སུ་མ་གྱུར་མི་ཀུན་བདུད་ཀྱི་རིགས༔ གང་ཞིག་ང་ཡི་སྦས་ཡུལ་འདི་ཉིད་ཀྱི༔ ཐ་ན་མཚན་ཐོས་པ་ལ་ཡི་རངས་ཀྱང༔ འདི་དང་ཕྱི་མ་བར་དོ་ཐམས་ཅད་ལ༔ མི་དེ་པདྨ་ང་ཡི་སྐྱབས་འོག་ཚུད༔ རང་བཞིན་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར༔ གཞན་ཡང་ལོ་རྒྱུས་ཕན་ཡོན་བརྗོད་མི་ལངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གུ་རུའི་གསུང་བཞིན་བློ་དམན་ཡུམ་མཚོ་རྒྱལ་བདག་གིས་མཁའ་འགྲོ་གསང་བའི་བརྡ་རིས་སུ་བྲིས་ཏེ་སྦས་ཡུལ་དེ་ཉིད་ཀྱི་ལས་བཞི་ལྷུན་གྲུབ་ཀྱི་བྲག་ལ་མི་བཤིག་པའི་རྒྱས་བཏབ་སྟེ་མ་འོངས་པ་ན་ལས་འཕྲོ་ལྡན་པ་དང་འཕྲད་པར་ཤོག་ཅིག༔ ཅེས་མཐུ་གྲུབ་པའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་གཏེར་དུ་སྦས་པ་ཙིཏྟ་ལ་ཏྱ་དྷ་ཐིམ༔ ཞེས་དུས་མཐའི་གཏེར་མིང་འཛིན་པ་འགྲོ་འདུལ་གསང་སྔགས་གླིང་པས་གུ་རུ་རིན་པོ་ཆེའི་ཐུགས་རྗེའི་མཐུ་དང་མཚན་ལྡན་བླ་མ་དམ་པའི་བྱིན་རླབས་ལ་བརྟེན་ནས༔ ས་མོ་ཡོས་ཀྱི་ལོའི་ཧོར་ཟླ་གསུམ་པའི་ཚེས་བཞི་ལ་པདྨའི་སྒྲུབ་གནས་དཔལ་ཀཿཐོག་རྡོ་རྗེ་གདན་འཁོར་ལོ་ལྔ་ལྡན་གྱི་གཡས་ཟུར་རི་བོ་གཡུ་འབྲུག་གནམ་དུ་འགྲོ་བ་འདྲ་བའི་ལྟོ་བ་ལས་བཞི་ལྷུན་གྲུབ་ཀྱི་ཟབ་གཏེར་བཞུགས་པའི་ཕ་ཝང་གི་རྒྱབ་ངོས་ནས༔ འདུས་པ་འཁོར་བཞི་བརྒྱ་ཙམ་གྱི་དཔང་པོས་མངོན་སུམ་དུ་ཁྲོམ་གཏེར་གྱི་ཚུལ་དུ་སྤྱན་དྲངས་པའི་མ་དཔེའི་གཏེར་སྒྲོམ་རྡོ་རྗེ་ཕུར་པ་ཁ་སྤྲོད་ཀྱི་ཚུལ་དུ་འོད་དང་གཟི་བརྗིད་ཁྱད་དུ་འཕགས་པའི་བར་ནས་བྱུང་བའི་ཤོག་སེར་དཀྱུས་སོར་བཞི་དང་ཞེང་སོར་དོ་ཡོད་པ་ཡིག་ཕྲེང་གསུམ་པ་ཞིག་ལ་གནས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཡར་ཚེས་བཟང་པོར་ཀཿཐོག་སྐུ་འབུམ་ཐར་པ་གླིང་དུ་ཕབ་པའི་ཡི་གེ་པ་ནི་ཉག་ཨ་འཛི་རོང་བླ་མ་བྱང་ཆུབ་རྒྱལ་མཚན་དཔལ་བཟང་པོས་བགྱིས་པས་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག༔ དགེའོ། ། དགེའོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་སེངྷ་ཡེ། །མཐའ་ཀླས་གདུལ་བྱའི་མོས་པ་དང་། །མཐུན་པར་སྐུ་དང་ཞིང་ཁམས་ཀྱི། །སྣང་བ་མ་འགག་སྒྱུ་མའི་འཕྲུལ། །ཡེ་ཤེས་རོལ་པའི་རྩལ་ལ་འདུད། །ཁྱད་པར་ཕྱག་ན་པདྨོ་དང་། །མཚོ་སྐྱེས་རྒྱལ་བའི་ཕྲིན་ལས་ཀྱིས། །གང་འདུལ་སྣ་ཚོགས་སྤྲུལ་པའི་ཞིང་། །བཀོད་པ་བསམ་མི་ཁྱབ་དེར་བསྔགས། །ཞིང་འདིར་ངེས་གསང་ཆོས་ཀྱི་སྒྲས། །འཕུར་འགྲོས་ཞིང་ཡང་སྐྱེངས་བྱེད་པའི། །རིགས་གསུམ་སེམས་དཔའི་ཡེ་ཤེས་གར། །རྒྱུད་མར་བྱོན་རྣམས་རྒྱལ་གྱུར་ཅིག །དེ་ལ་འདི་གསང་ཆེན་བསྟན་པའི་འབྱུང་གནས་འོག་མིན་ཀཿཐོག་རྡོ་རྗེ་གདན་གྱི་ཞིང་བཀོད་ལོ་རྒྱུས་ཅུང་ཟད་བརྗོད་པ་ལ། རང་བཞིན་གྱིས་གྲུབ་པ་དང་། བྱིན་གྱིས་བརླབས་པས་གྲུབ་པ། རྟགས་ཀྱིས་གྲུབ་པ། མཐུས་གྲུབ་པ་སྟེ་བཞི་ལས། དང་པོ་ནི། འཇམ་དཔལ་རྩ་རྒྱུད་ལས། ཆོས་གཅིག་ཡང་དག་པར་བསམ་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་སྔགས་གྲུབ་པར་འགྱུར་ཏེ་གཅིག་པུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་དང་། སློབ་དཔོན་པདྨའི་ལམ་རིམ་ལས། ཆོས་ཐམས་ཅད་ཀྱི་གཤིས་ཅེར་ཡང་མ་གྲུབ། རྩལ་ཅེར་ཡང་འགགས། ངོ་བོ་ཅི་ཡང་མི་རྟོག གཞན་གྱིས་མ་བྱས། གདོད་ནས་དེ་ལྟར་གྲུབ་པས་རང་བཞིན་གྱིས་གྲུབ་པའོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དག་པ་ཆེན་པོར་གནས་པ་སྟེ། སེམས་ཅན་རང་རང་གི་མོས་པ་དང་དབང་པོ་རྣོ་རྟུལ་སྣ་ཚོགས་པའི་དབང་གིས་མ་དག་འཁྲུལ་པའི་སྣང་བ་དང་། དག་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་གཉིས་སུ་སྣང་ནའང་། གཉིས་ཀ་སྒྱུ་མར་མཉམ་པ་དང་མ་དག་པའི་སྣང་བ་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་ལ་དག་པའི་གནས་སྐབས་ཡུམ་ཆེན་ལྔར་སྣང་ཞིང་། དེ་བཞིན་ཕུང་ལྔ་རིགས་ལྔ་དང་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་སྣང་བའི་དག་མ་དག་གཉིས་ཀ་ཡེ་ནས་སྤྲོས་པའི་མཐའ་ལས་འདས་པས་སྐྱེ་མེད་དུ་མཉམ་ཞིང་། དོན་དམ་པར་གནས་ལུགས་ཇི་བཞིན་པའི་རང་བཞིན་དབྱིངས་ཡེ་ཟུང་འཇུག་སྐོར་བདུན་ངོ་བོ་ཉིད་དུ་ལྷུན་གྲུབ་པའི་ཕྱིར། རྒྱུད་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་དང་། མཉམ་ཉིད་ལྷག་པའི་མཉམ་ཉིད་ཀྱི། །ཞེས་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་བསྟན་པ་ལྟར། ཟུར་མོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་ཞལ་ནས། ཆོས་ཀུན་གྱི་ལྟར་སྣང་ཡང་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་བས་ཆོས་ཉིད་དུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་དེ་སྣང་བ་ཆོས་ཉིད་ཡིན་ཞེས་དང་། བླ་མ་ཀཿཐོག་པས། ཆོས་སྣང་བ་ཐམས་ཅད་འཁྲུལ་སྣང་གསལ་དུ་མེད་པ་ངོ་བོ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ནི་རང་བཞིན་ལྷུན་གྱིས་གྲུབ་པའོ། །ཞེས་འཁོར་འདས་དབྱེར་མེད་ཆོས་ཉིད་རྣམ་པར་དག་པ་ལ་བཟང་ངན་བླང་དོར་མེད་པས་ཆོས་ཅན་སྣོད་བཅུད་ཐམས་ཅད་ཡེ་ནས་རང་བཞིན་གྱི་དག་པ་ཆེན་པོ་གྲུབ་པའོ། །དེ་ན་མདོ་བྱང་ཆེན་པོ་ལས། གདོད་ནས་གྲུབ་པའི་གནས་ཆེན་གཞི་ལས་འཕོས༔ རང་སྣང་དོན་གྱི་འོག་མིན་བདེ་ཆེན་ཞིང༔ གནས་དེར་བྱོན་ནས་ལྷུན་གྲུབ་སྣང་བ་ཀུན༔ སྐུ་དང་ཡེ་ཤེས་རོལ་པ་ཆེན་པོར་ཤར༔ ཞེས་གསུངས་པས་ཀྱང་གསལ་བར་བྱས་སོ། །
༈གཉིས་པ་བྱིན་གྱིས་བརླབས་པའི་གྲུབ་པ་ནི། ཀུན་མཁྱེན་དམ་པ་རིན་པོ་ཆེ་ལ་འཛམ་སྟོན་འགྲོ་བའི་མགོན་པོས། ཁམས་ཀཿཐོག་ཏུ་སོང་ན་སློབ་དཔོན་པདྨ་འབྱུང་གནས་ཞག་ཉེར་ལྔ་བཞུགས་ནས་བྱིན་གྱིས་བརླབས་པ་དང་། བཻ་རོ་ཙ་ནའི་སྒྲུབ་གནས་ཡིན་པས་བསྟན་པ་ལོ་སྟོང་དུ་གནས་པ་ཞིག་འོང་ཞེས་ལུང་བསྟན་པ་ལྟར། གངས་དཀར་གནས་ཡིག་བདེ་ཆེན་གླིང་པའི་གཏེར་མ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོས་འདན་གླང་ཐང་དང་། ཀཿཐོག་དང་གངས་ར་སྤུན་གསུམ་ལྷན་གཅིག་བྱིན་གྱིས་བརླབས་པར་གསུངས་པ་དང་། རིག་འཛིན་སྟག་ཤམ་རྡོ་རྗེའི་མཚོ་རྒྱལ་བཀའ་ཐང་ལས། འདི་ནས་ཤར་ཕྱོགས་ཀཿཐོག་ཅེས་བྱ་བ༔ གུ་རུ་སེང་གེ་སྒྲ་སྒྲོགས་བསྟན་པའི་གཞི༔ པདྨ་འབྱུང་གནས་རབ་གནས་བཅུ་གསུམ་མཛད༔ རི་བོ་སེང་ཆེན་འགྱིང་འདྲའི་མགུལ་པ་རུ༔ ཡང་ཟབ་གཏེར་སྦས་མ་འོངས་རྟེན་འབྲེལ་བསྒྲིགས༔ པད་འབྱུང་ཡབ་ཡུམ་འགྲོ་དོན་དེ་ཕྱོགས་དར༔ མཚོ་རྒྱལ་ང་ཉིད་དམ་པ་རིན་ཆེན་སྤྲུལ༔ གསང་སྔགས་ཨ་ཏིའི་བསྟན་པ་མཐའ་རུ་གནས༔ སྐབས་སྐབས་འཇིགས་ཀྱང་ལས་ཅན་རིམ་བཞིན་འབྱུང༔ མཚོ་རྒྱལ་གདུལ་བྱའི་ཐ་མ་དེ་རུ་བབས༔ ཞེས་དང་། རིག་འཛིན་འཇའ་ཚོན་སྙིང་པོའི་ཨ་མའི་ལྐོག་ཡིག་ལས། འགྲོ་དོན་ཐ་མ་ཁམས་ཀྱི་ཀཿཐོག་ཕྱོགས་སུ་འབྱུང༔ ཞེས་གོང་གི་ལུང་དང་མཐུན་པར་བྱུང་། ཁྱད་པར་མཁྱེན་ཀོང་མཆོག་གསུམ་གྱིས་གཏན་ལ་ཕབ་པའི་གནས་ཆེན་ཉེར་ལྔའི་མདོ་བྱང་ལས། ཕྲིན་ལས་ཀྱི་གནས་གཙོ་བོར་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཀླུང་སོགས་དག་ཏུ༔ ཀཿཞེས་རི་བོ་སེང་ཆེན་འགྱིང་འདྲའི་མགུལ༔ རིན་ཆེན་འདྲ་བའི་བྲག་ལ་པད་འབྱུང་བདག༔ ལོ་གཅིག་བཞུགས་པའི་སྒྲུབ་གནས་ཀེའུ་ཚང༔ ནང་དུ་སྒྱུ་འཕྲུལ་ལྷ་ཚོགས་རང་བྱོན་བཞུགས་༔ མ་འོངས་འདི་རུ་ང་སྤྲུལ་བདེ་བཤེགས་མཚན༔ བསྟན་པའི་མེ་རོ་སྨད་ནས་སློང་བར་བྱེད༔ པད་འབྱུང་བརྒྱུད་འཛིན་བསྟན་པའི་བདག་པོ་རུ༔ སེང་ཆེན་འདྲ་བའི་མི་རབས་བཅུ་གསུམ་འབྱུང༔ ཞེས་ཕྲིན་ལས་ཕུར་པའི་གནས་ཀྱི་གཙོ་བོར་གསུངས་པ་དང་། ཁྱད་པར་ཀཿཐོག་གནས་ཀྱི་མདོ་བྱང་ཆེན་པོ་ལས། འཛམ་བུའི་གླིང་གི་མཐའ་འཁོབ་ཡུལ༔ གངས་ཅན་ལྗོངས་ཀྱི་ལྟེ་བ་ཉིད༔ ཀཿཐོག་མི་འགྱུར་རྡོ་རྗེའི་གདན༔ འཁོར་ལོ་ལྔ་ལྡན་ཞི་ཁྲོའི་གནས༔ ང་ཡི་སྒྲུབ་གནས་མང་ཡོད་ཀྱང༔ གནས་ཀྱི་རྒྱལ་པོ་འདི་ཁོ་ན༔ སོགས་དང་། ཡང་། ཁམས་ཡུལ་གནས་ཀྱི་རྒྱལ་པོ་སྦས་པའི་ཡུལ༔ འཁོར་ལོ་ལྔ་ལྡན་ཀཿཐོག་རྡོ་རྗེའི་གདན༔ དེ་ཡི་སྒྲུབ་གནས་བརྒྱ་དང་ཉི་ཤུ་བཞི༔ ཞེས་དང་། ཁྱད་པར་མདོ་ཁམས་ས་ཡི་ཐིག་ལེ་ཆེ༔ ཀཿཐོག་མི་འགྱུར་འཁོར་ལོ་ལྔ་ལྡན་གནས༔ རྒྱ་གར་རྡོ་རྗེ་གདན་དང་བཀོད་པ་མཚུངས༔ ཞེས་དང་། གསང་བདག་འགྲོ་འདུལ་སྟོབས་ལྡན་གླིང་པའི་ཟབ་གཏེར་ལས། མ་འོངས་རི་བོ་སེང་ཆེན་འགྱིང་འདྲ་མགུལ༔ མཚོ་རྒྱལ་ཁྱོད་ཉིད་དམ་པ་བདེ་གཤེགས་འབྱུང༔ གསང་སྔགས་རྫོགས་ཆེན་བསྟན་པ་མཐའ་རུ་རྒྱས༔ ཞེས་དང་། བསྟན་པའི་ཆུ་འགོ་སྔ་འགྱུར་རྙིང་མའི་ཕྱོགས༔ ཐེག་ཆེན་རྫོགས་པ་ཆེན་པོའི་རིང་ལུགས་ཀྱང༔ བསྟན་པའི་གཞི་མ་དགེ་འདུན་འདུས་པའི་ཚོགས༔ བསྟན་འཛིན་སྐྱེས་བུ་མཁས་གྲུབ་ཁྱུ་མཆོག་བཞུགས༔ སྟོན་འཁོར་ཕུན་ཚོགས་ལྔ་ལྡན་རང་དབང་འབྱོར༔ བསྟན་པ་དར་ཞིང་ཉམས་པ་མེད་པའི་དུས༔ ཁམས་ཀྱི་བཙུན་པ་སྐལ་བཟང་ལས་འཕྲོ་སད༔ དཔལ་ལྡན་བླ་མ་རྡོ་རྗེ་འཆང་དབང་གིས༔ ཤེས་རབ་སེང་གེར་མཚན་གསོལ་མདོ་སྔགས་ཀྱི༔ ཆོས་ཀྱི་འཁོར་ལོ་སྨིན་གྲོལ་བཅུད་རྣམས་གདམས༔ ཞེས་གསུངས་པ་ལྟར་སློབ་དཔོན་པདྨ་རྗེ་འབངས་དང་བཅས་པ་གནས་འདིར་ལོ་གཅིག་གམ་ཟླ་བ་གཅིག་ཞག་ཉེར་ལྔ་སོགས་ལོ་རྒྱུས་སོ་སོ་ལས་བྱུང་བ་ལྟར་བཞུགས་ནས་ས་སྤྱོད་འོག་མིན་པདྨ་དྲྭ་བ་ཅན་གྱི་ཞིང་ཁམས་སུ་བྱིན་གྱིས་བརླབས། སློབ་དཔོན་ཆེན་པོས་རབ་གནས་བཅུ་གསུམ་མཛད་དེ་རྟེན་དང་བརྟེན་པ་བཅས་ཀྱི་གནས་དུས་སྟོན་འཁོར་ཆོས་དང་བཅས་པ་བཅུ་གསུམ་རྡོ་རྗེའི་ཕྲེང་བ་མ་ཆད་པར་འབྱུང་བའི་རྟེན་འབྲེལ་བསྒྲིགས། སྤྲུལ་པའི་རྗེ་འབངས་རྣམས་ཀྱི་སྒྲུབ་ཕུག་དང་། རང་རང་གི་སྒྲུབ་པའི་རྟགས་དང་ཕྱག་ཞབས་ཀྱི་རྗེས་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་རྣམས་གསལ་བར་མཛད། ལོ་ཆེན་བཻ་རོ་ཙཱ་ན་ཟླ་བ་གཅིག་གི་རིང་ལ་བཞུགས་པའི་སྒྲུབ་ཕུག་དང་མཐའ་འདུལ་གྱི་མཆོད་རྟེན་བཅས་བཞེངས་ནས་བྱིན་གྱིས་བརླབས་པ་དང་། ཁྱད་པར་ཨོ་རྒྱན་ཆེན་པོས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཕྲིན་ལས་རྡོ་རྗེ་ཕུར་པའི་གནས་ཀྱི་གཙོ་བོར་བྱིན་གྱིས་བརླབས་ནས། བཀའ་བབས་བུ་དགུའི་ནང་ཚན་ཕྲིན་ལས་ཕུར་པའི་བཀའ་བབས་གསང་འཛིན་དབྱིངས་ཀྱི་ཇོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་ཉིད་ཀྱི་སྤྲུལ་པ་བདེ་གཤེགས་ཤེས་རབ་སེང་གེ་གནས་འདིར་བྱོན་ནས། ཐོག་མར་ལྷ་མཆོག་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་མི་དང་མི་མིན་བཅས་དམ་འོག་ཏུ་འདུས། བར་ཆད་བགེགས་ཚོགས་མ་ལུས་དབྱིངས་སུ་ཞི་སྟེ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་བཀོད་པ་ཡོངས་སུ་རྫོགས་པར་འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་དུ་བྱིན་གྱིས་བརླབས། དེའི་རྗེས་སུ་ཆོས་རྗེ་རིན་ཆེན་གཙང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་རིགས་གསུམ་སྤྲུལ་པའི་ཟློས་གར་བར་མ་ཆད་པར་ད་ལྟའི་བར་དུ་རིམ་པར་བྱོན་ནས་མདོ་རྒྱུད་སེམས་གསུམ་གཙོ་བོར་གྱུར་པའི་བཀའ་གཏེར་གྱི་སྒྲུབ་ཆེན་ཐུན་མོང་དང་། ཐུན་མོང་མ་ཡིན་པ་མང་པོར་བཙུགས་ནས། སྐལ་ལྡན་གྱི་གདུལ་བྱ་རྣམས་རིག་འཛིན་གྱི་ས་ལ་མངོན་སུམ་དུ་གཤེགས་པས་ས་སྟེང་ཀུན་ཏུ་ཁྱབ་པར་བྱོན་ནས་བྱིན་གྱིས་བརླབས་པའི་མཐུས། མཁའ་འགྲོ་མ་མངའ་རིའི་རྒྱལ་མོས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ལྷ་དང་ལྷ་མོ་ཁོ་ན་གཟིགས་པ་དང་། རྗེ་སྤོམ་བྲག་པ་དང་། ཀརྨ་པ་བྱང་བདག་རིག་འཛིན་ཆེན་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ་སོགས་ཀྱིས་གནས་འདིར་དག་པའི་ཞིང་གི་བཀོད་པ་ཁོ་ནར་གཟིགས་པ་དང་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེས་རྒྱལ་བའི་ཞིང་ཁམས་དང་གནས་གཉིས། གང་ཟག་མཆོག་ལ་ཐ་དད་མེད། ཐུན་མོང་ངོར་ཐ་དད་ཡིན་ཀྱང་གནས་འདི་འཇིག་རྟེན་ཁམས་དང་ཞིང་ཁམས་འདྲེས་པ་འདྲ། ནང་སོ་འདི་གསང་སྔགས་ཆོས་ཀྱི་ཕོ་བྲང་དང་། གཞན་ས་རྡོ་རི་བྲག་ཐམས་ཅད་ལྷ་དང་ལྷ་མོ་རང་བཞིན་དུ་འདུག་ཅེས་དང་། གནས་འདི་ནི་རྒྱ་གར་རྡོ་རྗེ་གདན་དང་བྱིན་བརླབས་མཚུངས། མ་ག་དྷ་གཉིས་པར་གསུངས། ཡང་གཙུག་ལག་ཁང་འདི་ནི་རྡོ་རྗེ་གདན་གྱི་གྷནྡྷོ་ལ་དང་འདྲ། ས་རྡོ་ཤིང་ཆུ་ཐམས་ཅད་རྒྱལ་བས་རང་བཞིན་གྱིས་བྱིན་གྱིས་བརླབས་པ་ལ་ཡ་མཚན་ཆེ། ཞེས་དང་། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་སངས་རྒྱས་སྤྲུལ་སྐུའི་རྟེན། བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་བྱིན་གྱིས་བརླབས་པས་གྲགས་ཆེ་ཡང་། གནས་འདི་མཐུ་སྟོབས་ཀྱི་དབང་ཕྱུག་པདྨ་དང་། རིག་འཛིན་བརྒྱུད་པ་མང་པོས་བྱིན་གྱིས་བརླབས་པས་ཡོན་ཏན་འདྲ་ཞེས་སོགས་གསུངས་པ་དང་།
༈རིག་འཛིན་ཀློང་གསལ་སྙིང་པོས།ཕྱི་ལྟར་པདྨ་བཀོད་དང་དབྱེར་མེད་ཡིན། །ནང་ལྟར་གསང་ཆེན་རོལ་པའི་གཞལ་ཡས་བཞིན། །གསང་བ་ཆོས་ཀྱི་དབྱིངས་དང་དབྱེར་མེད་ཕྱིར། །ཞེས་གསུངས། མདོར་ན་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། ཅིའི་ཕྱིར་པདྨའི་སྒྲུབ་གནས་མང་ན་ཡང༔ འདི་ནི་གུ་རུ་ང་ཡི་སྦས་པའི་ཡུལ༔ སྐལ་བཟང་སངས་རྒྱས་སྟོང་གིས་བྱིན་བརླབས་པས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་སྒྲུབ་སྤྲིན་ལྟར་འདུ་བའི་གནས་ཀྱི་མཆོག༔ ཅེས་གསུངས་པ་བཞིན་གནས་འདི་ནི་བརྒྱུད་གསུམ་རིག་འཛིན་བླ་མ་དང་ཡི་དམ་དཔའ་བོ་མཁའ་འགྲོ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བྱིན་གྱིས་བརླབས་པས་གྲུབ་པའི་ས་སྤྱོད་ཀྱི་འོག་མིན་གཉིས་པ་རང་བྱུང་སྤྲུལ་པའི་བཀོད་པ་གང་འདུལ་དུ་སྣང་བའི་ཞིང་ཁམས་སུ་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །
༈གསུམ་པ་ཆོས་ཅན་རྟགས་ཀྱིས་གྲུབ་པ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལའང་། ཕྱི་ནང་གསང་བ་གསུམ་གྱི་བཀོད་པ་བཤད་པ་དང་། ཁྱད་པར་འཁོར་ལོ་ལྔའི་ཆགས་ཚུལ་བཤད་པ་གཉིས་ལས། དང་པོ་ཕྱི་ལྟར་ན། གནས་ཡིག་ལས། གཞན་ཡང་རྡུལ་བརྩིགས་ལྷུན་པོའི་བཀོད་པ་ནི༔ ཀུན་རྟགས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཡང༔ ས་གཞི་པདྨ་འདབ་བརྒྱད་ཟེའུ་འབྲུ་ལ༔ བྲག་དཀར་སེང་གེ་དཀར་མོ་འགྱིང་བའི་ཚུལ༔ སྤང་ལྗོངས་ནེའུ་གསིང་གཡུ་ཡི་རལ་བ་འཁྱིལ༔ མི་འཇིགས་དཔའ་རྩལ་ངོམ་པའི་ཁྲི་ཆེན་སྟེང༔ བྲག་ལ་སྣ་ཚོགས་རྡོ་རྗེའི་རྒྱ་གྲམ་གྱི༔ བཀོད་པ་རང་གྲུབ་ཕ་ལམ་རྡོ་རྗེའི་གདན༔ གསལ་བྱེད་ཐོག་མ་ཀཿཡིག་རང་བྱོན་མངོན༔ ཞེས་དང་། སྟེང་དུ་ལྷ་ཤིང་རྨ་བྱའི་གདུགས་ཆེན་བཀོད༔ འོག་ཏུ་རཀྟའི་མཚོ་འཁྱིལ་ལོགས་བརྒྱད་དུ༔ བཀྲ་ཤིས་རྟགས་བརྒྱད་རྣམ་བཀྲ་ཡིད་འོང་མཛེས༔ བཻཌཱུརྱ་ཡི་འཁོར་ལོ་རྩིབས་བརྒྱད་དབྱིབས༔ མཁའ་དབྱིངས་སྣང་བའི་བླ་བྲེས་ཡོངས་ཁྱབ་བརྒྱན༔ ཞེས་གཏེར་ལུང་གིས་གསལ་བ་ལྟར། རིག་འཛིན་ཀློང་གསལ་སྙིང་པོས། ཀུན་བཟང་ས་ཡི་ཆགས་ཚུལ་ལ། སྟོད་ན་རྫ་དང་གངས་རི་འདྲེས་པ། བར་དུ་སྤང་དང་བྲག་རི་འདྲེས་པ། སྨད་དུ་ནགས་ཀྱི་ར་བས་བསྐོར་བ། དབུས་རི་མཐོ་ལ་བརྗིད་པ། མདུན་རི་དམའ་ལ་གཞོལ་བ། ས་མཐོ་ཞིང་རི་གཙང་བ། དལ་འབབ་ཀྱི་རྒྱུན་བཟང་ཞིང་རྩི་ཤིང་དང་མེ་ཏོག་བཀྲ་བ། ཁྱད་པར་དུ་གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། བར་བཀྲ་ཤིས་རྟགས་བརྒྱད་ཚང་བར་གསུངས་ཤིང་། གཙུག་ལག་ས་ཡི་དཔྱད་པ་ལྟར་ན། རྒྱབ་རི་མཐོ་བས་བཀྲ་ཤིས། ཤར་ཐག་རིང་ཞིང་། མདུན་རི་འགྱུར་མེད་ཕྱག་རྒྱ་བསྣོལ་འདྲས་འཁོར་མང་འདུ་ཞིང་བྱམས། ལྷོ་སྤུངས་པས་ཆོས་དང་ལོངས་སྤྱོད་འཕེལ། བྱང་སྐྱོར་བས་དགྲ་མེད་པ་སྟེ། ས་ཡི་ཀ་བ་བཞི་དང་། ཤར་གྱི་ལམ་སྟག་སྐྱ་བོ། ལྷོར་ཆུ་ཤུལ་གདོང་གཡུ་འབྲུག་སྔོན་པོ། ནུབ་ཏུ་སྒྱ་བ་རབ་བསྟན་ཞབས་ཀྱི་བྲག་བྱ་དམར་པོ། བྱང་སྐོར་ལམ་བཞི་བརྒྱ་དང་ཉེ་བའི་ཕ་ཝང་རུས་སྦལ་རྒྱལ་པོ་སྟེ་ས་ཡི་སྲུང་བཞི། གཙུག་ལག་ཁང་གི་གཡས་ཕྱོགས་ན་སེང་གེ་དང་། གཡུ་འབྲུག་བྱ་ཁྱུང་། སྟག་བཅས་རླུང་རྟ་ལྷ་བཞི་བཀྲ་བས་སུས་ཀྱང་བསུབ་རྒྱུ་མེད་པའི་སྙན་གྲགས་ཕྱོགས་མཐར་ཁྱབ་པའི་བརྡ་དང་། རྒྱབ་རི་གདུགས་ལྟར་མཐོ་ལ་རྔམ་པ་སྟེ་རྡོ་གཉེན་གྱི་རི་ལ་བཀྲ་ཤིས་གདུགས་ཀྱི་རྣམ་པར་མཚན་པའམ། ཡང་ན་སྔོན་གྱི་ཡིག་ཆ་ལས་མདུན་རི་སྦྲེ་ཁྱིམ་གྱི་ཞལ་ངོས་སུ་སྤང་རི་གསེར་ཏོག་ལྟ་བུ་ལ་གདུགས་རང་བྱོན་ཡིན་པར་གསུངས། དེའི་ཡན་རི་བྱང་གཉིས་ཙམ་འདས་པ་ན་ཀ་ར་ཞེས་པའི་ས་ལ་སྤང་དང་སུ་རུའི་སྐྱེ་འཕེལ་གྱིས་གསེར་ཉ་རང་བྱོན་གསལ་བ་དང་། སྦྲེ་ཁྱིམ་མགོ་ན་བྱེ་མ་དང་བྲག་དཀར་ལས་གྲུབ་པའི་དུང་དཀར་རང་བྱོན། དགོན་ཉིན་གྱི་ཆུ་དང་ན་བ་འདྲེས་པ་ལས་པདྨ་ཁ་ཕྱེས་པ་ལྟ་བུ། ཁྲ་རིང་ནགས་ཀྱི་དཀྱིལ་གྲུབ་པའི་བུམ་པ། མགོ་བོའི་མར་འདབས་ན་དཔལ་བེའུ་ཡོད་པའི་རྟགས་ཤར་ཡང་སངས་རྒྱས་ཀྱི་ཐུགས་གང་ཟག་གི་མངོན་མི་ཐུབ་པའི་རྟེན་འབྲེལ་ལས་དངོས་སུ་མི་གསལ། མགོ་བོའི་གཡོན་ཟུར་ན་བྲག་གི་དར་གྱི་ཤམ་བུ་གཉིས་དང་བཅས་ཀྱི་རྒྱལ་མཚན། ཡང་ན་ཕ་རིའི་རྨ་ཟུར་རྒྱལ་མཚན་གྱི་རྟགས་སུའང་བཤད་དོ། །གཞན་ཡང་། རྒྱབ་རི་ལ་བྲག་དཀར་ཚོགས་གཏོར་བསྒྲིགས་འདྲས་རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་འདུ་བའི་རྟེན་འབྲེལ། གཡས་རི་རྒྱ་སྟག་ཐུར་དུ་རྒྱུག་འདྲ། དགྲ་བགེགས་ལོག་འདྲེན་གྱིས་གླགས་མི་རྙེད་པའི་རྟེན་འབྲེལ། གཡོན་རི་གླང་ཆེན་གྱེན་ལ་འཕྱོ་བས་ཐེག་ཆེན་ཆོས་ཀྱི་ཆེ་བ་མངོན་དུ་གྱུར་པའི་རྟེན་འབྲེལ། མདུན་རི་འགྱུར་མེད་ཕྱག་རྒྱ་བསྣོལ་འདྲས་ལུང་རྟོགས་གཉིས་ཀྱི་བསྟན་པ་ཡུན་དུ་གནས་པའི་རྟེན་འབྲེལ་ཡིན་པར་གསུངས་སོ། །ཁྱད་པར་བྱིན་རླབས་དབང་གི་བདུད་རྩིའི་ནམ་ཡང་མི་ནུབ་པའི་བརྡར་འོག་ཏུ་རཀྟའི་མཚོ་མ་སྐམ་སྒྱུ་འཕྲུལ་གསང་བ་སྙིང་པོའི་འཆད་ཉན་གྱི་རྒྱུན་མི་ཆད་པའི་བརྡར་བར་དུ་མི་འཇིགས་སེང་གེའི་ཁྲི་རང་གྲུབ། དེའི་སྟེང་དུ་ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་མཚོན་བྱེད་རྡོ་རྗེ་རྒྱ་གྲམ་དང་། དེའི་སྟེང་དུ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མི་ནུབ་པའི་བརྡར། ཕྱག་རྒྱ་རྟགས་ཀྱི་རང་གཟུགས་གསལ་བྱེད་ཀྱི་ཐོག་མ་ཡི་གེ་ཀཿཡི་རྣམ་སྣང་ཤར་བ་སྟེ། ཀཿནི་བྱ་བའི་ཡེ་ཤེས་ཏེ། །ལས་ཀྱིས་ཐམས་ཅད་སྒྲོལ་བར་བཤད། །ཅེས་ནན་ཏན་གྱིས་ཡེ་ཤེས་སུ་གསུངས་པ་དང་། རྫོགས་པ་ཆེན་པོ་རིག་པ་རང་ཤར་ལས། ཡི་གེ་ཐམས་ཅད་བསྐྱེད་པའི་རྒྱུ་ཀ་ལ་ཡང་དག་རྫོགས་པར་གྲགས། །ཞེས་ཐེག་པ་ཐམས་ཅད་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་དང་། རྫོགས་པ་རང་བྱུང་རྡོ་རྗེ་སེམས་དཔའི་སྒྲ་དོན་མན་ངག་ལས། ཀ་ནི་སྐུ་གསུང་ཡི་གེར་ཤེས་པར་བྱའོ་ཞེས་པས། ཆོས་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ་དང་། ལོངས་སྐུའི་བསྟན་པ་ཀྲྀ་ཡ་སྡེ་གསུམ། སྤྲུལ་སྐུའི་བསྟན་པ་མཚན་ཉིད་སྡེ་གསུམ་གྱི་བསྟན་པ་ཡོངས་སུ་རྫོགས་པར་གནས་འདིར་དར་བའི་བརྡ་དོན་རྟགས་ཀྱི་ཡི་གེ་རང་བྱུང་དུ་ཤར་བའོ། །སྟེང་དུ་ལྷ་ཤིང་རྨ་བྱའི་གདུགས་ཀྱི་ཚུལ་དུ་ཡོད་པ་ནི། སྐུ་གསུམ་འབྲས་བུའི་ཀློང་དུ་གྲོལ་བའི་གང་ཟག་རྒྱུན་མི་ཆད་པར་འབྱུང་བ་དང་། རིགས་གསུམ་སེམས་དཔའི་ཟློས་གར་ཆོས་རྗེ་ཡབ་སྲས་གསུམ་གྱི་རྣམ་འཕྲུལ་རྟག་པར་འབྱོན་ནས་སངས་རྒྱས་བསྟན་པའི་མཐའ་བར་གནས་འདིར་བསྟན་པ་མི་ནུབ་པའི་རྟེན་འབྲེལ་དུ་ཤེས་པར་བྱ་དགོས་སོ། །
༈གཉིས་པ་ནང་ལྟར་བཤད་པ་ལ།དོན་དམ་པར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྤྲོས་པའི་མཐའ་ལས་འདས་ཀྱང་། རང་བཞིན་ཆོས་ཉིད་ཀྱི་རོལ་རྩལ་མ་འགགས་པས་གདུལ་བྱ་རང་གི་མོས་པ་དང་དབང་པོ་རྣོ་རྟུལ་གྱི་དབང་གིས་སྣང་ཚུལ་སྣ་ཚོགས་སུ་འཆར་བ་ལས་གསང་སྔགས་ཟབ་མོའི་རྒྱུད་དོན་ལ་མ་རྨོངས་པའི་གང་ཟག་རྣམས་ཀྱི་ངོར། གནས་འདི་ནི་ཡུལ་ཉེར་བཞིའི་བཀོད་པ་རང་བྱུང་དུ་གྲུབ་པ་དང་། ཧེ་རུ་ཀ་ཡི་གནས་བཅུ་རང་ཤར་དུ་བཀོད་པའི་དཀྱིལ་འཁོར་ལ་གྲུབ་པའི་རིག་འཛིན་བརྒྱད་དང་གྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ཚོགས་ཁང་མ་བཅོས་ལྷུན་གྲུབ་ཏུ་གནས་པའི་དབུས་ཀྱི་ཆར་ཀུན་འདུས་དཔལ་ཆེན་པོའི་སྐུའི་རྣམ་འགྱུར་ཡོངས་སུ་རྫོགས་པ་ལ། རོ་རྐྱང་དབུ་གསུམ་གྱི་མཚོན་བྱེད་གཡས་གཡོན་དབུས་གསུམ་ནས་དལ་འབབ་ཀྱི་ཆུ་རྒྱུན་རང་བབས་སུ་གནས་པའི་སྐུ་ཡི་རྩ་འཁོར་ལྔ་ལ། རང་བྱུང་ཀུན་ཏུ་བཟང་པོ་ཨོ་རྒྱན་མ་ཧཱ་གུ་རུའི་རོལ་རྩལ་ལས། ཚོགས་བརྒྱད་གནས་སུ་དག་པའི་བདེ་བཤེགས་སྒྲུབ་པ་བཀའ་བརྒྱད་དང་། སྒྱུ་འཕྲུལ་དང་འདུས་པ་ཆེན་པོ་མདོའི་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་པའི་སྒྱུ་འཕྲུལ་འོག་མིན་ངེས་པ་ལྔ་ལྡན་གྱི་བཀོད་པ་ཡོངས་སུ་རྫོགས་པ་ཞིང་འདིར་དངོས་སུ་འཕོས་པའི་ངོ་མཚར་གྱི་ཆོ་འཕྲུལ་བརྗོད་ལས་འདས་པའོ། །
༈གསུམ་པ་གསང་བ་ལྟར་བཤད་པ་ལ། གནས་ཀྱི་བཀོད་པ། རྣམ་ཐར་གསུམ་ལྡན་གནམ་ས་ཆོས་འབྱུང་གི་དབུས་སུ་འབྱུང་བ་རིམ་བརྩེགས་ཀེ་རུས་རི་རབ་འབར་བའི་ལྟོ་བར་དུར་ཁྲོད་དྲག་པོའི་ཕོ་བྲང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ། ཞེ་སྡང་རྡོ་རྗེ་ཐུགས་ཀྱི་རོལ་རྩལ་ལས་གདུག་པ་ཟིལ་གྱིས་གནོན་པའི་མེ་འོད་ཕྱོགས་ཀུན་འཁྱིལ་བའི་ཀློང་དུ་ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་རྣམ་པ་རྡོ་རྗེའི་བྲག་ལ་མ་བཅོས་རྡོ་ཡི་རི་མོ་རང་ཤར་དུ་བཀྲ་བ་དུས་གསུམ་གྱི་བདེ་བར་བཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལས་འཕྲུལ་བ་འགགས་མེད་ཆུ་ཟླའི་གཟུགས་བརྙན་ཤར་བ་ལྟར་ཡེ་ཤེས་ཁྲོས་པའི་རང་གཟུགས་རང་བྱུང་རྡོ་རྗེ་ཕུར་པའི་ཁྲོ་ཚོགས་འཆོལ་བའི་གྲོང་ཁྱེར། གཟུགས་སྣང་ཐམས་ཅད་སྐུ་ཡི་འཁོར་ལོ་དང་སྒྲ་གྲགས་ཐམས་ཅད་ཀཱི་ལ་ཡའི་སྔགས་ཀྱི་རང་སྒྲ་སྒྲོགས་པས་འོག་མིན་ས་ལ་སད་པའི་ཞིང་འདིར་ཧེ་རུ་ཀའི་ལྷ་ཚོགས་རྣམས་ལ་རྩལ་ལྷུན་གྲུབ་ཏུ་འདུས་པར་གྱུར་ན། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་རྣམས་སྨོས་ཅི་དགོས། ཁྱད་པར་དུ་ཡར་མར་གྱི་ཚེས་བཅུའི་དུས་ན་མོས་གུས་གདུང་བའི་ཤུགས་ཀྱི་རྒྱུད་བསྐོར་དང་ཚོགས་ཀྱི་དགའ་སྟོན་སྤེལ་ན་ཨོ་རྒྱན་པདྨ་ཐོད་ཕྲེང་བརྒྱུད་གསུམ་རིག་འཛིན་བླ་མ་དང་། རབ་འབྱམས་རྩ་གསུམ་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་གནས་འདིར་ལྷགས་ནས། སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་དབང་བཞིའི་ཡེ་ཤེས་བསྐྱེད། མཆོག་ཐུན་གྱི་དངོས་གྲུབ་ཐོབ། རྩ་རླུང་ཐིག་ལེའི་བདེ་བྱིན་འབར། ཉམས་རྟོགས་ཀྱི་དྲོད་ཐོབ། རིག་འཛིན་རྣམ་པ་བཞི་དང་། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བར་སྔོན་གྱི་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་སོགས་ཀྱིས་གསུང་ལས་བྱུང་བའོ། །
༈གཉིས་པ་ཁྱད་པར་འཁོར་ལོ་ལྔ་ལྡན་གྱི་ཆགས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། མདོ་བྱང་ལས། སྤྱིར་ན་དག་པ་ཡེ་ཤེས་རང་རྩལ་ལ༔ འཇིག་རྟེན་ཐམས་ཅད་ཞིང་ཁམས་རང་བཞིན་ལ༔ ལྷག་གཞན་གོང་འོག་དབྱེ་བ་མེད་མོད་ཀྱང༔ འོན་ཀྱང་འགྲོ་བའི་བསོད་ནམས་བསགས་པའི་ཞིང༔ པདྨའི་སྒྲུབ་གནས་འཁོར་ལོ་ལྔ་ལྡན་ཞིང༔ སྒྲུབ་གནས་བརྒྱ་རྩ་བརྒྱད་ཀྱི་སྙིང་པོ་སྟེ༔ འདི་ལ་དད་དང་ཡིད་ཆེས་མོས་གུས་ཀྱི༔ གནས་སུ་མ་གྱུར་མི་ཀུན་བདུད་ཀྱི་རིགས༔ ཞེས་གསུངས་པ་ལྟར། མ་དག་པའི་ལོག་རྟོག་བསལ་བ་དང་། དད་ལྡན་གྱི་དྭངས་པ་འདྲེན་པའི་ཕྱིར། འཁོར་ལོ་ལྔའི་གནས་ཀྱི་ཆགས་ཚུལ་ཅུང་ཟད་བཀྲོལ་བ་ལ། གནས་ཀྱི་དབུས་རི་མཐོ་ལ་བརྗིད་ཆགས་པ་ཕར་ཀའི་རི་ངོགས་ནས་མཇལ་ན། དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུ་ཡི་བཀོད་པ་ཡོངས་སུ་རྫོགས་པ་གཡས་སུ་འགྱིངས་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པའི་རྣམ་པ་དང་། མདུན་དུ་རི་མོ་སྐྱེས་ཞེས་པའི་རིའི་གདོང་དང་། ལུང་པའི་རི་མོ་ལས་ཡུམ་གནམ་ཞལ་དབྱིངས་ཕྱུག་མའི་ངོ་བོ་སྒྲོལ་མ་སྔོན་མོ་ཕྱེད་སྐྱིལ་གཡོན་བརྐྱང་གིས་ཞབས་གཉིས་བསྣོལ་སྟབས་སུ་བཞུགས་པའི་སྐུ་དབྱིབས་དངོས་སུ་གསལ་བས་བསྐྱེད་རྫོགས་ཟུང་འཇུག་གི་བསྟན་པ་རྒྱས་པའི་རྟེན་འབྲེལ་དང་། ཁྱད་པར་ཡུམ་རྣམ་རྒྱལ་མ་ཕྲིན་ལས་རིགས་ཀྱི་ཡུམ་སྒྲོལ་མ་ལྗང་མོའི་རྣམ་པར་ཤར་བས་བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ལས་ཀྱི་ཕྲིན་ལས་ཐ་གྲུ་ཀུན་ཏུ་ཁྱབ་པའི་བརྡ་ཡིན་པར་གསུངས་སོ། །དེ་ལྟར་ཡབ་ཧེ་རུ་ཀའི་གསང་གནས་བདེ་སྐྱོང་གི་འཁོར་ལོ་གྲུ་གསུམ་ཆོས་འབྱུང་བླ་མེད་ཧེ་རུ་ཀའི་གནས་ལ་རཀྟའི་མཚོ་མ་སྐམ་པས་བསྟན་དགྲ་སྒྲོལ་བའི་གནས་སུ་བསྔགས་པ་དང་། མདོ་བྱང་ལས། གསང་གནས་བདེ་སྐྱོང་དགའ་བཞིའི་ཕོ་བྲང་ཆེར༔ གནམ་ས་ཟུར་གསུམ་ཆོས་འབྱུང་ཚུལ་དུ་གྲུབ༔ བྲག་རི་བྱང་འབྲོག་ཟེར་བ་འདྲ་བ་ལ༔ ཨེ་ཡིག་རང་བྱོན་དྲག་སྔགས་སྐོར་དགུ་སྦས༔ གཏེར་སྒོ་ཟུར་གསུམ་མི་འགྱུར་བརྡ་རྟགས་ཅན༔ དེའི་མདུན་ངོས་དཔའ་བོའི་བྲོ་ར་ཡོད༔ དེ་རུ་ཆུ་དུག་སྔགས་ཀྱི་རང་སྒྲ་འདོན༔ མ་འོངས་དུས་ན་འདི་རུ་མཆོད་རྟེན་བརྩེགས༔ པད་བརྩེགས་དུར་ཁྲོད་བྱིན་བརླབས་གཟི་མདངས་འབར༔ ཞེས་དང་། གནས་ཡིག་རིན་ཆེན་སྙིང་པོ་ལས། དེ་ཡི་གཡས་གོང་སངས་རྒྱས་ཡེས་ཤེས་ཀྱི༔ སྒྲུབ་ཕུག་མཐིང་ནག་ཧེ་ཀློང་ཨེ་ཡིག་གསལ༔ གནམ་ལྕགས་ཕུར་པ་བྲག་ལ་གདབ་རྗེས་ཡོད༔ ཅེས་གསུངས་པ་ལྟར། གནམ་ས་ཆོས་འབྱུང་པདྨ་བརྩེགས་པའི་དུར་ཁྲོད་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་གོང་དུ་བླ་མེད་ཧེ་རུ་ཀ་མ་མོ་རྦོད་གཏོང་སྒྲུབ་པའི་གནས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྲུབ་ཕུག་དང་ཨེ་ཡིག་རང་བྱོན། གཏེར་རྟགས་ཕྱག་གི་ཕུར་པ་གདབ་རྗེས་སོགས་གསལ་བར་བཞུགས།
༈ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། གནས་ཡིག་རིན་ཆེན་སྙིང་པོ་ལས། ས་གཞི་པདྨ་འདབ་བརྒྱད་ཟེའུ་འབྲུ་ལ༔ བྲག་དཀར་སེང་གེ་དཀར་མོ་འགྱིངས་པའི་ཚུལ༔ སྤང་ལྗང་ནེའུ་གསིང་གཡུ་ཡི་རལ་པ་འཁྱིལ༔ མི་འཇིགས་དཔའ་རྩལ་ངོམ་པའི་ཁྲི་ཆེན་སྟེང༔ བྲག་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི༔ བཀོད་པ་རང་གྲུབ་ཕ་ལམ་རྡོ་རྗེ་གདན༔ གསལ་བྱེད་ཐོག་མ་ཀཿཡིག་རང་བྱོན་གསལ༔ཞེས་དང་། སྟེང་དུ་ལྷ་ཤིང་རྨ་ཟའི་གདུགས་ཆེན་བསྐོར༔ འོག་ཏུ་རཀྟའི་མཚོ་འཁྱིལ་ལོག་བརྒྱད་དུ༔ བཀྲ་ཤིས་རྟགས་བརྒྱད་རྣམ་བཀྲ་ཡིད་འོང་མཛེས༔ཞེས་སོགས་གསུངས་པ་ལྟར་སྔོན་གྱི་ཟེར་རྒྱུན་ཡོངས་གྲགས་ལ་སེང་གེ་གནམ་རྫོང་ཞེས་གྲགས་པ་སྟེ། རང་བྱུང་རྡོ་རྗེའི་བྲག་ལས་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་འགྱུར་བ་མེད་པའི་རང་གཟུགས་ཕྲིན་ལས་འདུས་པའི་ཕྱག་མཚན་རྡོ་རྗེ་རྒྱ་གྲམ་དང་། གསུང་རབ་མཐའ་དག་གི་དབུ་ལ་གནས་པའི་ཡི་གེ་ཀཿཡིག་རང་བྱོན་གསལ་བས་ཀཿཐོག་རྡོ་རྗེ་གདན་ཞེས་གྲགས་པ་སྟེ། གནས་འདིར་ཐོག་མར་ཁྱབ་བདག་འཇམ་དཔལ་དཔའ་བོ་གུ་རུ་བློ་ལྡན་མཆོག་སྲེད་ཉིད་བདེ་གཤེགས་ཤེས་རབ་སེང་གེའི་རྣམ་པར་བརྫུས་ནས་གནས་ཀྱི་ལྟེ་བར་དཔལ་ཆེན་རྡོ་རྗེ་ཕུར་པའི་ཕོ་བྲང་དུ་ཡི་དམ་གྱི་གཙོ་བོ་ཕུར་པ་ལྷ་ནག་གི་ཏིང་ངེ་འཛིན་ལ་བཞུགས་ནས་མི་དང་མི་མིན་གྱི་བར་ཆད་ཐམས་ཅད་རྫུ་འཕྲུལ་གྱིས་བཏུལ། གནས་ཡུལ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་ཁོ་ན་ལ་ས་རྡོ་ཕལ་བའི་རྣམ་པ་མེད་པ་རྒྱུད་སྡེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བཀོད་པ་ཚང་བར་གཟིགས་ཏེ་སེང་གེ་གནམ་རྫོང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་པ་དང་། དེ་ཡང་དམ་པ་རིན་པོ་ཆེ་འཇམ་དཔལ་དང་ཆོས་རྗེ་གཙང་སྟོན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས། འོག་ཏུ་སེང་གེའི་ཁྲི་ཡོད་པའི་རྟེན་འབྲེལ་གྱིས་འཇམ་དབྱངས་སེང་གེའི་སྒྲ་དང་། སྤྱན་རས་གཟིགས་སེང་གེའི་སྒྲ་ཡི་གནས་ཡིན་པའང་ཡིག་རྙིང་ལས་གསུངས། ཁྱད་པར་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ལ་ཁྲི་གདན་སེང་གེ་ཡོད་པས་སྒྱུ་འཕྲུལ་གསང་བ་སྙིང་པོའི་བསྟན་པ་དར་བའི་རྟེན་འབྲེལ་འགྲིགས། ཕོ་བྲང་གི་གཡས་སུ་ཨོཾ་ཨཱཿཧཱུྃ་གསུམ་གྱི་རང་བྱོན་ཡོད་པས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཐམས་ཅད་གནས་འདིར་འདུ་བ་དང་ཕོ་བྲང་གི་ཉེ་བར་མ་ཎི་འབྲུ་དྲུག་རང་བྱོན་ཡོད་པས་ཐུགས་རྗེ་ཆེན་པོའི་སྙིང་པོ་ལ་སངས་རྒྱས་སྟོང་གི་བྱིན་བརླབས་ཐམས་ཅད་འདུས་པར་གསུངས་པ་དང་གནས་ཡིག་ལས། ཁྱད་པར་གཡས་གཡོན་སྒྲོལ་མ་དཀར་སྔོན་གྱི༔ འཆི་མེད་དངོས་གྲུབ་གྲུབ་པའི་ཆུ་མིག་དང༔ གངས་ཅན་འབིག་བྱེད་ཙ་འདྲ་ཚ་གྲངས་སྨན༔ རྩ་བ་སྡོང་བུ་མེ་ཏོག་འབྲས་བུའི་རིགས༔ རྩི་བཅུད་སྨན་རྣམས་རོ་ནུས་ཕུན་ཚོགས་འཁྲུངས༔ ནེའུ་སོགས་མེ་ཏོག་ཚལ་གྱི་གླིང་ཆགས་པ༔ ཡ་མཚན་དགའ་སྟེར་དཔག་བསམ་ལྗོན་པའི་ཤིང༔ རིན་ཆེན་འབར་བའི་ས་འཛིན་ཁྱོན་ཡངས་པར༔ ཞེས་སོགས་གསུངས་པ་དང་། ནང་གི་ལུས་ཀྱི་རྩ་འཁོར་ཐམས་ཅད་ལྟེ་བའི་རྩ་འཁོར་ལས་འཕྲོ་བ་བཞིན་དཔལ་ཆེན་པོའི་སྐུའི་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་ནང་སོ་འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་གི་ཆོས་ཁྲི་ལ་ཆོས་རྗེ་དམ་པ་རིན་པོ་ཆེ་ནས་ད་ལྟའི་བར་རིགས་གསུམ་སེམས་དཔའི་ཟློས་གར་བར་མ་ཆད་པ་བྱོན་ནས། ནང་རྒྱུད་ཡོ་ག་སྡེ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཆོས་ཀྱི་འཆད་ཉན་དང་སྒོམ་སྒྲུབ་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་དར་བ་ལས་སྟོད་ཛ་ཏི་དབང་ཕྱུག་པས་བརྡུངས་པ་ནས་སྨད་རྒྱ་མོ་ཆུ་དར་འཐག་པ་ཡིན་ལ། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་དུས་ཀྱི་མཐའ་ཡང་མ་ནུབ་པར་བཞུགས་པ་འདི་ལ་དགོངས་ཏེ་མཁས་གྲུབ་ཆེན་པོ་ཡིད་བཟང་བརྩེ་བས་རིས་མེད་ཀྱི་ཆོས་འབྱུང་དེབ་ཐེར་སྔོན་པོའི་ནང་། འབྲི་ཆུའི་འགྲམ་ཀཿཐོག་ཏུ་མདོ་དང་སྒྱུ་འཕྲུལ་ལྷག་པར་དར་ཞེས་ཁྱད་དུ་བསྔགས་པར་མཛད་དོ། །དེས་ན་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོའི་ཞལ་ནས། དཔལ་ལྡན་པདྨ་རྒྱལ་པོའི་དགེ་གནས་འདིར། །སྔོན་གྱི་འཕགས་པས་བརྟེན་པ་དེ་ཡི་བྱིན། །བཀྲ་ཤིས་ཞབས་རྡུལ་ལྷན་སྐྱེས་བདེ་བའི་གཟི། །སྙིང་ལ་ཐོབ་པས་བསྔགས་ཀྱི་ཞེས་པས་མིན། །རྣམ་ཐར་གསུམ་དབྱིངས་གཟུང་འཛིན་རུ་དྲ་བགེགས། །མཐར་བྱེད་རྡོ་རྗེ་གཞོན་ནུའི་ཟླ་ཤེལ་རི། །དབྱིངས་སྔགས་ཆོས་སྤྲིན་འཁྱུད་པའི་རྟགས་ཕྱག་རྒྱ། །
འདི་ནི་འབྲས་བུ་ཐོག་པའི་དགའ་སྟོན་ལས། །རྩེ་གཅིག་དད་པས་ཕྱོགས་སུ་བསྙེན་པ་དང་། །སྤོང་ཀློག་རྒྱལ་བ་དགྱེས་པའི་ཁུར་དོག་རྣམས། །སྔོན་གྱི་དམ་པའི་རྣམ་ཐར་བྱང་ཆུབ་ཀྱི། །སྤྱོད་པའི་དམ་བཅའ་སྙིང་ལ་འཛིན་པར་རིགས། །ཞེས་བསྔགས་པའི་མེ་ཏོག་འཐོར་བའི་དོན་ལ་སེམས་པར་རིགས་སོ། །
༈དཔལ་ཆེན་པོའི་ཐུགས་ཀར་རི་རྩིབས་ཆོས་ཀྱི་འཁོར་ལོའི་གླིང་ནི། གནས་ཡིག་རིན་ཆེན་སྙིང་པོ་ལས་ཀླུང་དུ་ཆུ་སྐྱེས་བཞད་པའི་སྤང་ལེགས་སྟེང༔ ཆོས་ཀྱི་འཁོར་ལོ་དགའ་བའི་ཚལ་དུ་འབྱུང༔ ཞེས་ཨོ་རྒྱན་རྡོ་རྗེ་འཆང་གི་གསང་སྔགས་པའི་མེ་ཏོག་འཐོར་བ་ལྟར། ཆོས་རྗེ་དམ་པ་རིན་པོ་ཆེ་ཞི་ཁྲོ་ཡོངས་རྫོགས་ཀྱི་ཕོ་བྲང་དུ་གཟིགས་པ་དང་། དེའི་གཡོན་གོང་དུ་ཞི་བའི་ལྷ་ཚོགས་དང་འོག་ཏུ་ཁྲོ་བོའི་རྣམ་རོལ་བྲག་རི་ལྟར་ཤར་བར་གསུངས་པ་དང་། ཁྱད་པར་དུ་འཇམ་དཔལ་དམར་སེར་གཉིས་རྩོད་པ་མཛད་པའི་ཚུལ་དུ་ཞལ་མཇལ་བས་མ་འོངས་པའི་དུས་སུའང་ངའི་རྗེས་འཇུག་རྣམས་རིག་པའི་གནས་ལྔ་ལ་མཁས་པ་མང་པོས་རྒྱུད་པར་སྐྱོང་བའི་རྟགས་སུ་གསུངས་པ་དང་། གནས་འདིར་དགེ་བའི་བཤེས་གཉེན་ཚོམ་བུ་འབུམ་དང་བཅས་པ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས་གདོད་མའི་མགོན་པོའི་གོ་འཕང་མངོན་སུམ་དུ་བརྙེས་པའང་གནས་འདིར་བཤད་བརྒྱུད་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་ཆུ་བོའི་རྒྱུན་བཞིན་རྒྱུན་མི་ཆད་པར་འབྱུང་བས་བསྟན་པ་མཐར་རྒྱས་གླིང་ཞེས་བྱའོ་གསུངས་པ་དང་། སྔོན་དུས་བླ་རབས་གོང་མ་རྣམས་ཀྱིས་ཆོས་འཆད་ཉན་མཛད་སྐབས་ཆོས་གོས་འོད་ཀྱིས་གནམ་སའི་མདོག་སེར་པོར་བསྒྱུར་ཐུབ་པའི་དགེ་ཚུལ་སློང་དུས་གཅིག་ལ་ཁྲི་བཅོ་བརྒྱད་རེ་འདུས་པར་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་གསུང་སོགས་ལས་གསལ་བ་ལྟར་རོ། །དུས་སྐབས་དེ་ཙམ་ན་ཁམས་དབུས་གཉིས་ལ་སྔ་འགྱུར་རྙིང་མའི་བཤད་སྒྲུབ་ཟུང་གི་བསྟན་པ་གྲ་མ་ཉམས་པ་ཀཿཐོག་པ་ཁོ་ན་ལས་མེད་སྟབས། དབུ་རི་དཔལ་འཛིན་གྱིས་རྙིང་མ་སུན་འབྱིན་ཡིག་ཆ་ལས་སྦས་ཡུལ་ཀཿཐོག་པ་ལ་སྦྱར་ཞེས་དམིགས་གསལ་དུ་ཟེར་དགོས་པ་བྱུང་བས་ཀྱང་ཤེས་ནུས་སོ། །དེས་ན་ཆོས་ར་འདིའི་ས་རྡུལ་ཙམ་ལ་རེག་པའི་སྐལ་བ་དང་ལྡན་ནའང་མི་ལུས་དོན་ལྡན་འཁོར་བ་མཐའ་ཅན་དུ་འགྱུར་བར་གདོན་མི་ཟ་བ་ཤེས་པར་རིགས་སོ། །
༈མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་མཚོན་བྱེད་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་
རང་གཟུགས་རྡོ་ནག་པོ་ལ་རྡོ་དཀར་གྱི་ཨཱཿདཀར་པོ་འབུར་མ་སྒྲོས་ལྡན་ངོ་མཚར་ཅན་བཞུགས་པ་དང་། དེའི་གཡོན་ཟུར་གྲུབ་ཐོབ་མ་ཎི་རིན་ཆེན་གྱིས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ལྷ་ཚོགས་ཞལ་གཟིགས་པས་བར་ཁྲོད་འོད་གསལ་སྒོམ་པའི་སྒྲུབ་གནས་འཕགས་པ་ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པའི་གསུང་གི་གནས་ཡིན་པར་གསུངས། གནས་ཡིག་རིན་ཆེན་སྙིང་པོ་ལས། དེ་འོག་ཀུན་བཟང་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་རང་བྱུང་གི༔ བྲག་རི་རྣམ་བཀྲ་སྐུ་ཡི་ཚོམ་བུའི་ཚུལ༔ གཟུང་སྣང་ཐམས་ཅད་ལྷ་སྐུའི་རྣམ་པར་ཤར༔ ཞེས་གོང་དུ་སྙིང་གར་ཆོས་ཀྱི་འཁོར་ལོའི་སྟེང་དུ་ཞི་ཁྲོའི་ལྷ་ཚོགས་བྲག་རི་ལྟར་ཤར་བ་གསུངས་པ་དང་དོན་གཅིག་ཏུ་ངེས་པར་མཛོད།
༈སྤྱི་བོར་བདེ་ཆེན་འཁོར་ལོ་ལ། རྟོག་གཉེན་གྱི་ངོས་ལ་བྲག་རི་དཀར་པོ་ཚོགས་གཏོར་
བསྒྲིགས་པ་ལྟ་བུ་འདི་རྣམས་བརྒྱུད་གསུམ་རིག་འཛིན་བླ་མའི་རྣམ་པ་ཤར་བས་བྱིན་རླབས་ཀྱི་གྲལ་མ་ཞིག་པའི་བརྡ་དང་རི་བྲག་གཉིས་ཀྱི་བར་ན་སྤང་དང་རྡོ་ཤིང་རྣམས་ཀྱི་རི་མོ་ལས་སྟོན་པ་ཤཱཀྱ་ཐུབ་པའི་སྐུའི་རང་བྱོན་ལེགས་པར་བཀྲ་བར་སྔོན་གྱི་གནས་ཡིག་རྣམས་ལས་གསུངས་པ་དང་། ཁྱད་པར་མདོ་བྱང་ཆེན་པོ་ལས། དབུས་ཀྱི་རི་བོ་ལྷུན་ཆགས་བརྗིད་དང་ལྡན༔ རྩེ་མོ་ཟླུམ་པོ་ཀ་པཱ་ལ་དང་མཚུངས༔ དཔལ་ཆེན་ཆེ་མཆོག་ཁྲག་འཐུང་ཁྲོ་བོའི་གནས༔ ཆེ་མཆོག་རང་བྱོན་ཧཱུྃ་ཡིག་དམར་ནག་དང༔ རུ་ལུའི་ཡི་གེ་འབྲུ་དྲུག་རང་བྱོན་གསལ༔ ཞེས་རི་རྩེའི་བྲག་ལ་ཆེ་མཆོག་ཧེ་རུ་ཀའི་སྐུ་དང་། ཧཱུྃ་ཡིག་རུ་ལུ་འབྲུ་དྲུག་རྣམས་ཀྱི་རང་བྱོན་ཡོད་པར་གསུངས་སོ། །
༈གཉིས་པ་བྱེ་བྲག་ཏུ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྲུབ་རྟགས་སོགས་ཕྱོགས་སོ་སོར་བཞུགས་བྱང་མདོར་བསྡུས་བརྗོད་པ་ལ། དགག་ལུང་གཤིས་བཀའ་ཉན་ཕོ་ཉ་ཛེ་རེ་མཆོག་རྒོད་ཀྱི༔ དགྲ་བླའི་སྐུ་མཁར་དང་ནི་སྒོ་སྲུང་གི༔ ཕ་ཝཾ་གྲུ་བཞི་སྐུ་མཁར་ཆར་སྤྲིན་མདོག༔ དེའི་གོང་གི་ཕ་ཝཾ་མདུན་དུ་བྲག་གི་རྩ་བར་བསྟན་དགྲ་རྣམས༔ བཏུལ་བའི་གཏོར་ཟོར་མཚོན་ཆ་ཕབ་རྗེས་ཡོད༔
༈ ཕ་ཝཾ་དེའི་ཟུར་སྟེང་གི་བྲག་ལ་མཚམས་སྤྲིན་རིང་མོའི་ནང༔ མངོན་སྤྱོད་གྲུབ་རྟགས་རྡོ་རྗེ་སྲིན་ཞལ་གསལ༔ ཕ་ཝཾ་སྟག་མོ་ས་ལ་འཁྱིལ་འདྲ་ལ༔ འཇིགས་བྱེད་རྡོ་རྗེ་གྲོ་ལོད་རང་བྱོན་ཡོད༔ གུ་རུ་རྡོ་རྗེ་གྲོ་ལོད་སྐུ་བཞེངས་ནས༔ དམ་སྲི་དཔུང་བརྟུལ་ཞབས་ཀྱི་རྫུ་འཕྲུལ་གྱིས༔ བཀོད་པས་རྡོ་ལ་བསྣུབས་རྗེས་ཞབས་སུ་མནན༔
༈ གོང་དུ་མཁའ་འགྲོ་འབུམ་གྱི་བྲོ་བརྡུངས་ནས༔ ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕྱག་ཞབས་རྗེས༔
༈ དེའི་གོང་དུ་རྣལ་འབྱོར་དམ་པ་རྨ་ཐོག་རིན་ཆེན་གྱིས༔ ཕ་ཝཾ་ཟས་ལྟར་གསོལ་བའི་ལྷག་མ་ཡོད༔
༈ སྒྲོལ་ཡུམ་སྟག་མོ་འཐུར་དུ་རྨ་འདྲ་དང༔ ཟླ་མོ་དྲེག་པ་བརྩེ་གཅིག་བྱོན་འགྲོ་ཚུལ༔ སྒྲོལ་གྱིང་རྡོ་རྗེ་སྲིན་པོ་ཁྲོས་པའི་ཆས༔ ཕྱོགས་སུ་རྩུབ་འགྱུར་རྔམ་བརྗིད་སྤུངས་སེ་བཞུགས༔
༈ སངས་རྒྱས་ཡེ་ཤེས་སྒྲུབ་ཕུག་སྟེང་གོང་དུ་སྤྱན་རས་གཟིགས་ཀྱི་སྐུ་རང་བྱོན༔ འགྲོ་ལ་རྗེས་ཆགས་སྙིང་རྗེའི་རང་བཞིན་གྱིས༔ རི་དྭགས་པགས་པ་རྡོ་ལ་རང་གྲུབ་མངོན༔
༈ དེའི་གཡོན་ཕྱོགས་ལྗོན་ཤིང་བྲག་རིའི་ཁྲོད༔ དབུས་དེར་ཁྲོས་མ་ནག་མོ་སྔགས་ཀྱི་བདག༔ ཨེ་ཀ་ཙ་ཏིའི་སྐུ་མཁར་ཆར་སྤྲིན་མདོག༔ ཐོད་མཁར་རྩེ་མོ་གནམ་ལྕགས་རལ་གྲིའི་ཚུལ༔ འཁོར་ཡུག་ས་དམར་བྲག་རི་ལྗོན་ཤིང་གིས༔ ཁྲག་མཚོ་ལྕགས་ཀྱི་ར་བའི་ཚུལ་དུ་ཡོད༔ སྐུ་མཁར་ངོས་ལ་མཐིང་གི་རལ་གཅིག་མ༔ སྤྱན་གཅིག་ལྷ་མོའི་སྐུ་དང་ཏྲག་རཀྴ༔ རང་བྱོན་དང་ནི་དགྲ་སྙིང་སྤྱང་མོའི་གཟུགས༔ ལྟོ་བར་རང་གྲུབ་མུ་ལེ་མཐིང་གི་མཚོ༔ མཚོན་པའི་ཆུ་ཀླུང་དཔག་བསམ་ཡོངས་འདུས་ཤིང༔ བླ་ཤིང་འབྲས་ལྡན་སྐུ་མཁར་བྲག་རི་ལ༔ དཔལ་ལྡན་རང་བྱུང་རྒྱལ་མོའི་སྐུ་རང་བྱོན༔ རལ་གྲི་དང་ནི་ཐོད་ཁྲག་རི་མོ་གསལ༔ མ་མོའི་གནས་ལ་དམར་ནག་རཀྟའི་མཚོ༔ མཚོ་བདག་ཀླུ་བདུད་དུག་གི་སྤུ་གྲི་ཡོད༔ ཡང་མདོ་བྱང་ལས། སེང་གེ་རྔ་མའི་ཞབས༔ གཡོན་ཕྱོགས་བྲག་རི་སྔོ་ནག་དྲག་ལ་རྔམ༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ཟབ་པའི་གནས༔ མ་མོ་རྦོད་གཏོང་སྒྲུབ་པའི་གནས་ཆེན་སྟེང༔ ཏྲག་ཡིག་རང་བྱོན་དེ་འོག་ཁྲག་མཚོ་ཡོད༔ རྦོད་གཏོང་མ་མོའི་སྒྲུབ་པ་མི་འདྲ་བདུན༔ ལྕགས་སྒྲོམ་ནག་པོར་བཅུག་ནས་གཏེར་དུ་སྦས༔ གཏེར་སྒོ་མཁའ་འགྲོའི་བྷ་ག་གསལ་བར་ཡོད༔ དུས་ལ་བབས་ཚེ་རཀ་མོ་བྷྱོ་བདུན་གསལ༔
༈ཐུབ་ཆེན་ཞབས་ཀྱི་བྲག གཡུ་རི་བྲག་དཀར་མཆོད་སྡོང་བརྩིགས་པ་འདྲ༔ ཀ་བ་དཔལ་བརྩེགས་རྒྱལ་བ་མཆོག་དབྱངས་སོགས༔ སྒྲུབ་ཕུག་དང་ནི་ཕྱག་ཞབས་སྐུ་རྗེས་ཡོད༔
༈རྒྱབ་ལེབ་ལམ་ཞབས་ལུང་པ་ནང་། བྲག་ནག་ཟངས་ལྕགས་འདྲེས་འདྲའི་སྐུ་མཁར་ནས༔ སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྐུ་རང་བྱོན༔ གྲུབ་པའི་རིག་འཛིན་བཀའ་བསྒོས་དམ་བཞག་གི༔ བཀའ་ཉན་ཐ་ཚིག་རྡོ་རྗེའི་རི་མོ་དང༔ ཆོས་གོས་རྡོ་ལ་གདབ་པའི་རྗེས་ཀྱང་གསལ༔ སྲོག་སྙིང་ཏྲིཿཡིག་དམར་ནག་རང་བྱོན་དང༔ ས་གཞི་འཁོར་ལོ་འབར་བའི་གདན་གྱི་ཚུལ༔ མངོན་པར་ར་ཆིབས་རང་བྱོན་ཕྱོགས་སུ་ཡང༔ རྡོ་བར་ཕོ་ཉ་ལས་བྱེད་སྤུངས་སེ་བཞུགས༔
༈ དེ་འོག་བགེགས་ཚོགས་ཕཊཿཀྱིས་གཏོར་བའི་ཊཿཡིག་བབས༔ ཐབས་ཀྱིས་བཞག་པའི་སངས་རྒྱས་གཙུག་གཏོར་རྗེས༔ ཧྱ་གྲི་ཝ་ཧཱུྃ་ཕཊ་རང་བྱོན་འོག༔ གནོད་སྦྱིན་ཙིའུ་དམར་པོའི་སྐུ་མཁར་ལ༔ པི་ཝཾ་དང་ནི་ཊ་ཡིག་རང་བྱོན་ཡོད༔ ལུང་དུ་ཀཿདམ་པ་རིན་པོ་ཆེས་དམ་སྲི་དམ་ལ་བཏགས་པའི་ཕ་ཝཾ་ལ་ཕྱག་ལྕགས་ཀྱི་རྗེས་དང་བོན་པོ་བརྒྱད་ཀྱི་མཐུ་སྒྲུབ་པའི་ཚེ་བྲག་ཕུག་དཔལ་ལྡན་ལྷ་མོས་བསྟིམས་པ་ལ་དམ་པ་རིན་པོ་ཆེའི་ཕྱག་གིས་རྒྱ་གྲམ་བྲིས་པ་དང་བྲག་གི་ངོས་ལ་རྫུ་འཕྲུལ་གྱི་ཞབས་རྗེས་བཅས་གསལ་བར་བཞུགས༔
༈ ཆོས་ཁྲི་འོག་སྤང་ལྗོངས་བཟང་ཤིང་སྐྱེས་པའི་བྲག་རི་ལ༔ མ་ལོང་ར་རི་ནི་པ་རང་བྱོན་ཅན༔ རྡོ་རྗེ་གཡུ་སྒྲོན་ལྷ་མོའི་སྐུ་མཁར་ཡོད༔
༈ སེང་གེ་རྔ་མ་ཞབས་ལང་ཀ་མགྲིན་བཅུ་སྲིན་པོའི་ཡུལ་གླིང་གི༔ གྲོང་བརྡལ་ཀོ་ཀ་ཐོ་དམར་རྒྱ་མཚོ་དེ༔ སྣང་ཚུལ་ཤར་བའི་སྐུ་མཁར་འཇིགས་སུ་རུང༔ བྲག་ནག་གནམ་ལྕགས་མཚོན་ཆ་གཤིབ་འདྲ་བའི༔ ལེགས་དང་ཟུར་རྣམས་བཻ་རིལ་བརྩིགས་པའི་ཚུལ༔ རྡོ་རྗེ་བྲག་ཆེན་གདན་སྟེང་ལེགས་ལྡན་མགོན༔ ནག་པོ་ཆེན་པོ་སྐུ་ཡང་རང་བྱོན་ཡོད༔ ཕྱོགས་སུ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས༔ རྫུ་འཕྲུལ་ཞབས་རྗེས་ཧཱུྃ་ཡིག་རང་བྱུང་དང༔ བིང་དང་ཁ་ཊྭཱཾ་ཐོད་ཁྲག་རི་མོ་གསལ༔
༈ སེང་གེ་མགོ་ལ་རྡོ་རྗེ་བྲག་དཀར་རི་བོ་མ་ལ་ཡ༔ གནམ་ལྕགས་འབར་བའི་རྩེ་ལ་དཔལ་ཆེན་པོའི༔ ཕོ་བྲང་འཁོར་ལོ་རྩིབས་བརྒྱད་སྣང་ཚུལ་ཤར༔ ངོས་ལ་གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཕྱོགས་བཅུའི་སངས་རྒྱས་རིགས་གསུམ་མགོན་པོ་དང༔ གྲུབ་པའི་རིག་འཛིན་དུ་མའི་སྐུ་རང་བྱོན༔ བཀའ་གསང་པུ་ཏི་བརྩེགས་པའི་རི་མོ་གསལ༔ སྐུ་གསུང་ཐུགས་ཀྱི་གཏེར་ཁ་གྲངས་མེད་སྦས༔ གཏེར་སྒོ་བརྡ་རིལ་དབང་མདོག་རེ་འགའ་གསལ༔ ཨོ་རྒྱན་ཞབས་རྗེས་རྫུ་འཕྲུལ་བཀོད་པ་ཅན༔ ཆོས་རྔ་རང་གྲུབ་བརྡུང་ན་སྔགས་སྒྲ་འབྱུང༔ དཔལ་གྱི་རྡོ་རྗེ་ཤུད་བུ་དཔལ་སེང་གིས༔ སྐུ་དང་ཞབས་རྗེས་རྣམ་བཀྲ་ཡིད་འོང་ཤར༔ རུ་ཏྲ་འདུལ་བའི་དཔལ་ཆས་ཡིད་འོང་རྒྱན༔ དུར་ཁྲོད་ཆས་བརྒྱད་རྡོ་ལ་རང་གྲུབ་ཤར༔ དཔལ་གྱི་རྡོ་རྗེས་བདུད་འདུལ་མདའ་སྣུན་རྗེས༔ གནས་དེར་པདྨ་འབྱུང་ནས་རབ་གནས་ནི༔ བཅུ་གསུམ་མཛད་པའི་འབྲས་དཀར་ཨ་རུ་ར༔ མེ་ཏོག་འདབ་ལྡན་བབས་རྗེས་ཕྱོགས་ཀུན་གསལ༔ བདེན་དོན་ཆོས་འབྱུང་པདྨ་རང་གྲུབ་བཤད༔ བཀྲ་ཤིས་གྲགས་པའི་བ་དན་གདབ་པའི་རྗེས༔ སྙན་པའི་སྒྲ་དབྱངས་ཆོས་དུང་རང་གྲུབ་ཅན༔ རིག་འཛིན་ཤན་ཏིང་གྷརྦྷའི་སྒྲུབ་ཕུག་ལ༔ ཛཾ་ལྷ་དཀར་པོ་འབྲུག་ཆེན་རང་བྱོན་དང༔ ཤྲཱི་སེང་ཧའི་ཕྱག་ཞབས་རྗེས་ཀྱང་གསལ༔ སྟེང་ཕྱོགས་རྡོ་རྗེ་སེམས་དཔའི་སྐུ་རང་བྱོན༔ སྲིན་པོའི་ཀླད་ཁྲག་ཧཱུྃ་ཡིག་བྲིས་པ་གསལ༔ བྲག་དཀར་དཔག་བསམ་ལྗོན་ཤིང་ཡལ་འདབ་ཅན༔ མཁའ་འགྲོ་གསང་ཕུག་སྒོ་ཡང་ཉི་ཟླས་བརྒྱན༔ རྒྱུད་སྡེ་དུ་མའི་གླེགས་བམ་གཏེར་མཛོད་སྦས༔ སྲུང་མ་བཙན་གྱི་སྲོག་སྙིང་ཏྲི་རུ་གསལ༔ ཞེས་དང་། མདོ་བྱང་ལས། སྒྱུ་འཕྲུལ་སྙིང་པོ་ཡང་གསང་དགོངས་འདུས་གནས༔ བྲག་རི་རིན་ཆེན་བུམ་པ་ལྟ་བུ་ཡི༔ ཕྱོགས་དང་ཕྱོགས་མཚམས་བར་མེད་ཐམས་ཅད་དུ༔ སྤྲུལ་པའི་རིག་འཛིན་རྣམ་པ་བརྒྱད་པོ་ཡི༔ རྫུ་འཕྲུལ་སྤྲུལ་པའི་སྒྲུབ་ཕུག་ཁྱད་འཕགས་དང༔ པདྨ་ང་ཡི་ཁ་ཊྭཱཾ་ཕྱག་མཁར་གྱིས༔ མི་མིན་དམ་ལ་བཏགས་ནས་བརྡུངས་པའི་རྗེས༔ ཀླུ་ཡི་རྒྱལ་པོ་འབྲུག་ཞོན་རང་བྱོན་གསལ༔ སྒྱུ་འཕྲུལ་སྙིང་པོ་དགོངས་འདུས་ཟབ་ཆོས་ནི༔ གསེར་སྒྲོམ་སྨུག་པོར་རྒྱ་ཡི་བཏབ་ནས་སྦས༔ གཞན་ཡང་ལྷ་སྐུ་ཡིག་འབྲུ་རང་བྱོན་མང༔ སྦས་པའི་གཏེར་ཁ་ལྔ་ཙམ་རྒྱས་བཏབ་སྦས༔ དེ་འདབས་གཏེར་སྲུང་གཉན་རྗེ་དམར་པོ་གནས༔ ཁྱེའུ་ཆུང་ལོ་ཙཱའི་སྒྲུབ་ཕུག་ཁྱད་འཕགས་ཡོད༔ ཅེས་དང་། བུམ་པའི་མགྲིན་པའམ་ནི་ཁ་ཁྱེར་དུ༔ སྒྱུ་འཕྲུལ་གཏེར་སྒོ་མ་ནོར་ས་ལེར་གསལ༔ བཻ་རོའི་སྐུ་ཚབ་པདྨའི་གསང་གོས་དང༔ མཁར་ཆེན་དཔལ་དབྱངས་མདུན་ཆས་ཡོངས་རྫོགས་སྦས༔ གཏེར་སྒོ་དེ་ཡི་གཡོན་ཕྱོགས་མདའ་གང་མཚམས༔ ཤཱཀྱ་ཐུབ་པའི་རིང་བསྲེལ་འབྲུ་བདུན་ནི༔ རིན་ཆེན་གསེར་གྱི་སྒྲོམ་བུ་ནང་དུ་སྦས༔ མཚལ་གྱིས་བྲིས་པའི་གཏེར་རྟགས་ས་ལེར་ཡོད༔ དེ་ཡི་གཡོན་འགྲམ་བྲག་གི་ངོས་ཡངས་ལ༔ ཞི་བ་བཞི་བཅུ་རྩ་གཉིས་ལྷ་ཚོགས་ནི༔ ལས་ལྡན་རྣམས་ཀྱི་སྣང་ངོར་ས་ལེར་གསལ༔ ཀུན་བཟང་ཡབ་ཡུམ་དངོས་སུ་གསལ་བར་ཡོད༔ བྲག་རི་རྩལ་ཆེན་སེང་གེ་འགྱིངས་ལྟ་བུ༔ ཕྱི་རྗེས་འཚོ་ཞིང་སྐབས་ཀྱི་མཇུག་བསྡུ་འདྲ༔ ཞེས་སོ། །གཞན་ཡང་གནས་འདིར་གཏེར་སྟོན་གསང་སྔགས་གླིང་པས་ཐུབ་པ་འཛམ་གླིང་རྒྱན་གཅིག་དྲངས་པའི་གཏེར་སྒོ་དང་གཏེར་ཆེན་ལས་རབ་གླིང་པས་གྲོ་ལོད་ཟབ་གཏེར་འདོན་པའི་རྗེས་ངོ་མཚར་ཅན་བཞུགས།
༈དམ་ཕུག་ཞབས་ཀྱི་བྲག མདོ་བྱང་ལས། གཡོན་ཕྱོགས་མི་རིང་མདའ་རྒྱང་གཉིས་ཀྱི་བར༔ བྲག་རི་མི་འགྱུར་རྡོ་རྗེའི་བརྡ་རྟགས་ཅན༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྒྲུབ་པའི་གནས༔ དཔལ་གྱི་དབང་ཕྱུག་སྒྲུབ་ཕུག་གབ་སྦས་ཡོད༔ ཕུར་པ་བི་ཏོ་ཏ་མའི་རྒྱུན་བཅས་དང༔ བཻ་རོ་ཙཱ་ནའི་ཞྭ་གོས་ལྷམ་གསུམ་སྦས༔
༈ དེ་ཡི་འོག་ཏུ་ཡུམ་ཆེན་སྤྱན་མའི་གནས༔ ཕ་ཝཾ་གྲུ་བཞི་དཔལ་དང་ལྡན་པ་ལ༔ པདྨ་ང་དང་རྗེ་འབངས་གྲོགས་བདུན་གྱིས༔ འཛམ་གླིང་ས་བཅུད་བསྡུས་ནས་སྒྲོམ་དུ་བཅུག༔ གཏེར་སྲུང་ས་ཡི་ལྷ་མོ་བརྟན་མ་སྟེ༔ གཏེར་སྲུང་ལྷ་མོ་བརྟན་མའི་སྐུ་མཁར་ནི༔ ལྷུན་ཆགས་ཡོད་པ་སུམ་ཡིག་བརྡ་རྟགས་ཅན༔
༈ སེང་གེ་མགོ་ཡི་གཡས་ཀྱི་རིའི་ངོས་ལ༔ གཡས་ཀྱི་བྱང་ངོས་སྤང་ལྗང་བྲག་རི་ནི༔ ཛཾ་ལྷའི་སྐུ་དབྱིབས་ཆང་གི་ར་བ་ལ༔ ཛཾ་ཡིག་རང་བྱོན་ནོར་བུ་མིག་གསུམ་གསལ༔
༈ དམ་ཕུག་འོག་དེ་ཡི་གཡས་ཕྱོགས་ཨོ་རྒྱན་རང་བྱུང་གནས༔ གནམ་ས་ཆོས་འབྱུང་བཀོད་པའི་བྲག་རི་ལ༔ ཀུན་བཟང་རྡོ་རྗེ་ཕག་མོའི་སྐུ་རང་བྱོན༔ གྲུབ་པའི་རྒྱལ་མོའི་ཚེ་ཆུ་བདུད་རྩི་བབས༔ ཐབས་ཆེན་དཔའ་བོ་རྟ་མགྲིན་སྐུ་རང་བྱོན༔ ཕྱོགས་དེར་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི༔ བཀོད་པ་ཡོངས་རྫོགས་མཁའ་འགྲོ་འདུ་བའི་གླིང༔ ཞེས་དང་། ཡང་མདོ་བྱང་ལས༔ གཡོན་དུ་ཕ་ཝཾ་འབྲོང་གི་ཆུ་འཐུང་འདྲ༔ ཁ་བྱང་མ་རྦས་བརྡ་རྟགས་ཡིག་འབྲུ་གསལ༔ རྒྱལ་བ་མཆོག་དབྱངས་སྒྲུབ་ཕུག་སྦས་གནས་ཡོད༔ ཐོད་པ་ཁ་སྦུབ་ལྟ་བུའི་གཏེར་སྒོ་གསལ༔ རྟ་མགྲིན་རང་བྱོན་མཆོག་དབྱངས་དབུ་རྗེས་ཡོད༔
༈ གཡས་གོང་ཀླུ་འདུལ་ཁྱུང་ཆེན་ཕུག་པ་དང༔ རྗེ་འབངས་བཀའ་བབས་མི་དགུའི་སྒྲུབ་ཕུག་ནི༔ གཅིག་ཏུ་ཟླུམ་འཁྱིལ་བྲག་དེའི་ཕྱོགས་ཀུན་ཏུ༔ སྐུ་གསུང་ཐུགས་རྟགས་རང་བྱོན་དུ་མ་གསལ༔ ཞེས་དང་། མདོ་བྱང་ལས། དེ་ཡི་འོག་ཏུ་ཡོན་ཏན་ཁྱུང་ནག་གནས༔ ཀླུ་འདུལ་ཕུག་པར་མནན་གཏད་བརྒྱ་རྩ་སོགས༔ ཐན་པ་སད་སེར་སྲུང་ཐབས་མང་དུ་སྦས༔ བྱ་ཁྱུང་རང་བྱོན་སྦྲུལ་གཉིས་ཟས་སུ་ཟ༔ ཞེས་ཀླུ་འདུལ་ཕུག་པའི་ཕྱོགས་དང་།
༈ དམ་ཕུག འདི་སྔོན་གྱི་གནས་ཡིག་ཏུ་རི་བོ་ཏཱ་ལའི་གནས་དང་། སྤ་གྲོ་སྟག་ཚང་གི་གནས་ཚབ་ཏུ་བཤད། ཁྱད་པར་གུ་རུ་རིན་པོ་ཆེ་ཞག་ཉེར་ལྔ་བཞུགས་ནས་བྱིན་གྱིས་བརླབས་པ་དང་། བཻ་རོ་དང་ཀཿདམ་པ་རིན་པོ་ཆེ་ཐོག་མར་བཞུགས་པའི་སྒྲུབ་ཕུག་ཡིན་པས་གནས་ཐམས་ཅད་ཀྱི་གཙོ་བོ་ལྟ་བུ་ཡིན་པ་མདོ་བྱང་ལས་ཀྱང་འདི་ལྟར་གསུངས་ཏེ། དབུས་ཀྱི་རི་སྐེད་མཁའ་སྤྱོད་སྤྲུལ་པའི་གནས༔ ཨོ་རྒྱན་པདྨ་བདག་གི་སྒྲུབ་ཕུག་ནི༔ རྒྱུ་སྐར་རམ་ནི་གསལ་སྐར་ཁ་ཕྱོགས་འདྲ༔ ལོ་གསུམ་བར་དུ་མཁའ་སྤྱོད་རིག་འཛིན་གྲུབ༔ དེ་ལ་སྦས་པའི་གསང་ཕུག་ཁྱད་འཕགས་པ༔ རྔ་ཡབ་དཔལ་རི་པདྨ་འོད་དང་མཚུངས༔ བཟོ་སྣ་ཁྱད་འཕགས་ང་ཡི་སྐུ་ཚབ་ནི༔ གངས་ལྗོངས་བོད་ཀྱི་རྒྱན་གཅིག་ཅེས་བྱ་བཞུགས༔ གཞན་ཡང་གཏེར་ཁ་དཔག་ཏུ་མེད་པ་དང༔ པདྨ་རྭ་ཛ་རང་བྱོན་ཞི་མ་ཁྲོ༔ ཧཱུྃ་ཡིག་དང་ནིཿཀཿཡིག་རང་བྱོན་གསལ༔ དཔའ་བོ་འབྲུ་ལྔ་ཧ་རི་ནི་ས་ཡོད༔ ཡེ་ཤེས་མཚོ་རྒྱལ་བཻ་རོ་དཔལ་དབྱངས་དང༔ རྒྱལ་བ་བློ་གྲོས་ཀླུ་དབང་སྒྲུབ་ཕུག་རྣམས༔ དེ་རྣམས་གསལ་བར་བྱ༔ རྨ་ཐོག་རིན་ཆེན་སྒྲུབ་ཕུག་ས་ལེར་གསལ༔
༈ དམ་ཕུག་གི་གཡས་ཕྱོགས་ལ། ཐུགས་མཆོག་རྣམ་རྒྱལ་མཆོད་རྟེན་རང་བྱུང་དང༔ ཡེ་ཤེས་མཁའ་འགྲོ་མཐིང་འོད་འབར་བ་ཡི༔ ཞབས་རྗེས་དང་ནི་ཊཿཡིག་རང་བྱོན་གསལ༔ ལོ་ཙཱ་ཆེན་པོ་འོད་ཟེར་ཞབས་ཀྱི་རྗེས༔ ཁ་ཊྭཱཾ་རང་བྱོན་སྟག་ཤམ་རི་མོ་གསལ༔ ཡང་མདོ་བྱང་ལས། དཀར་ནག་འདྲེས་མ་བྲག་གི་ངོས་ཡངས་ལ༔ མཁའ་འགྲོ་སྡེ་ལྔ་རང་བྱོན་བརྡ་རྟགས་ཅན༔ རིག་འཛིན་གནས་དེའི་རྩ་བར་སྦས་པའི་མཚོ༔ ཀླུ་ཡི་རྒྱལ་པོ་ནེའུ་ཐོད་དཀར་གནས༔ རིན་ཆེན་ནོར་གཏེར་དཔག་ཏུ་མེད་པ་སྦས༔
༈ དེ་ཡི་སྟེང་ཕྱོགས་རྗེ་འབངས་གྲོགས་བདུན་དང༔ ལྷ་ཀླུ་མི་མིན་རྣམས་ལ་ཆོས་བསྟན་པའི༔ ཁོད་སྙོམས་ལག་མཐིལ་ལྟ་བའི་དགའ་ཚལ་དུ༔ འདོན་དུ་མི་རུང་ས་བཅུད་གཏེར་བུམ་སྦས༔ དེའི་ཁ་རྒྱན་ཙན་དན་ཤིང་བཅས་གསལ༔ ཞེས་དང་། གནས་ཡིག་ལས། གཡས་ཕྱོགས་བྲག་རི་རྨ་བྱའི་ཟློས་གར་འདྲའི༔ རྡོ་རྗེ་རྩེ་གསུམ་བདེ་ཆེན་ཕོ་བྲང་ཚུལ༔ དགའ་རབ་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས༔ སྐུ་དང་ཧཱུྃ་ཡིག་རྡོར་དྲིལ་རང་བྱོན་གསལ༔ དེའི་གཡས་གསང་བ་མཆོག་རུ་གྱེས་པའི་ཞིང༔ པྲ་བྷ་ཧ་སྟིའི་རྫུ་འཕྲུལ་ཞབས་ཀྱིས་བཅགས༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་བདུད་འཇོམས་སོགས༔ རིག་འཛིན་འདུས་པ་རྡོ་རྗེ་ཕུར་པའི་ལྷ༔ དཀྱིལ་འཁོར་ཞལ་ཕྱེས་སྒྲུབ་གནས་ཁྱད་འཕགས་ཀྱི༔ རང་བྱུང་ཁང་བུ་མཐིང་ནག་ཨེ་དབྱིངས་བཞུགས༔ ལྗོན་ཤིང་དར་མདུད་གུ་རུའི་ཞབས་རྗེས་གསལ༔ དཀོན་མཆོག་འབྱུང་གནས་གཡུ་སྒྲ་སྙིང་པོ་ཡི༔ ཞབས་རྗེས་གཉིས་དང་གཡུ་འབྲུག་གཟུགས་བརྙན་ཤར༔
༈ ཆུ་ཤུལ་སྡོང་རྒྱུད། གཡས་རི་གཡུ་འབྲུག་གནམ་དུ་འགྲོ་བ་འདྲ༔ འགྲམ་པ་གཡས་གཡོན་རྫ་བྲག་སྤང་འཐབ་པ༔ རྗེ་འབངས་གྲོགས་བདུན་སྒྲུབ་ཕུག་ཁྱད་འཕགས་དང༔ ཁམས་ཀྱི་སྐལ་ལྡན་འབངས་གསུམ་སྒྲུབ་ཕུག་ཡོད༔ རྒྱས་གདབ་ཡི་གེ་ས་མ་ཡ་རང་བྱོན༔ ཕྲིན་ལས་སྣ་ཚོགས་ཕྱོགས་མེད་འགྲུབ་པའི་གནས༔ སྔགས་སྲུང་མ་ཉིད་རང་བྱོན་འབུར་དུ་དོད༔ རིན་ཆེན་ལྷ་བྲག་དྲི་བཟང་ཤིང་སྣ་གཏིབ༔ མཆོག་ཐུན་དངོས་གྲུབ་མ་ལུས་འགྲུབ་པའི་གནས༔
༈དམ་ཕུག་ཕར་ཀི་ཕ་ཝང་། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་གནས༔ ཕ་ཝང་རུས་སྦལ་ལམ་ནི་ཕག་པའི་གཟུགས༔ ལས་བཞི་ལྷུན་གྲུབ་གཏེར་སྒོ་མང་དུ་གསལ༔ མདོ་བྱང་འདི་སོགས་གཏེར་ཁ་བདུན་སྦས་སོ༔
༈ དམ་ཕུག་ལུང་ཕ་ཝང་ཞབས་ཀྱི་ཆུ་མིག་ལ། གནས་ཀྱི་མིང་ནི་མཁའ་འགྲོ་འབུམ་རྫོང་ཞེས༔ ངོ་མཚར་ཁྱད་འཕགས་མཁའ་འགྲོའི་གསང་ཕུག་དང༔ ཚོགས་གཞོང་བམ་རོའི་རྒྱན་དང་ལྡན་པ་ཡོད༔ ཡང་གསང་མཁའ་འགྲོས་སྙིང་ཁྲག་ཟབ་ཆོས་སྐོར༔ ཡེ་ཤེས་མཚོ་རྒྱལ་ན་བཟའ་དབུ་སྐྲ་དང༔ མནྡ་ར་ཡི་ཚེ་བུམ་ཚེ་ཆུ་སྦས༔ འཆི་མེད་སྒྲུབ་ན་གནས་མཆོག་འདི་རུ་སྒྲུབས༔
༈ དམ་ཕུག་ཚུར་ངོས་གཡོན་ཕྱོགས་བྲག་གདོང་ནི་རྒྱལ་མོ་རྨུ་རྡོའི་གནས་ཚབ་དང་། དེའི་སྟེང་ཕྱོགས་ནས། ལྷ་ཤིང་གཅིག་སྐྱེས་བྲག་ནག་རྔམ་བརྗིད་ལ༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་སྐུ་རང་བྱོན༔ ཧཱུྃ་ཡིག་རང་བྱོན་བམ་རོ་ཕོ་མོ་དང༔ དྲེགས་པ་སྡེ་བརྒྱད་ཕྱོགས་དེར་རང་བྱོན་བཞུགས༔ གནས་ཀྱི་མིང་ནི་དཔལ་གྱི་ཙ་རི་ཏྲ༔ ཡུལ་ནི་དྷེ་བཱ་ཀོ་ཊི་བཀོད་པ་ཅན༔ ཞིང་སྐྱོང་དབང་མོའི་སྐུ་མཁར་དང་བཅས་བཞུགས༔ ཞེས་ཙཱ་རིའི་གནས་ཚབ་ཏུ་གསུངས།
༈ རྨ་བྱའི་གདུགས་ཀྱི་བསྐོར་ལམ་འོག་ཕྱོགས་ནས། ཨ་དང་ཀཿཡིག་རང་བྱོན་ཕྱོགས་གཉིས་མངོན༔ ས་མ་ར་སོགས་བདུད་འདུལ་དྲག་མོའི་སྔགས༔ ཕྱོགས་དང་ཕྱོགས་སུ་འཐོར་ནས་རང་བྱུང་ཤར༔ ཞེས་སོ། །ཕ་ཝང་འབྲོང་ཉལ་འདྲ་བ་འདི་བྱང་གི་རུས་སྦལ་རྒྱ་བོ་ཡིན་ཞེས་གཤིན་རྗེ་གཤེད་ཀྱི་ཕོ་བྲང་ལ་ཨ་ཡ་མ་སོགས་ཀྱི་སྔགས་རང་བྱོན་ཡོད་པར་བཤད། མདོ་བྱང་ལས། དེའི་གཡོན་ལོག་འཇམ་དཔལ་སྐུ་ཡི་གནས༔ ཁྲོ་བོ་ཡ་མན་ཏ་ཀའི་རང་བྱོན་དང༔ ཧཱུྃ་ཡིག་མཐིང་ནག་མེ་རི་དང་བཅས་གསལ༔ ཞེས་དང་། གནས་ཡིག་ལས་གླང་ཆེན་དཔལ་གྱི་སེང་གེའི་ཞབས་རྗེས་དང༔ དཔལ་དབྱངས་ཕྱག་རྗེས་རྫུ་འཕྲུལ་ཞབས་ཀྱི་རྗེས༔ གནམ་བཅུ་དབང་ལྡན་རང་བྱོན་རྡོ་ལ་ཤར༔ རྒྱལ་བ་མཆོག་དབྱངས་ཕྱག་གི་རྡོ་བསྣུན་རྗེས་དང༔ དབང་གྲགས་སྒྲོལ་ཡུམ་ལྷ་མོའི་སྟག་རྗེས་གསལ༔ ཞེས་སོ། །
༈ཟུར་བན་སྟོད་ཀྱི་སྐོར་ལམ་དུ་གྲུབ་ཐོབ་ནམ་མཁའ་རྒྱལ་མཚོའི་སྐུ་གདུང་བསྲེགས་པ་ནས་ཡར་ཙམ་ལ་དབུ་ཐོད་འཕར་བའི་རྗེས་ཡོད། གནས་ཡིག་ལས། དཔལ་གྱི་ཆས་བཅུ་རང་ཤར་མཁའ་འགྲོའི་རྗེས༔ ཆོས་འབྱུང་བསྣོལ་མ་རྣམ་བཀྲའི་རི་མོ་གསལ༔ ཧ་རི་ནི་ས་རང་བྱོན་ཨོཾ་ཡིག་གསལ༔ ཇོ་བོ་བཞེངས་སྐུ་རྡོ་ལ་རང་གྲུབ་ཅན༔ རྫུ་འཕྲུལ་ཞབས་ཀྱི་དུང་དཀར་ཅན་གྱི་རྗེས༔ བཀྲ་ཤིས་དུང་དཀར་གཏེར་ཡང་འདོན་པར་འགྱུར༔ རིག་འཛིན་འབུམ་ཕྲག་འཕུར་རྗེས་རྡོ་ལ་ཤར༔ ཞེས་པ་རྣམས་བསྐོར་ལམ་རྒྱ་གྲམ་ནས་ཚེ་ཆུ་ལུང་པའི་བར་ལ་བཞུགས་པས། དེང་སང་གི་བཤད་སྲོལ་དང་གནས་ཡིག་ཏུ་ཡོད་པ་གཉིས་ཀྱི་མིང་བཏགས་ཚུལ་ཅུང་མི་འདྲ་ནའང་དོན་ལ་ཁྱད་པར་མེད་དོ། །གཞན་ཡང་གྲུབ་ཐོབ་མ་ཎི་རིན་ཆེན་ཞབས་རྗེས་ཆ་གཅིག་དང་ཀློང་གསལ་སྙིང་པོའི་ཞབས་རྗེས་ཆ་གཅིག་གི་རང་བྱོན་དེ་རྣམས་ཀྱི་གཡས་གཡོན་ཉེ་སྐོར་དུ་ཡོད་པ་གནས་ཡིག་ལས། རྡོ་དཀར་སྒྲོལ་མ་དཀར་མོའི་སྐུ་རང་བྱོན༔ རྡོ་རྗེ་ཕག་མོའི་མཁའ་དབྱིངས་རང་བྱུང་ཤར༔ ལྗང་སྔོན་ལྷ་མོ་ཁྲོས་མའི་སྐུ་རང་བྱོན༔ གཏེར་སྲུང་རཱ་ཧུ་ལ་ཡི་དུག་སྦྲུལ་སྤྲུལ༔ རྡོ་ལ་བབས་པའི་རྒྱུ་ཕྱོགས་རྗེས་ཀྱང་གསལ༔ གུ་རུའི་ཞབས་རྗེས་ཡ་གཅིག་དང་ཡང་རྫུ་འཕྲུལ་གྱི་ཞབས་རྗེས་གཅིག་ངང་པ་གསེར་ལྡན་རྗེས༔ འདི་ལ་དེང་སང་ཆིབས་པ་འབྲོག་ནས་ཞབས་རྗེས་ཡིན་པར་གསུངས་སྲོལ་ཡོད། མཆན་གླེགས་བམ་རྗེས་དང་ཌཱཀྐི་ཚོགས་པའི་རྗེས༔ ཡེ་ཤེས་རྣམ་ཁྲོས་འབར་བ་ཁྲུང་ཁྲུང་གི༔ སྐུ་ཡི་བཀོད་པ་བྲག་འབུར་རང་གྲུབ་ཅན༔ སྐུ་དང་སྙིང་པོ་སྲོག་སྔགས་རྒྱལ་མཚན་སོགས༔ དགེ་མཚན་དུ་མས་བཀྲ་ཤིས་དཔལ་གྱིས་བརྒྱན༔
༈ ཚེ་ཆུ་བུམ་པ། མདོ་བྱང་ལས། དེའི་གཡས་སུ་ཚེ་དཔག་མེད་མགོན་གནས༔ ཚེ་དཔག་མེད་དང་ལྷ་སྔགས་རང་བྱོན་གསལ༔ དུས་གསུམ་སངས་རྒྱས་སྟོང་གི་བྱིན་བརླབས་པས༔ རིགས་གསུམ་མགོན་པོའི་སྐུ་ཚབ་ཁྱད་འཕགས་སོགས༔ གསང་བ་ཟབ་མོའི་ཆོས་དགུ་གཏེར་དུ་སྦས༔ ཞེས་དང་། གནས་ཡིག་ལས། ཚེ་ཆུ་བྲག་ཅེས་རི་བོ་ཏ་ལ་ལ༔ མ་ར་ཏི་ཀའི་རྫུ་འཕྲུལ་གསང་ཕུག་ཡོད༔ རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས༔ ཚེ་དཔག་མེད་པའི་སྐུ་ཡང་རང་གྲུབ་ཅན༔ རལ་གྲི་དྷི་ཡིག་པདྨ་ཤེལ་ཕྲེང་དང༔ རྡོ་རྗེ་ཧཱུྃ་ཡིག་བྲག་གི་ངོས་ལ་ཤར༔ ཚེ་ཆུའི་རྒྱུན་འབྱུང་མྱོང་གྲོལ་བདུད་རྩི་འབབ༔ ལྷ་མོ་མགྱོགས་མའི་སྐུ་དང་ཡིག་འབྲུ་གསལ༔ རྡོ་རྗེ་ཧཱུྃ་ཀ་ར་ཡི་ཞབས་ཀྱི་རྗེས༔ ཚེ་མཐའ་ཡས་ལ་མཆོད་སྤྲིན་ཕུལ་རྗེས་གསལ༔ མཆོད་རྟེན་བདེ་བྱེད་བརྩེགས་པའི་རང་བྱོན་མཐོང༔ མཁའ་འགྲོ་བམ་ཆེན་ཚོགས་གཞོང་རང་གྲུབ་ཡོད༔ ཡང་མདོ་བྱང་ལས། དེ་ཡི་གཡས་སུ་འཕགས་པ་འཇམ་དཔལ་གནས༔ ཨ་ར་པ་ཙ་ན་དྷཱིཿརང་བྱུང་ནི༔ གསེར་གྱི་མདངས་སུ་སྣང་བ་ས་ལེར་གསལ༔ འདི་རུ་རིག་པའི་ཤེས་རབ་རྒྱས་པར་འགྱུར༔ འཇམ་དཔལ་དབྱངས་ཀྱི་རལ་གྲི་རང་བྱོན་དང༔ གུ་རུ་བློ་ལྡན་མཆོག་སྲིད་སྒྲུབ་ཕུག་གསལ༔ པདྨ་བདག་གི་དབུ་ཞྭ་གཏེར་དུ་སྦས༔ ཤེས་རབ་རྒྱས་པའི་ཤྲི་ཡིག་རང་བྱོན་གསལ༔ དེ་ཡི་སྟེང་ཕྱོགས་བམ་རོ་ཐོད་པའི་མཁར༔ ཤིན་ཏུ་ལྟས་ན་ངོ་མཚར་རྨད་བྱུང་བ༔ མཐོང་བ་ཙམ་གྱིས་དད་མོས་ཐོབ་པ་ཡོད༔ དེ་ཡི་གཡས་ལོགས་འདོམ་པ་གསུམ་གྱི་མཚམས༔ བམ་ཡིག་སྟེང་ན་རྡོ་རྗེ་བརྡ་རྟགས་ཅན༔ འཇམ་དཔལ་སྒྱུ་འཕྲུལ་ཞི་བའི་གཏེར་སྒོ་གསལ༔
དེ་ནས་ཚུར་ལ་གཡོན་ཕྱོགས་ཉེ་བ་ན༔རྨ་ཐོག་རིན་ཆེན་རྫུ་འཕྲུལ་ཞབས་
རྗེས་དང༔རྒྱལ་བ་མཆོག་དབྱངས་ཞབས་རྗེས་གཡས་གཉིས་གསལ༔དེ་རུ་གྲུབ་རྟགས་མཚན་མ་རྣམ་པ་བདུན༔ སྔོན་གྱི་རྗེ་འབངས་རྣམས་ཀྱི་བསྟན་པ་གསལ༔
༈ ཚེ་ཆུའི་གཡོན་ཕྱོགས། དེ་ཡི་གཡོན་ཕྱོགས་བྲག་རི་གཏོར་མ་འདྲ༔ པདྨ་བདག་དང་རིག་འཛིན་བརྒྱད་ལ་སོགས༔ རྗེ་འབངས་རྣམས་ཀྱི་མཐའ་དམག་བཟློག་པའི་ཕྱིར༔ དམོད་པ་དྲག་སྔགས་དགོངས་འདུས་དཀྱིལ་འཁོར་གྱི༔ ཞལ་ཕྱེས་མ་རུང་བསྒྲལ་བའི་གཏེར་ཟས་སྦས༔ ཞེས་སོ། །ཡང་ཁྲོད་གནས་ཡིག་ལས། བཀྲ་ཤིས་བྱིན་ཆགས་ཡིད་དགའ་ཆོས་འཛིན་ལ༔ བདེ་ལྡན་པདྨ་ལྗོངས་ཀྱི་བཀོད་པ་ཅན༔ ཡང་ཁྲོད་རྫོགས་པ་ཆེན་པོའི་ཁང་བུ་རུ༔ རིག་འཛིན་དུ་མ་འཇའ་ལུས་གྲུབ་པར་འགྱུར༔ བར་ཁྲོད་དེའི་འོག་ཀུན་བཟང་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་རང་བྱུང་གི༔ བྲག་རི་རྣམ་བཀྲ་སྐུ་ཡི་ཚོམ་བུའི་ཚུལ༔ གཟུང་སྣང་རྡོ་རྗེ་ལྷ་སྐུ་རྣམ་པར་ཤར༔ སྐྱིད་འཇམ་གཡོན་ཕྱོགས་སྒང་ལ་བདེ་ཆེན་པདྨའི་ཐང༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཉམས་རེ་དགའ༔ མཐོང་བས་སེམས་ལ་དང་བའི་སྤྲོ་བ་སྐྱེ༔ རྡོ་རྗེ་ཁྱུང་དམར་འབར་བའི་སྐུ་རང་བྱོན༔
༈ གསེར་གདོང་ཉེ་སྐོར་མདོ་བྱང་ལས། དེའི་གཡོན་ལོག་མདའ་རྒྱང་བཞི་ཡི་སར༔ བྲག་རི་རྡོ་རྗེ་རྒྱ་གྲམ་འདྲ་བ་ལ༔ རྡོར་སེམས་ཐུགས་ཀྱི་མེ་ལོང་སྒྲུབ་ཐབས་དང༔ འཇམ་དཔལ་གཤིན་རྗེ་གདུང་རྟེན་ཡོངས་རྫོགས་སྦས༔ གཞན་ཡང་གྲུབ་རྟགས་སྐུ་རྗེས་མང་དུ་གསལ༔ ཞེས་དང་། ཡང་མདོ་བྱང་ལས། དེ་ཡི་གཡོན་ཕྱོགས་ཉེ་བ་སྟེང་གི་ཆ༔ གཤིན་རྗེ་ཀིང་ཀང་དམར་པོའི་སྒྲུབ་གནས་ཆེ༔ ལས་ཀྱི་གཤིན་རྗེ་རང་བྱོན་འབུར་དུ་དོད༔ དགོན་ཉིན་སྟེང་མནན་གཏད་ས་ཡིན་གཤིན་རྗེ་འགྱུ་ཕྱོགས་སོགས༔ ཡ་ང་བག་ཚའི་མངོན་སྤྱོད་གྲུབ་རྟགས་མང༔ སོ་མ་ར་ཙའི་སྒྲུབ་ཐབས་ལེའུ་བདུན་རྣམས༔ སྐུ་གསུང་ཐུགས་རྟེན་དང་བཅས་གཏེར་དུ་བཞུགས༔ དགོན་ཉིན་གནས་ཡིག་ལས། ཕ་རི་སྟོབས་ཆེན་གླང་པོ་གྱེན་འགྲོའི་གཟུགས༔ ཟ་འགྲམ་བསམ་གཏན་ཁང་བུར་སྒྲུབ་བརྒྱུད་འབྱུང༔ ལྟེ་བར་མཁའ་འགྲོའི་དབུ་སྐྲས་ལྗོན་ཤིང་སྐྱེས༔ ས་ཁྱོན་ཚེ་རིང་ལྗོངས་ཀྱི་བཀོད་པ་ཅན༔ དབུས་རི་དཔལ་གྱི་དེའུ་རིན་ཆེན་འབུར༔ ཙིཏྟ་གནམ་ལངས་རྡོ་རྗེ་རྩེ་དགུའི་ཏོག༔ དཔལ་ཆེན་ཐུགས་ཀ་དཔལ་གྱི་བེའུའི་དབྱིབས༔ ཐུགས་སྲོག་ཐིག་ལེ་ཡེ་ཤེས་སེམས་དཔའ་དང༔ མཐིང་ནག་འབར་བ་ཧཱུྃ་ཡིག་རང་བྱུང་ཤར༔ མདོ་བྱང་ལས། དྲག་ཁྲོས་ཡང་དག་རྡོ་རྗེ་ཐུགས་ཀྱི་གནས༔ བྲག་རི་མཚོན་ཆ་སྣ་ཚོགས་གཟེང་པ་འདྲ༔ དྲི་བཟང་སྨན་དང་ཤིང་སྣ་ལྗོན་པའི་ཚལ༔ ཡང་དག་ཧེ་རུ་ཀ་དཔལ་ཡབ་ཡུམ་དང༔ མེ་རི་དཔུང་དང་བཅས་པ་འབུར་དུ་དོད༔ རྩ་བའི་བསྙེན་སྔགས་འབྲུ་བདུན་ས་ལེར་གསལ༔ ཡང་དག་ཐུགས་ཀྱི་གཏེར་ཁ་དཔག་མེད་སྦས༔ བྲག་གདོང་སྟེང་། དེ་ཡི་ལྟེ་བར་ཁང་སེང་ཁྱོན་ཡངས་པར༔ ཤེལ་དཀར་བྲག་རི་རང་བྱུང་གཞལ་ཡས་ཁང༔ སྒྱུ་མའི་བཀོད་པ་སེང་གེ་གླང་ཆེན་དང༔ རྟ་མཆོག་རྨ་བྱ་ཤང་ཤང་ཁྲི་ཡི་སྟེང༔ ཆུ་སྐྱེས་བཞད་པ་ཉི་ཟླ་ཁ་སྦྱོར་སྟེང༔ རིན་ཆེན་ལྔ་ལས་རང་བྱུང་གྲུབ་པའི་སྐུ༔ ཀུན་ཏུ་བཟང་པོ་ཡབ་དང་བཟང་མོ་ཡུམ༔ སེམས་དཔའ་ལྕམ་དྲལ་ངོ་བོ་ཉིད་ཀྱི་སྐུ༔ ལོངས་སྤྱོད་རྫོགས་པའི་རྣམ་པ་རང་སྣང་བ༔ འཇོམས་པ་ཆེན་པོ་དཔའ་བོ་ཁྲོ་རྒྱལ་ཡབ༔ སྒོ་སྐྱོང་དབང་མོ་ལྷན་སྐྱེས་ཡུམ་དང་བཅས༔ ཡོངས་གྲུབ་དྭངས་མའི་ཐིག་ལེའི་ཞིང་ཁམས་བཞུགས༔
༈ ཉིན་དགོན་ལམ་གྱི་རྡོ་འབུམ་ཞབས། མདོ་བྱང་ལས། གཡོན་ལོགས་ཚར་གཅོད་དམོད་པ་དྲག་སྔགས་གནས༔ ཕུང་བྱེད་ངན་སྔགས་སྐོར་དགུ་ལྕགས་སྒྲོམ་ནང༔ མི་ཤིག་རིམ་པ་བདུན་གྱི་རྒྱས་བཏབ་སྦས༔ ཤིནྟཾ་གྷརྦྷའི་སྒྲུབ་ཕུག་ཁྱད་འཕགས་པ༔ ཟུར་གསུམ་དབྱིབས་སུ་གྲུབ་པ་དེ་ཡི་ངོས༔ ཧཱུྃ་མཐིང་དང་ནི་ཐུན་གྱིས་བྲབ་རྗེས་གསལ༔ གཞན་ཡང་གླང་ཆེན་དཔལ་སེང་སྒྲུབ་ཕུག་དང༔ རྡོ་རྗེ་བདུད་འཇོམས་སྒྲུབ་ཕུག་ཤིན་ཏུ་སྦས༔ དྲག་སྔགས་བསྒྲུབ་ན་གནས་མཆོག་དེ་རུ་སྒྲུབས༔ སྒྲུབ་གནས་གཞན་ལས་ནུས་པ་དགུ་འགྱུར་ཆེ༔ མདུན་ངོས་སྐ་བ་དཔལ་བརྩེགས་སྒྲུབ་ཕུག་དང༔ རྩེ་ལ་པདྨ་ང་ཡི་སྒྲུབ་ཕུག་ནི༔ ཤིན་ཏུ་ངོ་མཚར་བཀོད་པ་ལྷུན་གྱིས་གྲུབ༔
༈དེ་ནས་ཡར་ལ་མིག་མཐོང་ཉེ་བ་ན༔ ཀོང་བཙུན་དེ་མོའི་བླ་མཁར་གནམ་དུ་ཟུག༔
༈ བྲག་གདོང་ཞབས། གནས་ཡིག་ལས། བགྲོད་པར་དཀའ་བའི་རྡོ་རྗེའི་རྫོང་རིང་ལ༔ ལམ་ནི་རྟ་བབས་ལྔ་བརྩིགས་ཤེལ་གྱི་བྲག༔ རིན་ཆེན་སྣ་ལྔའི་འོད་མདངས་ཐེམ་སྐས་ལང༔ ཟུང་འཇུག་རྡོ་རྗེ་སྒྲོན་མེས་སྣ་དྲངས་ནས༔ ས་མཚམས་བཅུ་ལ་རའི་ཁང་བུ་རེ༔ རང་བྱུང་བཀོད་པ་བརྒལ་ནས་རིན་ཆེན་བྲག༔ བང་རིམ་གསུམ་སྟེང་ཞིང་དེའི་བཀོད་པ་མཇལ༔ ཡང་དག་དཔའ་བོ་བློ་ལྡན་བགྲོད་པར་ནུས༔ དེ་ཡང་བསོད་ནམས་རྒྱལ་མོའི་རྟེན་འབྲེལ་གྱི༔ ཡེ་ཤེས་དབྱིངས་མཛོད་བརྡ་རྫོགས་དུས་བབས་དགོས༔ སྐལ་མེད་རྣམས་ཀྱང་གནས་ཀྱི་བྱིན་བརླབས་ཀྱི༔ འཇུག་ནས་མཐོང་བ་དངོས་དང་ཁྱད་མེད་ཀྱི༔ ཐུགས་རྗེའི་ཐབས་ཀྱི་རང་བཞིན་གྲོལ་བར་འགྱུར༔ དྲངས་པའི་ལམ་ལ་ཚད་མེད་ཕྲིན་ལས་གནས༔ གཞན་ཡང་ས་གཞི་ལྷུན་ཆགས་སངས་རྒྱས་དང༔ ཡི་དམ་མཁའ་འགྲོ་ལྷ་སྔགས་ཐིག་ལེ་དང༔ ཌཱཀྐིའི་ཐུགས་ཀྱི་མཚན་མ་ལ་སོགས་པ༔ རིམ་གྱི་གོང་བུ་བྱེ་བ་ལྟ་བུ་ལ༔ བརྗོད་པར་དཀའ་བའི་བརྗོད་གཞི་ཕ་མཐར་བརྒལ༔ མདོ་ཙམ་བརྗོད་པ་འཇིག་རྟེན་སྣང་ཚུལ་དང༔ མཐུན་པའི་གཙོ་བོར་སྣང་བ་མཐུན་པར་བཀོད༔
༈ དགོན་ཉིན་ལུང་པ། དེ་ཡང་རང་བྱུང་ཆུ་མིག་དཀར་དམར་གཉིས༔ མྱོང་གྲོལ་བདུད་རྩི་ཐབས་ཤེས་རྫས་ཀྱི་ཚུལ༔ མེ་ཤེལ་ཉི་མའི་འོད་མདངས་འཆར་ཚུལ་དང༔ འབྱུང་བ་དྭངས་མའི་རླུང་ཁམས་འཁྱིལ་བ་ཡིས༔ ཚེ་དང་ནོར་གྱི་གཡང་གི་ཞག་ཏུ་འཁྱིལ༔
༈ བྲག་གདོང་གུང་སྨད་ཉིན་རི་ངོས། སྒྲོལ་བའི་གིང་ཆེན་ཁྱབ་འཇུག་སྒྲ་གཅན་འཛིན༔ བྲག་ནག་ལྟོ་བར་སྲིན་ཞལ་དམར་ཟངས་སེ༔ རྩེ་མོ་བྱ་རོག་གཙུག་ཕུད་བྲག་རི་ངོས༔ སྨུག་ནག་ར་དང་ལྕགས་མདའ་ལྕགས་གཞུ་དང༔ མེ་རི་རླུང་ནག་འཚུབ་མའི་རི་མོ་གསལ༔ བྲག་འབུར་གདོང་མོ་བཞི་དང་འཁོར་ཡུག་ཏུ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་སྣང་ཚུལ་ཅན༔
༈ གཡས་ནས་རྡོར་སེམས་ཚེ་ཆུ་མདུན་དུ་བབས༔ ཧ་རི་ནི་སའི་རང་སྒྲ་རྫུན་དབྱངས་ཅན༔ མདོ་བྱང་ལས། རྩྭ་བཀག་གཡོན་རི་གླང་ཆེན་བྲེས་ལ་ཉལ་བ་འདྲ༔ ཉན་ཐོས་དགྲ་བཅོམ་གནས་བརྟན་བཅུ་དྲུག་གནས༔ རིག་འཛིན་གྲུབ་ཐོབ་རྒྱུན་ཆད་མེད་པའི་རི༔
༈ ཉིན་དགོན་རྒྱབ་ཕྱོགས་སྒང་རྒྱུད་ལ། དེ་འོག་སྒང་ལ་བདུད་འདུལ་མཆོད་རྟེན་དང༔ དཔལ་ཆེན་སྐུ་དང་ཧཱུྃ་ཡིག་རང་བྱོན་གསལ༔ རིག་འཛིན་ཐུགས་རྗེ་ཁྲོས་པའི་ཞབས་རྗེས་དང༔ དམ་སྲི་བཏུལ་བའི་དཔའ་རྟགས་རྡོ་ལ་ཤར༔ ཞེས་དང་། མདོ་བྱང་ལས། དེ་ནས་གཡོན་ཕྱོགས་མིག་མཐོང་ཉེ་བ་ན༔ པདྨ་བདག་གི་རྫུ་འཕྲུལ་ཞབས་རྗེས་དང༔ ཡེ་ཤེས་མཚོ་རྒྱལ་ཕྱག་བྲིས་ཙ་རང་བྱོན༔ ཞེས་སོ། །མདོ་བྱང་ལས། དེ་ཡི་མདུན་ངོས་གཡོན་རི་མཐའ་རྟེན་ཚུལ༔ རི་བོ་ཆོས་དུང་གཡས་འཁྱིལ་འདྲ་བ་ན༔ ཇོ་བོ་ཁ་སར་པ་ཎའི་སྒྲུབ་གནས་ཏེ༔ སྤྱན་གཟིགས་པདྨ་དྲི་མ་མེད་པའི་རྒྱུད༔ བློན་པོ་མགར་གྱི་ཐུགས་དམ་རྟེན་སྐལ་ནི༔ གསེར་གྱིས་བྲིས་པའི་བླ་དཔེ་པུ་ཏི་གསུམ༔ གཞན་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི༔ གཏེར་ཁ་ཡོངས་རྫོགས་རྫས་གཏེར་འཕྲུལ་གཏེར་སོགས༔ གཏེར་ཁ་བདུན་སྦས་གཞན་ཡང་རང་བྱོན་ནི༔ དྷྭིཿཡིག་དང་ནི་རྒྱ་ཡིག་སུ་ལ་ཧོ༔ མཁར་ཆེན་དཔལ་དབང་རྒྱལ་བའི་བློ་གྲོས་ཀྱི༔ ཞབས་རྗེས་གཡས་གཉིས་ཆེ་ཆུང་གསལ་བར་མངོན༔ དེ་སོགས་གྲུབ་རྟགས་མཚན་མ་དཔག་ཏུ་མེད༔ ཅེས་དང་། ཡང་གནས་ཡིག་ལས། བྱང་ཕྱོགས་གནོད་སྦྱིན་གཏེར་འཆང་རོལ་པའི་ཞིང༔ རྣམ་ཐོས་སྲས་ཀྱི་ཕོ་བྲང་རང་བྱུང་ཤར༔ ས་གཞི་བཀྲ་ཤིས་དུང་དཀར་གཡས་འཁྱིལ་འབུར༔ འཛམ་གླིང་བོད་ཁམས་བཅུ་གཉིས་གསོ་བའི་གཏེར༔ རྒྱལ་པོའི་བླ་གཏེར་སྐུ་གསུང་ཐུགས་ཀྱི་གཏེར༔ འགྲོ་ལ་བདེ་སྐྱིད་རྒྱས་པའི་གཏེར་མཛོད་བཞུགས༔ ཞེས་གསུངས་པ་ལྟར། མདོར་ན་གནས་མཆོག་ཁ་བ་དཀར་གྱི་རྟེན་དང་བརྟེན་པར་བཅས་པའི་ཡོན་ཏན་ཐམས་ཅད་གནས་འདིར་འདུས་པར་གསུངས།
༈ མཐའ་འདུལ་མཆོད་རྟེན། བོད་ཡུལ་ས་གཞི་སྲིན་མོ་གན་རྐྱལ་ལ༔ ས་གནད་མེ་བཙའ་འབུམ་ཕྲག་གདབ་པ་ལས༔ མཐའ་འདུལ་མཆོད་རྟེན་ས་འོག་གཟིར་བ་ཡི༔ དབུ་རྩེའི་སྟེང་ལ་རྡོ་དུམ་ཚོམ་བུ་མངོན༔ ཞེས་བཻ་རོ་ཙ་ན་རྒྱལ་མོ་རོང་དུ་ཕེབས་ཞོར་གནས་འདིར་བྱོན་ནས་ས་གཞི་ཐོག་མར་བཏུལ་ཏེ་མཐའ་འདུལ་གྱི་མཆོད་རྟེན་བཞེངས་པའི་སྟེང་དུ་ད་ལྟར་མཆོད་རྟེན་ཞིག་གསོ་བྱས་པའོ། །
༈ཀུན་མཁྱེན་དམ་གཙང་བྱམས་གསུམ་དང་འབུམ་པ་རྣམ་གསུམ་སོགས་ཀྱི་བླ་རབས་རིམ་བྱོན་གྱི་གདོང་རྟེན་རྣམས་བཞུགས་པ་ལ། གནས་ཡིག་ལས། སྐྱེས་མཆོག་གྲུབ་པའི་རིག་འཛིན་གདུང་རྟེན་གྱིས༔ ཡང་འདུལ་མཆོད་རྟེན་བཀྲ་ཤིས་རྟགས་ཀྱི་གྲངས༔ སྐུ་འབུམ་ཞེས་འབྱུང་ཨོ་རྒྱན་མཁའ་འགྲོའི་གླིང༔ འབྲེལ་ཚད་འབར་བ་གསུམ་གྱི་དངོས་གྲུབ་ཐོབ༔ ཅེས་དང་། སྐུ་འབུམ་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་གནས་སུ་ཡང་གསུངས་སོ། །བསམ་གཏན་སྟེང་གི་བྲག་རི་ལ། གཟུང་སྣང་རྡོ་རྗེ་རིགས་གསུམ་མགོན་པོ་ཡི༔ འབུམ་ཕྲག་ཚོམ་བུར་ཤར་ནས་གནས་ཀྱི་མཆོག༔ བར་དོའི་འཕྲང་གི་ལས་ངན་སྦྱངས་པའི་ཕྱིར༔ ཐུགས་རྗེའི་སྟབས་ཀྱི་བྲག་ལ་བཀོད་པ་ཤར༔ དད་མོས་ཅན་གྱི་འཕྲང་དེར་བགྲོད་པས་ན༔ བར་དོའི་འཇིགས་པ་གྲོལ་ནས་ཐར་ལམ་རྙེད༔ དེའི་འོག་ལ་རྡོ་རྗེ་ཁྲོས་པ་འཆོལ་བའི་གྲོང་ཁྱེར་ན༔ ཁམས་གསུམ་ཟིལ་གནོན་དབང་དྲག་ཧེ་རུ་ཀ༔ སྒྲོལ་ཡུམ་སྟག་མོ་དང་བཅས་རང་བྱོན་གསལ༔ འབར་བ་ཆེན་པོའི་སྒྲོལ་གིང་ལས་བྱེད་རྣམས༔ གཟུང་སྣང་བྲག་འབུར་རྔམ་བརྗིད་སྤུངས་སེ་བཞུགས༔ ཧཱུྃ་དང་ཧ་རི་ནི་ས་ཕཊཿརང་བྱོན༔ ཁ་ཊྭཱཾ་རྡོ་རྗེ་ཕུར་པའི་རི་མོ་ཤར༔ རྗེ་འབངས་གྲོགས་གསུམ་ཕྱག་རྗེས་ལྷན་ཅིག་ཏུ༔ གནས་དེར་ཞབས་ཀྱིས་བཅགས་པའི་དགེ་མཚན་ཤར༔ རྟ་ཕྱག་སྒང་གི་དེའུ་འབུར་ལ་སྒང་དེར་ས་ཡི་བཅུད་འཕེལ་དབྱིག་གཏེར་སྦས༔ མ་ཎི་རང་བྱོན་རྡོ་རྗེ་རི་མོ་གསལ༔ཞེས་དང་། དེའི་ཟུར་དུ་དཔལ་ལྡན་ལྷ་མོའི་དྲིལ་རྗེས་དང་ལྷ་མོ་རྨ་བྱ་ཆེན་མོའི་རང་བྱོན་ཡང་གསལ་བར་བཞུགས། མེ་ལོང་སྟེམས་དང་རྩྭ་བཀག་ཕྱོགས་སྤང་རི་ཁྱོན་ཡངས་སྤོས་རི་ངད་ལྡན་གནས༔ དྲེགས་པ་དབང་སྡུད་དཔལ་སེང་ཞབས་རྗེས་དང༔ གྲུབ་པའི་རིག་འཛིན་དུ་མའི་ཞབས་རྗེས་བཞུགས༔ མཁའ་འགྲོ་འབུམ་གྱི་བདེ་ཆེན་གར་སྟབས་ཀྱི༔ ཕྱོགས་ཀུན་བྲག་ལ་ཞབས་ཀྱི་རྗེས་ཀྱང་གསལ༔ གསེར་ཉ་རང་བྱུང་གཡུ་སྒྲའི་སྒོམ་ཐག་རྗེས༔ དཔལ་རྡོར་ཕྱག་རྗེས་ཨ་ཡིག་རང་བྱུང་དང༔ ཨོཾ་ཡིག་རང་བྱོན་རྫུ་འཕྲུལ་རྟ་ཡི་རྗེས༔ ཞེས་རྟ་རྗེས་ནི་ཀརྨ་པ་ཀཿཐོག་ཏུ་རབ་བྱུང་སྒྲུབ་པར་བྱོན་དུས། ཀཿཐོག་གི་ས་གནས་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་ཤ་སྟག་ལས་ས་རྡུལ་གྱི་རྣམ་པ་ཡེ་མ་གཟིགས་ནས་ཀརྨ་པ་ཕར་ཀའི་རི་ལ་འཕུར་བའི་སྐུ་རྗེས་དང་ཆིབས་རྟས་ཕྱག་ཕུལ་བས་རྟའི་རྗེས་བཅས་གསལ་བར་བཞུགས།
༈ དུང་དཀར་གཡས་སྐུ་འབུམ་ཞབས་ཕྱོགས། དེ་ཡི་གཡས་ཕྱོགས་མི་མངོན་ཉེ་བ་ན༔ དྲི་བཟང་སྨན་དང་ཤིང་སྣ་གཏིབ་པའི་ཚལ༔ རྡོ་རྗེ་ཕག་མོའི་སྒྲུབ་གནས་ཁྱད་འཕགས་པ༔ མཐོང་བས་ཉམས་དང་ཡིད་སྤྲོ་འཕེལ་བ་ཡོད༔ མ་ཡིག་རང་བྱོན་ནུས་འབྱིན་ས་ལེ་དང༔ བལ་མོ་ཅི་ལ་ཅི་པའི་ཕྱག་མཛུབ་རྗེས༔ མ་རྒྱུད་མཁའ་འགྲོའི་སྒྲུབ་ཐབས་རྣམ་པ་གསུམ༔ ཁྱད་པར་བཟོ་ཁྱད་ལྕགས་ཀྱི་ཕག་མོ་དང༔ ནུས་འབྱིན་ས་ལའི་མགོ་རྒྱན་ཡོངས་རྫོགས་སྦས༔ ཕག་མོའི་གྲུབ་ཆུ་སྦས་པའི་ཚུལ་དུ་ཡོད༔ ཅེས་དང་། དེ་ཡི་འོག་ཏུ་ཁྲོས་མ་ནག་མོ་ནི༔ དྲག་ལ་འཚུབ་པ་བྲག་ནག་རྔམ་ཞིང་བརྗིད༔ འཕྲུལ་གྱི་གཏེར་ཁ་གཉིས་དང་ནོར་གཏེར་གཅིག༔ གཞན་ཡང་གཏེར་དང་རང་བྱོན་དཔག་ཏུ་མེད༔ ཅེས་དང་། མགོན་པོ་བྱ་རོག་གདོང་ཅན་རང་གྲུབ་སྐུ༔ ཁྱབ་འཇུག་རྭ་ཧུ་ལ་ཡི་སྐུ་རང་བྱོན༔ དམ་ཅན་ར་ཆིབས་ར་རྗེས་སྲུང་མ་རྣམས༔ བཀའ་ཉན་ཐ་ཚིག་དམ་བཞག་ཐ་ཡིག་གསལ༔ བདུད་རྩི་འཐོར་རྗེས་བྲག་ལ་ཕྱག་རྟགས་ཤར༔ ཞེས་གསུངས་པ་རྣམས་ཀྱི་མཚན་ཙམ་སྨྲོས་པ་སྟེ་རྒྱས་པར་གནས་ཡིག་དང་མདོ་བྱང་ཆེན་མོ་སོགས་ལས་ཤེས་པར་བྱའོ། །
༈བཞི་པ་མཐུས་གྲུབ་པ་ཞེས་གནས་འདིར་འབྲེལ་ཚད་ལ་འདི་ཕྱི་གཉིས་ལ་ཕན་ཡོན་ཇི་ལྟར་ཐོབ་ཚུལ་བཤད་པ་ལ། དང་པོ་གནས་འདི་ལ་དད་མོས་ཐོབ་པའི་ཕན་ཡོན་ནི། གནས་ཡིག་ལས། དད་པ་ཅན་གྱི་སྐྱེ་འགྲོའི་ཚོགས་རྣམས་ཀྱི༔ གནས་འདིར་འབྲེལ་པ་ཐོབ་པ་ཙམ་གྱིས་ཀྱང༔ སྣང་བ་འགྱུར་ཞིང་བློ་སྣ་མོས་པར་འགྱུར༔ མོས་གུས་ཆེན་པོས་རྩེ་གཅིག་གསོལ་བཏབ་ན༔ བྱིན་རླབས་ཞུགས་ཤིང་ཉམས་རྟོགས་ཡེ་ཤེས་འཆར༔ ཚོགས་ཀྱི་མཆོད་པ་ཙམ་ཡང་ཕུལ་བ་ཡིས༔ ཐུན་མོང་དངོས་གྲུབ་རྩོལ་བ་མེད་པར་འབྱུང༔ ཞེས་སོ། །
༈ གཉིས་པ་མཐོང་ཐོས་དྲན་པའི་ཕན་ཡོན་ནི། མཐོང་བས་ཡིད་འཕྲོག་ཞིང་ལ་དགའ་བ་སྟེར༔ དང་བའི་དད་པ་སྐྱེ་བས་སྒྲིབ་པ་བྱང༔ ཐོས་པས་སྣང་བ་འགྱུར་ཞིང་འདོད་བློ་ཞིག༔ བློ་སྣ་ལྕགས་ཀྱུས་དྲངས་བཞིན་ཆོས་ལ་བསྒྱུར༔ དྲན་པས་ཐུགས་རྗེའི་རྒྱུད་བསྐུལ་བྱིན་རླབས་འཇུག༔ འཁོར་བ་མཐའ་མེད་ཐར་པའི་དགེ་སེམས་སྐྱེ༔ རེག་པས་བརྐྱང་ཕྱག་འཚལ་ཞིང་སྡིག་སྒྲིབ་དག༔ འཁོར་ལོས་སྒྱུར་བ་གྲངས་མེད་བསོད་ནམས་ཐོབ༔ ཅེས་དང་། གནས་འདིའི་རྩྭ་མཆོག་མྱོང་གྲོལ་ཀུན་བཟང་འཁྲུངས༔ ཆུ་ནི་བདུད་རྩི་ཆོས་ཉིད་ལྷུང་གྲོལ་འབབ༔ སྲོག་ཆགས་རི་དྭགས་གཡུང་དག་གཉིས་སྐྱེས་སོགས༔ རྒྱུན་གནས་སྤྱོད་ཚད་འཆི་དུས་མཁའ་སྤྱོད་འཕོ༔ ཤེས་ལྡན་མི་ཡི་འགྲོ་བ་སྨྲོས་ཅི་དགོས༔ རྡོ་རྗེ་སེམས་དཔའ་དབུགས་འབྱུང་ཐར་པ་ཐོབ༔ འཆི་དུས་འཇའ་འོད་གུར་ཕུབས་མཁའ་འགྲོས་བསུ༔ རིག་འཛིན་རྣམས་ཀྱི་ལམ་སྣ་དྲངས་བར་འབྱུང༔ རྣལ་འབྱོར་གདུང་ལ་འཇའ་འོད་སྣང་ལ་ཟུག༔ རིང་བསྲེལ་འབྱུང་ནས་སྐྱེ་འགྲོའི་མཆོད་སྡོང་འགྱུར༔ ཞེས་སོ། །
༈གསུམ་པ་གནས་འདིར་སྒྲུབ་པའི་འབྲས་བུས་གཞན་ལས་ཁྱད་པར་འཕགས་པའི་ཕན་ཡོན་ནི། གནས་ཀྱི་གང་ཟག་བྱིན་གྱིས་བརླབས་པའི་མཐུས༔ ཏིང་འཛིན་དྲོད་སྐྱེ་ནུས་པའང་འབུམ་དུ་འགྱུར༔ རྩ་གསུམ་བསྙེན་ཅིང་སྒྲུབ་པས་དངོས་གྲུབ་ཐོབ༔ ཁྱད་པར་ཕུར་པའི་སྒྲུབ་གནས་མཆོག་ཡིན་པས༔ མྱུར་དུ་ཞལ་གཟིགས་དགོངས་བརྒྱུད་ཡེ་ཤེས་འཕོ༔ རྡོ་རྗེ་གཞོན་ནུའི་ཐུགས་དང་གཉིས་མེད་འགྱུར༔ ཚོམ་བུ་ཚོགས་སྒྲུབ་ཉེར་རྒྱུའི་སྤྱོད་པ་ཡིས༔ མཐོང་བའི་བསམ་སྦྱོར་གཞན་ཕན་ཕྲིན་ལས་ཀྱིས༔ རྟེན་ལ་རབ་གནས་གནས་ཆེན་བྱིན་འབེབས་དང༔ ཚོགས་ཀྱི་འཁོར་ལོ་ཚིམས་པ་དྲུག་ལྡན་གྱིས༔ ཕྱི་ནང་གསང་བའི་སྒྱུ་འཕྲུལ་རྟེན་འབྲེལ་འགྲིགས༔ ཁྲག་འཐུང་རྡོ་རྗེའི་གར་དང་དགྱེས་པའི་གླུ༔ བརྟུལ་ཞུགས་སྤྱོད་པའི་ལས་བཞིའི་ཕྲིན་ལས་ཀྱིས༔ མཐའ་དམག་ཕྱིར་ཟློག་ཀླ་ཀློའི་འཚེ་བ་གཞོམ༔ རྒྱལ་བསྟན་དར་ཞིང་རྒྱས་ནས་ཡུན་དུ་གནས༔ ཞེས་དང་། མདོ་བྱང་ལས། ཚོགས་འཁོར་གཅིག་གིས་བསོད་ནམས་རྒྱུ་ཚོགས་རྫོགས༔ སྒོམ་སྒྲུབ་གཅིག་གིས་འབྲས་བུས་ཡེ་ཤེས་ཚོགས༔ ཚོགས་གཉིས་ཟུང་འཇུག་དུས་གཅིག་རྫོགས་པར་འགྱུར༔ གནས་འབྲེལ་ཐོབ་ཚད་པདྨ་འོད་དུ་སྐྱེ༔ སྒྲུབ་པ་གང་བྱས་མི་འགྲུབ་གཅིག་ཀྱང་མེད༔
༈ བཞི་པ་བསྐོར་བ་དང་ཕྱག་མཆོད་ཕན་ཡོན་ནི། མདོ་བྱང་ལས། གང་ཞིག་ཀཿཐོག་འཁོར་ལོ་ལྔ་ལྡན་གྱི༔ གནས་མཆོག་འདི་ལ་དད་མོས་སུས་བྱས་པ༔ གནས་སྐབས་རྐྱེན་རྣམས་ངང་གིས་སེལ་བར་འགྱུར༔ ནང་བསྐོར་གཅིག་གི་ཕན་ཡོན་བསྟན་པ་ནི༔ གྲངས་ལ་གཞལ་ན་སིདྡྷི་དུང་ཕྱུར་གསུམ༔ ཚད་ལ་གཞལ་ན་རྒྱལ་བ་ཐམས་ཅད་ལ༔ མཉེས་པའི་མཆོད་པ་དུས་གཅིག་བྱས་པ་བས༔ དད་མོས་བརྟན་པོས་སྐོར་བ་གཅིག་བྱེད་ལྷག༔ ཕྱག་དང་མཎྜལ་ཚོགས་སྐོང་མཆོད་སྒྲུབ་སོགས༔ དགེ་བ་གང་བྱས་གནས་མཆོག་གཞན་ལས་ཀྱང༔ ཁྱད་པར་འཕགས་པའི་བསོད་ནམས་བདུན་འགྱུར་ཆེ༔ བར་བསྐོར་གཅིག་གི་ཕན་ཡོན་བསྟན་པ་ནི༔ གྲངས་ལ་གཞལ་ན་སིདྡྷི་དུང་ཕྱུར་བདུན༔ ཚད་ལ་གཞལ་ན་སྟོང་གསུམ་གསེར་གྱིས་བཀང༔ མཆོད་པ་ཕུལ་ཞིང་སྦྱིན་པ་བཏང་བ་བས༔ གནས་མཆོག་འདི་ལ་ཕྱི་བསྐོར་གཅིག་གི་འཕགས༔ གསང་བསྐོར་རྡོ་རྗེའི་རྫོང་རིང་ལན་གཅིག་འགྲིམ༔ སྐྱེ་བ་གསུམ་དུ་ངན་སོང་གནས་མི་ལྟུང༔ མཐོ་རིས་ལྷ་མིའི་ལུས་རྟེན་ཐོབ་པར་འགྱུར༔ཞེས་དང་། གནས་ཡིག་ལས། གནས་འདིར་བསྐོར་བའི་ཕན་ཡོན་ཚད་མེད་ཀྱང༔ ཚད་ལ་སྦྱར་ན་སྟོང་གསུམ་རབ་འབྱམས་ཀྱི༔ ཞིང་ཁམས་དག་པ་ཇི་སྙེད་བཞུགས་པ་ལ༔ དེ་སྙེད་བསྐོར་དང་བསམ་པ་དག་པ་མཉམ༔ གྲངས་ལ་སྦྱར་ན་མ་ཎི་དུང་ཉེར་ལྔ༔ འདོན་པའི་ཕན་ཡོན་ལྷག་བསམ་དག་པས་མཉམ༔ དངོས་པོའི་བསོད་ནམས་སྟོབས་ལ་སྦྱར་ན་ནི༔ སྟོང་གསུམ་གསེར་གྱིས་བཀང་ནས་བཀོད་ལེགས་པ༔ དག་པའི་ཞིང་ལ་ཕུལ་བའི་བསོད་ནམས་དང༔ མི་ལུས་དལ་འབྱོར་ནོར་བུས་བསྐོར་བ་མཉམ༔ རྒྱུད་ལ་སྦྱར་ན་གྲངས་མེད་ཚོགས་བསགས་དང༔ དགེ་བའི་ས་བོན་རྒྱུད་ལ་བཞག་པ་མཉམ༔ ཕྱག་མཆོད་བསྐོར་བས་ལུས་ཀྱི་སྒྲིབ་པ་དག༔ དེས་ནི་བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱང་བཟློག་པར་ནུས༔ མེ་ཏོག་མར་མེ་མཎྜལ་མཆོད་སྤྲིན་གྱིས༔ བསོད་ནམས་ཚོགས་ཀྱི་འབྲས་བུས་ཡེ་ཤེས་འཕེལ༔ བསང་དང་གསེར་སྐྱེམས་ཕུལ་དང་ཟབ་མོའི་ཆོས༔ མདོ་སྔགས་བཀའ་བསྒྲགས་སྙིང་པོ་གཟུངས་བཟླས་ན༔ ཕ་རོལ་བྱད་ཟོར་གཏད་ཁྲམ་བཟློག་པ་དང༔ སྲི་དང་རྐེག་ངན་འདྲེ་བགེགས་བདུད་ལས་རྒྱལ༔ཞེས་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེའི་དག་སྣང་ལས། ཕྱི་བསྐོར་གཅིག་ལ་ནང་བསྐོར་སོ་ལྔ་འགྲོ། །ཕྱི་བསྐོར་གསུམ་ལ་ནང་བསྐོར་བརྒྱ་རྩ་འགྲོ། །བསྐོར་ལམ་རྒྱ་བསྐྱེད་བྱས་ན་བསོད་ནམས་ཆེ། །བསྐོར་ལམ་བསྟུང་ན་བསོད་ནམས་འགྲིབ། །ཅེས་དང་། ཡང་། བསྐོར་ཚད་ལ་ལས་དག་ན་བསྐོར་བ་རེ་ལ་འབུམ་ཐེར་འགྱུར་བར་གསུངས།
༈ གནམ་ཆོས་མི་འགྱུར་རྡོ་རྗེས་བསྐོར་བ་རེ་ལ་འབུམ་ཐེར་བཞི་རེ་འཕེལ་བར་གསུངས། ཡང་བདུད་འདུལ་རྡོ་རྗེས་དབང་པོ་རབ་ཀྱིས་བསྐོར་བ་བཅུ་གཉིས་དང་གཞན་གྱི་དུང་གཅིག་བསོད་ནམས་མཉམ་པར་གསུངས། ཆོས་པ་ཚད་ལྡན་གྱིས་བསྐོར་བ་ཉེར་ལྔ་དང་གཞན་གྱིས་བསྐོར་བ་དུང་མཉམ། གང་ཟག་སྡིག་མེད་ཅིག་གིས་བསྐོར་བ་སོ་གཉིས་དང་གཞན་གྱི་དུང་འདྲ། སྡིག་པོ་ཆེ་བསྐོར་བ་དུང་གཅིག་དང་གཞན་གྱིས་སུམ་བརྒྱ་འདྲ། གདོན་ནད་ཅན་གྱིས་མགོན་ཁང་འབུམ་ཐེར་བསྐོར་ན་ནད་ཞི་བར་གསུངས། ཡང་མགོན་ཁང་གི་བསྐོར་བ་རེ་དང་ལྷ་སའི་ཇོ་ཁང་གི་བསྐོར་བ་རེ་འདྲ་བར་གསུངས་སོ། །
༈ ལྔ་པ་ཁྱད་པར་དུ་གནས་འདུས་ཡོས་ལོར་ཤར་དུས་ཀྱི་ཕན་ཡོན་བཤད་པ་ནི། མདོ་བྱང་ལས། ཁྱད་པར་གནམ་ལོ་ཡོས་ལོ་ནམ་ཤར་ཚེ༔ གནས་ཡུལ་ཀུན་གྱི་རྩ་གསུམ་དཔའ་བོ་དང༔ མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་འདུ༔ ཡོས་ཀྱི་ཟླ་བར་ཚེས་བཅུ་ནམ་ཤར་དང༔ ཚེས་གཅིག་ཚེས་ལྔ་ཚེས་བརྒྱད་བཅོ་ལྔ་ལ༔ དགེ་བ་གང་བྱས་འབུམ་འགྱུར་བསོད་ནམས་ཆེ༔ ཞེས་གསུངས་སོ། །
༈ དྲུག་པ་མཐར་ཐུག་གི་ཕན་ཡོན་ནི། མདོ་བྱང་ལས། ཁྱད་པར་འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གནས༔ ཁྲེགས་ཆོད་གཞི་དང་ཐོད་རྒལ་ལམ་བསྒོམ་ན༔ མི་ལོ་བདུན་ན་འཇའ་ལུས་ངེས་པར་འགྲུབ༔ ཚེ་འདིར་བྱང་ཆུབ་མཆོག་གི་ལམ་བགྲོད་ཞིང༔ ཕྱི་མ་ཕྱག་རྒྱ་ཆེན་པོ་ཐབས་མཆོག་གི༔ དངོས་གྲུབ་འབྲས་བུ་ངེས་པར་ཐོབ་ནུས་པ༔ གནས་ཀྱི་རྒྱལ་པོ་འདི་ཉིད་ཁོ་ན་ཙམ༔ རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར༔ གཞན་ཡང་ལོ་རྒྱུས་ཕན་ཡོན་བརྗོད་མི་ལངས༔ ཞེས་གསུངས་སོ། །
དེ་ལྟར་ཀཿཐོག་རྡོ་རྗེ་གདན་གྱི་གནས་ཀྱི་ཆགས་ཚུལ་ཕྱོགས་ཙམ་བྲིས་པ་འདི་ནི་གནས་ཀྱི་མདོ་བྱང་ཆེན་མོ་གསང་སྔགས་གླིང་པའི་གཏེར་མ་དང་། གནས་ཡིག་རིན་ཆེན་སྙིང་པོ་འགྲོ་འདུལ་སྟོབས་ལྡན་གླིང་པའི་གཏེར་མ་གཉིས་ལས་ཇི་ལྟར་གསུངས་པ་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེའི་དག་སྣང་སྐོར་སོགས་སྔོན་ནས་གྲགས་པའི་ལོ་རྒྱུས་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ལས་ཁོ་བོ་ཅག་གིས་མི་གཞན་སུས་ཀྱང་མ་ཤེས་པའི་ལོ་རྒྱུས་གསར་པ་ཞིག་བྲིས་པ་མ་ཡིན། འོན་ཀྱང་ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་གསུང་གནས་ཡིག་ཕྱོགས་བསྒྲིགས་ཤིག་བཞུགས་པ་དེའི་དཔེ་རྒྱུན་མ་རྙེད། ད་ལྟ་གནས་ཀྱི་ངོ་སྤྲོད་ཕལ་བའི་ངག་རྒྱུན་ཁོ་ན་ལས་གནས་ཡིག་དངོས་དང་མཐུན་པར་ཡིད་རྟོན་རུང་བ་ཉིན་སྐར་ལས་ཀྱང་དཀའ་བར་མཐོང་ནས་ཕྱིས་འབྱུང་གསར་བུ་རྣམས་ལ་དད་པ་འཕེལ་བའི་རྐྱེན་དུ་འགྱུར་བར་སྲིད་དམ་སྙམ་ནས། སྔོན་ཀཿཐོག་ཕྱག་ཚ་རིན་པོ་ཆེ་པདྨ་ཕྲིན་ལས་རྒྱ་མཚོ་གནས་གཟིགས་སུ་ཕེབས་སྐབས་མཁན་ཆེན་རྡོ་རྗེ་འཆང་ལེགས་བཤད་འབྱོར་ལྡན་དང་ཀཿཐོག་སི་ཏུའི་ཡོངས་འཛིན་བླ་མ་དཔལ་འབྱོར་སོགས་ཀྱི་ངོ་སྤྲོད་མཛད་སྐབས་ཁ་ཤས་རང་གི་ཡིད་ལ་ངེས་པ་རྣམས་སྐྱེས་ཟུར་བརྒྱན་ཏེ་ཕྱོགས་གཅིག་ཡི་གེར་བཀོད་པའོ། །འདིར་སྨྲས་པ། གངས་རིའི་ཕྲེང་བས་རབ་མཛེས་ས་ལའི་ལྗོངས། །རྒྱལ་བའི་དབང་པོ་མཚོ་སྐྱེས་རྒྱལ་བ་ཡིས། །ས་ལ་མཁའ་སྤྱོད་རྡོ་རྗེའི་གྲོང་བཀོད་པ། །འཁོར་ལོ་ལྔ་ལྡན་ཀཿཐོག་རྡོ་རྗེ་གདན། །ཕྱི་ལྟར་རིན་ཆེན་རྡུལ་བརྩེགས་མངོན་མཐོ་བརྗིད། །སྲ་མཁྲེགས་རྡོ་རྗེའི་བྲག་རི་རྣམ་པར་བཀྲ། །སྨན་ཤིང་ཚལ་ཆེན་ར་བས་ཀུན་ཏུ་དཀྲིས། །བཀྲ་ཤིས་བྱིན་ཆགས་ས་སྤྱོད་འོག་མིན་ཞིང་། །པད་སྡོང་ལས་འཁྲུངས་པདྨ་སྟོན་འཁོར་དང་། །འཇམ་དཔལ་རྡོ་རྗེ་སྤོབས་པ་མཐའ་ཡས་པ། །འཇའ་ལུས་སྐུ་གཤེགས་འབུམ་ཕྲག་རིག་འཛིན་གྱིས། །གསང་གསུམ་རྡོ་རྗེའི་རོལ་རྩལ་བབས་པ་ལས། །གསང་ཆེན་ཆུ་ཀླུང་འབུམ་ཕྲག་འཁྱིལ་བའི་བཅུད། །ངོམས་མེད་བཏུང་བའི་སྐལ་ལྡན་མགྲོན་དུ་གཉེར། །ཐོས་བསམ་སྒོམ་པའི་རྦ་རླབས་ཆེར་ཕྱུར་བས། །ངེས་གསང་ཆར་སྤྲིན་གཡོ་བའི་དབྱར་ལྔ་ལྡིར། །དུས་ཀྱི་མཐར་ཡང་རྒྱལ་བའི་ཕྲིན་ལས་ཀྱི། །བཤད་སྒྲུབ་སྣང་བ་འགོགས་མེད་འཆར་བའི་གཟི། །ལུང་རྟོགས་ཡོན་ཏན་ཁུར་ལྕིའི་དགེ་འདུན་སྡེ། །མི་ནུབ་ངོ་མཚར་ཉིན་བྱེད་ནུབ་མེད་གསལ། །རྙེད་དཀའི་རྟེན་བཟང་འདིར་སྣང་ལྟོ་གོས་ཀྱི། །དགྲ་ལ་མི་བསྐྱེལ་འདུ་འཛི་ཟིན་མེད་ཀྱི། །གཡུལ་བཅོམ་མཆོག་ཤེས་འབྱོར་པས་གནས་འདི་ལ། །རྣམ་པར་དཀའ་བའི་ཕྱག་བསྐོར་མཆོད་ལ་རེམ། །དགེ་དེས་གྲུབ་འབྲས་ནོར་བུས་བལྟམས་པའི་མཛོད། །མཐོང་ཐོས་དྲན་རིག་འབྲེལ་ཚད་དོན་ལྡན་ཕྱིར། །ཚོགས་གཉིས་རྒྱ་མཚོའི་རླབས་ཕྲེང་ཆེར་འཕེལ་ནས། །རང་གཞན་དོན་གཉིས་དཔལ་ཡོན་རྒྱས་གྱུར་ཅིག །ཅེས་འདི་ལྟར་སྔོན་ནས་འབྲི་འདུན་ཡོད་ཀྱང་ཕྱིར་འགྱངས་ཤོར་བ་ལ་རྒྱལ་བ་ཀཿཐོག་པའི་བཤད་སྒྲུབ་ལས་གསུམ་གྱི་བསྟན་པའི་ཁུར་འཛིན་མཆོག་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས་ཡང་ཡང་བཀའ་བསྩལ་གནང་བར་བརྟེན། བཏང་སྙོམས་སུ་མ་བྱས་པ་དམ་པ་གོང་མའི་གསུང་སྒྲོས་དང་བསྟུན་ནས་གནས་ཡིག་སྔ་ཕྱི་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་པོ་ནི། སངས་རྒྱས་དངོས་དང་ཐ་མའི་དད་པའི་སྐྱེས་མཆོག་མང་པོའི་ཞལ་གྱི་བདུད་རྩི་མྱོང་ཡང་འདུ་འཛི་དང་སྙོམས་ལས་ཀྱིས་དུས་འདའ་བས། རྒྱུན་པར་རང་རྒྱུད་དུག་ལྔའི་མེ་འོབས་སུ་གནས་པ་ཆོས་མིང་ཐུབ་བསྟན་འཇམ་དབྱངས་ལེགས་བཤད་སྨྲ་བའི་ཉི་མ་ཞེས་པའི་མིང་གི་ཅོད་པན་ཐོབ་པ་དེས།ཤར་རྒྱལ་བ་ཀཿཐོག་པའི་ཉིན་རི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་གི་གཡས་ཟུར་སྒྲུབ་ཁང་བདུད་ལས་རྣམ་པར་རྒྱལ་བའི་ཁང་ཆུང་དུ་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་གླང་གི་ལོར་ནག་པ་ཟླ་བའི་དམར་ཕྱོགས་རྫོགས་པ་དང་པོའི་ཉིན་ལ་ལེགས་པར་གྲུབ་པ་དགེའོ། །མངྒཱལཾ། །
༈ཨེ་མ་ཧོ༔ཕུལ་བྱུང་རྙེད་དཀའ་ཨུ་དུམ་ཝ་རའི་ཚུལ༔བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་བྱའི་ཞིང༔ སྒྲོན་མེའི་བསྐལ་པ་ཁྱད་པར་འཕགས་པ་ཡང༔ ཐུགས་བསྐྱེད་པདྨ་དཀར་པོའི་འབྲས་བུ་ནི༔གཟིགས་པ་རྣམ་ལྔས་འཛམ་གླིང་འཕགས་ཡུལ་དུ༔ཤཱཀྱའི་རྒྱལ་པོའི་སྲས་མཛད་ཉི་མའི་གཉེན༔འཁོར་བ་སྒྱུ་མར་རོལ་རྩེད་ཐབས་ཀྱིས་སྤངས༔ ཆགས་བྲལ་ངུར་སྨྲིག་རྒྱལ་མཚན་སྲིད་ན་མངོན༔ དཀའ་བ་སྤྱད་པའི་རྡོ་རྗེའི་སྐུ་མཆོག་ལ༔བཀྲ་ཤིས་བཅུད་གསོལ་འཛམ་བུའི་ཆུ་གསེར་བཞིན༔ འོད་ཀྱིས་བརྒྱན་པའི་བྲལ་སྨིན་ཡོན་ཏན་གྱི༔ བདུད་དཔུང་ཉུལ་ནས་དོན་གཉིས་མཐའ་རུ་ཕྱིན༔ འཁོར་ལོ་གསུམ་གྱི་ཡང་དག་ལམ་ལ་དྲངས༔ བསྟན་པའི་གཞི་མ་གཙུག་ལག་ཁང་བརྩིགས་ནས༔ ཕྱོགས་ཀྱི་དགེ་འདུན་འདུས་པ་ཚོགས་ཀྱི་མཆོག༔ རིགས་ཅན་གསུམ་གྱི་ལམ་ལ་སྦྱང་བསྒྲོད་ཀྱི༔ རང་འབྲས་རྙེད་པའི་བསྟན་པ་ཕྱོགས་བཅུར་སྤེལ༔ དར་ཞིང་རྒྱས་ནས་ཡུན་དུ་གནས་པར་མཛད༔ རྡོ་རྗེ་ཐེག་པ་གསང་ཞིང་གསུངས་པ་ཡང༔ ཡོངས་སུ་མ་གྲགས་ཕྱིས་ནས་འབྱུང་བ་གསུངས༔ བསོད་ནམས་བཀོད་པ་བསྐུལ་ནས་མ་འོངས་དུས༔ མཐའ་ཡས་དབང་པོ་པདྨ་ལུང་ཅན་པ༔ སིནྡྷུ་རོལ་པའི་མཚོ་གླིང་པད་སྡོང་གི༔ ཨུ་དུམ་ཝ་རའི་གེ་སར་བཞད་པའི་སྟེང༔ མཚོ་སྐྱེས་རྡོ་རྗེ་སྐུ་འཁྲུངས་སྤྱན་དྲངས་ནས༔ ཨིནྡྲ་བྷོ་དྷིས་སྲས་ཀྱི་བསྐལ་པ་མཛད༔ སྲིད་ན་མངོན་མཐོ་རྒྱལ་སྲིད་མངའ་གསོལ་ནས༔ དབང་བསྒྱུར་པདྨ་རྒྱལ་པོས་ཐབས་ཀྱིས་སྤངས༔ བསིལ་བ་ཚལ་དུ་བརྟུལ་ཞུགས་སྤྱོད་པ་མཛད༔ མཁའ་འགྲོ་དབང་བསྡུས་དྲེགས་པ་བྲན་དུ་བཀོལ༔ རིག་འཛིན་པཎ་གྲུབ་མཆོག་རྣམས་ཞབས་སེན་བརྟན༔ ཟབ་བཅུད་གདམས་པས་བཀའ་ཡི་བསྐོར་གླིང་གི༔ ཤེས་རབ་གསུམ་གྱི་ཆོས་ཀྱི་སྒྲོ་འདོགས་བཅད༔ སྨྲ་བའི་དབང་ཕྱུག་བློ་ལྡན་མཆོག་སྲེད་ཅེས༔ པྲ་བྷ་ཧ་སྟིའི་ངུར་སྨྲིག་རྒྱལ་མཚན་གསོལ༔ མཁྱེན་བརྩེའི་འོད་སྟོང་ཤཱཀྱ་སེང་གེའི་སྒྲས༔ ཕྱི་རོལ་བརྒོལ་བའི་བྱེད་པོ་དཔའ་ཟིལ་ཕབས༔ འཕགས་ཡུལ་རྒྱལ་བསྟན་གསལ་བྱེད་ཉི་མ་བཞིན༔ ལེགས་སྐྱོང་འགྲོ་བའི་དཔལ་མགོན་འཛམ་གླིང་བརྒྱན༔ རི་བོ་ཏཱ་ལར་ཚེ་ཡི་རིག་འཛིན་འགྲུབ༔ འཆི་མེད་པདྨ་ཟ་ཧོར་ཡུལ་དུ་བྱོན༔ ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་ཡང༔ པདྨ་སམ་བྷས་མེ་དཔུང་མཚོ་རུ་བསྒྱུར༔ རྒྱལ་ཁམས་སྐྱེ་འགྲོ་བྱང་ཆུབ་ལམ་ལ་བཀོད༔ དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་བཟུང༔ དཔལ་ཆེན་གྲུབ་བརྙེས་མཁའ་འགྲོ་ཆོས་སྐྱོང་ཚོགས༔ འཁོར་གྱིས་བསྐོར་བའི་ཉི་མ་འོད་ཟེར་གྲགས༔ རྒྱ་གར་ལྷོ་ཕྱོགས་མུ་སྟེགས་རྩོད་པ་བཟློག༔ ངན་སྔགས་ཅན་རྣམས་གནམ་ལྕགས་ཐོག་གིས་བསྒྲལ༔ བདུད་ཀྱི་གཤེད་ཆེན་དཔའ་བོ་སེང་གེ་སྒྲ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ ཐུགས་མཆོག་གྲུབ་པས་བར་ཆད་བདུད་བགེགས་རྣམས༔ རྡོ་རྗེ་ཕུར་བུས་བསྒྲལ་ནས་ཆེ་རྟགས་བརྙེས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ གངས་ཅན་གདོང་དམར་སྲིན་པོའི་ཡུལ་གླིང་དུ༔ འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི༔ ཕོ་ཉས་བསྐུལ་ནས་འདུལ་ཞིང་མཆོག་ཏུ་གཟིགས༔ དད་མོས་འཛམ་བུའི་ཆུ་གསེར་རྒྱལ་མཚན་རྩེར༔ ཡིད་བཞིན་དབང་རྒྱལ་གུ་རུ་པདྨ་འབྱུང༔ སྣང་སྲིད་ཟིལ་གནོན་ཆེན་པོའི་ཕྱག་རྒྱར་མངོན༔ རྒྱལ་བསྟན་གསལ་བའི་ཉི་མ་ཕྱོགས་ཀུན་ཏུ༔ ཕྲིན་ལས་ཁྱབ་པའི་བདག་ཉིད་ལྷག་པར་བྱོན༔ རྩུབ་འགྱུར་ནག་ཕྱོགས་ཁ་དར་བར་ཆད་སྡང༔ མི་འཇིགས་དཔའ་བོ་སྲིད་གསུམ་བདུད་ལས་རྒྱལ༔ སྣང་སེམས་འཁྲུལ་བའི་ལྷ་སྲིན་སྲོག་འཕྲོག་གི༔ འཇིགས་བྱེད་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔ གདུག་ཅན་བཏུལ་བའི་ཕྲིན་ལས་བསྐུར་བཞེངས་ནས༔ ཡེ་ཤེས་ཧཱུཾ་ལྔའི་ང་རོས་དབང་དུ་བསྡུས༔ དཔའ་ཟིལ་ཕབས་ནས་འདའ་དཀའི་ཐ་ཚིག་བསྒྲགས༔ སྣང་སྲིད་གནས་ལུགས་མྱང་འདས་འོད་ལྔའི་ཀློང༔ སྟོང་སྲོག་མངོན་ཕྱུང་རང་རིག་དཔལ་ཆེན་པོ༔ ཕྱི་གསལ་དམ་ཚིག་རྡོ་རྗེའི་རྒྱ་ཡིས་གདན༔ ཅི་བཅོལ་ཉན་པའི་བྲན་གྱི་ཚུལ་དུ་བཀོད༔ བསམ་ཡས་གཙུག་ལག་ཁང་བཞེངས་སྒྲ་བསྒྱུར་གྱི༔ ལོ་ཙཱ་ཆོས་ཀྱི་ཉི་མས་མུན་པ་བསལ༔ ཚོགས་མཆོག་འདུས་པའི་དབུས་ན་ཞི་བ་འཚོ༔ བསླབ་གསུམ་ནོར་བུའི་བང་མཛོད་སྒོ་ཕྱེས་ནས༔ རབ་ཏུ་བྱུང་བའི་ངུར་སྨྲིག་འཛིན་པའི་སྡེ༔ འཕགས་པའི་ནོར་བདུན་ཕྱུག་ཅིང་ལུང་རྟོགས་ཀྱི༔ བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས་པར་འབྱུང༔ བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ༔ གུ་རུ་པདྨས་སྒྲུབ་ཆེན་བཀའ་བརྒྱད་ཀྱི༔ དཀྱིལ་འཁོར་ཞལ་ཕྱེས་སྐལ་ལྡན་རྒྱལ་པོ་སོགས༔ རྗེ་དབང་རིག་འཛིན་སྨིན་པར་མཛད་པའི་དུས༔ ལས་ཅན་སྙིང་གི་བུ་དགུ་བཀའ་བབས་འབྱུང༔ གཞན་ཡང་སྨིན་གྲོལ་སྣོད་ལྡན་ཉེར་ལྔ་སོགས༔ སོ་སོར་གདམས་པ་སྒྲུབ་པ་མཛད་པའི་ཚེ༔ གྲུབ་པ་མཆོག་བརྙེས་ངོ་མཚར་རྟགས་ཀྱང་བསྟན༔ གངས་ཅན་སྒྲུབ་གནས་བྱིན་བརླབས་སྒྲུབ་པ་མཛད༔ སྨིན་གྲོལ་ཆོས་ཀྱི་འཁོར་ལོས་འགྲོ་རྣམས་འདྲེན༔ ཐུགས་རྗེ་དུས་གསུམ་སངས་རྒྱས་ཀུན་ལས་ལྷག༔ ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་ནི༔ བྱང་ཕྱོགས་གངས་ཅན་ལྗོངས་འདིར་ཁྱབ་པར་སྤེལ༔ བཀའ་དྲིན་མཉམ་མེད་ཐུགས་བསྐྱེད་རླབས་ཆེན་པོས༔ བོད་ཡུལ་ཕན་བདེའི་དཔལ་གྱི་ཉི་མ་ཤར༔ མཐའ་འདུལ་ཡང་འདུལ་གཙུག་ལག་མཆོད་རྟེན་བཞེངས༔ རྫུ་འཕྲུལ་ཞབས་ཀྱི་འཁོར་ལོས་གནས་རྣམས་བཅགས༔ རི་བྲག་མཚོ་གསུམ་ཟབ་མོའི་གཏེར་གྱིས་བཀང༔ སྲུང་དམར་གཉེར་གཏད་བདེན་ཚིག་སྨོན་ལམ་གདབ༔ སྐུ་ཚབ་ཉེར་ལྔ་གསུང་ཚབ་ལུང་ཡང་བསྟན༔ ཐུགས་ཚབ་ལས་ཅན་བུ་ཡི་སྙིང་ལ་གདམས༔ སངས་རྒྱས་བསྟན་པ་མཐའ་ནས་མཐའ་རུ་ནི༔ ཡུན་དུ་གནས་ཤིང་རྒྱས་པའི་ཕྲིན་ལས་མཛད༔ མ་འོངས་རི་བོ་སེང་ཆེན་འགྱིང་འདྲའི་མགུལ༔ མཚོ་རྒྱལ་ཁྱེད་ཉིད་དམ་པ་བདེ་གཤེགས་འབྱུང༔ གསང་སྔགས་རྫོགས་ཆེན་བསྟན་པ་མཐའ་རུ་རྒྱས༔ ལུང་བསྟན་མངའ་གསོལ་མཛད་ནས་སྐུ་དངོས་ཀྱི༔ གདུལ་བྱ་རྫོགས་ནས་ལྷོ་ནུབ་སྲིན་པོ་གླིང༔ དཔལ་རི་པདྨ་འོད་ལ་གཟིགས་པ་ཕྱོགས༔ རིག་འཛིན་མཁའ་འགྲོ་འདུས་པའི་ཚོགས་དཔོན་མཛད༔ རཀྴ་ཕོ་མོ་ཤ་ཟ་དམ་ལ་བཏགས༔ རྒྱུན་ཆད་མེད་པར་བོད་ལ་ཐུགས་རྗེས་གཟིགས༔ གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་རྩ་སོགས༔ ཨོ་རྒྱན་རྗེ་འབངས་སྤྲུལ་པ་རྒྱུན་མི་ཆད༔ ལས་ཅན་བུ་ཡི་སྣང་ངོར་རྫུ་འཕྲུལ་གྱི༔ ཡེ་ཤེས་སྐུ་ཡི་བཀོད་པ་ཡང་དག་མཐོང༔ བསྟན་པའི་ཆུ་འགོ་སྔ་འགྱུར་རྙིང་མའི་ཕྱོགས༔ ཐེག་མཆོག་རྫོགས་པ་ཆེན་པོའི་རིང་ལུགས་ཀྱི༔ བསྟན་པའི་གཞི་མ་དགེ་འདུན་འདུས་པའི་ཚོགས༔ བསྟན་འཛིན་སྐྱེས་བུ་མཁས་གྲུབ་ཁྱུ་མཆོག་བཞུགས༔ སྟོན་འཁོར་ཕུན་ཚོགས་ལྔ་ལྡན་རང་དབང་འབྱོར༔ བསྟན་པ་དར་ཞིང་ཉམས་པ་མེད་པའི་དུས༔ ཁམས་ཀྱི་བཙུན་པ་བསྐལ་བཟང་ལས་འཕྲོ་སད༔ དཔལ་ལྡན་བླ་མ་རྡོ་རྗེ་འཆང་དབང་གི༔ ཤེས་རབ་སེང་གེའི་མཚན་གསོལ་མདོ་སྔགས་ཀྱི༔ ཆོས་ཀྱི་འཁོར་ལོ་སྨིན་གྲོལ་བཅུད་རྣམས་གདམས༔ འདི་ནས་ཁམས་ཕྱོགས་ཀཿཐོག་གནས་སུ་ནི༔ བསྟན་པ་མཐའ་རྒྱས་འོང་བ་ལུང་བསྟན་ནས༔ དེ་ཚོ་སྔོན་གནས་རྗེས་དྲན་ངེས་ཤེས་སྐྱེས༔ གུ་རུའི་ཡེ་ཤེས་སྐུ་ཡི་རྗེས་སུ་བཟུང༔ རྡོ་རྗེའི་བསྟན་སྲུང་འཇིག་རྟེན་སྐྱོང་བ་བཅས༔ གྲོགས་མཛད་འགལ་རྐྱེན་བཟློག་ནས་མཐུན་རྐྱེན་བསྒྲུབས༔ མདོ་ཁམས་ཆུ་བཞི་སྒང་དྲུག་འབྲི་ཟླ་སྒང༔ ཁམས་ཀྱི་གནས་ཆེན་ཉེར་ལྔའི་ཡ་གྱལ་དུ༔ ཕྲིན་ལས་གནས་ལྔའི་གཙོ་བོ་ཕྱོགས་ཀུན་ཏུ༔ གདོན་གཟུགས་བོན་གྱི་བསྟན་པས་བཟུང་སྟེ་གནས༔ དེ་ཚེ་དམ་པ་ཤེས་རབ་སེང་གེ་བྱོན༔ གནས་སྲུང་དཀར་ཕྱོགས་སྐྱོང་བས་སྲིད་ཞུའི་ཚུལ༔ དགེ་མཚན་དུ་མ་བསྟན་ནས་སྤྱན་འདྲེན་ཞུ༔ འོག་མིན་ས་སྤྱོད་ཆོས་ཀྱི་དབྱིངས་ཆེན་པོ༔ གདོད་ནས་གྲུབ་པའི་གནས་ཆེན་གཞི་ལ་འཕོས༔ རང་སྣང་དོན་གྱི་འོག་མིན་བདེ་ཆེན་ཞིང༔ གནས་དེར་བྱོན་ནས་ལྷུན་གྲུབ་སྣང་བ་ཀུན༔ སྐུ་དང་ཡེ་ཤེས་རོལ་པ་ཆེན་པོ་ཤར༔ ཐ་མར་སྣང་བ་དབྱིངས་སུ་འགོག་ནུས་པའི༔ གནས་ཀྱི་བྱིན་བརླབས་རྩོལ་མེད་འབྱུང་བའི་གནས༔ གཞན་དབང་རྡུལ་བརྩེགས་ལྷུན་པོའི་བཀོད་པ་ནི༔ ཀུན་བཏགས་སྒྱུ་འཕྲུལ་དྲ་བའི་རོལ་པ་ཡང༔ ས་གཞི་པདྨ་འདབ་བརྒྱད་ཟེའུ་འབྲུ་ལ༔ བྲག་དཀར་སེང་གེ་དཀར་མོ་འགྱིང་བའི་ཚུལ༔ སྤང་ལྗོངས་ནེའུ་གསིང་གཡུ་ཡི་རལ་པ་འཁྱིལ༔ མི་འཇིགས་དཔའ་རྩལ་ངོམ་པའི་ཁྲི་ཆེན་སྟེང༔ བྲག་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི༔ བཀོད་པ་རང་གྲུབ་ཕ་ལམ་རྡོ་རྗེའི་གདན༔ གསལ་བྱེད་ཐོག་མར་ཀཿཡིག་རང་བྱོན་མངོན༔ ས་ཡི་ཐིག་ལེ་བདེན་སའི་གཞི་བཀོད་དུས༔ ཉིན་མོ་མི་ཡི་བརྩིགས་པ་མཚན་མོའི་དུས༔ ལྷ་འདྲེས་བཤིག་ནས་ས་རྡོ་རང་མལ་བསྐྱལ༔ སྲིད་གསུམ་བདུད་ལས་རྒྱལ་བའི་དཔའ་བོ་དེས༔ རྒྱབ་རི་བྲག་ནག་བམ་རིལ་འདྲ་བའི་ནང༔ གདོན་གཟུགས་བོན་འདྲེ་བརྒྱད་པོ་ཀླུངས་སུ་ཕབ༔ རྒྱུག་ཕྱོགས་རྡོ་བལ་ཀུན་ལ་དབྱུག་ཏོས་བསྣུན༔ སྒོ་སྲུང་ཕ་བོང་ཆེན་པོའི་ཞབས་སུ་མནན༔ སྟེང་ནས་རྒྱ་གྲམ་རྒྱས་གདབ་དཔའ་རྟགས་མངོན༔ རྫུ་འཕྲུལ་སྟོབས་ཀྱིས་བཞེངས་པའི་གན་རྡོ་ལ༔ རྟེན་དང་བརྟེན་པའི་བཀོད་པར་རང་སྣང་བའི༔ སྟེང་དུ་ལྷ་ཤིང་རྨ་བྱའི་གདུག་ཆེན་བསྐོར༔ འོག་ཏུ་རཀྟའི་མཚོ་འཁྱིལ་ལོགས་བརྒྱད་དུ༔ བཀྲ་ཤིས་རྟགས་བརྒྱད་རྣམ་བཀྲ་ཡིད་འོང་མཛེས༔ བཻཌཱུརྱ་ཡི་འཁོར་ལོ་རྩིབས་བརྒྱད་དབྱིབས༔ མཁའ་དབྱིངས་སྣང་བའི་བླ་བྲེས་ཡོངས་ཁྱབ་བརྒྱན༔ རྒྱ་རི་རྡོ་རྗེ་གནམ་རྫོང་སྤང་བྲག་འདྲེས༔ རྩེ་མོ་ལྷ་ལམ་ཆུ་འཛིན་དྲྭ་བ་འཁྲིགས༔ ཁོར་ཡུག་ལྗོན་ཤིང་ར་བས་བསྐོར་བ་ལས༔ ཟོ་དོར་ཕོ་བྲང་གསེར་བཟང་ལས་གྲུབ་བཞིན༔ རྨད་བུ་རྡོ་རྗེ་གྲགས་རྩལ་བཞུགས་པའི་གནས༔ རྨང་ན་གཡས་གཡོན་ཆུ་བོའི་རྒྱུན་བབས་ནས༔ མདུན་དུ་གཡང་གི་མཚོ་མོ་འཁྱིལ་བའི་ཚུལ༔ ཡིད་འོང་སྐྱེད་མོས་ཚལ་གྱི་གླིང་ཆགས་པ༔ བཟང་ཤིང་སྣ་ཚོགས་མེ་ཏོག་འབྲས་བུ་སྨིན༔ བཀའ་ཉན་ཕོ་ཉ་ཛེ་རི་མཆོག་རྒོད་ཀྱི༔ དགྲ་བླའི་སྐུ་མཁར་དང་ནི་སྒོ་སྲུང་གི༔ ཕ་ཝང་གྲུ་བཞི་སྐུ་མཁར་ཆར་སྤྲིན་མདོག༔ མདུན་དུ་བྲག་གི་རྩ་བར་བསྟན་དགྲ་རྣམས༔ བཏུལ་བའི་གཏོར་ཟོར་མཚོན་ཆར་ཕབས་རྗེས་ཡོད༔ སྟེང་གི་བྲག་ལ་མཚམས་སྤྲིན་རི་མོའི་ནང༔ མངོན་སྤྱོད་གྲུབ་རྟགས་རྡོ་རྗེའི་སྲིན་ཞལ་གསལ༔ ཕ་ཝང་སྟག་མོ་ས་ལ་འཁྱིལ་འདྲ་ལ༔ འཇིགས་བྱེད་རྡོ་རྗེ་གྲོ་ལོད་རང་བྱོན་ཡོད༔ གུ་རུས་རྡོ་རྗེ་གྲོ་ལོད་སྐུ་བཞེངས་ནས༔ དམ་སྲི་དཔུང་བཏུལ་ཞབས་ཀྱི་རྫུ་འཕྲུལ་གྱི༔ བཀོད་པ་རྡོ་ལ་བསྣུན་རྗེས་ཞབས་སུ་མནན༔ གོང་དུ་མཁའ་འགྲོ་འབུམ་གྱི་བྲོ་བརྡུངས་ནས༔ ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕྱག་ཞབས་རྗེས༔ རྣལ་འབྱོར་བཀྲ་དང་རྨ་ཐོག་རིན་ཆེན་གྱིས༔ ཕ་ཝང་ཟན་ལྟར་གསོལ་བའི་ལྷག་མ་ཡོད༔ སྒྲོལ་ཡུམ་སྟག་མོ་མཐུར་དུ་རྔམ་འདྲ་དང༔ ཟླ་མོ་དྲེགས་པ་མཆེ་གཙིགས་གྱེན་འགྲོའི་ཚུལ༔ སྒྲོལ་གིང་རྡོ་རྗེ་སྲིན་པོ་ཁྲོས་པའི་ཆས༔ ཕྱོགས་སུ་རྩུབ་འགྱུར་རྔམ་བརྗིད་སྤུངས་སེ་བཞུགས༔ དེ་ཡི་གཡས་གོང་སངས་རྒྱས་ཡེ་ཤེས་ཀྱི༔ སྒྲུབ་ཕུག་མཐིང་ནག་ཨེ་ཀློང་ཨེ་ཡིག་གསལ༔ གནམ་ལྕགས་ཕུར་པ་བྲག་ལ་གདབ་རྗེས་ཡོད༔ གོང་དུ་སྤྱན་རས་གཟིགས་ཀྱི་སྐུ་རང་བྱོན༔ འགྲོ་ལ་རྗེས་ཆགས་སྙིང་རྗེའི་རང་བཞིན་གྱིས༔ རི་དྭགས་པགས་པ་རྡོ་ལ་རང་གྲུབ་མངོན༔ དེ་ཡི་གཡོན་ཕྱོགས་ལྗོན་ཤིང་བྲག་རིའི་ཁྲོད༔ དབུས་དེར་ཁྲོས་མ་ནག་མོ་སྔགས་ཀྱི་བདག༔ ཨེ་ཀ་ཙ་ཊིའི་སྐུ་མཁར་ཆར་སྤྲིན་མདོག༔ ཐོད་མཁར་གཙོ་མོ་གནམ་ལྕགས་རལ་གྲིའི་ཚུལ༔ ཁོར་ཡུག་ས་དམར་བྲག་རི་ལྗོན་ཤིང་གིས༔ ཁྲག་མཚོ་ལྕགས་ཀྱི་རྭ་བའི་ཚུལ་དུ་ཡོད༔ སྐུ་མཁར་ངོས་ལ་མཐིང་གི་རལ་གཅིག་མ༔ སྤྱན་གཅིག་ལྷ་མོའི་སྐུ་དང་ཏྲཀ་རཀྴ༔ རང་བྱོན་དང་ནི་སྒྲ་སྙིང་སྤྱང་མོའི་གཟུགས༔ རྡོ་བར་རང་གྲུབ་མུ་ལེ་མཐིང་གི་མཚོ༔ མཚོན་པའི་ཆུ་ཀླུང་དཔག་བསམ་ཡོངས་འདུའི་ཤིང༔ བླ་ཤིང་འབྲས་ལྡན་སྐུ་མཁར་བྲག་རི་ལ༔ དཔལ་ལྡན་རང་བྱུང་རྒྱལ་མོའི་སྐུ་རང་བྱོན༔ རལ་གྲི་དང་ནི་ཐོད་ཁྲག་རི་མོ་གསལ༔ མ་མོའི་གནས་ལ་དམར་ནག་རཀྟའི་མཚོ༔ མཚོ་བདག་ཀླུ་བདུད་དུག་གི་སྤུ་གྲི་ཡོད༔ མངོན་སྤྱོད་གྲུབ་པའི་དགྲ་འདུལ་དྲག་སྔགས་གླིང༔ དེ་ཡི་གཡས་ཕྱོགས་ཉིན་རི་ས་ཀླུང་སྲོར༔ སྒྲོལ་བའི་གིང་ཆེན་ཁྱབ་འཇུག་སྒྲ་གཅན་འཛིན༔ བྲག་ནག་ལྟོ་བར་སྲིན་ཞབས་དམར་ཟངས་སེ༔ རྩེ་མོ་བྱ་རོག་གཙུག་ཕུད་བྲག་རིའི་ངོས༔ སྨུག་ནག་རཿདང་ལྕགས་མདའ་ལྕགས་གཞུ་དང༔ མེ་རི་རླུང་ནག་འཚུབ་མའི་རི་མོ་གསལ༔ བྲག་འབུར་གདོང་མོ་བཞི་དང་ཁོར་ཡུག་ཏུ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་སྣང་ཚུལ་ཅན༔ གཡས་ན་རྡོར་སེམས་ཚེ་ཆུ་མདུན་དུ་བབས༔ ཧ་རི་ནི་སའི་རང་སྒྲ་རྒྱུན་དབྱངས་ཅན༔ གཡུ་རི་བྲག་དཀར་མཆོད་སྡོང་བརྩེགས་པ་འདྲ༔ ཀ་བ་དཔལ་བརྩེགས་རྒྱལ་བ་མཆོག་དབྱངས་སོགས༔ སྒྲུབ་ཕུག་དང་ནི་ཕྱག་ཞབས་སྐུ་རྗེས་ཡོད༔ བྲག་ནག་ཟངས་ལྕགས་འདྲེས་འདྲེས་སྐུ་མཁར་ལ༔ སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྐུ་རང་བྱོན༔ གྲུབ་པའི་རིག་འཛིན་བཀའ་བསྒོ་དམ་བཞག་གི༔ བཀའ་ཉན་ཐ་ཚིག་རྡོ་རྗེའི་རི་མོ་དང༔ ཆོས་གོས་རྡོ་ལ་གདབ་པའི་རྗེས་ཀྱང་གསལ༔ སྲོག་སྙིང་ཏྲི༔ཡིག་དམར་ནག་རང་བྱོན་དང༔ ས་གཞི་འཁོར་ལོ་འབར་བའི་གདན་གྱི་ཚུལ༔ མངོན་པ་ར་ཆིབས་རང་བྱོན་ཕྱོགས་སུ་ཡང༔ རྡོ་བར་ཕོ་ཉ་ལས་བྱེད་སྤུངས་སེ་བཞུགས༔ བགེགས་ཚོགས་ཕཊ་ཀྱིས་གཏོར་བའི་ཊ༔ཡིག་བབས༔ ཐབས་ཀྱིས་བཞག་པའི་སངས་རྒྱས་གཙུག་ཏོར་རྗེས༔ ཧྱ་གཱི་པ་ཧཱུྃ་ཕཊ་རང་བྱོན་འོག༔ གནོད་སྦྱིན་རྩིའུ་དམར་པོའི་སྐུ་མཁར་ལ༔ པི་ཝཾ་དང་ནི་ཊཿཡིག་རང་བྱོན་ཡོད༔ སྤང་ལྗོངས་བཟང་ཤིང་སྐྱེས་པའི་བྲག་རི་ལ༔ མེ་ལོང་ཧ་རི་ནི་ས་རང་བྱོན་ཅན༔ རྡོ་རྗེ་གཡུ་སྒྲོན་ལྷ་མོའི་སྐུ་མཁར་ཡོད༔ ལང་ཀ་མགྲིན་བཅུའི་སྲིན་པོའི་ཡུལ་གླིང་གི༔ གྲོང་བརྡལ་ཀོ་ཀ་ཐོ་དམར་རྒྱ་མཚོའི་ངོར༔ སྣང་ཚུལ་ཤར་བའི་སྐུ་མཁར་འཇིགས་སུ་རུང༔ བྲག་ནག་གནམ་ལྕགས་མཚོན་ཆ་གཤིབ་འདྲ་བའི༔ ལོགས་དང་ཟུར་རྣམས་བང་རིམ་བརྩེགས་པའི་ཚུལ༔ རྡོ་རྗེ་བྲག་ཆེན་གདན་སྟེང་ལེགས་ལྡན་མགོན༔ ནག་པོ་ཆེན་པོའི་སྐུ་ཡང་རང་བྱོན་ཡོད༔ ཕྱོགས་སུ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས༔ རྫུ་འཕྲུལ་ཞབས་རྗེས་ཧཱུྃ་ཡིག་རང་བྱོན་དང༔ བིང་དང་ཁ་ཊྭཱཾ་ཐོད་ཁྲག་རི་མོ་གསལ༔ མདུན་དུ་བདུད་རྩི་སྐྱེམས་མཆོད་བ་ལིང་ཏ༔ བམ་ཚོགས་ཤ་ཆེན་ལྷུ་དུམ་དགྲ་སྙིང་རྣམས༔ རྡོ་བར་རང་གྲུབ་ཆོད་པའི་ཚུལ་དུ་ཡོད༔ རྡོ་རྗེའི་བྲག་དཀར་རི་བོ་མ་ལ་ཡ༔ གནམ་ལྕགས་འབར་བའི་རྩེ་ལ་དཔལ་ཆེན་པོའི༔ ཕོ་བྲང་འཁོར་ལོ་རྩིབས་བརྒྱད་སྣང་ཚུལ་ཤར༔ ངོས་ལ་གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཕྱོགས་བཅུའི་སངས་རྒྱས་རིག་གསུམ་མགོན་པོ་དང༔ གྲུབ་པའི་རིག་འཛིན་དུ་མའི་སྐུ་རང་བྱོན༔ བཀའ་གསང་པུ་ཏི་བརྩེགས་པའི་རི་མོ་གསལ༔ སྐུ་གསུང་ཐུགས་ཀྱི་གཏེར་ཁ་གྲངས་མེད་སྦས༔ གཏེར་སྒོ་བརྡ་རིས་དབང་མདོག་རེ་འགའ་གསལ༔ ཨོ་རྒྱན་ཞབས་རྗེས་རྫུ་འཕྲུལ་བཀོད་པ་ཅན༔ ཆོས་རྔ་རང་གྲུབ་བརྡུང་ན་སྔགས་སྒྲ་འབྱུང༔ དཔལ་གྱི་རྡོ་རྗེ་ཤུད་བུ་དཔལ་སེང་གི༔ སྐུ་དང་ཞབས་རྗེས་རྣམ་བཀྲ་ཡིད་འོང་ཤར༔ རུ་ཏྲ་འདུལ་བའི་དཔལ་ཆེན་འབར་བའི་བརྒྱན༔ དུར་ཁྲོད་ཆས་བརྒྱད་རྡོ་ལ་རང་གྲུབ་ཤར༔ དཔལ་གྱི་རྡོ་རྗེས་བདུད་འདུལ་མདས་བསྣུན་རྗེས༔ གནས་དེར་པདྨ་འབྱུང་གནས་རབ་གནས་ནི༔ བཅུ་གསུམ་མཛད་པའི་འབྲས་དཀར་ཨ་རུ་ར༔ མེ་ཏོག་འདབ་ལྡན་བབས་རྗེས་ཕྱོགས་ཀུན་གསལ༔ བདེན་དོན་ཆོས་འབྱུང་པདྨ་རང་གྲུབ་བཤད༔ བཀྲ་ཤིས་གྲགས་པའི་བར་ན་གདབ་པའི་རྗེས༔ སྙན་པོའི་སྒྲ་དབྱངས་ཆོས་དུང་རང་གྲུབ་ཅན༔ རྡོ་རྗེ་བདུད་འཇོམས་རྫུ་འཕྲུལ་ཞབས་ཀྱི་རྗེས༔ རིག་འཛིན་ཤན་ཏིང་གརྦྷའི་སྒྲུབ་ཕུག་ལ༔ ཛམ་ལྷ་དཀར་མོ་འབྲུག་ཆེན་རང་བྱོན་དང༔ ཤི་རི་སེང་ཧའི་ཕྱག་ཞབས་རྗེས་ཀྱང་གསལ༔ སྟེང་ཕྱོགས་རྡོ་རྗེ་སེམས་དཔའི་སྐུ་རང་བྱོན༔ སྲིན་པོའི་ཀླད་ཁྲག་ཧཱུྃ་ཡིག་བྲིས་པ་གསལ༔ བྲག་དཀར་དཔག་བསམ་ལྗོན་ཤིང་ཡལ་འདབ་ཅན༔ མཁའ་འགྲོའི་གསང་ཕུག་སྒོ་ཡང་ཉི་ཟླས་བརྒྱན༔ རྒྱུད་སྡེ་དུ་མའི་གླེགས་བམ་གཏེར་མཛོད་སྦས༔ སྲུང་གི་བཙན་ཆེན་སྲོག་སྙིང་ཏྲི་རུ་ཤར༔ གཡས་ཀྱི་བྱང་ངོས་སྤང་ལྗོངས་བྲག་རི་ནི༔ ཛམ་ལྷའི་སྐུ་དབྱིབས་ཆང་གི་ར་བ་ལ༔ ཛམ་ཡིག་རང་བྱོན་ནོར་བུ་མིག་གསུམ་གསལ༔ རྨང་ན་རིག་འཛིན་གསུམ་གྱི་སྐུ་མཁར་ལ༔ སྐུ་དང་ཡིག་འབྲུ་ཕྱག་མཚན་དུ་མ་གསལ༔ དེ་ཡི་གཡས་ཕྱོགས་ཨོ་རྒྱན་རང་བྱོན་གནས༔ གནམ་ས་ཆོས་འབྱུང་བཀོད་པའི་བྲག་རི་ལ༔ ཀུན་བཟང་རྡོ་རྗེ་ཕག་མོའི་སྐུ་རང་བྱོན༔ གྲུབ་པའི་རྒྱལ་མོའི་ཚེ་ཆུའི་བདུད་རྩི་འབབ༔ ཐབས་ཆེན་དཔའ་བོ་རྟ་མགྲིན་སྐུ་རང་བྱོན༔ ཕྱོགས་དེར་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི༔ བཀོད་པ་ཡོངས་ཤར་མཁའ་འགྲོ་འདུ་བའི་གླིང༔ གཡས་གོང་ཀླུ་འདུལ་ཁྱུང་ཆེན་ཕུག་པ་དང༔ རྗེ་འབངས་བཀའ་བབས་མི་དགུའི་སྒྲུབ་ཕུག་ནི༔ གཅིག་ཏུ་ཟླུམ་འཁྱིལ་བྲག་དེའི་ཕྱོགས་ཀུན་ཏུ༔ སྐུ་གསུམ་ཐུགས་རྟགས་རང་བྱོན་དུ་མ་གསལ༔ ལྷ་ཤིང་གཅིག་སྐྱེས་བྲག་ནག་རྔམ་བརྗིད་ལ༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་སྐུ་རང་བྱོན༔ ཧཱུྃ་ཡིག་རང་བྱོན་བམ་རོ་ཕོ་མོ་དང༔ དྲེགས་པ་སྡེ་བརྒྱད་ཕྱོགས་དེར་རང་བྱོན་བཞུགས༔ གནས་ཀྱི་མིང་འཕོས་དཔལ་གྱི་ཙཱ་རི་ཏྲ༔ ཡུལ་ནི་དེ་བཱ་ཀོ་ཊའི་བཀོད་པ་ཅན༔ ཞིང་སྐྱོང་དབང་མོའི་སྐུ་མཁར་དང་བཅས་བཞུགས༔ ཐུགས་མཆོག་རྣམ་རྒྱལ་མཆོད་རྟེན་རང་བྱོན་དང༔ ཡེ་ཤེས་མཁའ་འགྲོ་མཐིང་འོད་འབར་མ་ཡི༔ ཞབས་རྗེས་དང་ནི་ཊཿཡིག་རང་བྱོན་གསལ༔ ལོ་ཙཱ་ཆེན་པོ་འོད་ཟེར་ཞབས་ཀྱི་རྗེས༔ ཁ་ཊྭཱཾ་རང་བྱོན་སྟག་ཤམ་རི་མོ་གསལ༔ གཡས་ཕྱོགས་བྲག་ནི་རྨ་བྱའི་ཟློས་གར་འདྲའི༔ རྡོ་རྗེ་རྩེ་གསུམ་བདེ་ཆེན་ཕོ་བྲང་ཚུལ༔ དགའ་རབ་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས༔ སྐུ་དང་ཧཱུྃ་ཡིག་རྡོར་དྲིལ་རང་བྱོན་གསལ༔ དེའི་གཡས་གསང་བ་མཆོག་ཏུ་དགྱེས་པའི་ཞིང༔ པྲ་བྷ་ཧསྟའི་རྫུ་འཕྲུལ་ཞབས་ཀྱིས་བཅགས༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་བདུད་འཇོམས་སོགས༔ རིག་འཛིན་འདུས་པས་རྡོ་རྗེ་ཕུར་པ་ལྷའི༔ དཀྱིལ་འཁོར་ཞལ་ཕྱེས་སྒྲུབ་གནས་ཁྱད་འཕགས་ཀྱི༔ རང་བྱུང་ཁང་བུ་མཐིང་ནག་ཨ་དབྱིབས་བཞུགས༔ ལྗོན་ཤིང་དར་མདུད་གུ་རུའི་ཞབས་རྗེས་གསལ༔ དཀོན་མཆོག་འབྱུང་གནས་གཡུ་སྒྲ་སྙིང་པོ་ཡི༔ ཞབས་རྗེས་གཉིས་དང་གཡུ་འབྲུག་གཟུགས་བརྙན་ཤར༔ ཨཿདང་ཀཿཡིག་རང་བྱོན་ཕྱོགས་གཉིས་མངོན༔ སཿམཿརཿསོགས་བདུད་འདུལ་དྲག་མོའི་སྔགས༔ ཕྱོགས་དང་ཕྱོགས་སུ་འཐོར་ནས་རང་བྱུང་ཤར༔ གླང་ཆེན་དཔལ་གྱི་སེང་གེའི་ཞབས་རྗེས་དང༔ དཔལ་དབང་ཕྱག་རྗེས་རྫུ་འཕྲུལ་ཞབས་ཀྱི་རྗེས༔ རྣམ་བཅུ་དབང་ལྡན་རང་བྱུང་རྡོ་ལ་ཤར༔ རྒྱལ་བ་མཆོག་དབྱངས་ཕྱག་གིས་རྡོ་བསྣུན་རྗེས༔ དབང་དྲག་སྒྲོལ་ཡུམ་སྟག་མོའི་རྗེས་ཀྱང་གསལ༔ དཔལ་གྱི་ཆས་བཅུ་རང་ཤར་མཁའ་འགྲོའི་རྗེས༔ ཆོས་འབྱུང་བསྣོལ་མའི་རྣམ་བཀྲའི་རི་མོ་གསལ༔ ཧ་རི་ནི་ས་རང་བྱོན་ཨོཾ་ཡིག་གསལ༔ ཇོ་བོའི་བཞེངས་སྐུ་རྡོ་བལ་རང་གྲུབ་ཅན༔ རྫུ་འཕྲུལ་ཞབས་ཀྱི་དུང་དཀར་ཅན་གྱི་རྗེས༔ བཀྲ་ཤིས་དུང་དཀར་གཏེར་ཡང་འདོན་པ་འབྱུང༔ རིག་འཛིན་འབུམ་ཕྲག་འཕུར་རྗེས་རྡོ་ལ་ཤར༔ རྡོ་དཀར་སྒྲོལ་མ་དཀར་མོ་སྐུ་རང་གྲུབ༔ རྡོ་རྗེ་ཕག་མོའི་མཁའ་དབྱིངས་རང་བྱུང་ཤར༔ ལྗང་སྔོན་ལྷ་མོ་ཁྲོས་མའི་སྐུ་རང་བྱོན༔ གཏེར་སྲུང་ར་ཧཱུ་ལ་ཡི་དུག་སྦྲུལ་སྤྲུལ༔ རྡོ་ལ་བབས་པའི་རྒྱུ་ཕྱོགས་རྗེས་ཀྱང་གསལ༔ གུ་རུའི་ཞབས་རྗེས་ངང་པ་གསེར་ལྡན་རྗེས༔ གླེགས་བམ་རྗེས་དང་ཌཱཀྐི་ཚོགས་པའི་རྗེས༔ ཡེ་ཤེས་རྣམས་ཁྲོས་འབར་བ་ཁྲུང་ཁྲུང་གི༔ སྐུ་ཡི་བཀོད་པ་བྲག་འབུར་རང་གྲུབ་ཅན༔ སྐུ་དང་སྙིང་པོ་སྲོག་སྔགས་ཕྱག་མཚན་སོགས༔ དགེ་མཚན་དུ་མས་བཀྲ་ཤིས་དཔལ་གྱིས་བརྒྱན༔ ཚེ་ཆུ་བྲག་ཅེས་རི་བོ་ཏ་ལ་ལ༔ མ་ར་ཏི་ཀའི་རྫུ་འཕྲུལ་གསང་ཕུག་ཡོད༔ རིག་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས༔ ཚེ་དཔག་མེད་པའི་སྐུ་ཡང་རང་གྲུབ་ཅན༔ རལ་གྲི་དྷིཿཡིག་པདྨ་ཤེལ་ཕྲེང་དང༔ རྡོ་རྗེ་ཧཱུྃ་ཡིག་བྲག་གི་ངོས་ལ་ཤར༔ ཚེ་ཆུའི་རྒྱུན་འབྱུང་མྱོང་གྲོལ་བདུད་རྩི་འབབས༔ ལྷ་མོ་མགྱོགས་མའི་སྐུ་དང་ཡིག་འབྲུ་གསལ༔ རྡོ་རྗེ་ཧཱུྃ་ཀ་ར་ཡི་ཞབས་ཀྱི་རྗེས༔ ཚེ་མཐའ་ཡས་ལ་མཆོད་སྤྲིན་ཕུལ་རྗེས་གསལ༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རང་བྱོན་མཐོང༔ མཁའ་འགྲོ་བམ་ཆེན་ཚོགས་གཞོང་རང་གྲུབ་ཡོད༔ བཀྲ་ཤིས་བྱིན་ཆགས་ཡིད་དགའ་ཆོས་འཛིན་ལ༔ བདེ་ལྡན་པདྨ་ལྗོངས་ཀྱི་བཀོད་པ་ཅན༔ ཡང་ཁྲོད་རྫོགས་པ་ཆེན་པོའི་ཁང་བུ་རུ༔ རིག་འཛིན་དུ་མ་འཇའ་ལུས་གྲུབ་པར་འབྱུང༔ དེ་འོག་ཀུན་བཟང་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་རང་བྱུང་གི༔ བྲག་རི་རྣམ་བཀྲ་སྐུ་ཡི་ཚོམ་བུ་ཚུལ༔ གཟུགས་སྣང་རྡོ་རྗེ་ལྷ་སྐུའི་རྣམ་པར་ཤར༔ ཀླུང་དུ་ཆུ་སྐྱེས་བཞད་འདྲའི་སྤང་ལེགས་སྟེང༔ ཆོས་ཀྱི་འཁོར་ལོའི་དགའ་བའི་ཚལ་དུ་འབྱུང༔ གཡོན་ཕྱོགས་སྒང་ལ་བདེ་ཆེན་པད་མའི་ཐང༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཉམས་རེ་དགའ༔ མཐོང་བས་སེམས་ལ་དྭངས་བའི་སྤྲོ་བ་སྐྱེས༔ རྡོ་རྗེའི་ཁྱུང་དམར་འབར་བའི་སྐུ་རང་བྱོན༔ དེ་འོག་སྒང་ལ་བདུད་འདུལ་མཆོད་རྟེན་དང༔ དཔལ་ཆེན་སྐུ་དང་ཧཱུྃ་ཡིག་རང་བྱོན་གསལ༔ རིག་འཛིན་ཐུགས་རྗེས་ཁྲོས་པའི་ཞབས་རྗེས་དང༔ དམ་སྲི་བཏུལ་བའི་དཔའ་རྟགས་རྡོ་ལ་ཤར༔ བྱང་ཕྱོགས་གནོད་སྦྱིན་གཏེར་འཆང་རོལ་པའི་ཞིང༔ རྣམ་ཐོས་སྲས་ཀྱི་ཕོ་བྲང་རང་བྱུང་ཤར༔ ས་གཞི་བཀྲ་ཤིས་དུང་དཀར་གཡས་འཁྱིལ་འབུར༔ འཛམ་གླིང་བོད་ཁམས་བཅུ་གཉིས་གསོ་བའི་གཏེར༔ རྒྱལ་པོའི་བླ་གཏེར་སྐུ་གསུང་ཐུགས་ཀྱི་རྟེན༔ འགྲོ་ལ་བདེ་སྐྱིད་རྒྱས་པའི་གཏེར་མཛོད་བཞུགས༔ བོད་ཡུལ་ས་གཞི་སྲིན་མོ་གན་རྐྱལ་ལ༔ ས་གནད་མེ་བཙའ་འབུམ་ཕྲག་གདབ་པ་ལས༔ མཐའ་འདུལ་མཆོད་རྟེན་ས་འོག་གཟིར་བ་ཡི༔ དབུ་རྩེའི་སྟེང་ལ་རྡོ་དུམ་ཚོམ་བུ་མངོན༔ སྲུང་མར་དབང་བའི་མ་མོ་ཙན་ནི་ཀ༔ ཁྲོས་ན་མི་མོ་རྒས་ཉམས་རེ་འགའ་མཐོང༔ སྐྱེས་མཆོག་གྲུབ་པའི་རིག་འཛིན་གདུང་རྟེན་གྱི༔ ཡང་འདུལ་མཆོད་རྟེན་བཀྲ་ཤིས་རྟགས་ཀྱི་གྲངས༔ སྐུ་འབུམ་ཞེས་འགྱུར་ཨོ་རྒྱན་མཁའ་འགྲོའི་གླིང༔ འབྲེལ་ཚད་འབར་བ་གསུམ་གྱི་དངོས་གྲུབ་ཐོབ༔ གཟུགས་སྣང་རྡོ་རྗེ་རིག་གསུམ་མགོན་པོ་ཡི༔ འབུམ་ཕྲག་ཚོམ་བུ་ཤར་ནས་གནས་ཀྱི་མཆོག༔ བར་དོའི་འཕྲང་གི་ལས་ངན་སྦྱངས་པའི་ཕྱིར༔ ཐུགས་རྗེས་ཐབས་ཀྱི་བྲག་ལ་བཀོད་པ་ཤར༔ དད་མོས་ཅན་གྱི་འཕྲང་ལམ་དེར་བགྲོད་པས༔ བར་དོའི་འཇིགས་པ་གྲོལ་ནས་ཐར་ལམ་རྙེད༔ རྡོ་རྗེ་ཁྲོ་བོ་འཆོལ་བའི་གྲོང་ཁྱེར་ན༔ ཁམས་གསུམ་ཟིལ་གནོན་དབང་དྲག་ཧེ་རུ་ཀ༔ སྒྲོལ་ཡུམ་སྟག་མོ་དང་བཅས་རང་བྱོན་གསལ༔ འབར་བ་ཆེན་པོའི་སྒྲོལ་གིང་ལས་བྱེད་རྣམས༔ གཟུགས་སྣང་བྲག་འབུར་རྔམ་བརྗིད་སྤུངས་སེ་བཞུགས༔ ཧཱུྃ་དང་ཧ་རི་ནི་ས་ཕཊ་རང་བྱོན༔ ཁ་ཊྭཱཾ་རྡོ་རྗེ་ཕུར་པའི་རི་མོ་ཤར༔ རྗེ་འབངས་གྲོགས་གསུམ་ཕྱག་རྗེས་ལྷན་ཅིག་ཏུ༔ གནས་དེར་ཞབས་ཀྱིས་བཅགས་པའི་དགེ་མཚན་ཤར༔ སྒང་དེར་ས་ཡི་བཅུད་འཕེལ་དབྱིག་གཏེར་སྦས༔ མ་ཎི་རང་བྱོན་རྡོ་རྗེའི་རི་མོ་གསལ༔ སྤང་རི་ཁྱོན་ཡངས་སྤོས་རི་ངད་ལྡན་གནས༔ དྲེགས་པ་དབང་སྡུད་དཔལ་སེང་ཞབས་རྗེས་དང༔ གྲུབ་པའི་རིག་འཛིན་དུ་མའི་ཞབས་རྗེས་བཞུགས༔ མཁའ་འགྲོ་འབུམ་གྱི་བདེ་ཆེན་གར་སྟབས་ཀྱི༔ ཕྱོགས་ཀུན་བྲག་ལ་ཞབས་ཀྱི་རྗེས་ཀྱང་གསལ༔ གསེར་ཉ་རང་བྱུང་གཡུ་སྒྲའི་སྒོམ་ཐགས་རྗེས༔ དཔལ་རྡོར་ཕྱག་རྗེས་ཨཿཡིག་རང་བྱུང་དང༔ ཨོཾ་ཡིག་རང་བྱོན་རྫུ་འཕྲུལ་རྟ་ཡི་རྗེས༔ མགོན་པོ་བྱ་རོག་གདོང་ཅན་རང་གྲུབ་སྐུ༔ ཁྱབ་འཇུག་ར་ཧུ་ལ་ཡི་སྐུ་རང་བྱོན༔ དམ་ཅན་ཆིབས་རའི་རྗེས་སོགས་སྲུང་མ་རྣམས༔ བཀའ་ཉན་ཐ་ཚིག་དམ་བཞག་ཐ་ཡིག་གསལ༔ བདུད་རྩི་འཐོར་རྗེས་བྲག་ལ་ཕྱག་རྟགས་ཤར༔ ས་གནད་དགྲ་གཟུགས་ཁ་སྦུབས་རུ་ཏྲའི་མགོ༔ གཉའ་གནོན་དགྲ་འཇོམས་བདུད་འདུལ་མཆོད་རྟེན་འབྱུང༔ ཕ་རི་སྟོབས་ཆེན་གླང་པོ་གྱེན་འགྲོའི་གཟུགས༔ ཟ་འགྲམ་བསམ་གཏན་ཁང་བུར་བསྒྲུབ་བརྒྱུད་འབྱུང༔ ལྟོ་བར་མཁའ་འགྲོའི་དབུ་སྐྲས་ལྗོན་ཤིང་སྐྱེས༔ ས་ཁྱོན་ཚེ་རིང་ལྗོངས་ཀྱི་བཀོད་པ་ཅན༔ དབུས་རི་དཔལ་གྱི་དེའུ་རིན་ཆེན་འབར༔ ཙིཏྟ་གནམ་ལངས་རྡོ་རྗེ་རྩེ་དགུའི་ཏོག༔ དཔལ་ཆེན་ཐུགས་ཀ་དཔལ་གྱི་བེའུའི་དབྱིངས༔ ཐུགས་སྲོག་ཐིག་ལེ་ཡེ་ཤེས་སེམས་དཔའ་དང༔ མཐིང་ནག་འབར་བ་ཧཱུྃ་ཡིག་རང་བྱུང་ཤར༔ དེ་ཡི་ལྟོ་བར་ཁང་སེང་ཁྱོན་ཡངས་པར༔ ཤེལ་དཀར་བྲག་རི་རང་བྱུང་གཞལ་མེད་ཁང༔ སྒྱུ་མའི་བཀོད་པར་སེང་གེ་གླང་ཆེན་དང༔ རྟ་མཆོག་རྨ་བྱ་ཤང་ཤང་ཁྲི་ཡི་སྟེང༔ ཆུ་སྐྱེས་བཞད་པ་ཉི་ཟླ་ཁ་སྦྱོར་སྟེང༔ རིན་ཆེན་ལྔ་ལས་རང་བྱུང་གྲུབ་པའི་སྐུ༔ ཀུན་ཏུ་བཟང་པོ་ཡབ་དང་བཟང་མོ་ཡུམ༔ བཅོམ་ལྡན་བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང༔ སེམས་དཔའ་ལྕམ་དྲལ་ངོ་བོ་ཉིད་ཀྱི་སྐུ༔ ལོངས་སྤྱོད་རྫོགས་པའི་རྣམ་པ་རང་བྱུང་བ༔ འཛོམས་པ་ཆེན་པོ་དཔའ་བོ་ཁྲོ་རྒྱལ་ཡབ༔ སྒོ་སྐྱོང་དབང་མོ་ལྷན་སྐྱེས་ཡུམ་དང་བཅས༔ ཡོངས་གྲུབ་དྭངས་མ་ཐིག་ལེའི་ཞིང་ཁམས་བཞུགས༔ བགྲོད་པར་དཀའ་བའི་རྡོ་རྗེའི་རྫོང་རིང་ལ༔ ལམ་ནི་རྟ་བབས་ལྔ་བརྩེགས་ཤེལ་གྱི་བྲག༔ རིན་ཆེན་སྣ་ལྔའི་འོད་མདངས་ཐེམ་སྐས་ལ༔ ཟུང་འཇུག་རྡོ་རྗེའི་སྒྲོན་མེས་སྣ་དྲངས་ན༔ ས་མཚམས་བཅུ་ལ་རཏྣའི་ཁང་བུ་རེ༔ རང་བྱུང་བཀོད་པ་བརྒལ་ནས་རིན་ཆེན་བྲག༔ བང་རིམ་གསུམ་སྟེང་ཞིང་དེའི་བཀོད་པ་མཇལ༔ ཡང་དག་དཔའ་བོ་བློ་ལྡན་བགྲོད་པར་ནུས༔ དེ་ཡང་བསོད་ནམས་རྒྱལ་མོའི་རྟེན་འབྲེལ་གྱི༔ ཡེ་ཤེས་དབྱིངས་མཛོད་བརྡ་རྫོང་དུས་བབས་དགོས༔ སྐལ་མེད་རྣམས་ཀྱང་གནས་ཀྱི་བྱིན་བརླབས་ཀྱིས༔ འཇུག་ནས་མཐོང་བ་དངོས་དང་ཁྱད་མེད་ཀྱི༔ ཐུགས་རྗེས་ཐབས་ཀྱི་རང་བཞིན་གྲོལ་བར་འགྱུར༔ དྲངས་པའི་ལམ་ལ་ཚད་མེད་ཕྲིན་ལས་གནས༔ གཞན་ཡང་ས་གཞི་ལྷུན་ཆགས་སངས་རྒྱས་དང༔ ཡི་དམ་བྱང་སེམས་མཁའ་འགྲོ་རབ་འབྱམས་ཀྱི༔ བཀོད་པ་དུ་མ་བསམ་མི་ཁྱབ་པ་དང༔ རྡོ་རྗེ་བྲག་ལ་སྐྱེས་མཆོག་རིག་པ་འཛིན༔ བླ་མའི་ཕྱག་ཞབས་རྗེས་ནི་གྲངས་མང་དང༔ རྟེན་འབྲེལ་མཆོག་ཏུ་འགྲིགས༔ བདུད་རྩིའི་རྒྱུན་ལ་ཁྲུས་བྱས་བཏུང་བ་ཡིས༔ སྒྲིབ་པ་དག་ནས་བསོད་ནམས་ཚོགས་ཆེན་རྫོགས༔ བྱང་ཆུབ་ཤིང་དྲུང་མཉམ་པར་བཞག་པས་ན༔ སྤྱན་དང་མངོན་ཤེས་ཡོན་ཏན་རྩོལ་མེད་འབྱུང༔ ཤར་ཕྱོགས་གནས་མདུན་མཁའ་འགྲོའི་ཚོགས་ཁང་ནི༔ བདེ་ཆེན་གསང་བ་འཁྱིལ་འདྲའི་ཐང༔ ཚོགས་ཀྱི་འཁོར་ལོ་རྡོ་རྗེའི་གླུ་གར་གྱི༔ ཡ་མཚན་དངོས་གྲུབ་ལྷག་པར་མྱུར་བས་ཐོབ༔ ལྷོ་ཕྱོགས་བདེ་སྐྱིད་བདུད་རྩིའི་ཁྲུས་ཁང་དུ༔ བསྒོམ་པ་བསྐྱེད་རིམ་དྲོད་རྟགས་མྱུར་བ་དང༔ རྩ་རླུང་ལས་རླུང་གཏུམ་མོའི་བདེ་དྲོད་འཆར༔ ནུབ་ཕྱོགས་པདྨ་དབང་གི་བྲག་སྐྱིབས་སུ༔ ཐབས་ལམ་ཟབ་མོ་བརྟུལ་ཞུགས་སྤྱོད་པ་རྫོགས༔ བྱང་ཕྱོགས་གཉིས་འཐུང་ཟ་འགྲམ་གཡང་མཛོད་དུ༔ བསམ་གཏན་ཤེལ་གྱི་ཁང་བུར་བརྟེན་བཅའ་ནས༔ མཉམ་པར་བཞག་པ་ཀ་དག་རྫོགས་ཆེན་རྟོགས༔ སྤང་རི་གཡུ་ཡི་སེང་གེ་འགྱིང་བའི་ཐོད༔ ཤེལ་གྱི་མེ་ལོང་འདྲ་བའི་གནས་དེར་ནི༔ སྒྲོན་མའི་དབྱིངས་ལ་མངོན་སུམ་རིག་པའི་གནད༔ ཟིན་ན་སྣང་བཞིའི་རྩལ་ཆེན་རྫོགས་པར་འབྱུང༔ དབུས་ཀྱི་མཁའ་འགྲོའི་བྲོ་ར་ཉམས་དགའ་བ༔ རྩ་གསུམ་ལྷ་ཡི་རྣམ་རོལ་ཕྱག་བརྒྱས་བརྒྱན༔ བདེ་ཆེན་རྡོ་རྗེའི་གར་དང་རྡོ་རྗེའི་གླུ༔ རྡོ་རྗེའི་ལྟ་བས་རབ་ཏུ་བལྟས་པ་ན༔ གནས་གསུམ་དཔའ་བོ་མཁའ་འགྲོས་ཡིད་བསྐུལ་ཞིང༔ དེས་ནི་ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་དེ༔ ཕྱི་ནང་ཀུན་ཏུ་བཀྲ་ཤིས་དགེ་ལེགས་འབྱུང༔ ཕྱི་ཡི་བྲག་རྫོང་ནང་གི་སྒོ་བཞིའི་གནས༔ ལས་བཞིའི་དབྱིབས་ཅན་ག་མཚམས་སྲུང་མ་བཞུགས༔ ནང་གི་འདབ་འབྱོར་ཤར་ཕྱོགས་ཡང་ལེ་ཤོད༔ རྡོ་རྗེ་སེམས་དཔའ་ཤེལ་གྱི་གཞལ་མེད་ཁང༔ དེ་ལ་སྐུ་གསུང་ཐུགས་རྟེན་བྱིན་ཅན་བཞེངས༔ རབ་གནས་ཚོགས་འཁོར་གནས་ལ་བྱིན་ཆེན་འབེབས༔ ཀཿཐོག་དཔལ་གྱི་བསྟན་པ་དར་ཞིང་རྒྱས༔ ལྷོ་ཕྱོགས་འདབས་འབྱོར་ལྕང་ལོ་ཅན་གྱི་ཞིང༔ དེ་ལ་ཟབ་དོན་སྒྲུབ་པའི་སྡེ་བཙུག་ན༔ མདོ་ཁམས་བདེ་སྐྱིད་དཔལ་གྱི་ཉི་མ་ཤར༔ ནུབ་ཕྱོགས་ཟོ་དོར་རྒྱབ་ཀྱི་སྒྲུབ་ཕུག་ཚང༔ ཡ་མཚན་གྲུབ་པའི་ཁང་བུར་ཚེ་ལྷ་བཞེངས༔ དུས་བཞི་ཚོགས་མཆོད་གནས་ལ་བྱིན་དབབ་ན༔ ཚེ་དང་གཡང་གི་རྟགས་ཕྱུག་རོལ་མཚོར་འཁྱིལ༔ བྱང་ཕྱོགས་རྔ་སྒྲ་འབྱུང་བའི་རྟ་མགྲིན་གྱི༔ གསང་ཕུག་རུ་ཏྲའི་སྙིང་གི་རྩ་སྦུབས་སུ༔ སྨོན་ལམ་ལོག་པའི་དམ་སྲིའི་ཤི་འདྲེ་དང༔ མི་ཡི་སྙིང་ལ་ཞུགས་ནས་ཕུང་བར་བྱེད༔ དེ་ནི་དྲག་སྔགས་མཐུ་ལྡན་རྣལ་འབྱོར་པས༔ བཀུག་ཅིང་མནན་ནས་བདུད་འདུལ་མཆོད་རྟེན་བཞེངས༔ རྟ་བྲོ་བརྡུངས་ཤིང་རྟ་མགྲིན་བསྒྲུབ་པར་བྱ༔ བསྟན་པ་དར་རྒུད་མེད་ཅིང་ཡུན་དུ་གནས༔ མཐའ་ནས་མཐའ་རུ་རྒྱས་པའི་ཕྲིན་ལས་འབྱུང༔ གནས་བདག་རྨད་བུ་རྡོ་རྗེ་དྲག་པོ་རྩལ༔ དཀར་ཕྱོགས་གཞི་བདག་འབུམ་གྱིས་བསྐོར་ནས་བཞུགས་༔ དཔལ་གྱི་མདུན་རི་དཔའ་བོ་འབུམ་གྱི་རྫོང༔ རི་བོ་དབང་ཞུ་བྲག་དཀར་མཆོད་སྡོང་བརྩེགས༔ བདུད་རྩིའི་མཚོ་འཁྱིལ་སྤང་རི་ནོར་བུ་འབར༔ ཕོ་བྲང་གཡུ་དང་གསེར་བཟང་བཀྲ་བ་ལ༔ ཁོར་ཡུག་ཡིད་འོང་བཀོད་ལེགས་གཞི་ཡི་བདག༔ གཏེར་སྲུང་ལྷ་བཙན་རྡོ་རྗེ་འབར་བ་རྩལ༔ ལྕམ་མོ་ཀླུ་དང་དགྱེས་སྡེ་སྨན་བཙུན་མོ༔ བཀའ་བློན་དགྲ་ཡི་དཔའ་མོ་དཔུང་དང་བཅས༔ ལྔ་སེར་ས་བདག་རྒྱལ་པོའི་འཁོར་དུ་ཡང༔ ལྷ་ཀླུ་བདུད་བཙན་འབུམ་ཕྲག་ཡངས་པས་བསྐོར༔ གནས་དེའི་ཕྱི་ཡི་སྒོ་སྲུང་ཤར་ཕྱོགས་སུ༔ སྐུ་ལྷ་རག་བཀྲམ་དཔའ་བོ་སྟག་ཞུ་ཅན༔ ལྷོ་ཕྱོགས་ཕྱི་མཚམས་སྲུང་མ་སྤྲེའུ་ཞེས༔ རྡོ་རྗེ་དབང་དྲག་གནོད་སྦྱིན་ཆས་སུ་བཞུགས༔ ནུབ་ཀྱི་ས་སྲུང་གུར་དཀར་ལྟར་མཚོ་མ༔ ཀླུ་བཙན་ལྕམ་དྲལ་དྲག་རྩལ་ཐོག་འབེབས་བཞུགས༔ བྱང་གི་ཕྱི་མཚམས་མངའ་བདག་འབྲི་མཚོ་སྡེས༔ རྒྱལ་འདྲེའི་དགྲ་འདུལ་ཁྲོ་འབར་གཡུལ་རྒྱལ་ཞུགས༔ དེ་ལྟ་བུ་ཡི་གནས་ཀྱི་ཡན་ལག་ཀྱང༔ ཤར་ཕྱོགས་ལྗོངས་ལ་ཕྲིན་ལས་སྐུ་ཡི་གནས༔ ལྷོ་ཕྱོགས་གསེར་ལྡན་ཕྲིན་ལས་ཡོན་ཏན་གནས༔ ནུབ་ཕྱོགས་ཀླུང་ལ་ཕྲིན་ལས་གསུང་གི་གནས༔ བྱང་ཕྱོགས་ནགས་ཚལ་ཕྲིན་ལས་གནས་རྣམས་བཞུགས༔ དེ་ལས་དཔལ་ཆེན་རིགས་བཞིའི་ཡེ་ཤེས་འཕྲུལ༔ ཆུ་ཟླ་ཤར་བཞིན་རོལ་པ་འགགས་མེད་ཤར༔ ཁྲོ་བོ་འཁྱིལ་བའི་གྲོང་ཁྱེར་ཚོགས་ཁང་དབུས༔ དཔལ་གྱི་ཕོ་བྲང་འབར་བའི་བཀོད་པ་སོགས༔ ཀུན་ཀྱང་འདབས་འབྱོར་ངོ་མཚར་རབ་འབྱམས་བཞུགས༔ མ་འོངས་དཔལ་སེང་སྤྲུལ་པ་སྐྱེས་བུ་ཡིས༔ རྟེན་འབྲེལ་ཟབ་མོས་གནས་ཀྱི་སྒོ་ཕྱེ་ནས༔ གཙང་རིགས་ལྷ་ཡིས་མེ་ཏོག་ཆར་འབེབས་ཤིང༔ ཀླུ་དབང་རྣམས་ཀྱིས་སྣོད་བཅུད་འབྱོར་བ་སྤེལ༔ མི་རྣམས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད༔ གང་འབྲེལ་ཐམས་ཅད་ཐུན་མོང་དངོས་གྲུབ་དང༔ མཆོག་གི་དངོས་གྲུབ་ཡེ་ཤེས་ལྷུན་གྱིས་གྲུབ༔ བཀྲ་ཤིས་དགེ་བའི་སྣང་བས་ས་གསུམ་ཁྱབ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སོགས་ཕྲིན་ལས་གནས་ལྔའི་གཙོ་བོའི་མདོ་བྱང་གསང་བ་ལྟར་སྙིང་པོ་བརྩེ་བའི་ཐུགས་རྗེས་སྐྱོང་ཚུལ་གྱི་བཀོད་པའོ༔
ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་མ་དག་དག་པའི་ཞིང༔ ཀ་དག་རྫོགས་ཆེན་བསྟན་པ་རྒྱས་པའི་དཔལ༔ མཚོན་ནས་རྡོ་རྗེའི་བྲག་ལ་རང་བྱུང་གི༔ ཀ༔ཡིག་ཤར་ནས་ས་ཡི་ཐིག་ལེ་ལ༔ བཅུད་འཛིན་ནོར་བུ་དབང་གི་རྒྱལ་པོ་ལྟར༔ ཐེག་དགུའི་ཡང་རྩེ་ཨ་ཏི་ཡོ་ག་དེའི༔ ལུང་རྟོགས་བསྟན་པ་འཛམ་བུའི་ཆུ་གསེར་གྱིས༔ རྒྱལ་མཚན་ཕྱོགས་ཀུན་ཁེབས་པའི་ཏོག་ལྟ་བུ༔ ཐོག་མའི་མགོན་པོ་ཀུན་བཟང་ཆོས་སྐུ་ལས༔ གཟུགས་སྐུའི་རྣམ་རོལ་སྒྱུ་འཕྲུལ་དྲྭ་བའི་གར༔ ཁྱད་པར་རིགས་གསུམ་མགོན་པོའི་སྤྲུལ་པ་ནི༔ སེང་ཆེན་འདྲ་བའི་བླ་རབས་བཅུ་གསུམ་སོགས༔ གྲུབ་དབང་རིག་འཛིན་གསེར་ཕྲེང་རྒྱུན་མི་ཆད༔ འབྱུང་བས་མི་འཇིགས་རྡོ་རྗེའི་གདན་གྱི་གནས༔ ཀུན་ཀྱང་གཞན་དབང་རྡུལ་བརྩེགས་སྣང་བའི་ཚུལ༔ རྒྱུ་འབྲས་གཟུགས་སྣང་མཚན་མ་བཀྲ་བར་འཛིན༔ ཀུན་བཏགས་དྲངས་པའི་གཏམ་ལ་ཀུན་རྫོབ་ཆོས༔ བློ་ཡི་ཡུལ་ཅན་གནས་འདིའི་ཡོན་ཏན་ཀུན༔ མ་རྟོགས་རྨོངས་པའི་འཁྲུལ་ངོར་རྒྱུན་དུ་མཐོང༔ ཡང་དག་མཐོང་ན་དག་པའི་ཞིང་ཁམས་ནི༔ གཞན་ན་མེད་པའི་སྣང་བ་སངས་རྒྱས་ཀྱིས༔ བདེན་པར་མེད་ཀྱང་རྫུན་པར་མེད་པར་གསུངས༔ ཡོངས་གྲུབ་དྭངས་མ་དོན་དམ་ཐིག་ལེའི་ཀློང༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས༔ འབྱུང་ལྔ་དབྱིངས་ཕྱུག་ཡུམ་ལྔའི་མཁའ་ཀློང་དུ༔ ཡེ་ཤེས་ཞིང་ཁམས་བཀོད་པ་བསམ་མི་ཁྱབ༔ གཟུགས་སྣང་རྡོ་རྗེ་སྐུ་ཡི་འཁོར་ལོས་བརྒྱན༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ནི༔ མ་བཅོས་ཡེ་རྫོགས་ལྷུན་གྲུབ་སྣང་བ་དང༔ གཉིས་མེད་ཤར་བ་རང་བྱུང་རིག་པའི་སྤྱན༔ གཟིགས་པ་རྣམ་དག་འཕགས་པའི་བདེན་མཐོང་ཡུལ༔ བསོད་ནམས་སྤྲུལ་པ་ལྷ་མིའི་མཆོད་སྡོང་ལ༔ རང་སྣང་དག་པས་མཐོང་ན་འོག་མིན་ཞིང༔ རྟེན་དང་བརྟེན་པ་མཇལ་དང་གཉིས་སུ་མེད༔ དོན་གྱི་འོག་མིན་སྒྲིབ་པ་ཀུན་དག་པའི༔ ཡེ་ཤེས་རྩལ་རྫོགས་ལམ་ལ་མཐར་ཕྱིན་དུས༔ སྤང་ཐོབ་མེད་པའི་གནས་དེ་འོག་མིན་འགྱུར༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སོགས་ཕྲིན་ལས་གནས་ལྔའི་གཙོ་བོའི་མདོ་བྱང་དེ་ཁོ་ན་ཉིད་ཐམས་ཅད་མཁྱེན་པའི་གཟིགས་ཚུལ་གྱིས་བཀོད་པའོ༔ ས་མ་ཡ༔ དཔལ་གྱི་གནས་མཆོག་ཕྱོགས་ཀུན་མཆོད་པའི་སྤྲིན༔ གཡས་གཡོན་ཆུ་བོ་རྒྱུན་འབབ་མདུན་དུ་འཁྱིལ༔ དྭངས་བསིལ་ལྡན་པའི་མཆོད་ཡོན་ཞབས་བསིལ་བཤམས༔ རི་ཀླུང་ཀུན་ལ་མེ་ཏོག་རྣམ་བཀྲའི་ཚལ༔ ཕྱོགས་ཀུན་ལྷན་སྐྱེས་བདུག་སྤོས་ཚར་དུ་དངར༔ ཤར་ནས་ནམ་མཁའི་ནོར་བུས་མར་མེ་སྦར༔ ཆུ་མིག་བདུད་རྩིའི་རྫིང་བུ་དྲི་བཟང་ཆབ༔ བཟའ་ཤིང་འབྲས་སྨིན་ལོ་ཏོག་རྩི་བཅུད་སྨན༔ རོ་བཅུད་ནུས་པ་ལྡན་པའི་ཞལ་ཟས་རིགས༔ ཟིན་དང་མ་ཟིན་སྙན་པའི་སྒྲ་དབྱངས་བཅས༔ འདོད་ཡོན་ལོངས་སྤྱོད་རང་བཞིན་ཉིད་ལས་འབྱུང༔ ཡུལ་ལ་དབང་པོས་མཚམས་སྦྱར་གཟུགས་སྣང་གི༔ བཀྲ་ཤིས་རྟགས་བརྒྱད་ལ་སོགས་རྣམ་པར་བཀྲ༔ གཅིག་ཏུ་ཟླུམ་འཁྱིལ་མ་བཅོས་རང་བྱུང་གི༔ བདེ་ཆེན་འབར་བའི་ཞིང་གི་བཀོད་པའི་ཚུལ༔ འཁོར་བ་མ་སྤངས་རང་དག་གཞི་རྫོགས་ལ༔ ལྷུན་གྲུབ་ཡོན་ཏན་མངོན་གྱུར་རྒྱན་དུ་ཤར༔ དེ་བཞིན་ཐབས་མཁས་ལམ་ལ་དྲངས་དོན་ཆོས༔ མི་གནས་དབྱིངས་སུ་སྣང་བའི་སྒྲོ་བཏགས་པ༔ སེམས་མེད་བེམ་པོའི་ཡིད་བཞིན་ནོར་བུ་ལ༔ རེ་འདོད་གསོག་སྨོན་ཡིད་བཞིན་འབྱུང་བ་ལྟར༔ དད་ལྡན་ཡིད་ལ་མོས་པས་ཐུགས་རྗེས་གཟིགས༔ ཐབས་ཀྱི་རང་བཞིན་ཉིད་ལས་ཤར་བ་ནི༔ མཐོང་བས་ཡིད་འཕྲོག་སྙིང་ལ་དགའ་བ་སྟེར༔ དྭངས་པའི་དད་པ་སྐྱེ་བས་སྒྲིབ་པ་སྦྱངས༔ ཐོས་པས་སྣང་བ་འགྱུར་ཞིང་འདོད་བློ་ཞིག༔ བློ་སྣ་ལྕགས་ཀྱུས་དྲངས་བཞིན་ཆོས་ལ་བསྒྱུར༔ དྲན་པས་ཐུགས་རྗེ་རྒྱུད་བསྐུལ་བྱིན་བརླབས་འཇུག༔ འཁོར་བ་མཐའ་མེད་ཐར་པའི་དགེ་སེམས་སྐྱེ༔ རེག་པས་བརྐྱངས་ཕྱག་འཚལ་ཞིང་སྡིག་སྒྲིབ་དག༔ འཁོར་ལོ་བསྒྱུར་དབང་གྲངས་མེད་བསོད་ནམས་ཐོབ༔ གནས་འདི་བསྐོར་བའི་ཕན་ཡོན་ཚད་མེད་ཀྱང༔ ཚད་ལས་སྦྱར་ན་སྟོང་གསུམ་རབ་འབྱམས་ཀྱི༔ ཞིང་ཁམས་དག་པ་ཇི་སྙེད་བཞུགས་པ་ལ༔ དེ་སྙེད་བསྐོར་དང་བསམ་པ་དག་པས་མཉམ༔ གྲངས་ལ་སྦྱར་ན་མ་ཎི་དུང་ཉེར་ལྔ༔ བཏོན་པའི་ཕན་ཡོན་ལྷག་བསམ་དག་པས་མཉམ༔ དངོས་པོའི་བསོད་ནམས་སྟོབས་ལ་སྦྱར་ན་ནི༔ སྟོང་གསུམ་གསེར་གྱིས་བཀང་ནས་བཀོད་ལེགས་པ༔ དག་པའི་ཞིང་ལ་ཕུལ་བའི་བསོད་ནམས་དང༔ མི་ལུས་དལ་འབྱོར་ནོར་བུས་བསྐོར་བས་མཉམ༔ རྒྱུད་ལ་སྦྱར་གྲངས་གྲངས་མེད་ཚོགས་བསགས་དང༔ དགེ་བའི་ས་བོན་རྒྱུད་ལ་བཞག་པས་མཉམ༔ ཕྱག་མཆོད་བསྐོར་བས་ལུས་ཀྱི་སྒྲིབ་པ་འདག༔ དེས་ནི་བཞི་བརྒྱ་རྩ་བཞི་ནད་སེལ་ཞིང༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱང་བཟློག་པར་ནུས༔ མེ་ཏོག་མར་མེ་མཎྜལ་མཆོད་སྤྲིན་གྱིས༔ བསོད་ནམས་ཚོགས་ཀྱི་འབྲས་བུ་ཡེ་ཤེས་འཕེལ༔ བསང་དང་གསེར་སྐྱེམས་ཕུལ་དང་ཟབ་མོའི་ཆོས༔ མདོ་སྔགས་བཀའ་བགྲང་སྙིང་པོ་གཟུངས་བཟླས་ན༔ ཕ་རོལ་བྱད་ཟོར་གཏད་ཁྲམ་བཟློག་པ་དང༔ སྲི་དང་སྐེག་ངན་འདྲེ་བགེགས་བདུད་ལས་རྒྱལ༔ གནས་ཀྱི་གང་ཟག་བྱིན་གྱིས་བརླབས་པའི་མཐུས༔ ཏིང་འཛིན་དྲོད་སྐྱེ་ནུས་པ་འབུམ་དུ་འགྱུར༔ རྩ་གསུམ་བསྙེན་ཅིང་བསྒྲུབ་པས་དངོས་གྲུབ་ཐོབ༔ ཁྱད་པར་ཕུར་པའི་སྒྲུབ་གནས་མཆོག་ཡིན་པས༔ མྱུར་དུ་ཞལ་གཟིགས་དགོངས་རྒྱུད་ཡེ་ཤེས་འཕོ༔ རྡོ་རྗེ་གཞོན་ནུ་ཐུགས་དང་གཉིས་མེད་གྱུར༔ ཚོམ་བུ་ཚོགས་སྒྲུབ་ཉེ་རྒྱུའི་སྤྱོད་པ་ཡིས༔ མཐོང་བའི་བསམ་སྦྱོར་གཞན་ཕན་ཕྲིན་ལས་ཀྱིས༔ རྟེན་ལ་རབ་གནས་གནས་ཆེན་བྱིན་འབེབས་དང༔ ཚོགས་ཀྱི་འཁོར་ལོ་ཚིམས་པ་དྲུག་ལྡན་གྱིས༔ ཕྱི་ནང་གསང་བའི་སྒྱུ་འཕྲུལ་རྟེན་འབྲེལ་འགྲིགས༔
མཆན།༡.གནས་ཡིག་འདི་གཉིས་ནི་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་བ་ཀཿཐོག་པའི་ལོ་རྒྱུས་མདོར་བསྡུས་ཀྱི་དཔེ་དེབ་ལས་ཞལ་བཤུས་པའོ། །
༄༅། །ཆུ་སྤྲེལ་ལོ་ཀཿཐོག་རྡོ་རྗེ་གདན་གྱི་གནས་འདུས་ལ་བསྐུལ་བའི་གཏམ་ཕན་བདེའི་ཆར་སྤྲིན་ཞེས་བྱ་བ་བཞུགས་སོ། །
རྒྱལ་བ་ཤཱཀྱའི་རིང་ལུགས་འཛིན་པའི་ཏོག །རྒྱལ་སྲས་མཐུ་བོ་ཀུན་མཁྱེན་ཀཿཐོག་པ། །རྒྱལ་བསྟན་བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད། །རྒྱལ་རྣམས་ཤིས་པའི་དབྱར་རྔ་སྒྲོགས་གྱུར་ཅིག །སྟོང་ཉིད་དབྱིངས་ལས་བདེ་ཆེན་རྡོ་རྗེའི་སྒྱུ་འཕྲུལ་གར་གྱི་རོལ་པ་ལས། །རྗེས་ཆགས་བརྩེ་བའི་རིགས་ཀྱི་ལང་ཚོ་མཚན་དཔེའི་གཟི་འོད་འབར་བའི་སྐུ། །གསུང་དབྱངས་བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་རྡོ་རྗེ་ནཱ་དའི་དབྱངས། །ཟབ་ཞི་འོད་གསལ་རྣམ་ཀུན་མཆོག་ལྡན་བླ་མ་ཤཱཀྱའི་རྒྱལ་པོར་མཆོད། །མཁྱེན་རབ་ཡེ་ཤེས་རྡུལ་དམར་སྤུངས་ལས་འཇམ་པའི་དཔལ་གྱི་ཉི་མ་ནི། །གསེར་བསྲེག་མདོག་འདྲ་ཀུན་ནས་རབ་རྒྱས་རྒྱལ་བའི་ཐུགས་ཀྱི་ཟེའུ་འབྲུར་བཞུགས། །དབང་སྔོན་མདོག་མཚུངས་རལ་གྲིའི་ཤུགས་ཀྱིས་སྲིད་ཞིའི་དྲྭ་བ་གཅོད་མཛད་པ། །རྒྱལ་སྲས་མཐུ་བོ་བསྟན་པའི་འཁོར་ལོ་ཁྱོད་འདྲ་མཚུངས་པ་མེད་པས་བསྔགས། །ཟླ་ཤེལ་ཞུན་མའི་ལྷུན་པོ་མཆོག་ལ་སྙིང་རྗེའི་པདྨ་དཀར་པོའི་མཚན། །མཐོན་མཐིང་རལ་པའི་ཅོད་པན་ཆེ་ལ་ནོར་བུའི་ཏོག་གི་གཟི་འོད་འཕྲོ། །བརྩེ་བའི་སྤྱན་ཟུང་དཀྱུས་རིང་ཡངས་པས་ནམ་མཁའི་མཐའ་མཉམ་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ཞེས་རྟག་པར་རབ་བསྔགས་གང་གི་ཞབས་ཀྱི་ཆུ་སྐྱེས་མཆོད། །རྒྱལ་རྣམས་མཐུ་སྟོབས་བསྐལ་པའི་མེ་ཆེན་ལག་ན་རྡོ་རྗེ་ཕྱིན་པ་ལས། །ལོག་འདྲེན་བགེགས་ཀྱི་ཀླད་པ་འགེམ་ལ་མི་བཟློག་རབ་འཇིགས་ཁྲོ་བོའི་རྒྱལ། །འཇིགས་རུང་གད་མོས་སྲིད་གསུམ་རབ་བསྔགས་བདུད་སྡེ་ཕྱེ་མར་འཐག་མཛད་ཅིང་། །དཔའ་བོ་ཆེན་པོའི་ཞབས་མཐིལ་ཁྲག་གིས་བགོས་དེར་བདག་གི་མགོ་བོས་བཏུད། །མར་རྒད་ལྟར་ལྗང་ཐུགས་རྗེ་འགྲོ་ལ་ཤིན་ཏུ་མྱུར་བའི་རྗེ་བཙུན་མ། །སྙིང་རྗེའི་དབང་ཕྱུག་ཞལ་གྱི་ཆབ་ལས་ལེགས་འཁྲུངས་འཕགས་བཞི་བསྐྱེད་པའི་ཡུམ། །ཞིང་ཁམས་རྒྱ་མཚོར་སྒྲོལ་མ་ཞེས་པའི་མཚན་གྱི་སྙན་པའི་སྤྲིན་ཡིག་གིས། །འཇིགས་ཚོགས་མ་ལུས་སེལ་བར་བྱེད་པའི་དངོས་གྲུབ་དཔའ་མོར་གུས་པས་མཆོད། །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་གངྒའི་བྱེ་ཀླུང་བརྒྱ་ཕྲག་རྡུལ་སྙེད་ཀྱི། །གསང་གསུམ་ཡོན་ཏན་ཕྲིན་ལས་རང་གཟུགས་མཚོ་སྐྱེས་རྡོ་རྗེས་འགྲོ་བའི་མགོན། །སྣང་སྲིད་ཟིལ་གནོན་སྐུ་གསུམ་རིགས་འདུས་མ་ཧ་གུ་རུ་རྡོ་རྗེ་འཆང་། །བྷོ་ཏྲའི་རྒྱན་གཅིག་པདྨ་འབྱུང་གནས་ཞབས་པད་བྱང་ཆུབ་བར་དུ་འདུད། །འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་ཞི་བ་མཚོ། །འཇམ་དཔལ་རྒྱལ་པོར་རོལ་པ་ཁྲི་སྲོང་ཞབས། །འཇམ་པའི་ཐུགས་མངའ་མཁས་པ་བཻ་རོ་དང་། །ཀ་ཅོག་ཞང་སོགས་བཀའ་དྲིན་རྗེས་སུ་དྲན། །བསྟན་པའི་སྒྲོན་མེ་དི་པཾ་ཀཱ་ར་དང་། །གོང་མ་རྣམ་ལྔ་མར་མི་དྭགས་པོ་དང་། །འཇམ་དབྱངས་བླ་མ་བློ་བཟང་གྲགས་པ་སོགས། །རིས་མེད་སྐྱེས་མཆོག་རྣམས་ཀྱང་ཕྱག་གིས་འདུད། །ཁྱད་པར་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི། །བཤད་སྒྲུབ་རིག་འཛིན་རྡོ་རྗེ་རིན་པོ་ཆེ། །ཕྲེང་བ་བརྒྱུད་མར་བྱོན་པ་ཐམས་ཅད་ལ། །མི་ཕྱེད་དད་པས་སྙིང་གི་དཀྱིལ་དུ་བཞུགས། །ལྔ་བདོའི་འགྲོ་སྐྱོབ་དབུགས་འབྱིན་དེད་དཔོན་ཆེ། །ཉང་གུར་བྱང་སོགས་གཏེར་འབྱིན་གྲུབ་ཚོགས་ཀྱི། །རྣམ་ཐར་ཡིད་མཁར་ཡང་ཡང་བཀོད་པ་ལས། །དད་གསུམ་སྣང་བྱེད་གཞོན་ནུ་རབ་ཏུ་འཆར། །གངས་ཀྱི་རི་བོའི་ཡུལ་འདིར་གྲགས་པའི་བ་དན་དཀར་པོ་ཐོགས་པ་མང་ན་ཡང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྤོབས་པ་མ་སྙེམས་རྒྱལ་བ་གཉིས་པ་ཀཿཐོག་པ། །འཇིག་རྟེན་གསུམ་གྱི་ཁྱུ་མཆོག་ཆེན་པོ་ཆོས་ཀྱི་རྒྱལ་པོ་པྲཉྫ་སེང་ཧ་ཡི། །ཞབས་བརྟེན་བཀྲ་ཤིས་འཁོར་ལོ་དེ་རིང་བདག་གི་སྤྱི་བོར་ཞོལ་ལ་བྱིན་གྱིས་རློབས། །བསྟན་པའི་འཁོར་ལོའི་མཁྱེན་པའི་ཡེ་ཤེས་ཕྱག་ན་པདྨོའི་བརྩེ་བ་དང་། །གསང་བའི་བདག་པོའི་ནུས་མཐུ་གཅིག་བསྡུས་ཨོ་རྒྱན་བླ་མའི་བསྟན་པ་འཛིན། །བཤད་བསྒྲུབ་ཕྲིན་ལས་ས་གསུམ་ཀུན་ཁྱབ་མདོ་སྔགས་བཀའ་གཏེར་རྒྱ་མཚོས་མཛོད། །ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་དབང་ཕྱུག་བཀའ་དྲིན་མཉམ་མེད་དེས་སྐྱོངས་ཤིག །ཅེས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པ་དང་། ཤིས་པའི་ཚིག་གི་སྐབས་དབྱེ་སྟེ། གང་གླེང་བར་བྱ་བ་ནི། གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་དེས་དགོངས་པ་འཕོ་འགྱུར་བྲལ་བའི་ངང་ལས་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་བཀོད་དེ་གདུལ་བྱ་དང་འདུལ་བྱེད་ཀྱི་རྣམ་པར་རོལ་པ་ཚད་མེད་བགྲངས་ལས་འདས་པ་སྟོན་པ་ཉིད་ཀྱི་མཁྱེན་པ་ལས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིའང་སྤྱོད་ཡུལ་ལས་འདས་པ་ཡིན་ན་བདག་འདྲས་བརྗོད་པའི་ངལ་བས་ཅི་ཞིག་བྱེད། དེ་ལས་རེ་ཞིག་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་ཁམས་ཞེས་མཆོག་གི་སྤྲུལ་པའི་སྐུ་བདག་ཅག་གི་སྟོན་པ་རྩོད་ལྡན་གྱི་འགྲོ་བ་འདུལ་བའི་ཐུགས་བསྐྱེད་པདྨ་དཀར་པོ་ལྟར་བསྔགས་པ་ཐུབ་མཆོག་རྒྱལ་བ་ཤཱཀྱ་སེངྒེའི་གདུལ་བྱའི་ཞིང་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་ཁམས་ཆེན་པོ་འདི་ཉིད། རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀྱི་ཟེའུ་འབྲུར་ཆགས་པས་ཞིང་ཁམས་གཞན་ལས་ཁྱད་པར་དུ་འཕགས་པ་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་བའི་གནས་སུ་རབ་ཏུ་བསྔགས་པས་བྱེ་བྲག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལྷོ་གླིང་དབུས་མ་ཛཾ་བུའི་གླིང་འདིར་དབུས་ན་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་མངོན་པར་བྱང་ཆུབ་པའི་གནས་མ་ག་དྷ་བཛྲ་པ་ན། ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་ན་འཕགས་པ་འཇམ་དཔལ་གྱི་ཕོ་བྲང་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་འཕགས་པ་འཇིག་རྟེན་དབང་ཕྱུག་གི་བཞུགས་གནས་རི་པོ་ཏཱ་ལ་དང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ནུབ་ཕྱོགས་ན་ཨོ་ཌཎྱ་ནར་དཔལ་ཧེ་རུ་ཀའི་གཞལ་མེད་ཁང་རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས།བྱང་ཕྱོགས་སུ་སྤྲུལ་པའི་རིགས་ལྡན་ཆོས་ཀྱི་རྒྱལ་པོས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བའི་གནས་ཤམ་བྷ་ལ་རྣམས་ཡོད་པ་ལས།རྡོ་རྗེ་གདན་གྱི་བྱང་ཕྱོགས་རིགས་གསུམ་སྤྲུལ་པའི་ཆོས་རྒྱལ་གྱིས་བཟུང་བའི་གནས་ཁ་བ་ཅན་གྱི་ལྗོངས་ནི། བཀའ་གདམས་གསང་བའི་གླེགས་བམ་དུ།ཨོ་རྒྱན་དྷུ་མ་ཐ་ལའི་ཡེ་ཤེས་ཌཱཀྐིའི་རྡོ་རྗེ་མགུར་ལས།ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་སྤུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤངས་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་རྒྱ་ཆེར་བསྔགས་པ་མཛད་པའི་བོད་ཡུལ་འདིར། སྟོད་མངའ་རིའི་སྐོར་གསུམ་རྫིང་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུར་གྲགས་པ་རྣམས་སུ་ཡོད་པ་དེ་དག་ཀྱང་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་རྣམས་སུ་ནང་གི་ལུས་ཀྱི་ཁམས་ཉི་ཤུ་རྩ་བཞི་པོ་ཕྱི་རོལ་གདོད་ནས་གྲུབ་པའི་གནས་ཆེན་པོ་ཉེར་བཞི་དང་། ཡུལ་ཆེན་པོ་སོ་གཉིས་ཀྱིས་གྲངས་བགྲངས་པའི་ནང་དུའང་འདུ་སྟེ། ཧི་མ་ལ་ཡ་སྟེ་གངས་ཅན་དང་། པྲེ་ཏ་པཱུ་རི་བོད་ཡུལ་ཡིན་པ་དང་། དེ་བཱི་ཀོ་ཊི་དངོས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་མཁས་པ་དག་གིས་བཤད་ཀྱང་བཀའ་བརྒྱུད་ཀྱི་གྲུབ་ཐོབ་གོང་མ་རྣམས་ཀྱིས་དེ་བཱི་ཀོ་ཊི་མཁའ་སྤྱོད་དཔལ་གྱི་ཙ་རི་ཏྲ་བོད་ཀྱི་ལྷོ་ཕྱོགས་འདི་དངོས་ཡིན་པར་བཞེད་ལ། ཞིང་དེ་རྣམས་སུ་རྒྱུད་ལས་རངས་མ་ནི་སྒང་པར་འབྲེལ་བས་ཧི་མ་ལ་ཡའོ། །ཤིན་ཏུ་གཟུགས་ཅན་མཚན་མ་ན་སྟེ་པྲེ་ཏ་པཱུ་རིའོ། །སྒོམ་པ་མ་ནི་མིག་གི་ཕྱི་རོལ་ཏེ་དེ་བཱི་ཀོ་ཊིའོ། །ཞེས་གསུངས་པས། ཡུལ་ཉེར་བཞི་ཧེ་རུ་ཀའི་གནས་བཅུ་དང་སྦྱར་ན། བརྟག་གཉིས་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚནྡྷོ་ཉེ་བའི་ཚནྡྷོ་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ཞེས་གསུངས་པ་ལྟར་ན། ཧི་མ་ལ་ནི་ཉེ་བའི་ཚནྡྷོ། པྲེ་ཏི་པཱུ་རི་ནི་འདུ་བའི་ནང་གསེས། དེ་བཱི་ཀོ་ཊི་ནི་རྟག་ཏུ་ཉེ་བའི་ཞིང་གི་སྡེ་ཚན་ཡིན་པར་གསུངས་ཤིང་། དེ་ལྟ་བུའི་གནས་ཡུལ་ཆེན་པོ་དེ་དག་ཏུ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རྗེ་འབངས་དང་བཅས་པ་རྣམས་ཀྱིས་སྐྱེས་བུས་ལག་པ་བརྐྱང་བསྐུམ་དང་མིག་འབྱེད་འཛུམ་གཅིག་གི་ཡུན་ལའང་སྒྱུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པ་བོད་ཁམས་མཐའ་དབུས་ཐམས་ཅད་རྟ་མིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས་ཤིང་གྲུབ་པར་མཆོག་གི་ནུས་པའི་མཐུ་དང་། གསང་གསུམ་རྡོ་རྗེའི་ཡེ་ཤེས་འབེབས་པ་བྱིན་གྱིས་བརླབ་པར་མཛད་པའི་གནས་ཆེན་དང་། གནས་ཕྲན་མཐའ་ཡས་པ་དེ་རྣམས་སུ་ཆོས་ནོར་གྱི་ཟབ་གཏེར་མཐའ་ཡས་པས་གཏམས་པར་མཛད་པས་བསྟན་འགྲོའི་རྒུད་པ་བསལ་ཞིང་ཕན་བདེའི་དགའ་ཚལ་དར་ལ་བབ་པར་མཛད། དེ་ལས་བོད་དབུས་ཀྱི་རྡོ་རྗེ་གདན་ལྷ་གདན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ་ནས་ཤར་ནས་ཤར་དུ་དཔག་ཚད་བརྒྱ་བརྒལ་བ་ན་མདོ་ཁམས་སྒང་དྲུག་ལས་འབྲི་ཟླ་ཟལ་མོའི་སྒང་ཞེས་གྲགས་པའི་འབྲི་ཀླུང་དམ་པ་ཆོས་ཀྱི་འབྱོར་བས་ཕྱུག་སའི་ཆར་སྡེ་བཞི་དགེ་བ་བཅུ་ཡི་དཔལ་གྱི་མངོན་པར་འབྱོར་བའི་ལྗོངས་ཆེན་པོར་གསེར་ལྡན་ཆུ་བོ་ཆེན་པོ་གཡས་ནས་དལ་གྱིས་འབབས་ཤིང་། ཤར་ཕྱོགས་ཏྲཾ་ཁོག་གི་སྤོས་ཆུའི་ཀླུང་ཆེན་རིན་ཆེན་སྣ་ཚོགས་ཀྱི་བྱེ་མ་འདྲེན་ཏེ་གཡོན་ནས་དལ་གྱིས་ལྷོ་ཕྱོགས་སུ་འབབ་སྟེ། གཡུ་འབྲུག་མ་བུ་འཕྲོད་པའི་ཁུག་པ་མཚན་ཐོས་པས་ཀྱང་འཁོར་བ་མཐའ་ཅན་དུ་བྱེད་ཅིང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཀཿཐོག་རྡོ་རྗེ་གདན་ཞེས་གྲགས་པའི་དུང་ཆེན་དཀར་པོ་འཛིན་མའི་འཁོར་ཡུག་ཏུ་ཁྱབ་པར་སྒྲོགས་པའི་ཞིང་ཁམས་འདི་ནི་འོག་མིན་གྱི་ཞིང་རྒྱན་ལྟུག་པོ་བཀོད་པའི་བྱིན་བརླབས་ལས་མེ་ལོང་དུ་བྱད་ཀྱི་གཟུགས་བརྙན་བཞིན་ལྗོངས་འདིར་འཕོས་པའི་ས་ལ་སྤྱོད་པའི་འོག་མིན་ཆེན་པོ་འཕགས་ཡུལ་གྱི་རྡོ་རྗེ་གདན་དང་བྱིན་རླབས་ངེས་པར་མཉམ་པར་འཕགས་ཆེན་གྱི་ས་ལ་བཞུགས་པའི་རིག་འཛིན་གོང་མ་རྣམས་གསུང་གཅིག་དབྱངས་གཅིག་ཏུ་བསྔགས་པའི་མེ་ཏོག་པུཎྜ་རི་ཀ་ཡང་ཡང་འཐོར་བར་མཛད་པ་དང་། དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱི་བདེན་གསུང་དཔལ་གྱི་མགུར་ལས། ལན་གཅིག་མིན་པ་གཏེར་ཁ་ཚད་ཐུབ་མངའ་བདག་ཉང་གུར་སངས་རྒྱས་གླིང་པ། རྡོར་གླིང་སོགས་སྤྲུལ་པའི་གཏེར་ཆེན་བརྒྱུད་མར་བྱོན་པ་དག་གི་གཏེར་ལུང་དུ་ཡང་ཀཿཐོག་ཅེས་པ་ས་ཡི་དབུས་སུ་བཟུང་བའི་ཕྱོགས་མཚམས་སུ་གང་ཟག་ཁྱད་པར་ཅན་མང་པོ་འབྱུང་ཚུལ་དང་། ནུས་ལྡན་ཉེར་གཅིག་གི་ཡ་གྱལ་གཏེར་ཆེན་སྟག་ཤམ་རྡོ་རྗེས། ཌཱཀྐི་མཚོ་རྒྱལ་གྱི་རྣམ་ཐར་ཐང་ཡིག་ཏུ། ཁྱད་པར་མ་འོངས་ལྔ་བརྒྱ་ཕྲག་ལྔ་དུས༔ འདི་ནས་ཤར་ཕྱོགས་ཀཿཐོག་ཅེས་བྱ་ལ༔ གུ་རུ་སེང་གེ་སྒྲ་སྒྲོགས་བསྟན་པའི་གཞི༔ པདྨ་འབྱུང་གནས་རབ་གནས་བཅུ་གསུམ་མཛད༔ རི་བོ་སེང་གེ་འགྱིང་འདྲའི་མགུལ་བ་རུ༔ ཡང་ཟབ་གཏེར་སྦས་མ་འོངས་རྟེན་འབྲེལ་བསྒྲིགས༔ པད་འབྱུང་ཡབ་ཡུམ་འགྲོ་དོན་ཕྱོགས་དེར་དར༔ དམ་པ་བདེ་གཤེགས་མཚོ་རྒྱལ་ང་ཉིད་སྤྲུལ༔ གསང་སྔགས་ཨ་ཏིའི་བསྟན་པ་མཐའ་རུ་གནས༔ སྐབས་སྐབས་འཇིག་ཀྱང་ལས་ཅན་རིམ་བཞིན་འབྱུང༔ མཚོ་རྒྱལ་གདུལ་བྱ་ཐ་མ་དེ་རུ་བབས༔ ཞེས་གནས་དང་གང་ཟག་ཤིན་ཏུ་གསལ་བར་བསྟན་པ་དང་། གཏེར་ཆེན་ཀློང་གསལ་སྙིང་པོའི་གཏེར་ལུང་དུ། ཤམ་པོ་གང་གི་ར་བ་ན༔ ཐེག་པ་ཆེན་པོའི་གནད་གསལ་ཞིང༔ ཞེས་སོགས་འབྱུང་ཞིང་། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས། དཔའ་བོ་དབང་ཆེན་བྲག་ནས་སྤྱན་དྲངས་པའི་ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་མདོ་བྱང་ཆེན་པོ་ལས། ཕྲིན་ལས་གནས་ཀྱི་གཙོ་བོ་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཀླུང་ཕྱོགས་དག་ཏུ༔ ཀཿཐོག་རི་བོ་སེང་ཆེན་འགྱིང་འདྲའི་མགུལ༔ རིན་ཆེན་འདྲ་བའི་བྲག་ལ་པད་འབྱུང་བདག༔ ལོ་གཅིག་བཞུགས་པའི་སྒྲུབ་གནས་ཀེའུ་ཚང༔ ནང་དུ་སྒྱུ་འཕྲུལ་ལྷ་ཚོགས་རང་བྱོན་བཞུགས༔ མ་འོངས་འདི་རུ་ང་སྤྲུལ་བདེ་གཤེགས་མཚན༔ བསྟན་པའི་མེ་རོ་སྨད་ནས་སློང་བར་བྱེད༔ པད་འབྱུང་བརྒྱུད་འཛིན་བསྟན་པའི་བདག་པོ་རུ༔ སེང་ཆེན་འདྲ་བའི་མི་རབས་བཅུ་གསུམ་འབྱུང༔ ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་དབྱེ་བའི། ཕྲིན་ལས་ཀྱི་གནས་ཆེན་ལྔ་ཡི་དབྱེ་གཞི་གཙོ་བོ་ཡིན་པར་གསུངས་ཤིང་། སྔ་འགྱུར་བཀའ་གཏེར་གྱི་བཤད་སྒྲུབ་ཐམས་ཅད་རྩ་བ་གདན་ས་འདི་ལས་འཕྲོས་ཤིང་བསྟན་པའི་འབྱུང་གནས་དམ་པ་དང་། གསང་བ་སྙིང་པོའི་བསྟན་པའི་གཞི་མ་འགྲན་ཟླ་དང་བྲལ་བ་ཡིན་པའི་ཕྱིར། དེ་ཡང་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་། གྲུབ་ཆེན་ཀ་ཧྣ་པ་སོགས་ཀྱི་སྐུ་ཡི་སྐྱེ་བ་ཆོས་རྗེ་རིན་པོ་ཆེ་དམ་པ་བདེ་བར་གཤེགས་པའི་དགུང་གྲངས་སོ་བརྒྱད་པར་ས་མོ་ཡོས་ཀྱི་ལོར་གདན་ས་ཆེན་པོ་བཏབ་པར་མཛད་པ་ནས་བཟུང་སྟེ་ད་ལྟའི་བར་གདན་རབས་རིགས་གསུམ་མགོན་པོའི་སྤྲུལ་པ་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་གསེར་རིའི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱོན་ནས། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བསྟན་གསལ་བར་མཛད་པའི་གནས་ཆེན་འདི། ཆོས་རྒྱལ་སྲོང་བཙན་སྒམ་པོས་གངས་དཀར་སྤུན་གསུམ་དང་ལྷན་ཅིག་ས་གཞི་བྱིན་གྱིས་བརླབས། ཆོས་རྗེ་དམ་པའི་གཟིགས་སྣང་ས་རྡོ་རི་བྲག་ཐམས་ཅད་ཐ་མལ་པའི་སྣང་བ་མེད་པར་དག་པ་ཡེ་ཤེས་ཀྱི་འཁོར་ལོར་གཟིགས་ཤིང་། གནམ་འཁོར་ལོ་རྩིབས་དགུ། ས་པདྨ་འདབ་བརྒྱད། མདུན་རི་སྤྲེལ་ཁྱིམ་གྱི་གཡོན་ངོས་སྤྱང་རེ་གདུགས། དེའི་ཡར་འདབས་རྟ་ཀ་རང་སྤང་དང་། སུ་རུའི་སྐྱེད་འཕེལ་གྱི་གསེར་ཉ། སྤྲེལ་ཁྱིམ་གྱི་དབུ་རྩེར་དུང་གཡས་འཁྱིལ། གསེར་ཁང་གི་ཆུ་མགོར་པདྨ། ཁྲ་རིང་ནགས་སུ་བུམ་པ། འོག་ཕེའི་མར་འདབས་ན་དཔལ་བེའུ་ཤིན་ཏུ་གསལ་བ་ལྟར་མི་མངོན་པས་ཐུགས་ཀྱི་གསང་བ་མཚོན། འོག་ཕེའི་གཡོན་ཟུར་བྲག་གི་དར་གྱི་ཤམ་བུ་གཉིས་རྒྱལ་མཚན་ཏེ། བར་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་པ། རྒྱབ་རི་མཐོ་བས་བཀྲ་ཤིས། བྱང་རི་སྐྱོར་བས་དགྲ་མེད། མདུན་འདུད་པའི་འཁོར་བྱམས། མདུན་རི་བ་དན་རྩེ་གསུམ་དབྱིབས་ཀྱིས་སྙན་གྲགས་འཕེལ། ལྷོ་སྤུངས་པས་ལོངས་སྤྱོད་འཕེལ་བ་སོགས་གཙུག་ལག་གི་གཞུང་ནས་འབྱུང་བའི་ས་ཡི་དཔྱད་ཚངས་ཤིང་གནས་རིའི་དབྱིབས་དཔལ་ཆེན་པོ་གཡས་སུ་འགྱིང་བའི་སྐུ་ཡི་རྣམ་པ་ཞབས་ཕྱེད་སྐྱིལ་དུ་ཡོད་པའི་མདུན་མེ་སྐྱེ་ཞེས་པའི་ས་ཡི་ལུང་པ་དང་རི་གདོང་གི་རི་མོ་སྒྲོལ་མ་སྔོན་མོ་གཡོན་བརྐྱངས་ཀྱིས་ཕྱེད་སྐྱིལ་དུ་བཞུགས་པའི་ཞབས་གཡས་གཉིས་བསྣོལ་བ་སྟེ། དེ་ཡང་སྒྲོལ་མ་ཕྲིན་ལས་ཀྱི་ལྷ་མོ། ངོ་བོ་གནམ་ཞལ་དབྱིངས་ཕྱུག་མ་དང་དབྱེར་མེད་པས་བསྐྱེད་རྫོགས་ཟུང་འཇུག་གྲུབ་པའི་གནས་དང་ཕྲིན་ལས་ཐམས་ཅད་འབྱུང་བའི་གཞི་ཡིན་པ་དང་། མདོ་ཡི་ས་གྲུ་གསུམ་བླ་མེད་མངོན་རྫོགས་ཧེ་རུ་ཀའི་གནས། གསང་གནས་བདེ་སྐྱོང་གི་འཁོར་ལོ་ཆོས་འབྱུང་གི་གདན་ལ། འཇིག་པ་མེད་པའི་སེང་གེའི་ཁྲིའི་སྟེང་དུ་ལྟེ་བའི་སྤྲུལ་འཁོར་རྡོ་རྗེ་གཞོན་ནུའི་གནས་སུ་རྡོ་རྗེ་གདན་གྱི་སྤྲུལ་པའི་གཙུག་ལག་ཁང་། སྙིང་ཁ་ཆོས་ཀྱི་འཁོར་ལོའི་གཡོན་ཟུར་རི་རྩིབས་ཆོས་འཁོར་བསྟན་པ་མཐའ་རྒྱས་གླིང་ཞེས་སྔར་དུས་བཤད་སྒྲུབ་ཀྱི་ཆོས་གྲྭ་ཆེན་པོ་བྱུང་། ས་འདི་ཆོས་རྗེ་དམ་པའི་གཟིགས་སྣང་དུ་སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། འཇམ་འབྱངས་དམར་སེར་གཉིས་འཆད་རྩོད་མཛད་པ་གཟིགས་པའི་གདན་ས་འདིར་རིག་པའི་གནས་ལྔ་མཁྱེན་པའི་སྐྱེས་ཆེན་དུ་མ་འབྱུང་ཞེས་ལུང་བསྟན་པ་བཞིན་བར་མ་ཆད་པ་བྱུང་། རི་རྩིབས་ཀྱི་བྲག་གོང་མ་རྣམས་ཞི་བའི་ལྷ་ཚོགས། འོག་མ་རྣམས་འབར་བ་ཁྲག་འཐུང་གི་ལྷ་ཚོགས་སུ་བཞུགས། མགྲིན་པ་ལོངས་སྤྱོད་ཀྱི་གཡོན་ཟུར་བར་ཁྲོད་འོད་གསལ་གླིང་མཁའ་སྤྱོད་གསང་བ་རྡོ་རྗེ་བྲག་རིར་བདེ་གཤེགས་ཀུན་འདུས་ཀྱི་ཕོ་བྲང་དང་། སྐལ་བཟང་སངས་རྒྱས་སྟོང་རྩ་བླ་མ་དགོངས་འདུས་ཀྱི་ལྷ་ཚོགས་བཞུགས་པའི་གནས། སྤྱི་བོར་བདེ་ཆེན་འཁོར་ལོའི་གཡོན་ཟུར་ཡང་ཁྲོད་བསམ་གཏན་གླིང་ཞེས་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དང་། ཆོས་རྗེ་དམ་པར་འོད་དཔག་མེད་ཀྱིས་ཞལ་གཟིགས་ཤིང་། རིང་པད་ཅེས་བསྔགས་རྒྱབ་རིའི་དབུ་རྩེར་བདག་ཅག་གི་སྟོན་མཆོག་ཐུབ་པའི་དབང་པོའི་གཟུགས་བརྙན་རྫ་སྤང་གི་རི་མོས་མཚན་པ། སེང་གེའི་ཁྲི་སྟེང་ལྷ་ཆེན་གྱི་གཙུག་ལག་གི་ཐེམ་པའི་ནང་ངོས་ལ་རྡོ་རྗེ་རྒྱ་གྲམ་གྱི་རང་བྱོན་དང་དེའི་གཡས་ཕྱོགས་གསལ་བྱེད་ཀྱི་ཐོག་མ་ཡི་གེ་ཀཿཡི་རང་བྱོན་ཡོད་པས་ཀཿཐོག་གི་མཚན་ཐོགས། འདི་ལ་དམ་པ་བདེ་གཤེགས་ཀྱི་གསང་སྔགས་ཕོ་བྲང་ཆེན་པོ་མཛད་པའི་གདན་སའི་ལྟེ་བར་རྟེན་གསུམ་ཡེ་ཤེས་པ་དངོས་སུ་ཐིམ་པའི་བྱིན་རླབས་ཀྱི་གཟི་འོད་འབར་བ་བགྲངས་ཡས་བཞུགས་པའི་རྟེན་གཙོ་ཐུབ་དབང་ཐོག་གདུགས་མ་ཞེས་བདག་ཅག་གི་སྟོན་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ལྷ་སའི་ཇོ་བོ་རིན་པོ་ཆེ་དང་ངོས་མཉམ་པ་དང་། སྤྱན་སྔ་བསོད་ནམས་འབུམ་པས་བཞེངས་པའི་བྱམས་ཆེན། ཀློང་གསལ་སྙིང་པོས་བཞེངས་པའི་གུ་རུ་གསུང་འབྱོན་སོགས་བཞུགས། གསང་སྔགས་ཕོ་བྲང་གི་གཡས་ཕྱོགས་འབྲུ་གསུམ་རང་བྱོན། གསུང་མཆོག་ཡི་གེ་དྲུག་མ་རང་ཤར། དེ་དང་ཉེ་བར་དབྱངས་ཀྱི་དང་པོ་སྐྱེ་མེད་རང་བྱུང་གི་ཡི་གེ་ཆོས་ཐམས་ཅད་འབྱུང་བའི་གཞི་ཨ་དཀར་པོ། སྐར་ཆུང་ཆུ་མགོའི་བྲག་དང་། ཆུ་མིག་སྒྲོལ་མ་དཀར་མོ་དང་། འོད་དཔག་མེད་ཀྱི་གནས། ཟུར་བན་གདོང་གི་ཆུ་མགོ་དང་། བྲག་སྒྲོལ་མ་ཉེར་གཅིག་གི་གནས། ཡི་གེ་ཏྃ་རང་བྱོན། དེའི་གོང་རྡོ་དཀར་མ་མགྲིན་པའི་རྩ་ཡིག་མཚོན་བྱེད་ཨ་རང་བྱོན། ཆོས་རྗེ་རིན་པོ་ཆེ་རྣམ་གསུམ་དང་། འབུམ་པ་གསུམ་གྱི་མཆོད་སྡོང་བཞུགས་པའི་སྐུ་འབུམ་རིང་མོ་ནི། རྒྱ་གར་གྱི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་ངོས་མཉམ་ཞིང་། རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་དང་། ཕྱག་རྡོར། མི་གཡོ་བ་སོགས་ཀྱི་གནས་དང་། དེར་དྲུང་རིན་པོ་ཆེའི་ཕྱག་རྗེས། དེའི་གོང་དུ་སྒྲོལ་མ་དང་། གུ་རུ་རིན་པོ་ཆེའི་གནས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྟ་མཆོག་བྷ་ལ་ཧ་དང་། ཆོས་རྗེ་དམ་པའི་ཆིབས་དྲིལ་གྱི་ཞབས་རྗེས། དེའི་གོང་དུ་ཛཾ་སེར་ནག་རང་བྱོན། དེ་དང་ཉེ་བར་སྤྲུལ་པའི་བྱ་ཆུང་། གུར་དྲག བཀའ་བརྒྱད། གྲོ་ལོད་རང་བྱོན་རྣམས་བཞུགས། དམ་ཕུག་རི་བོ་ཏ་ལ་འདི་ནི། བཻ་རོ་ཙ་ནའི་སྒྲུབ་ཕུག་ཡིན་ལ། སྐུ་འབུམ་དུ་ཀློང་གསལ་ཁང་གི་རྒྱབ་ཕྱོགས། བཻ་རོས་མཐའ་འདུལ་དུ་བཞེངས་པའི་མཆོད་རྟེན་ཡོད། ཕུག་པ་འདིར་ཆོས་རྗེ་དམ་པ་རིན་པོ་ཆེ་དང་པོར་བཞུགས་པ་ཡིན། དཔལ་གྲོ་སྟག་ཚང་དང་། དམ་ཚངས་རོང་དང་ངོས་མཉམ། ཕ་ཝཾ་བརྒྱད་སླེབས་རྒྱ་གར་དུར་ཁྲོད་བསིལ་བ་ཚལ་གྱི་ཕ་ཝཾ་རུས་སྦལ་ནག་པོ་དང་མཚུངས་ཤིང་དེ་ཡི་སྟེང་དམ་པའི་རྫུ་འཕྲུལ་གྱི་ཕྱག་ལྕགས་རྗེས་རྒྱ་གྲམ་བཞུགས། དམ་ཅན་ལྷ་ཁང་དབུ་རུ་ཞྭ་ཡི་ལྷ་ཁང་དང་བྱིན་རླབས་མཚུངས། འོག་འཕེལ་འོད་གསལ་སྒང་འཇའ་ལུས་གྲུབ་པ་རྣམས་ཀྱི་ཐོད་བརྒལ་གཟིགས་གནས་དང་། སྐུ་འབུམ་གྱི་གཡོན་ཟུར་དུང་དཀར་གདོང་ལ་གྲུབ་ཐོབ་མ་ཎི་རིན་ཆེན་གྱི་ཞབས་རྗེས་དང་། བསྐོར་ལམ་ཆེན་མོར་རིག་འཛིན་ཀློང་གསལ་སྙིང་པོའི་ཆིབས་འབྲང་ནག་གི་རྗེས་དང་། ཕྱག་ཞབས་རྗེས་སོགས་བགྲང་ལས་འདས། ཀེ་ཐག་ཕུར་འཇམ་དབྱངས་དང་ཚེ་དཔག་མེད་ཀྱི་གནས། རལ་གྲི་རང་བྱོན་ཚེ་བུམ་གྱི་དབྱིབས་དང་ཚེ་ཆུ་བྱིན་ཅན། ཀ་ཐིལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གྲོང་ཁྱེར། རྡོ་གཉེན་མགུལ་གྱི་བྲག་རི་རིག་འཛིན་གྱི་གྲལ་མ་ཞིག་བ་མཚོན་བྱེད་དང་། སངས་རྒྱས་སྟོང་དང་སྒྲོལ་མ་དཀར་མོའི་རང་བྱོན། འདི་ནས་བདུད་འདུལ་རྡོ་རྗེས་སྒྲོལ་མའི་ཆོས་གཏེར་བཞེས། སངས་རྒྱས་ཚག་རག་སྒང་རྒྱ་སྟག་ཐུར་རྒྱུག་འདྲ་བ་གཡོན་སྤྱི་འཇམ་སྒང་གླང་ཆེན་ས་ལ་རབ་བརྟན་གྱེན་དུ་རྒྱུག་པ་ལ་ཆོས་ཀྱི་ཕུང་པོ་བཀའ་བའི་དབྱིབས། གནས་གཤིས་ཕུ་ས་གནམ་གྲུ་གསུམ་རཀྟའི་མཚོ་མ་ཉམས་པ་བསྟན་དགྲ་བསྒྲལ་བའི་གནས། ཕ་ཝཾ་བརྒྱད་སླེབས་ཀྱི་མར་ཙམ་ན་རྡོ་གཉེན་རྨད་བུའི་འཁུ་ལྡོག་བཅིངས་པའི་དམ་པའི་ཕྱག་ལྕགས་རྗེས་དང་། རྫུ་འཕྲུལ་གྱི་འདེད་སྐབས་རྡོ་སྣ་ཕུག་པ། ཆོས་དབང་སྲས་གོ་ཀུན་གྲོལ་འབུམ་གྱི་དབུ་སྐྲ་གཏོར་བ་ལས་འཁྲུངས་པའི་བེ་ཡི་ནགས་ཚལ། ཁྱད་པར་དུ་གུ་རུ་རིན་པོ་ཆེའི་རྫུ་འཕྲུལ་གྱི་ཞབས་རྗེས། གཉགས་ཆེན་ཛྙཱ་ན། ནམ་མཁའི་སྙིང་པོ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། ཌཱཀྐི་མཚོ་རྒྱལ། རྨ་ཐོག་རིན་ཆེན། བཻ་རོ་སོགས་ཀྱི་ཞབས་རྗེས་དང་སྐུ་རྗེས་སོགས་མང་བོ་ཡོད་པར་གསུངས། གཏེར་ཆེན་བདུད་འདུལ་རྡོ་རྗེས་གནས་འདིའི་ཆུ་འཐུང་ཚད་ལ་ངན་སོང་མེད་ཅེས་བསྔགས། ཐེག་མཆོག་རྣམ་གསུམ་གྱི་སྐུ་གདུང་རྒྱབ་ཀྱི་ཤུག་སྡོང་། བདེ་མཆོག་དངོས་སུ་བདུད་འདུལ་གྱིས་གཟིགས། གཞན་ཡང་གཟིགས་སྣང་མཐའ་ཡས་བྱུང་ཚུལ་བདུད་འདུལ་ཞལ་ལུང་ཀློང་གསལ་སྙིང་པོས་བཀོད་པའི་ནང་དུ་གསལ། ཀརྨ་པ་རང་བྱུང་རྡོ་རྗེས་ཀྱང་། ཇི་སྐད་དུ། ཤར་ཕྱོགས་ཀཿཐོག་བྱ་བ་དེ། །ཤིང་བུ་རྡེའུ་ཡན་ཆོད་ཀྱང་། །ལྷ་དང་ལྷ་མོའི་ཚོགས་མཐོང་ཞེས། །ཚོགས་མཆོད་ཕུལ་བའི་མཎྜལ་གྱི། །རྗེས་སོགས་རྡོ་ལ་མངོན་སུམ་ཡོད། །ཅེས་འབྱུང་བ་དང་། གྲུབ་ཐོབ་མ་ཎི་རིན་ཆེན། མཁའ་འགྲོ་མངའ་རི་རྒྱལ་མོ། གཏེར་ཆེན་ཀློང་གསལ་སྙིང་པོ་སོགས་ཀྱིས་གནས་འདིའི་ས་རྡོ་རི་བྲག་ཐམས་ཅད་རྩ་གསུམ་ཞི་ཁྲོའི་ངོ་བོར་གཟིགས་སྣང་འབྱམས་ཀླས། གུ་རུ་ཡབ་ཡུམ། ནམ་སྙིང་། རྨ་གཉགས་གནུབས་ཆེན་སོགས་ཀྱི་རྫུ་འཕྲུལ་གྱི་བཀོད་པས་ཕེབས། ལོ་ཆེན་བཻ་རོས་སྐུ་དངོས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། གཞན་ཡང་ཆོས་རྒྱལ་འཕགས་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ཀརྨ་གུ་རུ། ས་བཅུའི་དབང་ཕྱུག་གཏེར་ཆེན་བདུད་འདུལ་རྡོ་རྗེ། གནམ་ཆོས་མི་འགྱུར་རྡོ་རྗེ་སོགས་ནས་དུས་ཕྱིས་གཏེར་ཆེན་མཆོག་གྱུར་གླིང་པ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་རིན་པོ་ཆེ། དཔལ་སྤྲུལ་སེམས་དཔའ་ཆེན་པོ། མི་ཕམ་མ་ཧཱ་པཎྜིཏ་སོགས་མཁས་དང་གྲུབ་པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་ཙམ་གྱི་ཞབས་ཀྱིས་བཅགས་ཤིང་རྒྱུན་རིང་པོར་བཞུགས། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། ལྷ་ཆེན་གྱི་གཙུག་ལག་ཁང་འདི་བདུད་འདུལ་དང་ཀློང་གསལ་གཉིས་ཀས། རྒྱ་གར་རྡོ་རྗེ་གདན་དང་ངེས་པར་མཚུངས་ཤིང་བྱིན་རླབས་མཉམ་པར་གསུངས་ཤིང་། འཇམ་དབྱངས་སྨྲ་སེང་དང་། སྤྱན་རས་གཟིགས་སེང་གེ་སྒྲའི་གནས་ཀྱང་ཡིན་ཏེ། དམ་པ་རིན་པོ་ཆེ་འཇམ་དབྱངས་དང་། ཆོས་རྗེ་གཙང་སྟོན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས་སོ། །གནས་འདིའི་ཤར་ཕྱོགས་གནས་ར་ལྕོགས་དང་སེང་རི་གནས་གསར་གཉིས། ལྷོ་མཁར་ཆུ། ནུབ་གསང་བ་ཡང་དགོན། བྱང་དཔལ་སྤུངས་འཁོར་ལོ་སྡོམ་པའི་གནས་རྣམས་འདིའི་ཡན་ལག་ཡིན་པ་དང་། དུས་ཕྱིས་གཏེར་སྟོན་གསང་སྔགས་གླིང་པའི་ཤོག་སེར་ལས་བསྒྱུར་བའི་ཀཿཐོག་གནས་ཀྱི་མདོ་བྱང་ཆེན་མོ་ལས་འབྱུང་བ་ནི། དེ་ཡང་། ཁམས་ཡུལ་གནས་ཀྱི་རྒྱལ་པོ་སྦས་པའི་ཡུལཿ འཁོར་ལོ་ལྔ་ལྡན་ཀཿཐོག་རྡོ་རྗེའི་གདནཿ དེ་ཡི་སྒྲུབ་གནས་བརྒྱ་དང་ཉི་ཤུ་བཞི༔ ཞེས་ཁམས་ཕྱོགས་ཀྱི་སྒྲུབ་གནས་ཐམས་ཅད་ཀྱི་རྒྱལ་པོར་བསྔགས་ཤིང་། དམ་ཕུག་ཕྱག་རྡོར་སེམས། མི་གཡོ་བ། ཁྲོ་གཉེར་ཅན། སྒྲོལ་མའི་གནས་དང་རང་བྱོན། དབུས་ཀྱི་རི་སྐེད་མཁའ་སྤྱོད་མའི་གནས་དང་། པདྨའི་སྒྲུབ་ཕུག་སོགས་མང་པོ་དང་། དེའི་གཡོན་འཇམ་དཔལ་ཁྲོ་བོ། ཁྱུང་ནག་གི་གནས་དང་། སྒྱུ་འཕྲུལ་སྙིང་པོ་ཡང་གསང་དགོངས་འདུས་ཀྱི་གནས་དང་། གཡས་ཕྱོགས་རྡོ་རྗེའི་རྫོང་ཆེན། གཡས་རིའི་རྒྱབ་སྦྲ་མགོ་བྱང་སེམས་སོགས་ལ་རྗེ་འབངས་གྲོགས་བདུན་སྒྲུབ་ཕུག་དང་། གུར་དྲག སེང་སྒྲ། གྲོ་ལོད། རིགས་གསུམ། རྡོ་རྗེ་བདུད་རྩིའི་གནས་སོགས་དང་། ལས་བཞི་ལྷུན་གྲུབ་ཀྱི་ཕ་ཝཾ་གཡོན་རི་ཕྱོགས་གནས་བརྟན་བཅུ་དྲུག ཡང་དག་རྡོ་རྗེའི་ཐུགས་ཀྱི་གནས། ཚེ་དཔག་མེད་ལྷ་ལྔ་རང་བྱོན། དམོད་པ་དྲག་སྔགས་ཀྱི་གནས་དང་། ཀོང་བཙུན་དེ་མོའི་བླ་མཁར་སོགས་བསྒྲངས་ལས་འདས་ཤིང་། གནས་ཡིག་དེ་དང་། བླ་མ་གོང་མ་རྣམས་ཀྱི་ཞལ་ལུང་དང་མཐུན་པར་སོ་སོར་ཤིང་བྱང་འཛུགས་པ་ལ་ཞིབ་བཅས་གཟིགས་པས་ཁྱབ་ཅིང་། དེ་ལྟར་ཆེ་བ་དུ་མ་དང་ལྡན་པའི་གནས་འདིར་འཇའ་ལུས་ཆེན་པོར་གཤེགས་པ་ཡང་། བཻ་རོའི་ཕུག་ཏུ་བླ་མ་འབུམ་རྟེན། ལྷོ་ཕྱོགས་སཱ་ལའི་ཚལ་སོགས་སུ། བླ་མ་མགོན་རྒྱལ། དབུས་པ་སྟོན་འབུམ། མི་ཉག་འཇང་སྟོན། རྒྱལ་པོ་གླིང་གི་དགེ་སློང་ཤེས་རབ། སྔ་ཚ་ཟ་ཧོར། རོང་པ་བརྩོན་འགྲུས་བཟང་པོ། འབྲུ་ཆ་སྒོམ་པའི་དཔོན་པོ་ཤཱཀྱ་སོགས་ཤིན་ཏུ་མང་པོ་དང་། ལུས་མ་སྤང་པ་མཁའ་སྤྱོད་གཤེགས་པ་དང་། གྲུབ་པ་ཐོབ་ངེས་པ་འབུམ་ཕྲག་ཙམ་བྱུང་བར་གནའ་སྒྲོས་དང་གཏེར་ཆེན་བྱང་ཆུབ་རྒྱལ་མཚན་གྱི་དག་སྣང་ལས་གསལ་བ་དང་། ལྷ་ཡི་དྲང་སྲོང་རྣམས་ཀྱིས་ཀྱང་ཕྱག་མཆོད་བྱེད་པར་གསུངས་ཤིང་། བསྐོར་བའི་འགྱུར་ཁྱད་ཀྱང་། གསང་སྔགས་ཕོ་བྲང་བསྐོར་བ་གཅིག་ལ་སྔོན་གྱི་དམ་པ་གོང་མས་ཡིག་དྲུག་འབུམ་འགྱུར་ཅིག གནམ་ཆོས་མི་འགྱུར་རྡོ་རྗེས་ཡིག་དྲུག་འབུམ་བཞི་འགྱུར་ཁྱད་ཀྱང་གསུངས། རྒྱང་བསྐོར་གཅིག་ལ་གསང་སྔགས་ཕོ་བྲང་གི་བསྐོར་བ་སུམ་ཅུ་སོ་ལྔ་འགྲོ། བསྐོར་བ་འབུམ་ཐེར་དང་ལྷ་སའི་བསྐོར་བ་འབུམ་ཐེར་མཉམ། གང་ཟག་རབ་ཀྱི་བསྐོར་བ་བཅུ་གཉིས་ལ་ཡིག་དྲུག་དུང་ཕྱུར་གཅིག འབྲིང་གི་བསྐོར་བ་ཉེར་ལྔ་ཡིག་དྲུག་དུང་ཕྱུར། ཐ་མས་བསྐོར་བ་སུམ་ཅུ་སོ་གཉིས་ལ་དུང་ཕྱུར། སྡིག་པོ་ཆེས་བསྐོར་བ་བརྒྱ་ལ་ཡིག་དྲུག་དུང་གཅིག་གི་འགྱུར་ཁྱད། གཟའ་ཀླུ་རྒྱལ་གདོན་གྱིས་ཟིན་པ་རྣམས་ཀྱིས་གསང་སྔགས་ཕོ་བྲང་ལ་བསྐོར་བ་འབུམ་ཐེར་གཅིག་གི་ཚད་བསྐོར་བས་ནད་ལས་གྲོལ་བ་གནས་ཡིག་སྔ་མ་རྣམས་སུ་འབྱུང་ལ། གཏེར་ཆེན་མདོ་སྔགས་གླིང་པའི་གཟིགས་སྣང་གི་མནལ་ལམ་ཨ་ཙ་རས་ཞུས་ལེན་སྐབས་དབུས་གཙང་མངའ་རིས་ཕྱོགས་ཀྱི་རྟེན་ལ་སྡིག་ཆེན་རྣམས་ཀྱི་བརྣབ་སེམས་དང་། ཆགས་པས་ལྟས་ཤིང་། གྲིབ་ཕོག་པའི་སྐྱོན་གྱིས་གཙང་དབུས་ཀྱི་ཐེག་པ་ཆེན་པོའི་ཆོས་ཁ་བཤད་དུ་སོང་ལ། གསང་སྔགས་འབྲས་བུའི་ཆོས་ནི་གནས་འདིར་དར་རྒྱས་སྨིན་པར་འགྱུར་རོ་གསུངས་པ་སོགས་ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་ནོ། །དེ་ཡང་གསང་སྔགས་ཕོ་བྲང་ཞེས་པ་ནི་ད་ལྟའི་མ་མོ་ཁང་འདི་ཡིན་པས་གོང་གི་བསྐོར་ཚད་ནི་གཙོ་བོ་འདི་ལ་དགོངས་ཏེ་གསུངས་ཤིང་། ཕྱིས་གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཡེ་ཤེས་སྒྱུ་མའི་རོལ་གར་པདྨ་ཚང་པ་དྲི་མེད་ཞིང་སྐྱོང་མགོན་པོས་བསམ་འགྲུབ་ལྷ་ཁང་གུ་རུ་མཐོང་གྲོལ་ཆེན་པོ་བཞེངས་པ་སོགས་གདན་རབས་བརྒྱུད་མར་བྱུང་བ་རྣམས་དང་། ཁྱད་པར་དུ་སྐྱབས་མགོན་སི་ཏུ་ཐམས་ཅད་མཁྱེན་པ་ཆེན་པོས་སྐུ་གསུམ་གྱི་ཕོ་བྲང་ཆེན་པོ་དཔལ་རི་པད་འོད་གཉིས་པ་ཨོ་རྒྱན་རིན་པོ་ཆེ་དངོས་ཀྱིས་རབ་ཏུ་གནས་པ་མཛད་ངེས་པའི་ཁྱད་པར་ཅན་སོགས་རྟེན་གསུམ་མདོ་སྨད་ཙམ་ན་འགྲན་ཟླ་བྲལ་བ་བཞུགས་པས་སྔར་སྨོས་པའི་རྒྱུན་གྱི་བསྐོར་ཚད་སུམ་འགྱུར་དུ་འགྲོ་ངེས་པ་དང་། ལྷག་པར་སྤྲེལ་ལོ་འདི་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་སིནྡྷུ་རྒྱ་མཚོར་སྐུ་བལྟམས་པའི་དུས་ཆེན་ཁྱད་པར་ཅན་ལ་རིག་འཛིན་གོང་མ་རྣམས་ཀྱི་ཡང་གནས་འདུས་མཛད་པའི་ཕྱག་སྲོལ་བཞིན་ཆུ་སྤྲེལ་གྱི་གནམ་ལོ་ཧྲིལ་པོར་གནས་ཆེན་རྣམས་ཀྱི་བྱིན་རླབས་འདིར་འདུས་ཤིང་ཕྱི་ནང་གི་དཔའ་བོ་མཁའ་འགྲོའི་འདུ་བ་དང་ཉེ་བའི་འདུ་བ་རྒྱ་ཆེན་པོ་བཞུགས་པ་དང་། ཁྱུང་དང་ཕུག་ལུག་ནག་རྩིས་ཀྱི་སྟག་ཟླ་བཅུ་གཅིག་པ་དང་། མཁའ་འགྲོ་རྒྱ་མཚོ། དགོངས་འདུས་སྐར་མཛོད་ཀྱི་སྟག་ཟླ་བཅུ་གཉིས་པ་དང་། ཧོར་ལུགས་ཀྱི་ཟླ་བ་དང་པོ་སྟག་ཟླ་ངོས་འཛིན་ཚུལ་མི་འདྲ་བའི་སྤྲེལ་ཟླ་བ་ཡང་ཧོ་ཟླ་ལྔ་པ་དྲུག་པ་བདུན་པ་གསུམ་ཀ་ཡིན་ལ་འདི་ལོ་ཟླ་བ་ལྔ་པ་བཤོལ་དང་བཅས་པས། ཟླ་བ་བཞི་ཡི་རིང་ལ་བྱིན་རླབས་ཆེས་ཆེར་མྱུར་བས། མཐར་བསྐོར། བར་བསྐོར། གཙུག་ལག་ཁང་བསྐོར་བ་དང་། སྐྱབས་འགྲོ་སེམས་བསྐྱེད། གསོལ་འདེབས། ཡན་ལག་བདུན་པ། མར་མེ། སྤོས། ཞལ་ཟས། མཎྜལ། དར་ལྕོག སྨྱུང་གནས། བསྙེན་གནས། གཟུངས་སྔགས་ཁྱད་པར་ཅན་བཟླ་བ་དང་། མཆོད་སྦྱིན། ཚེ་ཐར། བསང་གསུར་སོགས་དང་། ཁྱད་པར་ཚེས་བཅུ་ནམ་ཤར་ལ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་། སྨོན་ལམ་བཀྲ་ཤིས་སོགས་ཆོས་སྤྱོད་དགེ་བའི་རིམ་པ་དང་། ལྷག་པའི་ལྷ་ཡི་བསྙེན་སྒྲུབ། རླུང་དང་གཏུམ་མོའི་རྣལ་འབྱོར། མན་ངག་སྙིང་ཏིག་གི་ཉམས་ལེན་སོགས་ལ་འབད་ན་ཚོགས་གཉིས་ཀྱི་དགེ་ཚོགས་རླབས་པོ་ཆེ་འཕེལ་ཞིང་། ཁྱད་པར་ས་ག་ཟླ་བའི་ཚེས་བརྒྱད་ལ་སངས་རྒྱས་སྐུ་བལྟམས་པ་དང་། ཚེས་བཅོ་ལྔ་ལ་སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་སྟེ་དུས་ཆེན་གསུམ་འཛོམ། ཧོར་ཟླ་དྲུག་པའི་ཚེས་བཞིར་ཆོས་འཁོར་བསྐོར་བའི་དུས་ཆེན། ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས་པའི་དུས་ཆེན། ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ལྷ་བབས་ཀྱི་དུས་ཆེན། ཧོར་ཟླ་དང་པོ་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཏེ། དུས་ཆེན་དེ་རྣམས་ལ་དགེ་སྒྲུབ་བྱས་པའི་ཕན་ཡོན་ཡང་། ཇི་སྐད་དུ། དེ་ལྟར་དུས་ཆེན་རྣམ་བཞི་ལ། །ལྷག་བསམ་དག་པས་ནས་ཕུལ་གང་། །སྦྱིན་པ་བཏང་ན་ནས་ཕུལ་ནི། །ས་ཡ་ཕྲག་བརྒྱད་འགྱུར་བའི་ཕྱིར། །ནས་ཁལ་བརྒྱད་འབུམ་སུམ་ཁྲི་དང་། །སུམ་སྟོང་སུམ་བརྒྱ་སུམ་ཅུ་གཉིས། །འབྱུང་བར་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་དང་། ཇོ་བོ་རྗེས། དུས་ཆེན་བཞི་པོ་གང་རུང་དུས། །དགེ་བ་འབུམ་དུ་རྒྱལ་བའི་གསུངས། །ཤེར་སྙིང་ཚར་གཅིག་སྟོན་པ་ན། །འབུམ་ཚར་ཉི་ཤུ་བཏོན་པར་འབྱུང་། །ཚུལ་ཁྲིམས་ལྡན་པའི་དགེ་སློང་ནི། །གཅིག་ལ་གདུགས་ཤོད་བཤོས་དྲངས་ན། །དགེ་སློང་ས་ཡ་ཕྲག་བརྒྱ་ལ། །འཚོ་བ་ཕུལ་བའི་བསོད་ནམས་ཐོབ། །ཅེས་དང་། ཉི་ཟླ་གཟའ་ཡིས་ཟིན་པའི་སྐབས་འགྱུར་ཁྱད་ཤིན་ཏུ་ཆེན་པོ་ཡོད་དེ། པཎ་ཆེན་ཤཱཀྱ་ཤྲཱི་ཞལ་ནས། ཉི་མ་གཟའ་ཡིས་ཟིན་པའི་དུས། །བྱེ་བ་དག་ནི་འབུམ་འགྱུར་ཏེ། །ཟླ་བ་བྱེ་བ་བདུན་འགྱུར་རོ། །དུས་ཆེན་བཞི་པོ་ཉི་ཟླ་བཟང་། །དེ་དག་བསོད་ནམས་ཁྱད་པར་འཕགས། །ཞེས་མདོ་སའི་བུ་མྱང་འདས་ལས་ཀྱང་དེ་བཞིན་གསུངས་པ་དང་། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ལ་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་གི་མཛད་ཆེན་ཏེ། སྟོན་པའི་དུས་ཆེན་དང་། རྣལ་འབྱོར་པ་རྣམས་ལ་ནང་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་གི་འདུ་བ་ཁྱད་པར་ཅན་ལས་མཆོག་ཏུ་མི་འགྱུར་བ་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་པ་དང་། དེ་ཡི་བྱེད་པས་ཕྱི་རོལ་ཏུ་ཡང་དཔའ་བོ་དྷཱ་ཀི་བསམ་གྱིས་མི་ཁྱབ་པ་བྱོན་པས་སྒྲུབ་པོ་བྱིན་གྱིས་བརླབས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པས་ཚོགས་ཀྱི་མཆོད་པ་མ་ཆད་པར་བརྩོན་པ་གལ་ཆེ་ཞིང་། ཨོ་རྒྱན་རྡོ་རྗེ་འཆང་ཉིད་ཀྱི་གསུང་གིས། ནང་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཁྱད་པར་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ ཞེས་དང་། ཁྱད་པར་དུ་དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དུས་ཆེན་ཐམས་ཅད་ཀྱི་རྒྱལ་པོ་འདི་ཡི་སྐབས་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་པ་ལ་ཞལ་བཞེས་བསླུ་མེད་ཐེ་ཚོམ་དང་བྲལ་བ་སྟེ། གསང་འདུས་གནད་ཡིག་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཞག་ལ༔ ཨོ་རྒྱན་ང་ཉིད་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་པ་ང་ཡི་ཐ་ཚིག་ཡིན༔ ཟླ་རེའི་ཚེས་བཅུ་བྱུང་ངོ་ཅོག་ལ་ཡང༔ སྤྲུལ་པའི་བོད་ཁམས་ཁྱད་པར་མི་འབྱོན་རེ༔དམ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ བདག་ལ་མོས་གུས་བློ་གཏད་བྱེད་པ་རྣམས༔ སྤོས་ལྡན་གཏོར་མ་རིན་ཆེན་འབར་བ་བཞེས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་བཞིན༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་ཀྱི་བོསཿ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནསཿ གཅེས་པའི་བུ་ངུ་མ་ཡི་མི་བཟོད་ལྟར༔ བྱིན་གྱི་རློབ་བྱོན་དམ་ཚིག་ན་ར་ཀན༔ ཞེས་དང་། འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པ་དེ༔ འཁོར་བར་ལྟུང་ན་ངེས་ཤེས་ཀྱི༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ཅེས་སོགས་གཏེར་ཁ་དུ་མ་ནས་ཡང་ནས་ཡང་དུ་རྒྱ་ཆེར་བཀའ་སྩལ་པས་ན།དད་མོས་གདུང་ཤུགས་དྲག་པོས་རྩེ་གཅིག་གུས་པས་ཕྱག་བསྐོར་གསོལ་འདེབས་སྨོན་ལམ་དབང་བླང་བྱས་ན་དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་འདི་ཕྱིའི་བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པའི་བཀའ་དང་བསྟན་བཅོས་ཀྱི་ལུང་ཚད་མ་དག་གིས་འགྲུབ་སྟེ། ཕྱག་འཚལ་བའི་ཕན་ཡོན་ཀྱང་། འདུལ་བ་ལུང་ལས། དགེ་སློང་དག ཁྱོད་ཀྱི་དེ་བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི། ཇི་སྲིད་དུ་ཚངས་པ་མཚུངས་བར་སྤྱོད་པ་རྣམས་ལ་ཁོང་ཁྲོ་མ་སྐྱེས་པ་དེ་སྲིད་ཅིག་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་ལྷ་དང་མི་རྣམས་ཀྱི་ནང་དུ་བྱིན་བར་འགྱུར་རོ། །ཞེས་དང་། ཡན་ལག་བདུན་གྱི་བསགས་སྦྱོང་ཚར་གཅིག་སྦྱོར་དངོས་རྗེས་གསུམ་ཚང་བ་ལ་ཡང་ཕན་ཡོན་མཐའ་ཡས་པ་སྟེ། དཔལ་སྤལ་གྱི་ཞུས་པ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ལ་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་ཞིང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་དང་། མཆོད་རྟེན་ལ་བསྐོར་བའི་ཕན་ཡོན་ཀྱང་། མཁས་པ་གང་གི་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམས་པ་གཅིག་པོར་བ། །ཛཾ་བུའི་ཆུ་ཀླུང་གསེར་སྲང་འབུམ་ཕྲག་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་ལ་དད་པའི་ཤུགས་ཀྱི་ས་གོམ་གང་སྤོ་བ་ལ་ཡང་ཕན་ཡོན་དེ་འདྲར་བདེན་གསུངས་སེང་གེའི་དབྱངས་ཀྱི་རྒྱ་ཆེར་བཀའ་སྩལ་པ་དང་། ཁྱད་པར་གནས་འདིའི་ཕན་ཡོན་ཀྱང་། དཔལ་ཆོས་ཀྱི་རྡོ་རྗེ་དྲི་མེད་ཞིང་གི་གནས་བསྟོད་ལས། འོག་མིན་སྟུག་པོ་བཀོད་པ་དངོས་ཉིད་དེ། །གསང་བ་མཆོག་གི་གྲུབ་པ་རྙེད་སླ་སོགས། །གསང་ཆེན་རོལ་པའི་དུར་ཁྲོད་དང་མཚུངས་ཀྱི། །ལམ་དུ་ཞུགས་པའི་གང་ཟག་ཚོགས་རྣམས་ཀྱང་། །གཞན་དུ་ལོ་གསུམ་བསྒོམ་ལས་འདིར་ཟླ་ངོས། །བསྒོམ་པས་སྐྱེད་ཆེན་ཉེ་མཚན་མང་མངའ་བས། །དེ་ཕྱིར་བོད་ཡུལ་ས་ཡི་སྙིང་གི་གསང་། །ཞེས་དང་། གནས་གཏེར་གྱི་མདོ་བྱང་ཨོ་རྒྱན་རིན་པོ་ཆེའི་གསུང་ལས། གང་ཞིག་ཀཿཐོག་འཁོར་ལོ་ལྔ་གདན་གྱི༔ གནས་མཆོག་འདི་ལ་དད་མོས་སུས་བྱས་པ༔ གནས་སྐབས་རྐྱེན་རྣམས་ངང་གིས་སེལ་བར་འགྱུར༔ ནང་བསྐོར་གཅིག་གི་ཕན་ཡོན་བསྟན་པ་ནི༔ གྲངས་ལས་གཞལ་ན་སིདྡྷི་དུང་ཕྱུར་གསུམ༔ ཚད་ལས་གཞལ་ན་རྒྱལ་བ་ཐམས་ཅད་ལ༔ མཉེས་པའི་མཆོད་པ་དུས་གཅིག་བྱས་པ་བས༔ དད་མོས་བརྟན་པོའི་བསྐོར་བ་གཅིག་བྱེད་ལྷག༔ ཕྱག་དང་མཎྜལ་ཚོགས་བསྐང་མཆོད་སྒྲུབ་སོགས༔ དགེ་བ་གང་བྱས་གནས་མཆོག་གཞན་ལས་ཀྱང༔ ཁྱད་དུ་འཕགས་པའི་བསོད་ནམས་བདུན་འགྱུར་ཆེ༔ བར་སྐོར་གཅིག་གི་ཕན་ཡོན་བསྟན་པ་ནི༔ གྲངས་ལ་གཞལ་ན་སིདྡྷི་དུང་ཕྱུར་ལྔ༔ ཚད་ལ་གཞལ་ན་སྟོང་གསུམ་འབྲུ་ཡི་བཀང༔ བདེ་གཤེགས་རྣམས་ལ་མཆོད་པ་ཕུལ་བ་བས༔ དད་དང་ལྡན་པས་བར་བསྐོར་གཅིག་གི་བསྔགས༔ ཞེས་དང་། དེ་བཞིན་དུ། ཕྱི་བསྐོར་གཅིག་ལ་སིདྡྷི་དུང་ཕྱུར་བདུན་གྱི་ཕན་ཡོན་གསུངས་པ་དང་། ཚོགས་འཁོར་གཅིག་གི་བསོད་ནམས་རྒྱུའི་ཚོགས་རྫོགས༔ སྒོམ་སྒྲུབ་གཅིག་གི་འབྲས་བུ་ཡེ་ཤེས་ཚོགས༔ ཚོགས་གཉིས་ཟུང་འཇུག་དུས་གཅིག་རྫོགས་པར་འགྱུར༔ ཞེས་དང་། གནས་སྐབས་བར་ཆད་རྐྱེན་བགེགས་འདི་ཡིས་སེལ༔ ཕྱི་མ་ས་ལམ་བར་ཆད་འདི་ཡིས་བཟློག༔ གསོལ་བ་གང་བཏབ་ཡིད་བཞིན་ནོར་ལྟར་འགྲུབ༔ སྨོན་ལམ་གང་བྱས་ཆུད་ཟོས་སོང་རེ་སྐན༔ ཞེས་རྡོ་རྗེའི་ཚིག་གི་ངེས་པ་ཡང་དག་པ་སྟེ། རྒྱ་གར་པཎྜི་ཏ་ཆོས་མཆོག་གིས། །ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །གནས་ཆེན་གྱི་འདུ་བའི་སྐབས་སུ། གོང་གི་བསྐོར་བའི་འགྱུར་ཁྱད་ཀྱང་སུམ་འགྱུར་དུ་འཕེལ་བར་འགྱུར་བ་ཡིན་ལ། ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཏིལ་གྱི་གོང་བུ་བཞིན་བུང་བ་པདྨའི་ཚལ་ལ་འདུ་བ་ལྟར། དུས་ཆེན་ཁྱད་པར་ཅན་ལ་ཚོགས་ཀྱི་ཞིང་དང་མགྲོན་དུ་འདུ་བ་ཡིན་པའི་ཕྱིར་གནས་ཀྱི་བྱིན་རླབས་ཡང་ལྷག་པར་ཇེ་ཆེར་འགྲོ་བ་སྟེ། རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱི་གདུལ་བྱ་ལ། །ཐབས་འདི་སྣ་ཚོགས་སྟོན་པ་ཡིན། །ཞེས་པ་ལྟར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས། མཛད་པ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན་ཡིད་ཆེས་དྲག་པོ་བསྐྱེད་དེ་དལ་འབྱོར་གྱི་རྟེན་ལ་སྙིང་པོ་བླངས་པ་ལ་བརྩོན་འགྲུས་དྲག་པོ་བྱ་བར་རིགས་སོ། །སླར་ཡང་སྨྲས་པ། གང་ཞིག་བསྟན་པའི་ཉི་མ་འབར་བ་ཡང་། །འགྲིབ་མེད་གསལ་འདི་ཆོས་ཉིད་ཡིན་ཕྱིར་སྣོད་བཅུད་དག་པ་ཆེན་པོ་ལ། །ཀུན་བརྟགས་བློ་ཡི་རིག་པ་མ་ཡིན་གཟོད་ནས་ཡེ་ཤེས་ཕྱག་རྒྱར་གྲུབ། དེ་ལྟར་ན་ཡང་སྲིན་བུའི་བློ་ཅན་ཐར་པའི་མིག་ལྡོངས་དབུགས་འབྱིན་སྡུད། །རྡོ་རྗེའི་ཚིག་དང་དམ་པའི་ཞལ་ལུང་གསེར་ཐུར་བཟང་པོས་ལིང་ཏོག་བསལ། །མཐོ་རིས་གནས་ལ་གདོང་ནི་གྱེན་དུ་ཕྱོགས་པས་མིག་མི་འཛུམ་བལྟས་པས། །ངན་སོང་མེ་དབལ་ཐུར་དུ་མནལ་ཞིང་སྐད་ཅིག་བདེ་བར་བྱེད་པ་དང་། །མཆོག་ཏུ་འཛིན་ན་ལྷ་དབང་རལ་པ་གདན་དུ་བཏིང་མཛད་ཐུབ་མཆོག་དེའི། །དམ་ཆོས་ཞི་བསིལ་ལྷ་ཡི་ཆབ་ཀྱིས་སྡུག་བསྔལ་རྡུལ་བཅས་བཀྲུ་བ་ལ། །སེམས་ལྡན་སུ་ཞིག་གུས་པར་མི་བྱེད་དེ་སྙིང་གདོན་གྱིས་ཐེབས་པའམ། །དབུགས་བྲལ་ལྕགས་ཀྱི་གོང་བུ་ཡིན་ལ་དོགས་པ་མ་མཆིས་ཤིན་ཏུ་རྨོངས། །སྲིད་མཚོར་དབྱིངས་ནས་སྡུག་ལ་བསྲིང་བའི་བློ་ངན་དོར་ཏེ་ངེས་ལེགས་ཀྱི། །ཡང་དག་ཐར་པ་མཆོག་ལ་གཞོལ་ཕྱིར་རྩ་གསུམ་དགྱེས་པའི་གནས་མཆོག་འདི། །ངལ་བས་མ་བཙལ་བསྟན་འགྲོའི་མཆོད་སྡོང་ལྷུན་གྱིས་གྲུབ་འདིར་གུས་པས་བསྙེན། །གང་དེའི་མཐུ་ཡི་མི་མཐུན་དགྲ་ཟླ་སྤངས་ཤིང་ལྷ་ཡི་དཔལ་ཡང་འདུ། །མིག་འཕྲུལ་ལྟ་བུའི་ཚོགས་ཆེན་མྱུར་རྫོགས་སྐུ་བཞིའི་གོ་འཕང་འཐོབ་པར་འགྱུར། །འདིར་དགེས་བསོད་ནམས་འཕེལ་བ་གང་ཡོད་རྣམས། །བསྟན་དང་བསྟན་འཛིན་རྒྱས་དང་འགྲོ་ལ་བསྔོ། །རང་གཞན་མཁྱེན་གཉིས་ཤེས་རབ་རྩལ་རྫོགས་ནས། །ཀུན་མཁྱེན་མི་ཡི་སེང་གེ་མཆོག་བརྙེས་ཤོག །བླ་མའི་བྱིན་རླབས་རྡོ་རྗེའི་ལྷུན་པོ་ལ། །ཡི་དམ་དངོས་གྲུབ་རོལ་བའི་མཆོག་ཆེན་འཁྱིལ། །མཁའ་འགྲོ་དམ་ཅན་ཀླུ་དབང་ཚོགས་རྣམས་ཀྱིས། །བཀྲ་ཤིས་ནོར་བུའི་གྲུ་ཆར་བསྙིལ་གྱུར་ཅིག །ཀཿཐོག་པ་ཞེས་ཧི་མ་ལ་ཡི་མཁའ་གྲུབ་བྱེ་བས་མགྲིན་གཅིག་བསྔགས། །གྲགས་པ་དོན་ལྡན་བློ་གྲོས་སྙིང་པོའི་རིང་ལུགས་འོད་མཚན་སྟོང་འབར་བས། །རྒྱལ་བའི་བསྟན་པ་ནོར་བུའི་ཏོག་གི་གདུགས་དཀར་སྲིད་ཞིའི་བླ་ན་མཐོ། །དེ་བས་ཕྲིན་ལས་བཟང་པོའི་དར་ཤམས་ཕྱོགས་བཅུ་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་ཤིས་བརྗོད་ཀྱི་མཐའ་བརྒྱན་པའི་གནས་འདུས་ལ་བསྐུལ་བའི་གཏམ་ཕན་བདེའི་ཆར་སྤྲིན་ཞེས་བྱ་བ་འདི་ཡང་ཀུན་མཁྱེན་ཀཿཐོག་སི་ཏུ་པཎྜི་ཏ་ཆེན་པོའི་བཀའ་འབངས་ཀྱི་གྲལ་མཐར་འཁོར་བའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོ་ཞེས་མིང་གི་སྙན་པའི་ཐུན་མོངས་སྙོམས་ལས་པས་གསེར་གདོང་གདའ་བ་འཁྱིལ་པའི་རི་ཁྲོད་ཀྱི་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་ཕྲིན་ལས་ཀུན་ཁྱབ་གླིང་ནས་བྲིས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་སྦྱར་བ་སརྦ་དཱཀ་ལྱ་ཎཾ་བྷ་ཝ་ཏུ། མངྒ་ལཾ། །
མཆན།༡.གནས་ཡིག་འདི་ནི་མཁྱེན་རྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་འབུམ་ཐ་པོད་ལས་ཞལ་བཤུས་པའོ།།༢.གནས་འདི་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་དཔལ་ཡུལ་རྫོང་ཀཿཐོག་དགོན་པའི་གདན་ས་དེ་ཡིན།གནས་བསྐོར་ལ་མི་ཕལ་བ་ཞིག་གིས་དུས་ཚོད་གསུམ་ཡས་མས་དགོས།
༄༅། །ཕྲིན་ལས་སྐུ་ཡི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་རྔུ་ཞེས་བྱ་བ་རུ༔ ཕྲ་རག་བྲག་ཅེས་རིན་ཆེན་སྤུངས་པ་རུ༔ དབུས་སུ་པདྨའི་སྒྲུབ་ཕུག་གྲུ་བཞིའི་ནང༔ ཨོ་རྒྱན་བདག་གི་སྐུ་ཚབ་རང་བྱོན་ཡོད༔ གཡས་ཀྱི་ལོགས་ལ་ཨཀྵ་ལྔ་བཅུ་དང༔ གཡོན་གྱི་ལོགས་ལ་ཕུར་པའི་སྔགས་བྱང་བཞུགས༔
༄༅། །ཕྲིན་ལས་སྐུའི་གནས་ཕྲ་རག་བྲག་ཡོད་ཕྱོགས་རྔུ་ཞེས་པ་རྔུ་ཆུ་རྒྱུད་དང་ཉེ་བར་ཡོད་དགོས་འདྲའང་སླར་དཔྱད།
མཆན། གནས་འདི་ནི་ཨོ་རྒྱན་རིན་པོ་ཆེའི་མདོ་བྱང་ཙམ་ལས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་ཕྱོགས་མཚོན་ཙམ་དང་སླར་དཔྱད་ཀྱི་སྐུལ་མ་ལས་ཁ་ཚོན་བཞེས་མི་འདུག་ལ། ཁོ་བོ་དག་ཀྱང་ས་ཁུལ་དེ་དག་ཏུ་ཐེངས་འགའ་ཤས་སུ་ཕྱིན་ཏེ་ས་གནས་རང་གི་དགོན་སྡེ་དང་མང་ཚོགས།སྲིད་གཞུང་སོགས་ལ་འབྲེལ་འདྲིས་ཀྱིས་འདྲི་རྩད་ཡང་ཡང་བྱས་ཀྱང་ཡིད་ཕངས་པ་ཞིག་ལ་གནས་ཡིག་ལག་སོན་བྱུང་རྒྱུ་ལྟ་ཞོག གནས་ངོས་ཟིན་མཁན་ཙམ་ཡང་དཀོན་པས་རང་སོར་དུ་བཞག་པ་ལས་འོས་མ་མཆིས་སོ། །
༄༅། །ཕྲིན་ལས་གསུང་གི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་རྔུ་ཞེས་བྱ་བ་རུ༔ གཙང་ཞེས་བྱ་བ་བྲག་རི་རྡོ་རྗེ་འདྲ༔ པདྨ་བདག་ཉིད་དྲག་པོར་སྐུར་བཞེངས་པའི༔ ཞབས་ཀྱི་རྗེས་དང་ཟླ་གསུམ་སྒྲུབ་གནས་ཡོད༔ སྐུ་ཡི་གཏེར་གཉིས་གསུང་གི་གཏེར་ལྔ་སྦས༔
༄༅།།ཕྲིན་ལས་གསུང་གི་གནས་གཙང་ཞེས་བྱ་བ་ནི།ཚ་སྒང་སྨད་རྔུ་ཆུ་དང་ཉེ་བ་གཙང་གཤིས་རྡོ་རྗེ་གྲོ་ལོད་ཡིན་ལ། སྟག་ཤམ་བསམ་གཏན་གླིང་པས་གནས་ཡིག་རྒྱས་པ་ཡོད། བདུད་འདུལ་དྲག་མོ་སོགས་ཟབ་གཏེར་ཡང་བཞེས།
༄༅། །གནས་ཆེན་སྟག་ཚང་སེང་གེ་བསམ་འགྲུབ་ཅེས་བྱ་བ་རི་བོ་རྡོ་རྗེ་རྩེ་ལྔའི་རྟོགས་པ་བརྗོད་པ་མི་ཟད་པ་ཟབ་མོ་གསང་བའི་བདུད་རྩི་ཆུ་སྐྱེས་ཨུཏྤལ་རྡོ་རྗེའི་ཕྲེང་བ་བཞུགས་སོ། །
༄༅། །བཅོམ་ལྡན་འདས་དཔལ་པདྨ་ཧེ་རུ་ཀ་དབང་གི་བདག་ཉིད་ལ་ཕྱག་འཚལ་ལོ། །མ་ཆགས་པདྨ་ཅན་གྱི་མཚོར། །ཆགས་པའི་བླ་མ་ཧེ་རུ་ཀ །ཆགས་གྲོལ་གསང་སྔགས་བསྟན་པའི་བདག །པདྨ་སམ་བྷའི་ཞབས་ལ་འདུད། །གང་གཱའི་ལྷ་མོ་འགྲོ་བའི་མ། །གངས་ཅན་བདེ་བའི་གནས་གཅིག་པུ། །གང་ཟག་མཆོག་དམན་འདྲེན་མཛད་པའི། །ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་བསྟོད། །མ་དང་མཁའ་འགྲོ་བླ་མ་ལྷ། །རྩ་བ་གསུམ་ལ་སྐྱབས་སོང་ཞིང་། །མི་བསླུ་ངེས་པའི་ས་ཐོབ་ཅིང་། །བདེན་པའི་སྨོན་ལམ་འགྲུབ་སྨོས་པའི། །རྣལ་འབྱོར་སྟག་ཤམ་ནུས་ལྡན་པས། །མདོ་ཁམས་གནས་ཆེན་རྡོ་རྗེའི་དབྱིབས། །བླ་མའི་མཚན་གྱི་སྙན་གྲགས་ཀྱི། །ས་འདི་གཡོ་བའི་མཆོག་གནས་ལ།།མཐོང་ཚུལ་དྲང་པོར་འདིར་བརྗོད་པས།ཆོས་སྲུང་དམ་ཅན་ཡུལ་བདག་བཅས། །མ་ལུས་ཀུན་གྱིས་ཕྲིན་ལས་སྒྲུབས། །དེ་ཡང་གླེང་སློང་བརྗོད་པ་དང་། །གནས་ལ་ཅི་ལྟར་ཡོད་ཚུལ་དང་། །ཕན་ཡོན་མདོར་བསྟན་བརྗོད་པ་དང་། །རྒྱབ་སྐྱོར་ལུང་གིས་གྲུབ་ཚུལ་བསྟན། །དང་པོ་གླེང་སློང་བཤད་བྱ་བ། །སྔོན་ཚེ་བསྐལ་པ་དཔག་མེད་ནས། །སངས་རྒྱས་བྱང་སེམས་མ་ལུས་པས། །བྱང་ཆུབ་སྤྱོད་པ་མཛད་པའི་ཚེ། །གང་འདུལ་མི་དང་དུད་འགྲོ་དང་། །ལྷ་དང་དྲང་སྲོང་ཚུལ་བཟུང་ཞིང་། །སྤྱོད་པ་རི་རབ་འདི་ལ་མཛད། །དེ་རྟགས་རྗེས་གཟུགས་སྣ་ཚོགས་བཀོད། །དེ་བཞིན་མ་ཏྲང་རུ་ཏྲ་ཉིད། །ཧེ་རུ་ཀ་ཡིས་བསྒྲལ་བའི་ཚེ། །ཤ་ཁྲག་ཚིལ་བུ་དོན་སྣོད་སོགས། །ནང་ཁྲོལ་དབང་པོ་སྐྲ་བ་སྤུ། །གང་འཐོར་ཡུལ་གནས་བྱིན་བརླབས་ཤིང་། །གསང་སྔགས་བསྟན་པའི་ས་བོན་བཏབ། །སངས་རྒྱས་བསྟན་པའི་རྟེན་འབྲེལ་བསྒྲིགས། །བདེན་པ་དེ་ཡི་ནུས་པ་ཡིས། །ནམ་ཡང་བསླུ་མེད་རྟེན་འབྲེལ་ལགས། །རྒྱ་གར་གནས་ཆེན་ཉེར་བརྒྱད་ལ། །ཡུལ་ཆེན་བཞི་བསྣན་སུམ་ཅུ་གཉིས། །བོད་ཡུལ་དེ་ཡི་ཡ་གྱལ་དུ། །ཕོ་བྲང་ཙཱ་རི་ཏྲ་ཞེས་ཡོད། །དེ་ཡི་རི་རྒྱུད་ཆུ་ཕྱོགས་ནས། །བོད་ཀྱི་གངས་ར་ཉི་ཤུ་དང་། །རྫོང་ཆེན་བཅོ་བརྒྱད་གནས་ཆེན་དགུ། །སྦས་ཡུལ་ཆེན་པོ་བཅུ་དྲུག་སོགས། །གནས་ཕྲན་སྟོང་ལ་གཏེར་གནས་ནི། །གྲངས་མེད་གཞལ་མེད་སྦས་པ་ལས། །ཁྱད་པར་ཚངས་ཆེན་བཅུ་གཉིས་ནས། །སེང་གེ་ཐོགས་པ་བཞི་ཡོད་པའི། །སྟོད་དུ་སེང་གེ་རྫོང་གསུམ་དང་། །ཁམས་ལ་སྟག་ཚང་སེང་ཕུག་གོ །སྟོད་ཀྱི་སེང་གེ་རྫོང་གསུམ་ནི། །དབུས་ཀྱི་འོན་ཕུག་སྟག་ཚང་དང་། །མོན་གྱི་སྦ་གྲོ་སྟག་ཚང་དང་། །ཀོང་པོའི་སེང་གེ་གནམ་རྫོང་དང་། ཁམས་ཀྱི་སྟག་ཚང་བསམ་གྲུབ་ཕུག །ཁམས་ཀྱི་སྟག་ཚང་སེང་ཕུག་འདི། །སྔོན་གྱི་མ་ཏྲང་གསང་ཚིལ་ལ། །ཧེ་ཞེས་ཡི་གེ་ཆད་པ་ལས། །དོན་གཉིས་བྱས་ནས་རྡོ་རྗེར་འགྱུར། །ཡུལ་འདིར་བབ་པས་རི་བྲག་འགྱུར། །རི་བོ་རྡོ་རྗེ་རྩེ་ལྔར་གྱུར། །སྟག་གདོང་དམར་མོ་ལག་བསྣོལ་གྱིས། །འབྲུ་ཚུགས་གཟིགས་པའི་ཚུལ་གྱིས་བསྲུངས། །སྟག་གདོང་ཕྲ་མན་སྤྲུལ་པ་བརྒྱད། །རོལ་པའི་མ་མོ་བཅུ་དྲུག་དང་། །ཡང་སྤྲུལ་བཙན་བདུད་གིང་ཉི་ཤུ། །གནས་པའི་གནས་ཆེན་དེ་ཙམ་བསྐོར། །དེ་རྗེས་བསྐལ་པ་འདི་ཉིད་ལ། །སངས་རྒྱས་ཐུབ་དབང་རྒྱ་གར་བྱོན། །ཐུགས་རྗེ་ཆེན་པོས་བོད་ཡུལ་འདིར། །རང་གི་གདུལ་བྱ་བདག་གིར་མཛད། །བྱང་ཆུབ་སེམས་ཀྱི་སྤྱོད་པ་ལས། །གང་འདུལ་སྤྲེའུའི་ཚུལ་དུ་བྱོན། །ཅི་ཕྱིར་དེ་སྐབས་བོད་འདི་ལ། །མི་ཡི་ས་བོན་ཡེ་མེད་པར། །ཐམས་ཅད་དུད་འགྲོའི་གླིང་ལགས་པས། །དུད་འགྲོ་སྤྲུལ་ཕྱིར་དེ་གཟུགས་སྤྲུལ། །བལ་བོད་མཚམས་ནས་ལྷོ་ཁ་བརྒྱུད། །མོན་གྱི་སེང་གེ་རྫོང་དུ་བསྒོམས། །སྤྲེལ་ཚོགས་ཀུན་བསྡུས་དགེ་བཅུ་བསླབ། །བསམ་གཏན་ཞི་གནས་བསྒོམ་ཐབས་བསྟན། །རིམ་གྱིས་བོད་ཀྱི་འོན་ཕུ་ནས། །ཀོང་པོའི་སེང་རྫོང་བྲ་གད་བརྒྱུད། །རི་བོ་ཏཱ་ལ་རྫག་ཡུལ་ནས། །ཁ་བ་དཀར་ནས་འདིར་མཆིས་ཏེ། །སྤྲེལ་ཚོགས་ལྔ་བརྒྱ་ཕྲག་བདུན་ཅུ། །དམ་པའི་ཆོས་ལ་བཀོད་པ་དང་། །ཐམས་ཅད་བསམ་གཏན་ཆོས་ལ་གནས། །གནས་འདིར་ལོ་བདུན་བསྒོམ་ཅིང་བཞུགས། །བྱིན་བརླབས་ཕྱག་ཞབས་རྗེས་ཀྱིས་བཀང་། །བསམ་གཏན་བར་མ་བསྒོམ་པའི་ཚེ། །འཁོར་ལ་འདོད་ཆགས་རྟོག་པ་སྣང་། །དེ་ཉིད་འདུལ་ཕྱིར་བྲག་སྲིན་རིགས། །འདི་ལ་སྟག་སྲིན་དམར་མོ་གནས། །དེ་ལ་མ་ཆགས་སྦྱོར་བ་བྱས། །ཡི་དྭགས་ལས་ཆད་བུ་གཅིག་བྱུང་། །སྦྱིན་པའི་ཆོས་བསྟན་མེ་སྒོམ་བཅུག །ཡི་གེ་དྲུག་པ་ཕྲག་ལ་ཤར། །ཨོཾ་དང་ཨཱཿཧཱུྃ་དག་ཀྱང་བྱུང་། །མས་མདོ་ཉི་ཚེའི་དམྱལ་ཆུ་ལ། །བྱིན་བརླབས་སྔགས་ཀྱིས་གནས་སྦྱངས་མཛད། །བཞུགས་གནས་ཤར་ཕྱོགས་བྲག་ལ་བཅས། །སྲིན་མོའི་བུ་མོ་ཕྲ་མེན་བྱུང་། །སྟག་གདོང་ཡབ་རིགས་བྱང་ཆུབ་སེམས། །ཡུལ་རིགས་སྲིན་མོ་སྟོབས་འཆོངས་ཤིང་། །སྲས་ལ་རྡོ་རྗེ་ཁྲོ་འབར་ཤར། །ཡབ་རིགས་དམ་པའི་ཆོས་ལ་དད། །ཡུམ་རིགས་བཙན་གྱུར་མི་སྲུན་ལྡན། །དེ་གཉིས་གནས་ཀྱི་སྲུང་མར་བཞག །ཀོང་པོར་བྲག་སྲིན་ནག་མོ་གནས། །མོན་ལ་ལྷ་སྲིན་དོམ་མགོ་གནས། །འདི་གསུམ་སྲིན་མོ་རྫོང་གསུམ་ཟེར། །སྟག་སྲིན་འདི་ལ་གནས་གསུམ་མཆིས། །དེ་རྗེས་ཆོས་རྒྱལ་སྲོང་བཙན་དུས། །ཐུགས་རྗེ་ཆེན་པོ་ཉིད་སྤྲུལ་ནས། །དགེ་བཅུའི་ཁྲིམས་དང་སྤྲུལ་བ་ཡིས། །མཐའ་བཞི་དབུས་སུ་བསྡུ་བའི་དུས། །རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ལས། །རྒྱ་བཟའ་ཀོང་ཇོ་རྒྱ་ནས་བྱོན། །རི་བོ་བར་མའི་མགུལ་ཁུག་དེར། །བོད་ཀྱི་བདེ་སྐྱིད་ལ་དགོངས་ནས། །ས་གནད་སྐུ་དྲུག་རྩ་བདུན་བརྐོས། །གཏེར་སྦས་བྱིན་བརླབས་མཛད་པའི་སྐབས། །གནས་ཆེན་འདི་ལའང་བསྐོར་བ་མཛད། །ད་དུང་དུས་ལ་མ་བབ་སྟེ། །ད་ནི་རིང་པོ་མི་ཐོགས་པར། །བླ་མ་སྤྲུལ་སྐུ་བརྫུས་སྐྱེས་ཤིག །ཇོ་མོ་བདག་ནི་མཚོ་ཡི་མིང་། །གཉིས་འབྱུང་གནས་འདིར་བྱིན་བརླབས་གསུང་། །ཐུགས་རྗེ་ཆེན་པོའི་སྐུ་རིས་དང་། །རྟ་མགྲིན་ཕག་མོ་སྒྲོལ་མ་རྣམས། །རྡོ་ཚན་དམར་པོའི་རྩི་ཡིས་བྲིས། །མཐོང་ཚད་གྲོལ་བའི་སྨོན་ལམ་བཏབ། །དེ་རྗེས་རྗེ་བཙུན་ཨོ་རྒྱན་ཉིད། །ཧས་པོ་རི་ཡི་རི་སྣ་ལ། །དགོངས་པ་བཅུ་གསུམ་མཛད་པའི་ཚེ། །བོད་ཡུལ་ཐམས་ཅད་སྲིན་མོའི་རིགས། །སྲིན་མོ་ཆོས་ལ་ཆེས་གནས་པས། །ཆོས་ཀྱི་བར་ཆད་རྩ་བ་གཟིགས། །འོན་ཕུ་སྟག་ཚང་གནས་ལ་ཕེབས། །སྲིན་མོས་སྟག་ཏུ་སྤྲུལ་ནས་རྔམ། །བཏུལ་ནས་དམ་ལ་བཏགས་པ་དང་། །དབུས་ཀྱི་ལྷ་སྲིན་ཐམས་ཅད་བཏུལ། །དེ་ནས་མོན་གྱི་རྫོང་གསུམ་དུ། །མོན་གྱི་སྲིན་མོ་དེ་ཡང་བཏུལ། །དེ་བཞིན་མོན་ལྷོའི་ལྷ་སྲིན་བཏུལ། །ཀོང་ཡུལ་སེང་གེའི་རྫོང་དུ་བྱོན། །ཀོང་ཕྱོགས་བྱར་དྭགས་ལྷོ་གྲ་ཡན། །ལྷ་སྲིན་དམ་བཏགས་མ་ལུས་བཏུལ། །དེ་རྗེས་ཨ་ཙ་རར་བརྫུས་ནས། །ཁམས་ཀྱི་ཡུལ་གནས་ཀུན་བསྐོར་ཏེ། །ཁམས་ཀྱི་སྟག་སྲིན་མ་བཟོད་དེ། །བྱང་ནས་འབྲོག་སྲིན་གཟེར་མགོ་སྦྲན། །ཤར་ནས་བྲག་སྲིན་ནག་མོ་སྦྲན། །ལྷོ་ནས་ས་སྲིན་དྲེད་གདོང་སྦྲན། ནུབ་ནས་ཀོང་སྲིན་གཟིག་གདོང་སྦྲན། །དབུས་ཀྱི་ལྕམ་མོ་གདོང་སྲིན་སྦྲན། །ལྕམ་མོའི་ཚ་བའི་སྒང་ཐོག་ཏུ། །བྱང་ལྷག་ཐམས་ཅད་བསྡུས་ནས་ཕབ། །ལྷག་པ་ཐམས་ཅད་ཚེ་བར་བསྒྱུར། །སྒང་སྟོད་བྲག་ལ་དམ་དུ་བཏགས། །གུར་ཁྱིམ་རྡོ་རྗེ་གུར་དུ་བསྒྱུར། །སྐུ་ལྷའི་རྩེ་རུ་སྐུར་བསྟན་ནས། །རྡོ་རྗེ་གསོར་བས་ཚྭ་ཚྭ་འཐུལ། །དེ་ལས་ལྕམ་མོ་མ་བཟོད་ནས། །བར་སྣང་འབྲུག་ཆིབས་ཐོག་ཆེན་ཕབ། །པདྨའི་སྐུ་ལ་མེ་དཔུང་འབར། །ཐོག་རྣམས་ཆུར་ཞུ་མེ་མཚོར་གྱུར། །མོ་ཡི་ཕོ་བྲང་སྤྱན་གྱིས་གཟིགས། །སྤྱན་ལས་མེ་འབར་གངས་རི་ཞུ། །གངས་རི་ཟུ་ལེ་འབར་བ་ལ། །སྨུག་མོ་རི་ནག་དེ་ནས་བྱུང་། །མོ་བྲེད་རྒན་མོ་མགོ་སེར་གྱུར། །ལྕང་ནེའི་བྲག་འབུར་དེ་ལ་ཐིམ། །པདྨས་ཁ་ཊྭཱཾ་གསུམ་བསྣུན་པས། །ཁྲག་ཁོལ་ལུས་པོ་ཚལ་བར་འཐོར། །ཤིན་ཏུ་བྲེད་ཅིང་སྲོག་སྙིང་ཤོར། །ཁམས་ཀྱི་ལྷ་སྲིན་མ་ལུས་བཏུལ། །དེ་དུས་སྲིན་མོ་སྤུན་དགུའི་དམག །ན་བུན་བྲག་ལ་ལྷག་པར་གྱུར། །པདྨས་དེར་བསྐྱོད་ཐམས་ཅད་བྲོས། །སྲིན་མོ་གདུག་པ་ཆེ་བ་ཞིག །སྟག་གཟིག་འབྲོག་པའི་གནས་བཅས་ཏེ། །སྲིན་རྫོང་བར་མའི་བྲག་ལ་བྲོས། །པདྨས་སྟག་གཟིག་ཕལ་བ་བསད། །སྟག་མོ་མགོ་གསུམ་སྨད་དུ་བྲོས། །སྲིན་རྫོང་འོག་མར་གནས་བཅས་པས། །པདྨས་རྗེས་བདས་དེར་བྱོན་ཚེ། །སྲིན་ཕྲུག་ལྔ་ཡི་སྲོག་སྙིང་བླངས། །ཀླུ་སྲིན་མཚམས་ཀྱི་རི་ལ་བྲོས། །པདྨས་རྗེས་ཟིན་དམ་ལ་བཏགས། །སྐུ་ལས་མེ་དཔུང་རྡོ་རྗེ་འཕྲོས། །ལྗགས་ལས་ཡིག་བདུན་སྒྲ་ཆེན་བསྒྲགས། །རི་ལ་ཡི་གེ་བདུན་པ་བརྐོས། །མ་འོངས་བསྐལ་པའི་ཐ་མ་ལ། །ཁོ་བོས་བྱིན་བརླབས་ཡིག་བདུན་འདི། །འཇིགས་པའི་ཁྲོ་བོ་བཅུར་གྱུར་ནས། །ཡས་ཀྱི་མཚམས་ཆེན་ཞབས་རྗེས་ནས། །མས་ཀྱི་འདི་ཡན་སྲུང་འཁོར་འགྱུར། །མ་འོངས་པདྨའི་བསྟན་པ་རྒྱས། །ནམ་ཡང་མི་འཇིག་གནས་པར་འགྱུར། །ཞེས་གསུངས་སྲིན་མོ་སྟག་གཟུགས་ཀུན། །རི་བོ་བར་མའི་མདུན་དུ་བསྡུས། །གོ་རར་ཚུད་པས་སྟག་རར་གྲགས། །སྟག་ཅིག་རི་ཡི་སྙིང་ལ་བྲོས། །པདྨས་རི་བོ་རྡོ་རྗེས་གཤགས། །སྟག་ཅིག་བུད་ནས་ཤར་ལྷོར་བྲོས། །རྗེས་བདས་གཟེར་བུ་འགག་ནས་བསྡམས། །བྲག་ལ་བྲོས་དེད་རྗེས་དངོས་ཡོད། །རྗེས་ཟིན་སྟག་མོ་ཆིབས་བྱས་ནས། །ཁྱུང་ཆེན་བྲག་ལ་ཁྱུང་ལྟར་རྩལ། །སེང་ཕུ་གོང་མར་དམ་ལ་བཏགས། །མཐའ་ཡི་རི་བོ་རྩེ་ལྔ་ནས། །བྱང་ནུབ་ལྷོ་ཡི་ལྷ་སྲིན་ནི། །ཆེ་དགུ་གཉན་དགུ་དགུ་ཁྲི་དགུ། །སྟོང་གསུམ་ལྷ་སྲིན་དམ་ལ་བཞག །ཤར་གྱི་ར་སྟོང་བྲག་རི་ནི། །གླང་ཆེན་འདྲ་བའི་བྲག་རི་ན། །ཐུགས་དམ་བསྒྲུབ་པའི་ཚུལ་དགུ་མཛད། །ཤར་ཕྱོགས་སྲིན་མོ་ལྷ་འདྲེ་ཀུན། །དམ་ལ་བཏགས་ཤིང་གཉེར་དུ་བསྐོས། །ལྷོ་ཡི་སེང་ཕུག་ཕྱོགས་དེ་ལ། །གཞན་བས་ཆེར་གཉན་གནས་འདི་ཡི། །ས་གནས་གཅིག་ཏུ་འདུས་པ་ན། །རྡོ་རྗེ་རྭ་ཡི་སྟེང་མ་ལ། །སྟག་སེང་འདྲ་བའི་བྲག་རྩ་རུ། །སྒྲུབ་ཕུག་ཆེན་པོ་དགུ་ཕྲག་ལ། །སྒྲུབ་ཐབས་མི་འདྲ་དགུ་དགུ་མཛད། །སྒྲུབ་ཆེན་བཀའ་བརྒྱད་སོ་སོར་བསྒྲུབས། །མ་ལུས་དོན་འགྲུབ་དངོས་གྲུབ་ཐོབ། །དམ་སྲི་ཀུན་གྱི་སྲོག་ལོན་ཅིང་། །ཅི་བསམ་འགྲུབ་པར་གྱུར་པ་ལ། །སེང་གེ་བསམ་གྲུབ་མིང་དུ་གནང་། །རྭ་རྩེ་སྐུ་ཡི་སྒྲུབ་ཕུག་ལ། །པདྨའི་འདྲ་འབག་རི་མོ་ནི། །བྱིན་བརླབས་རང་བྱོན་ཚུལ་དུ་བྱུང་། །གཏེར་སྦས་ལུང་བསྟན་ཁ་བྱང་བཏབ། །ཡིག་དྲུག་ཡིག་བདུན་ཡི་གེ་གསུམ། །ཡི་གེ་བཅུ་དགུ་སྲིན་མོ་ཡི། །ཀླད་པ་ཁྲག་གིས་ཕྱག་བྲིས་མཛད། །ཉིད་ཀྱིས་བྱང་སེམས་བྱུག་བྱས་ནས། །བྱིན་གྱིས་བརླབས་པར་མཛད་པའོ། །ནུབ་ཕྱོགས་རྭ་ནི་ཟླ་རྒྱས་འདྲ། །སེང་ཕུག་གོང་མའི་ཟུར་དེ་ལ། །སྲིན་མོའི་བུ་གཅིག་བྲོས་པ་ལ། །སློབ་དཔོན་བདས་པས་བྲག་ལ་ཐིམ། །བྲག་ནི་སློབ་དཔོན་རྫུ་འཕྲུལ་ཕུག །བྲོས་དེད་རྗེས་ཟིན་བཤའ་གཏུབ་སོགས། །མཛད་པའི་སྒྲུབ་ཕུག་གོང་འོག་མང་། །སྙིང་ཁྲག་བྱང་སེམས་དཀར་དམར་གྱི། །ཡི་གེ་སྐུ་གཟུགས་ཕྱག་མཚན་བཀོད། །བྱང་ཕྱོགས་དྲག་པོའི་རྭ་རྩེ་ལ། །སྒྲུབ་ཕུག་བྱང་གི་སྲིན་མོ་རྣམས། །བཏུལ་ཚུལ་བྲོས་དེད་བསད་ཅིང་གཏོར། །གང་བྱས་རྩ་བའི་བར་དུ་ཡོད། །དབུས་ཀྱི་རྭ་རྩེ་འབུར་མོ་ལ། །གུ་རུའི་སྣང་སྲིད་ཟིལ་གནོན་ཏེ། །རྟ་མགྲིན་དཀྱིལ་འཁོར་ཞལ་ཕྱེ་ནས། །སྒྲུབ་ཅིང་ཕྱོགས་སྐྱོང་བཅུ་པོ་དང་། །ལྷ་སྲིན་སྡེ་བརྒྱད་མ་ལུས་པ། །སྣང་ཞིང་སྲིད་ཚད་དབང་དུ་བསྡུས། །དམ་ལ་བཞག་ཅིང་སྨིན་གྲོལ་མཛད། །ཁྱད་པར་ལྷོ་ཡི་རྭ་དེ་ཡི། །གོང་མ་གུ་རུའི་སྐུ་འབག་སར། །སྲིན་མོ་སྟག་སྲིན་དམར་མོ་དང་། །རྡོ་རྗེ་ཁྲོ་འབར་དམ་ལ་བཏགས། །དབང་བསྐུར་ལུང་བསྟན་གཏེར་གཉེར་མཛད། །འོག་མ་བསམ་འགྲུབ་ཕུག་པ་རུ། །སྒྲུབ་ཆེན་བཀའ་བརྒྱད་ཞལ་ཕྱེས་ནས། །སྨིན་གྲོལ་འབྲས་བུའི་ཐང་མ་བརྡལ། །འདི་དུས་མཚོ་རྒྱལ་མ་གཏོགས་པ། །གཞན་གྱི་སློབ་མ་གང་ཡང་མེད། །དེ་རྗེས་ཀུན་དགའི་རྣམ་འཕྲུལ་ལས། །ལོ་ཆེན་བཻ་རོ་ཙ་ན་ཉིད། །ཚ་བ་རོང་དུ་སྨིན་གྲོལ་མཛད། །སྤང་རྒན་མི་ཕམ་མགོན་པོ་ཞེས། །སྲིད་པ་ཐ་མའི་གང་ཟག་ལ། །ཝ་སང་བྲག་ལ་གདམས་པ་ཕོག །གུ་རུས་བྱིན་བརླབས་ཀེའུ་ཚང་འདིར། །སྒྲུབ་ལུང་ཕོག་ཅིང་བྱིན་གྱིས་བརླབས། །དེས་ཀྱང་བསྒྲུབས་པས་འཇའ་ལུས་ཡལ། །བསམ་དོན་འགྲུབ་པས་བསམ་འགྲུབ་ཕུག །དེ་རྗེས་བསྟན་པ་ཕྱི་དར་སྐབས། །ཐུགས་རྗེ་ཆེན་པོའི་དུས་མཁྱེན་དང་། །པཀྵི་སོགས་ཀྱི་སྒྲུབ་གནས་མཛད། །སྒྲུབ་ཕུག་ནུབ་ཀྱི་རྡོ་རྭ་ཡི། །གོང་འོག་བར་མ་རྣམས་སུའོ། །དེ་རྗེས་རྣལ་འབྱོར་ཀུ་སུ་ལུས། །གནས་འདིར་ཁང་བུར་བརྟེན་ནས་བསྒྲུབ། །རྒྱུ་འབྲས་བདེན་པའི་མཁྱེན་ཡེ་གཟིགས། །འགྲོ་མང་ཐེག་པའི་ཆོས་ལ་བཀོད། །དེ་རྗེས་ཆོས་གྲགས་རྒྱ་མཚོ་ཡིས། །སྒྲུབ་སྡེ་བཏབ་ཅིང་ཞབས་ཀྱིས་བཅགས། །ནུབ་ཀྱི་ཚོགས་ཁང་ཆེན་མོ་དེར། །པད་འབྱུང་དམར་ནག་ཅོད་པན་འཛིན། །སྐུ་བཀོད་བྱིན་བརླབས་སྒྲུབ་པ་མཛད། །དེ་རྗེས་འབྲོག་བན་སྤྲུལ་པར་གྲགས། །རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས། །བྱིན་བརླབས་ལུང་བསྟན་བཀས་བསྐུལ་ནས། །ཐེག་ཆེན་གླིང་དུ་གཙུག་ལག་བཏབ། །དེ་སྲས་བྱང་ཆུབ་རྒྱལ་མཚན་གྱིས། །ཞབས་བཅགས་དབུ་རྩེར་ལྷ་ཁང་བཞེངས། །དེ་ལྟར་གང་ཟག་མང་པོ་ཡིས། །བསྔགས་ཤིང་བྱིན་བརླབས་གནས་འདི་ལ། །ཁོ་བོ་སྟག་ཤམ་ནུས་ལྡན་པ། །སྔོན་ལས་ལས་ཀྱི་འཕྲོ་ལུས་བཞིན། །ལས་འཕྲོ་བཟོ་འཕྲོ་སྐྱོང་བ་ལ། །སྦྲུལ་ལོ་ཟླ་བ་དྲུག་པ་ཡི། །ཉེར་དགུ་ནས་བཏེག་གནས་ཆེན་འདིར། །རྒྱུས་མེད་ངོ་ཤེས་མང་པོ་འཕྲད། །ལམ་རྟགས་ཉམས་རྟགས་འགའ་ཤར་ཅིང་། །པདྨས་ལུང་བསྟན་བརྡས་བསྐུལ་བཞིན། །ཕྱིན་ནས་རྟེན་འབྲེལ་ཤར་ཚུལ་གླེང་། །གླེང་བསླང་ལེའུ་དང་པོའོ། །ས་མ་ཡ། །
གཉིས་པ་གནས་ཚུལ་གླེང་བ་ནི། །རང་གིས་མཐོང་བའི་ཚུལ་ཆེན་ལ། སྐུ་གཟུགས་ཡིག་འབྲུ་ཞབས་ཕྱག་རྗེས། །གསང་སྔགས་ལྷ་ཚོགས་བཞུགས་པའི་ཚུལ། །མདོ་དང་རྒྱས་པར་བཤད་པར་བྱ། །མདོ་ནི་རི་དབྱིབས་གནམ་ལྕགས་ཀྱི། །རྡོ་རྗེ་རྩེ་ལྔའི་དབྱིབས་སུ་ཡོད། །དེ་ཡི་ནང་ན་གསང་སྔགས་ཀྱི། །ལྷ་ཚོགས་ཏིལ་གོང་ལྟ་བུ་ལ། །ཕྱི་ལ་དེ་ཡི་སྐུ་གཟུགས་དང་། །ཕྱག་རྗེས་ཞབས་རྗེས་གྲངས་མེད་བདོག །རྒྱས་པ་འདི་འདྲའི་གསང་རི་འདི། །ཕལ་པའི་གནས་དང་མི་འདྲ་སྟེ། །ཕྱི་ཡི་མི་འགྱུར་གཟེར་བཞི་ལྡན། །མཚམས་བཞིར་གནད་ཀྱི་རི་བཞི་ཡོད། །གསང་བ་དྲག་པོའི་མཚོ་བཞི་སྟེ། །ཤར་ཕྱོགས་སྒམ་པོ་གསུང་གི་གཟེར། །གསུང་མཆོག་སྙན་པའི་ཡིག་འབྲུ་ཡོད། །ལྷོ་ཕྱོགས་འབོམ་ཡུལ་སྐུ་ཡི་གཟེར། །རྣམ་སྣང་སེམས་དཔའི་ཚོགས་ཀྱིས་བསྐོར། །ནུབ་ཕྱོགས་འོར་དུ་བྱངས་ཆེན་གཟེར། །འགྲོ་བའི་བསོད་ནམས་བསགས་ཐབས་ཡོད། །བྱང་ཕྱོགས་གླང་ཐང་སྒྲོལ་མའི་གཟེར། །འཇིགས་བཟློག་དཔའ་བོ་ཆོས་ཀྱི་དར། །ཤར་ལྷོ་རོང་བཙན་ཁ་བ་དཀར། །སྒྲུབ་གནས་མཚོ་རི་གངས་ཀྱི་རྒྱན། ལྷོ་ནུབ་རྟ་ཕག་ཡབ་ཡུམ་བྲག །རི་རབ་ཕག་ཞལ་མཁའ་འགྲོའི་གླིང་། །ནུབ་བྱང་སྤྱི་ཡི་ན་བུན་བྲག །ཐུགས་རྟེན་ཀླུ་འདམ་མཆོད་པས་བརྒྱན། །བྱང་ཤར་ཀཿཐོག་སེང་ཆེན་རི། །མི་འགྱུར་ཡི་གེ་ཀཿཡིས་སྤྲས། །མཚོ་བཞི་འབམ་མཚོ་དབྲི་མཚོ་དང་། །མཚོ་ནག་མཚོ་དཀར་བཞི་ཡིས་བསྐོར། །ནང་དུ་གསང་སྔགས་ཕོ་བྲང་བཞི། །ཤར་ཕྱོགས་གཡུ་རྩེ་ཤེལ་གྱི་གླིང་། །ལྷོ་ཕྱོགས་གཙང་རོང་སྦས་པའི་རྫོང་། །ནུབ་ཕྱོགས་ལ་འོག་ཁྲོ་འབར་རྫོང་། །བྱང་ཕྱོགས་མཚམས་ཀྱི་ཡི་གེ་དྲུག །གསང་བ་བཅུད་ཀྱི་གནས་བཞི་ནི། །ཤར་དུ་ཀུང་ལུང་བྲག་དཀར་ཕུག །ལྷོ་རུ་མོན་ཀ་ནམ་མཁའ་རྫོང་། །ནུབ་ནས་ཆོས་རི་པདྨ་ཕུག །བྱང་དུ་གསེར་བྲག་རྡོ་རྗེ་ཕུག །གསང་བ་ཡུལ་གནས་རྡོ་རྗེའི་རྫོངས། །དམྱལ་བ་ཚ་ཆུ་ཁོལ་མའི་བྲག །གུ་རུ་འཁོར་བ་དོང་སྤྲུགས་བསྒྲུབ། །དམྱལ་ཆུ་སྨན་གྱི་ཆུ་རུ་བསྒྱུར། །གཟེར་འགག་སྨིན་མོའི་བྲག་ལོག་ལ། །གུ་རུས་སྲིན་མོ་བཏུལ་བའི་ཚུལ། །ཕྱག་རྗེས་ཞབས་རྗེས་སྐུ་རྗེས་དང་། །སྲིན་མོའི་དོན་སྙིང་ཁོང་པ་སོགས། །ཡན་ལག་དུམ་བུའི་ཚུལ་ཡང་ཡོད། །སྲིན་ཆུང་སྨན་ཆུང་བྱིན་བརླབས་ཡོད། །ཕོ་བྲང་སྲོག་མཚོ་ཆེན་མོ་ནི། །རྡོ་རྗེ་གྲོ་ལོད་བླ་མཚོ་དང་། །རིག་འཛིན་མཁའ་འགྲོའི་བླ་མཚོ་དང་། །ཞིང་སྐྱོང་མ་མོའི་བླ་མཚོ་སོགས། །མཚོ་ནི་མི་གཅིག་དུ་མ་ཡོད། །རྡོ་རྗེ་ཐེག་པའི་ཕོ་བྲང་མཆོག །རྡོ་རྗེ་ལྟ་བུའི་རི་བོ་འདི། །མར་རྩེ་སྲིད་པ་ཀླུ་ལ་ཟུག །ས་འོག་འགྲོ་བའི་བསོད་ནམས་ཞིང་། །སྐེད་པ་ཟུར་བརྒྱད་སོར་བཅུ་དྲུག །འགྲོ་བ་མི་ཡི་བསོད་ནམས་ཞིང་། །རྩེ་མོ་རྭ་ལྔ་ཆོས་དབྱིངས་ཟུག །ལྷ་དང་མཁའ་འགྲོའི་བསྟི་གནས་ཏེ། །རྭ་བཞི་ཕྱོགས་བཞིར་གདེངས་པའི་ཚུལ། །རིགས་ལྔ་བདེ་གཤེགས་བཞུགས་པའི་རྟགས། །ཤར་གྱི་རྭ་རྩེ་དབྱིབས་ཟླུམ་ཞིག །སྤངས་དང་ནགས་ཚལ་བྲག་དཀར་འཇམ། །ཞི་བ་རྡོ་རྗེ་དབྱིངས་ཀྱི་རྟགས། །ལྷོ་ཡི་རྭ་ནི་གྲུ་བཞིའི་དབྱིབས། །བྲག་དང་སྒྲུབ་ཕུག་ཕུན་སུམ་ཚོགས། །རྒྱས་པ་ལོངས་སྤྱོད་གཏེར་གྱི་རྟགས། །ནུབ་རྭ་ཟླ་ཚེའི་གྱེན་བསླངས་འདྲ། །བྲག་དང་སྒྲུབ་ཕུག་དབང་གི་གནས། །དབང་གི་རྟགས་ལྡན་ཚོགས་ཁང་ཡོད། །བྱང་རི་གྲུ་གསུམ་དམར་གཏོར་འདྲ། །བྲག་རྔམས་ཤིང་རྩུབ་ས་གཟུགས་གཟར། །དྲག་པོ་སྒྲོལ་བྱེད་ལས་གྲུབ་རྟགས། །དབུས་རི་ཀུན་གྱི་སྡོང་པོ་ནི། །དབྱིབས་ཟླུམ་ཀུན་བཟང་ལས་བཞིའི་དབྱིབས། །རིགས་འདུས་ཆོས་ཀྱི་རྟགས་སུ་འདུག །འདི་འདྲའི་རྩེ་ལྔའི་རི་འདི་ལ། །ལྷ་ཚོགས་དངོས་སུ་མཐོང་བའི་ཚུལ། །ཤར་ཕྱོགས་རི་བོའི་ནགས་གསེབ་ཏུ། །བྲག་དཀར་དུམ་བུ་བཅུ་པོ་ན། །ཕྱོགས་བཅུའི་སངས་རྒྱས་བཞུགས་སོ་སྐད། །སྒྲུབ་ཕུག་དགའ་བ་འཁྱིལ་པ་ལ། །ཞི་བ་ཞེ་གཉིས་ལྷ་ཚོགས་ཡོད། །དེ་གོང་བྲག་དཀར་མདུན་ཐད་དུ། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས། །འདི་བསྒྲུབ་ཞི་བའི་ལྷ་འགྲུབ་ཅིང་། །ཞི་བའི་དངོས་གྲུབ་ངེས་པར་ཐོབ། །ལོང་མདོ་ཆོས་འབྱུང་རཀྟའི་མཚོར། །ཕག་མོ་གསང་བའི་དཀྱིལ་འཁོར་ཡིན། །རི་ལ་ཆོས་འབྱུང་འབར་བ་དང་། །ཐང་ལ་ཆོས་འབྱུང་ཟླ་གམ་བརྩེགས། །བྲག་ལ་ཆོས་འབྱུང་དབྱིབས་སུ་འབར། །ཤིང་ལ་ཆོས་འབྱུང་འདྲ་བ་ཡོད། །རི་སྣ་གླང་ཆེན་གདོང་བ་ལ། །སྒྲུབ་སྡེ་བཏབ་ན་རྟེན་འབྲེལ་འདུག །ཕྱོགས་བཅུའི་སངས་རྒྱས་བྲག་ལོག་ལ། །ཞལ་གཟིགས་ཕྲ་མོ་མང་ན་ཡང་། །ཡི་གེ་མང་ཚེ་འདིར་མ་བཀོད། །ལས་ཅན་ཡོད་ན་སྙན་དུ་བརྒྱུད། །ལྷོ་རི་རྡོ་རྗེ་གྲོ་ལོད་ལ། །རྩེ་རྩ་རྐེད་པར་མང་མཆིས་ཀྱང་། །ཆེ་ལོང་ཙམ་ཞིག་བྲི་བ་ནི། །རྩེ་མོར་འཇམ་དཔལ་དཀྱིལ་འཁོར་ལ། །བྲག་དཀར་སེང་གེ་གོང་མ་ཕུག །ཟིལ་གནོན་བསམ་འགྲུབ་ཕུག་པ་རུ། །རྗེ་བཙུན་པདྨའི་སྐུ་བརྙན་འདི། །དུས་གསུམ་བདེ་གཤེགས་སྨོན་ལམ་དུ། །འོད་དཔག་མེད་ཀྱི་ཐུགས་ལས་སུ། །རྗེ་བཙུན་པདྨ་འབྱུང་གནས་བྱོན། །དེ་ཡི་བྱང་སེམས་དཀར་པོ་དང་། །མཚོ་རྒྱལ་རཀྟ་དམར་པོ་གཉིས། །འདྲེས་པའི་སྲས་མཆོག་གྲོ་ལོད་རྩལ། །བྲག་ལ་ལྷང་ངེར་ཤར་བ་བཞིན། །ཇོ་མོས་ཐིག་གདབ་པདྨ་ཡིས། བྱིན་བརླབས་དབང་བསྐུར་སྨོན་ལམ་མཛད། །ཚོན་ནི་ཨོ་རྒྱན་ཡུལ་དབུས་ཀྱི། །བཅོམ་ལྡན་འདས་མའི་སིནྔྷུར། །སྨུག་པོ་ཡབ་ཡུམ་བྱང་སེམས་དང་། །དམ་རྫས་རྡོ་ཚོན་ཁྱུང་གི་ཁྲག །མི་འཇིགས་པྲ་རྩི་སེང་གེའི་འོ། །གཉིས་མེད་བསྲེས་བྲིས་ཁྱད་པར་འཕགས། །སྐུ་ཞལ་ལྷོ་ནུབ་བསྟན་པ་ནི། །སྲིན་པོའི་ཁ་གནོན་མཛད་པའི་རྟགས། །ཟུར་ཞལ་གཡོན་རུ་གཟིགས་པ་ནི། །གདུལ་བྱ་བོད་ལ་ཆགས་པའི་རྟགས། །སྤྱན་གསུམ་ཨཾ་གཙིགས་བསྒྲད་པ་ན། །སྲིད་གསུམ་སྣང་སྲིད་འདུས་པའི་རྟགས། །ཤངས་ཧུར་ཁྲོ་གཉེར་བརྗིད་པ་ནི། །མཁའ་འགྲོའི་ཚོགས་རྣམས་དབང་བསྒྱུར་རྟགས། །སྙན་གཉིས་དུང་ལོ་འཁྲོལ་བ་ནི། །སྙན་རྒྱུད་ཟབ་གཏེར་ཡོད་པའི་རྟགས། །ཡ་མཆུའི་མ་མཆུ་གནོན་པ་ནི། །ལྷ་སྲིན་སྡེ་བརྒྱད་གཟེར་བའི་རྟགས། །དབུ་སྐྲ་འཇུར་བུ་འཁྱིལ་བ་ནི། །བདེ་སྟོང་ཆོས་སྐུ་རྒྱས་པའི་རྟགས། །སྨ་ར་སེར་པོ་འབར་བ་ནི། །ནུས་པ་མེ་ལྟར་འབར་བའི་རྟགས། །དུར་ཁྲོད་རྟགས་གསུམ་བྱུག་པ་ནི། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས། །བེར་ཕོད་ན་བཟའ་གསོལ་བ་ནི། །དྲག་སྔགས་རིགས་སྔགས་འཆང་བའི་རྟགས། །རྡོ་རྗེའི་སྐུ་རེག་བཅིངས་པ་ནི། །བསླབ་གསུམ་ཁྲིམས་ཀྱིས་བརྒྱན་པའི་རྟགས། །ཆོས་གོས་དུལ་ཁ་གསོལ་བ་ནི། །ཤཱཀྱའི་བསྟན་པ་འཛིན་པའི་རྟགས། །དར་གྱི་ཤམ་བུ་གསོལ་བ་ནི། །ཆོས་ཀྱི་ངོ་ཚ་ལྡན་པའི་རྟགས། །དུར་ཁྲོད་རུས་པས་བརྒྱན་པ་ནི། །འདོད་ཡོན་མ་སྤངས་རྒྱན་རོལ་རྟགས། །ཞབས་གཉིས་འདོར་ཐབས་བཞུགས་པ་ནི། །སྣང་སྲིད་ཟིལ་གྱིས་གནོན་པའི་རྟགས། །སྟག་མོ་ཞབས་སུ་མནན་པ་ནི། །ང་རྒྱལ་ཉོན་མོངས་ནོན་པའི་རྟགས། །སྟག་མོ་འགྲོས་ཐབས་བཞུགས་པ་ནི། །དུར་ཁྲོད་ཚོགས་འཁོར་ཉུལ་བའི་རྟགས། །རོ་ཡི་གདན་ལ་བཞུགས་པ་ནི། །དུར་ཁྲོད་དབང་དུ་བསྒྱུར་བའི་རྟགས། །མེ་དཔུང་ཀློང་དུ་བཞུགས་པ་ནི། །ཉོན་མོངས་བག་ཆགས་བསྲེགས་པའི་རྟགས། །ཕྱག་གཡས་རྡོ་རྗེ་བསྣམས་པ་ནི། །དུས་གསུམ་སངས་རྒྱས་དབང་བསྐུར་རྟགས། །གཡོན་པས་ཕུར་བུ་བསྒྲིལ་བ་ནི། །ལྟས་ངན་བགེགས་ཚོགས་ཀུམ་པའི་རྟགས། །སྤྲུལ་སྐུའི་ཆས་རྫོགས་སྐུ་མཆོག་འདི། །པདྨ་དངོས་དང་ཁྱད་མེད་པས། །སྐུ་ཚབ་སྐུ་དང་འདྲ་བས་ན། །པདྨའི་སྐུ་ཚབ་དམ་པ་འདི། །ཐ་མལ་མ་འཛིན་མི་ཕྱེད་པའི། །དད་པ་བརྟན་པོས་གསོལ་བ་ཐོབ། །དེ་སྟེང་ཡེ་ཤེས་ཕོ་བྲང་ལ། །ཨོ་རྒྱན་གྷན་དྷོ་ལ་དང་ནི། །གཉིས་མེད་ཕོ་བྲང་ཟླུམ་པོའི་དབྱིབས། །ནང་དུ་ཡེ་ཤེས་ལྷ་ཚོགས་ནི། །གྲངས་མེད་དཔག་ཏུ་མེད་པ་ཡོད། །པདྨའི་བྷན་དྷའི་རྗེས་མལ་ངང་། །རྫུ་འཕྲུལ་ཞབས་རྗེས་རྡོ་རྗེའི་རྗེས། །ཕག་ནག་སྐུ་སོགས་མང་དུ་ཡོད། །ཕ་ཝོང་མགོ་ལ་ཞབས་རྗེས་གསལ། །སྐུ་ཡི་དབུ་ཐད་ཨ་སེར་དང་། །གཡོན་ཕྱོགས་ཐུགས་རྟེན་བཅས་པ་བྲིས། །གཡས་ཀྱི་བྲག་གདོང་ཡིག་དྲུག་དང་། །གུ་རུའི་སྟག་མོ་ཆིབས་པ་ཡི། །སྟག་གི་རྗེས་བཅས་གསལ་བ་དང་། །བྲག་གདོང་གོང་མར་སྐུ་བཅས་ཡོད། །ཟངས་མདོག་དཔལ་གྱི་ཕུག་རི་འདི། །སྲིན་མོའི་བུ་མོ་བྲོས་པ་ཡི། །གུ་རུ་རྗེས་བདས་རྫུ་འཕྲུལ་ཕུག །ནང་དུ་ཕྲ་མན་སྐུ་མང་དང་། །སྟེང་དུ་ཞི་བའི་ལྷ་ཚོགས་ཡོད། །ཟངས་མདོག་སྲིན་མོའི་སྙིང་ཡིན་ནོ། །གཡས་གདོང་བླ་མའི་ཞལ་གཟིགས་བདོག །དཀར་ཞལ་ཆུ་མོའི་ཕུག་རིང་འདི། །སྲིན་མོ་བཤས་པའི་བྱང་ཁོག་ལ། །ཅུ་གང་སྲིན་མོའི་ཀླད་པ་ཡིན། །གུ་རུས་སྨོན་ལམ་སྨན་བྱིན་བརླབས། །རེག་ཚད་ཚེ་འདིར་ནད་ལས་གྲོལ། །ཕྱི་མ་ངན་སོང་གནས་ངན་འགོག །ནང་དུ་གསང་སྔགས་ལྷ་ཚོགས་བཞུགས། །ཁྱད་པར་དྲེགས་དཔོན་སུམ་བཅུ་དང་། །དྲེགས་པ་ཕྱག་ན་རྡོ་རྗེའི་སྐུ། །དྲག་སྔགས་དམོད་པའི་དཀྱིལ་འཁོར་སོགས། །ཀླུ་བརྒྱད་སྦྲུལ་སྦལ་ཉ་ལྕོང་སོགས། །ཆུ་སྲིན་དུང་དཀར་ལྟ་བུ་ཡོད། །འདི་རྣམས་ཕལ་པ་མ་ཡིན་ཏེ། །པདྨས་བྱིན་བརླབས་ཡེ་ཤེས་ལྷ། །གང་འདུལ་དེ་ཡི་གཟུགས་སུ་ཡོད། །ཁྱད་པར་སྟག་གདོང་སྦས་ཕུག་ཅེས། །རྟ་མགྲིན་ནག་པོའི་དཀྱིལ་འཁོར་ཡོད། །རྟ་ཡི་མགྲིན་པ་དངོས་སུ་གསལ། །རྟ་ནག་དྲེགས་པའི་ལྷ་ཚོགས་ཡོད། །རྡོ་རྗེ་གྲོ་ལོད་ཕྱག་རྗེས་དང་། །ཞབས་རྗེས་དབུ་རྗེས་སྐུ་རྗེས་མང་། །བྲག་ལོག་ཞལ་གཟིགས་སྙན་དུ་བརྒྱུད། །དེ་འོག་གཡས་ཀྱི་ཡང་ལེ་ཕུག །ཡང་དག་སྤྲུལ་པའི་ལྷ་དགུ་དང་། །ཁྱད་པར་རྡོ་རྗེ་སེམས་དཔའ་ཡོད། །དེ་འོག་ཁ་བྱང་གཏེར་གནས་པ། །སྔོན་དུས་རྒྱ་བཟས་བྲིས་པ་ཡི། །ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། །འདི་ནི་མཇལ་ཚད་སྨོན་ལམ་ཐེབས། །གང་བསམ་འགྲུབ་པ་གདོན་མི་ཟ། །ཡིད་བཞིན་ནོར་བུ་དག་དང་འདྲ། །ཅི་ཕྱིར་རྒྱ་བཟའ་པད་འབྱུང་དང་། །བཻ་རོ་མི་ཕམ་སྨོན་ལམ་གང་། །འདི་ལ་འགྲུབ་པའི་རྟེན་འབྲེལ་ཡོད། །སྒྲུབ་ཆུ་བདུད་རྩི་ཚེ་ཆུ་འདི། །སྲིན་མོ་གཟིར་བའི་སྙིང་ཆུ་ཡིན། །སྲིན་མོ་བྲག་བར་གཅིར་བ་ཡི། །གཟུགས་ཀྱང་བྲག་ཕུག་ངོས་སུ་ཡོད། །དེ་ཡི་སྙིང་ཁྲག་ཁ་ནས་ལུད། །པདྨས་འཆི་མེད་བདུད་རྩིར་བསྒྱུར། །ཞབས་རྗེས་དབུ་རྗེས་བཅས་པ་དང་། །གཡས་སུ་ཕག་མོ་དེ་ཡི་ཁ་གནོན་ཡོད། །གཡོན་དུ་སྲིན་པོའི་ཀླད་ཁྲག་དང་། །གུ་རུའི་བྱང་སེམས་ཀྱིས་བྲིས་པའི། །ཡིག་དྲུག་ཡིག་བདུན་ཡི་གེ་བཅུ། །མང་དུ་གཡས་གཡོན་རྣམས་སུ་ཡོད། །དེ་གཡས་བྲག་ལ་པད་འབྱུང་དང་། །དཔལ་མགོན་ཆོས་རྒྱལ་ཞལ་གཟིགས་མང་། །བྲག་གདོང་ཧེ་རུ་ཀ་དཀར་པོ། །ཡབ་ཡུམ་རང་བྱོན་ཕྲལ་བྱུང་དང་། །གཏེར་གནས་ཆེན་པོའི་བྲག་རི་ནི། །སེང་གེའི་རལ་པ་འདྲ་བའི་ལོགས། །ཞལ་གཟིགས་ཕྱག་ཞབས་རྗེས་རྣམས་ནི། །བཀོད་ཀྱིས་མི་ལངས་སྙན་དུ་བརྒྱུད། །དེ་གཡོན་གཤིན་རྗེའི་ཕོ་དོང་ནང་། །ངན་སོང་སྲིད་པའི་འཁོར་ལོ་དང་། །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། །རྒྱལ་བ་ཞི་ཁྲོའི་ལྷ་ཡང་རྫོགས། །སངས་རྒྱས་སྟོང་དང་གསང་ཆེན་བརྒྱ། །ཕག་སྦྲུལ་དགྲ་གཤེད་སྒོ་སྲུང་སོགས། །མང་དུ་མཐོང་ཚུལ་གྲངས་གཞལ་མེད། །དེ་བཞིན་རྡོ་རྗེ་སེམས་དཔའ་དང་། །ཀུ་ཀུ་རི་པ་རྡོ་ཁྱུང་སོགས། །ཕྲན་བུ་མང་པོ་སྙན་དུ་བརྒྱུད། །མས་འོག་སྟག་གཙང་སེང་ཕུག་ནི། །སྟག་སེང་མཐུར་རྒྱུག་ལྟ་བུའི་བྲག །དེ་འོག་ཁ་ལ་སེང་བྲག་ཕུག །གཡོན་གྱི་མཆེ་བར་མི་ཕམ་ཕུག །མི་ཕམ་མགོན་པོའི་ཞབས་རྗེས་དང་། །བདུད་རྩིའི་ས་ཡི་ཞག་བཅུད་ཡོད། །རིགས་ལྔའི་ས་བོན་རྡོ་ཚོན་དང་། །གུ་རུའི་བླ་མ་རིག་འཛིན་བསྒྲུབ། །རིག་འཛིན་ལྷ་ཚོགས་འཇའ་འོད་འཁྲིགས། །སྣ་གདོང་ཕག་མོ་དབུ་བརྩེགས་མ། །ཕག་མོ་ཀུ་རུ་ཀུ་ལེ་སོགས། །མ་རྒྱུད་དབང་གི་དཀྱིལ་འཁོར་དང་། །དབང་གི་སིན་དྷུ་ར་བཅས་ཡོད། །དེ་འོག་མི་ཕམ་ཞབས་རྗེས་དང་། །གཡས་མཆེའི་བར་དུ་འོད་གསལ་ཕུག །རྫོགས་ཆེན་ལྷུན་གྲུབ་སྦྱངས་པའི་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། །པད་འབྱུང་རྒྱ་མཚོར་འཁྲུངས་པའི་ཚུལ། །དགའ་འཇོག་གཉིས་ཀྱི་གཡས་གཡོན་བརྟེན། །དེ་བཞིན་གཡོན་དུ་བསྒྲུབ་པའི་ཕུག །དྲག་སྔགས་ཕུག་དང་ཡང་དག་ཕུག །འོག་ཏུ་དྲེགས་པ་ཀུན་འདུས་ཕུག །ཕར་ཀར་མ་མོ་སྡེ་བརྒྱད་ཕུག །བདུད་འདུལ་ཕུག་དང་བདུད་རྩི་ཕུག །བདེ་གཤེགས་ཕུག་སོགས་དེ་ཡི་ཕྱོགས། །དེ་བཞིན་ཀུན་འདུས་བཀའ་བརྒྱད་ཕུག །ཡང་ན་སེང་གེ་བསམ་འགྲུབ་ཕུག །རིགས་དྲུག་ཐུགས་རྗེ་ཆེན་པོ་དང་། །ཁ་སར་པར་ཎི་བཅུ་གཅིག་ཞལ། །བཀའ་བརྒྱད་དཀྱིལ་འཁོར་སྟེང་འོག་གཉིས། །ནང་དུ་བཞུགས་པ་ཐེག་པའི་ཚུལ། །སྒོ་གདོང་རིན་ཆེན་ཀ་བ་དང་། །སྟེང་དུ་ཕྲ་མན་སྒོ་སྲུང་དགུ །བྲག་ལ་ཞལ་གཟིགས་མང་མོད་ཀྱང་། །མ་བྲིས་ཡི་གེ་མང་གིས་དོགས། །འཇམ་དཔལ་གཤིན་རྗེའི་ཕུག་པའི་གོང་། །ཨོ་རྒྱན་གཙོ་འཁོར་སྲོང་བཙན་སྒམ། །ནང་དུ་འཇམ་དཔལ་ལྷ་ཚོགས་བཞུགས། །ལྷོ་ཕྱོགས་རྡོ་རྗེའི་རྭ་ལ་ནི། །རྩེ་མོ་སྲིན་མོ་བྲོས་དེད་ཕུག །གཡོན་དུ་བདེ་མཆོག་ཕོ་བྲང་ཟེར། །དེ་རུ་གུ་རུའི་བཞུགས་ཁྲི་དང་། །རྡོ་ཚོན་གསུང་འབྲུ་བཅས་པ་ཡོད། །དེ་འོག་བདུད་རྩི་ཕུག་མོ་ཆེར། །བདུད་རྩི་སྨན་རག་མྱོང་གྲོལ་དང་། །ཁྱུང་ཆེན་ཆེ་མཆོག་སྐུ་དང་བཅས། །དེ་གཡོན་བཀའ་འདུས་གསང་ཕུག་ནང་། །སྒོ་སྲུང་ཕྲ་མན་གཉིས་དང་ནི། །སངས་རྒྱས་སྟོང་རྩ་དམ་པ་བརྒྱ། །བཀའ་བརྒྱད་ལྷ་ཚོགས་མངོན་སུམ་ཤར། །བདུད་རྩི་ཕུག་པའི་གཡས་ཕྱོགས་ནས། །ཐར་ལམ་གྱེན་དུ་སྟོན་པ་སྟེ། །ཡབ་ཡུམ་དཀྱིལ་འཁོར་བར་ནས་བསྒྲོད། །སྐོར་ལམ་ཨོ་རྒྱན་མཚོ་རྒྱལ་དང་། །བཻ་རོ་མི་ཕམ་མགོན་པོ་ཡི། །ཞབས་རྗེས་མང་དང་གུ་རུ་ཉིད། །ཡབ་ཡུམ་གསང་རྗེས་བཅས་པ་ཡོད། །གུ་རུའི་སྐུ་རྗེས་བྲག་ལ་ནི། །ཟང་ཐལ་བྱོན་མལ་སྒྲིབ་བྱང་བྱ། །བཻ་རོའི་གསང་ཕུག་སྒྲུབ་ཆུ་དང་། །ཞབས་རྗེས་མི་ཕམ་སྒྲུབ་ཕུག་དང་། །བདེ་གཤེགས་ཚེ་ཕུག་གོང་མ་དེར། །སྒྲུབ་ཆུ་དབུ་རྗེས་སྐུ་ཡི་རྗེས། །རྟ་མགྲིན་གྲོ་ལོད་སྐུ་བཅས་ནས། །སྲིན་པོའི་མགོ་དང་བཅས་པ་ཡོད། །དེ་བཞིན་མཁའ་འགྲོའི་ཕུག་རིང་དང་། །རྗེ་བཙུན་གུ་རུའི་བཞུགས་ཁྲི་དང་།།མི་འགྱུར་ཕྱག་ཐམ་རྡོ་ལྔ་དང་།།སྲིན་མོའི་ནང་ཆ་བུ་དགུ་ཡོད། །ཕུག་པ་དེ་ནི་རྗེ་བཙུན་གྱི། །རྫུ་འཕྲུལ་སྐུ་ཡི་ཕུག་པའི་ནང་། །སྐུ་རྗེས་ཕུག་པའི་དབྱིངས་སུ་གསལ། །མིང་ཡང་རྫུ་འཕྲུལ་ཕུག་རིང་ཟེར། །རྟ་མགྲིན་མཆིན་བྲག་ཕུག་མོ་ཆེ། །བྲག་གདོང་རྒྱ་བཟའ་རང་བྱོན་དང་། །མཚོ་རྒྱལ་མ་དང་ཇོ་བོ་གཅིག །སྲིན་མོ་བཏུལ་བའི་ཕུག་པ་ཡིན། །སྲིན་མོའི་མཆིན་པ་ནང་ཁྲོལ་དང་། །རྟ་མགྲིན་དཀྱིལ་འཁོར་ཆེན་པོ་ཡོད། །ནང་དུ་འགྲོ་བར་ནུས་པ་ན། །གསང་སྔགས་བཀའ་བརྒྱད་དགོངས་འདུས་དང་། །བདེ་མཆོག་ཀྱེེ་རྡོར་གསང་བ་འདུས། །གསར་རྙིང་རྒྱུད་སྡེའི་ལྷ་ཚོགས་དང་། །སྤྱན་གཟིགས་དཀྱིལ་འཁོར་མང་དུ་ཡོད། །སྲོང་བཙན་སྒམ་པོའི་སྐུ་གཟུགས་དང་། །རྟ་མགྲིན་གུ་རུ་དྲག་པོ་སོགས། །རུ་ཏྲའི་སྐྱེ་བརྒྱུད་ལ་སོགས་ནས། །བཀའ་བརྒྱད་གཙོ་དགུའི་ལྷ་ཚོགས་ཡོད། །གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས་དང་། །པདྨ་འབྱུང་གནས་མཁའ་འགྲོ་བཅས། །ཞབས་རྗེས་ཕྱག་རྗེས་སྐུ་དབུའི་རྗེས། །ཁྱད་པར་གཏེར་ཕྲན་གསུམ་ཡོད་ཟེར། །སྒྲུབ་ཕུག་ཤར་ནི་བདུད་རྩི་ཕུག །དེ་གོང་རྡོར་སེམས་ལྷུན་གྲུབ་ཕུག །ཚེ་ཕུག་གསང་སྔགས་འདུས་པའི་ཕུག །རྫུ་འཕྲུལ་ཕུག་རིང་མཁའ་འགྲོའི་ཕུག །རྟ་ཕག་བདུད་འདུལ་ཕུག་མོ་ཆེ། །འདི་ཡན་ཀེའུ་ཚང་བྱ་སྐྱིབས་ཕུག །འདི་རྣམས་དབང་གི་ཕུག་པ་སྟེ། །གནས་འབྲེལ་ཚོགས་འཁོར་སུས་བྱས་པ། །ཨོ་རྒྱན་གནས་སུ་སྐྱེ་བ་སྟེ། །ཨོ་རྒྱན་གནམ་ལྕགས་རི་བོ་དང་། །གཉིས་མེད་གུ་རུ་པདྨས་གསུངས། །རབ་འབྱམས་དབང་གི་ཕུག་པ་རྣམས། །དབང་གི་དཀྱིལ་འཁོར་ལྷ་ཚོགས་སྤྲས། །ཁྱད་པར་བྱ་སྐྱིབས་ཕུག་པའི་བྲག །ལོགས་སུ་རྡོ་རྗེ་འཆང་ཆེན་ལ། །ཉེ་སྲས་བརྒྱད་དང་རིགས་ལྔས་བསྐོར། །ཕུག་པར་རྫུ་འཕྲུལ་ཕྱག་ཞབས་རྗེས། །ཞལ་གཟིགས་ལྷ་ཚོགས་གྲངས་མེད་ཡོད། །བྱང་གི་བྱ་ཁྱུང་བྲག་རི་ལ། །རྩེ་ལ་སྒྲུབ་པའི་ཕུག་པ་ནི། །ཞབས་རྗེས་ཕྱག་རྗེས་སྐུ་རྗེས་དང་། །ཕུར་བུ་སྒྲོལ་བའི་ཕུག་པ་དང་། །འོག་ཏུ་མགོན་པོ་ག་ལ་ཕུག །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་། །གསར་རྙིང་ཞལ་གཟིགས་མང་དུ་ཡོད། །བྲག་ལ་དྲག་པོའི་ལྷ་ཚོགས་དང་། །བྲམ་ཟེ་དུང་ཕྲེང་སྐྱེད་རྒྱུད་དང་། །དྲང་སྲོང་ལོག་ཏྲི་ཞི་དྲག་ཡོད། །དེ་ལྟར་དབུས་ཀྱི་རྭ་རྩེ་ལ། །པདྨའི་སྒྲུབ་མལ་ལ་སོགས་ནས། །རི་རྒྱུད་མཐུར་ལ་རྒྱུད་པའི་མདོར། །བྲག་ལ་རྣམ་སྣང་ཕུག་པ་དང་། །ཡང་ཕུག་མཆོག་གི་སྒྲུབ་གནས་ཡོད། །ཞལ་གཟིགས་ཕྱག་རྗེས་གྲངས་མེད་དེ། །རྟེན་འབྲེལ་བྱུང་ན་ཞལ་ཡང་སྟོན། །གཡོན་གདོང་རི་སྣ་ཚུར་སྐྱོག་ལ། །ཕག་གདོང་འདྲ་བའི་རི་སྣ་ལ། །ཟུར་གསུམ་ཞིང་སྐྱོང་ཕོ་བྲང་ལ། །ཞིང་སྐྱོང་ཕྲ་མེན་ཕུག་པ་གསུམ། །བྲག་ལ་ཞལ་གཟིགས་སྣ་ཚོགས་ཡོད། །གྲོ་ལོད་གནས་ཆེན་གསང་གཉེར་ཡིན། །ཁྱད་པར་དབུས་དང་ལྷོ་ཕྱོགས་ཀྱི། །སྲུང་མ་ཞིང་སྐྱོང་ཕོ་བྲང་ལགས། །ནུབ་དང་དབུས་ཀྱི་སྲུང་མ་ནི། །དབུ་མདོར་བྲག་དབྱིབས་དེ་དང་འདྲ། །བྱང་བསྲུང་གཟིར་བུའི་བྲག་དེ་ཡིན། །ཤར་ཕྱོགས་སྲོག་མཚོ་ཡོད་པའི་སར། །རི་བོ་སྙིང་གཟུགས་འདྲ་བར་གནས། །འདི་བཞི་གསང་བའི་སྲུང་མ་བཞི། །ཁྱད་པར་གནས་འདིའི་ཡུམ་གནས་མཆོག སིན་ངྷུ་རོལ་པའི་གསང་མཚོ་ལ། །མཁའ་འགྲོ་སྡེ་ལྔའི་བླ་མཚོས་བསྐོར། །ཁྱད་པར་ཁྲུས་ཆབ་དྲི་ཡི་མཚོ། །རེག་ཚད་བར་ཆད་དྲི་མ་སེལ། །ལས་ཀྱི་སྒྲིབ་པ་དག་པར་འགྱུར། །སྨན་རཀ་མྱོང་གྲོལ་བདུད་རྩིའི་མཚོ། །རེག་མྱོང་མཐོང་ཙམ་དབང་བཞི་རྫོགས། །གསང་སྔགས་སྤྱོད་པའི་རྫས་ལ་དབང་། །སིན་ངྷུ་རོལ་པའི་མཚོ་མོ་ནི། །ཞི་རྒྱས་དབང་དྲག་དབྱིབས་མདོག་ལྡན། །མཐོང་སྣང་སྐྱེ་བའི་རྒྱུ་དག་ནས། །བརྫུས་སྐྱེས་པདྨའི་སྐུ་རུ་འགྲུབ། །འདི་ནི་ཤིན་ཏུ་གཉན་དྲག་པས། །དམ་མེད་རྣམས་ལ་མ་སྟོན་ཅིག །སྟོན་ན་བདག་གཞན་གཉིས་ཕུང་འགྱུར། །འཕྲལ་དུ་རྩུབ་འགྱུར་ཆོ་འཕྲུལ་འབྱུང་། །ཕུག་ཏུ་དོན་མེད་ལས་ངན་གསོག །དེ་བས་དམ་ལྡན་རྣམས་ལ་སྟོན། །རེག་མྱོང་མཐོང་ཙམ་ཡེ་ཤེས་སྐྱེ། །འཕྲལ་དུ་བར་ཆད་རྐྱེན་ངན་སེལ། །འདོད་དགུ་བསམ་པའི་དོན་ཀུན་འགྲུབ། །མཐར་ཐུག་ལུས་ངག་ཡིད་སྒྲིབ་དག །ས་བཅུ་རིམ་བསྒྲོད་སངས་རྒྱས་འགྱུར། །ཐེག་པ་དགུ་རྫོགས་སངས་རྒྱས་འགྲུབ། །རྒྱས་པར་རྟེན་འབྲེལ་ཤར་ནས་བཤད། །མས་མདོ་རྡོ་རྗེ་གསང་བའི་བྲག །ཉི་ཚེའི་དམྱལ་ཆུ་ཡོད་པའི་སར། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཐུགས་རྗེ་ཆེན་པོ་ངན་སོང་སྦྱང་། །བསྒྲུབ་པ་དགོངས་པ་ཞལ་མང་མཛད། །འཁོར་བའི་སེམས་ཅན་གནས་སུ་སྦྱངས། །བདེ་བ་ཅན་དུ་དྲོངས་གསུངས་པའི། །བྲག་ལ་རྟེན་འབྲེལ་ཤར་གྱུར་ནས། །གནས་ཡིག་རྒྱས་པ་རྗེས་སོར་འབུལ། །འདི་ཙམ་གནས་འདིའི་ཆར་གཏོགས་བྲིས། །ཁྱད་པར་གནས་ཀྱི་ལམ་ཡིག་ནི། །ཡིད་ཆེས་རྒྱས་པ་པདྨས་གསུངས། །དེ་ནི་གཞན་དུ་གསལ་བའོ། །འདི་ཙམ་ཁོ་བོ་སྟག་ཤམ་པས། །མཐོང་ཞིང་རྟོགས་པའི་ཚུལ་རབ་ཙམ། །ཞལ་གཟིགས་ཕྲན་བུ་མ་གཏོགས་པ། །འགག་དོན་གནད་འདུས་དེ་ཙམ་མོ། །ཞེས་ཅི་ལྟར་ཡོད་ཚུལ་བཤད་པའི་ལེའུ་སྟེ་གཉིས་པའོ། །ས་མ་ཡཱཿ
༈གསུམ་པ་གནས་ཀྱི་ཕན་ཡོན་ནི། །སོ་སོར་གསོལ་བ་བཏབ་པ་དང་། །བསྡོམ་ནས་བསྐོར་ཕྱག་བྱས་གྱུར་རོ། །དང་པོར་སོ་སོར་མཆོད་བསྟོད་ཅིང་། །གསོལ་བ་བཏབ་པའི་རིམ་པ་ནི། །རྡོ་རྗེ་གྲོ་ལོད་སྐུ་བརྙན་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། །ཐུགས་ལས་འོད་ཟེར་ལྔ་འཕྲོས་པས། །བྲག་ལ་བྱིན་བརླབས་རང་འབར་བས། །དེ་རྗེས་པདྨས་དྲེགས་པ་ཅན། །བཏུལ་ཅིང་དམ་ལ་གནས་པ་ཡི། །སྐུ་ཚབ་སྐུ་བརྙན་འདི་ཡིན་པས། །ཞལ་མཐོང་དྲན་པ་ཙམ་གྱིས་དངོས། །གསོལ་མཆོད་སྨོན་ལམ་གང་བཏབ་འགྲུབ། །འཕྲལ་རྐྱེན་སྔོན་ལས་གང་ཡིན་ཀྱང་། །བཟློག་པར་འགྱུར་བ་གདོན་མི་ཟ། །རྒྱལ་པོ་བློན་པོས་ཆད་ཁྲིམས་དང་། །གཅན་གཟན་གདུག་པའི་ཟ་ཁ་ནས། །སྡང་དགྲ་གཤེད་མ་བཟློག་པར་འགྱུར། །ནད་མཚོན་མུ་གེ་གདོན་ངན་དང་། །ལྟས་ངན་རྨི་ལམ་ངན་པ་སོགས། །འབྱུང་བ་ལྔ་ཡི་རྐྱེན་ངན་དང་། །བདུད་དང་སྐེག་ངན་ལོ་ཟླའི་སྐེག །རྩིས་རྩུབ་མི་ཁ་རིགས་སྔགས་སོགས། །བྱད་གཏད་སྡེ་བརྒྱད་སྤྱི་གཡོས་སོགས། །འཇིགས་པ་བརྒྱད་སོགས་ཞི་བ་དང་། །འབྱོར་དྲུག་རྒྱས་ཤིང་ལས་བཞི་སྒྲུབ། །མཐར་ཐུག་སྒོ་གསུམ་སྒྲིབ་དག་ནས། །ཚེ་རབས་དུ་མའི་ལས་སྒྲིབ་དག །ཚེ་འདི་སྒོ་གསུམ་ལས་ངན་སོགས། །ཕྱི་མ་ངན་སོང་ངན་འགྲོ་ཡི། །སྐྱེ་བའི་ལས་ཟད་སྒོ་ངན་འགོགས། །དལ་འབྱོར་བདུན་བརྒྱུད་སྲིད་མཐའི་ལུས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས། །ཁྱད་པར་ལྔ་བརྒྱའི་ཐ་མ་འདིར། །ལྷག་པར་པདྨའི་བྱིན་རླབས་ཆེ། །དེས་ན་ཚོགས་འཁོར་མར་མེ་དང་། །ཡོན་ཆབ་ཞལ་ཟས་འཕན་དར་དང་། །ཕྱག་འཚལ་གསོལ་བ་སུས་བཏབ་པ། །ཚེ་འདིར་གང་བསམ་དོན་དེ་འགྲུབ། །ཕྱི་མ་ཅི་བཏབ་སྨོན་ལམ་འགྲུབ། །སངས་རྒྱས་འགྲུབ་པར་གདོན་མི་ཟ། །དེ་བཞིན་ཐུགས་རྗེ་ཆེན་པོ་དང་། །རྟ་མགྲིན་ཕག་མོ་འདི་རྣམས་ནི། །རྒྱ་བཟས་སྨོན་ལམ་བདེན་སྟོབས་དང་། །འཕགས་པའི་ཐུགས་རྗེ་གང་འདྲ་བ། །མྱུར་དུ་འགྲུབ་པར་གདོན་མི་ཟ། །ཡི་གེ་ཐུགས་རྟེན་དེ་དང་མཚུངས། །རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ཡིས། །བྱིན་བརླབས་པདྨ་ཞྭ་དམར་ནག །འདི་རྣམས་དེ་ཡི་བདེན་པ་འགྲུབ། །ཁྱད་པར་ཚེ་ཕུག་གོང་འོག་དང་། །རྫུ་འཕྲུལ་མཁའ་འགྲོའི་ཕུག་རིང་དང་། །རྟ་མགྲིན་བདུད་འདུལ་མཚན་པ་ཕུག །བཀའ་བརྒྱད་མི་ཕམ་སེང་ཕུག་ནས། །གནས་འདིའི་སྒྲུབ་ཕུག་ཐམས་ཅད་དུ། །གནས་འབྲེལ་ཙམ་གྱི་ས་ཐོབ་ཅིང་། །སྒྲུབ་ཞག་གང་བྱས་མཆོག་ཐུན་འགྲུབ། །གཞན་གྱི་ས་རུ་ལོ་བསྒྲུབ་ལས། །གནས་ཆེན་འདི་ལ་ཟླ་བསྒྲུབ་ཀྱི། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར། །ཚོགས་འཁོར་གཅིག་ཙམ་བསྐོར་གྱུར་ན། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས། །ལོངས་སྤྱོད་ཛཾ་བྷ་ལ་དང་མཉམ། །ཀར་མེ་ཞལ་ཟས་ལ་སོགས་ནས། །ཟང་ཟིང་ཞབས་ཏོག་སུས་ཕུལ་བ། །བསོད་ནམས་ཚོགས་རྫོགས་ལོངས་སྤྱོད་ཐོབ། །ངན་སོང་ཡི་དྭགས་གནས་ངན་ཆོད། །གསོལ་བཏབ་ངག་གི་སྒྲིབ་པ་དག །དུད་འགྲོའི་སྐྱེ་རེས་དག་པ་དང་། །ཕྱག་དང་བསྐོར་བ་མཎྜལ་ཕུལ། །དམྱལ་བའི་སྐྱེ་སྒོ་ངེས་པར་ཆོད། །འདི་ཕྱི་གང་བསམ་དེ་འགྲུབ་པས། །འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་། །རྭ་ལྔ་རིགས་ལྔའི་ཕོ་བྲང་ལ། །ལས་བཞི་མཆོག་གི་དངོས་གྲུབ་འབྱུང་། །མཐའ་བསྐོར་བཅུ་གསུམ་གྲངས་ཅན་དང་། །རྭ་ལྔ་བསྐོར་བ་སུས་བྱས་པ། །འབུམ་ཕྲག་བཅུ་གསུམ་འགྱུར་རྩིས་ལ། །བརྒྱ་ཕྱག་ཕྱོགས་བཞིར་བཅུ་གསུམ་རེ། །བྱས་ན་འགྱུར་འགྲོས་གོང་དང་འདྲ། །རྭ་ལྔས་གདོན་ལྔ་ནད་ལྔ་སེལ། །ཉོན་མོངས་ལྔ་དག་སྐུ་ལྔ་འགྲུབ། །རྩེ་སྐོར་ཕྱི་ཡི་སྡིག་སྒྲིབ་དག །ནང་སྐོར་ནང་གི་སྡིག་སྒྲིབ་དག །བར་སྐོར་གསང་བའི་སྒྲིབ་པ་དག །དེ་ཕྱིར་ཕྱོགས་བཞིའི་རི་གདོང་ལྔར། །བརྒྱ་ཕྱག་བརྒྱ་བརྒྱ་འབུམ་ཕྲག་བསོག །ཉོན་མོངས་ལྔ་དག་སྡིག་ལྔ་བྱང་། །སྐུ་ལྔའི་ས་བོན་རྒྱུད་ལ་ཐེབས། །བདེ་ཆེན་རིགས་ལྔའི་ཞིང་ཁམས་བསྒྲོད། །མཎྜལ་ལྔ་ཕུལ་ཞིང་ཁམས་ལྔ། །གླིང་བཞི་རི་རབ་དབང་བ་ཡི། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །དེ་བཞིན་གནས་ཆེན་འདི་ཕྱོགས་ལ། །དར་རམ་རས་འཐག་འཕན་དར་དང་། །ཇོ་དར་རླུང་རྟ་གང་བྱས་པ། །སྙན་གྲགས་ཆོས་ཀྱི་གྲགས་པ་ཐོབ། །སུམ་ཅུ་རྩ་གསུམ་ལྷ་ཡི་གནས། །བརྒྱ་བྱིན་རིགས་སྐྱེ་ཕྱིར་མི་ལྡོག །ཐ་མ་དུད་འགྲོར་སྐྱེས་ནའང་། །སྤུ་མཛེས་རྨ་བྱའི་ལུས་སུ་གྱུར། །ཚེ་རིང་ནད་མེད་བདེ་བ་ཐོབ། །འདི་ཕྱོགས་ཡོན་ཆབ་བཤོས་ཕུལ་ན། །ནོར་བདག་ཛཾ་བྷ་ལ་ལྟ་བུ། །མིར་སྐྱེས་མི་ཟད་གཏེར་དང་ལྡན། །ལྷར་སྐྱེས་ཚངས་པའི་རིགས་སྐྱེས་ནས། །འདོད་དགུའི་མངའ་ལ་དབང་བསྒྱུར་འགྱུར། །འདི་ཕྱོགས་ཚོགས་འཁོར་སུས་ཕུལ་བ། །མིར་སྐྱེས་འཁོར་ལོས་སྒྱུར་རྒྱལ་འགྱུར། །ལྷར་སྐྱེས་ལྷ་མིའི་དབང་པོར་འགྱུར། །འདི་ཕྱོགས་མར་མེ་སུས་ཕུལ་བ། །ལྷ་མི་གང་སྐྱེས་ཏིང་འཛིན་བརྙེས། །ཤེས་རབ་རྩ་འཁོར་ཕྱོགས་མེད་སྐྱེ། །འཕགས་པ་འཇམ་དཔལ་དབྱངས་ལྟར་འགྱུར། །འདི་ཕྱོགས་བཀུར་སྟི་གང་བྱས་པ། །ལམ་སོགས་ལས། སྙིང་རྗེ་ཡེ་ཤེས་སྤྱན་རས་རྒྱས། །འཕགས་པ་སྤྱན་རས་གཟིགས་ལྟར་འགྱུར། །འདི་ཕྱོགས་འཇིགས་སྐྱབས་གནས་ཀྱི་མ། །ལེགས་པ་བསལ་མཁན་སུས་ཕུལ་བ། །སྟོབས་དང་མཐུ་ཡིས་མངའ་བརྙེས་ཏེ། །འཕགས་པ་རྡོ་རྗེ་འཛིན་ལྟར་འགྱུར། །འདི་ཕྱོགས་ཕྱག་བསྐོར་སུས་བྱས་པ། །རྫུ་འཕྲུལ་རྐང་པ་བཞི་འགྲུབ་སྟེ། །འཕགས་པ་མོའུ་འགལ་ལྟར་འགྱུར། །འདི་ཕྱོགས་སྙན་གྲགས་སུས་བརྗོད་པ། །ཆོས་ཀྱི་སྙན་པའི་བ་དན་འཛིན། །འཕགས་པ་ཀུན་དགའ་ལྟ་བུར་གྱུར། །འདི་ཡི་ལྷ་དང་གནས་ཆེན་ལ། །མོས་གུས་མིག་གིས་མཇལ་གྱུར་ན། །ཡེ་ཤེས་ཐུགས་རྗེ་སྤྱན་གྱུར་ཏེ། །འཕགས་པ་ཤཱ་རིའི་བུ་ལྟར་འགྱུར། །འདི་ཕྱོགས་གནས་འབྲེལ་སུས་བྱས་པ། །བསམ་གཏན་ཡེ་ཤེས་ཚུལ་ལྡན་པའི། །འཕགས་པ་འོད་སྲུང་ལྟ་བུར་གྱུར། །འདི་ཕྱོགས་མ་དག་སུ་བསལ་བ། །བརྩོན་འགྲུས་ཡེ་ཤེས་ས་ཐོབ་སྟེ། །འཕགས་པ་རབ་འབྱོར་ལྟ་བུར་གྱུར། །འདི་ཕྱོགས་གཙུག་ལག་སུས་གསོལ་བ། །ས་ཐོབ་ལམ་གྱི་ཡོན་ཏན་ལྡན། །འཕགས་པ་མ་འགགས་ལྟ་བུར་འགྱུར། །འདི་ཕྱོགས་བསྒྲུབ་པ་སུས་བྱས་པ། །ཡེ་ཤེས་བླ་མའི་ས་ནོན་ཏེ། །པདྨ་འབྱུང་གནས་ལྟ་བུར་འགྱུར། །དེ་བཞིན་མཆོད་ལྔ་ཕུལ་བ་ན། །སེམས་མ་བཅུ་དྲུག་ལྟ་བུར་འགྱུར། །དེས་ན་མ་འོངས་དད་པ་ཅན། །ས་ཁམས་རྐྱེན་གྱི་འཚོ་བ་ན། །གནས་ཆེན་འདི་ལ་སཱཙྪ་བསགས། །འབྱུང་འཁྲུགས་ནད་གདོན་རྐྱེན་ལས་ཐར། །ཕྱི་མ་འཁོར་ལོས་བསྒྱུར་རྒྱལ་འགྱུར། །འབྱུང་བ་ཆུ་ཁམས་རྐྱེན་འཚེ་ན། །གནས་ཆེན་འདི་ལ་ཡོན་ཆབ་ཕུལ། །ནད་ཞི་མི་འདོད་འཕྲལ་རྐྱེན་བཟློག །ཕྱི་མ་དགའ་ལྡན་ལྷ་དབང་སྐྱེ། །མེ་ཁམས་རྐྱེན་འཚེ་དར་གྱུར་ན། །གནས་ཆེན་འདི་ལ་མར་མེ་ཕུལ། །ནད་གདོན་མི་འདོད་རྐྱེན་ལས་གྲོལ། ། ཕྱི་མ་འོད་གསལ་ལྷ་ལ་སྐྱེ། །རླུང་ཁམས་སྨྱོ་ནད་གདོན་དར་ན། །གནས་ཆེན་འདི་ལ་ཇོ་དར་སྒྲོན། །བར་ཆད་ངན་པ་མྱུར་དུ་བཟློག །ཕྱི་མ་སྙན་གྲགས་འབྱོར་ལྡན་འགྱུར། །དེ་བཞིན་ཚེ་འདིར་མི་མཐུན་གང་། །འབྱོར་ལྡན་ཚོགས་འཁོར་མཆོད་པ་འབུལ། །འབྱོར་མེད་ཕྱག་སྐོར་ཡོན་ཆབ་ཕུལ། །འཕྲལ་རྐྱེན་བཟློག་ལ་ཕྱི་མ་བདེ། །དགོས་འདོད་ཡིད་བཞིན་འགྲུབ་པར་འགྱུར། །སྨོན་ལམ་གང་བཏབ་འགྲུབ་པ་དེ། །བུ་འདོད་པས་ནི་བུ་ཐོབ་འགྱུར། །ནོར་འདོད་ནོར་ཐོབ་འབྱོར་པ་ཐོབ། །ཟས་གོས་འདོད་ན་དེ་ཐོབ་ཅིང་། །སོ་སོའི་འདོད་པ་ཐོབ་པར་འགྱུར། །ཞེས་ཕན་ཡོན་བསྟན་པའི་ལེའུ་སྟེ་གསུམ་པའོ། །ས་མ་ཡཱཿ
༈བཞི་པ་རྒྱབ་སྐྱོར་ལུང་གིས་གྲུབ་ཚུལ་ནི། །དེ་ལྟར་གནས་ཆེན་རྡོ་རྗེ་གྲོ་ལོད་འདི། །གཏན་ཚིག་རྒྱ་ཡིས་ཐེབས་པ་སྟེ། །གསོལ་འདེབས་ལེའུ་བདུན་མ་ལས། །སྟག་ཚང་སེང་གེ་བསམ་གྲུབ་ཀེའུ་ཚངས་སུ༔ གདུག་པའི་བདུད་དང་མུ་སྟེགས་དམ་སྲི་བཏུལ༔ གནས་ཆེན་གངས་བྲག་རྣམས་ལ་གཏེར་ཁ་སྦས༔མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས༔ རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ་བ་འདེབས༔ ཞེས་པ་གཙང་ནི་སྟག་ར་དང་གཙང་རོང་གི་མིང་ཡིན་ལ།སེང་གེ་ནི་སེང་གེ་ལྟ་བུ་འདི་ལའོ། །བསམ་འགྲུབ་ནི་བདུད་ཐུལ་བས་བསམ་པ་འགྲུབ།ཀེའུ་ཚང་ནི་བྲག་གིས་སྐྱེད་ཚངས་ལ་སྟེ། གདུག་པ་ནི་ལྷ་སྲིན་སྡེ་བརྒྱད། བདུད་ནི་བོད་ཡུལ་ཆོས་ལ་གནག་པ། མུ་སྟེགས་ནི་རྒྱ་ནག་གི་ཧ་ཤང་། མུ་སྟེགས་ཀྱི་ཆོས་ལུགས་བྱས་པ་བཏུལ་ཏེ། དེ་ནས་བཟུང་སྟེ་བོད་ཡུལ་དུ་མུ་སྟེགས་མེད་པར་དུས་ཅི་སྲིད་སངས་རྒྱས་ཀྱི་བསྟན་པ་མ་སྟོངས་ཀྱི་བར་དུ་བོད་ཡུལ་དུ་མུ་སྟེགས་མི་འོང་བའི་སྲུང་མ་བརྟན་མ་བཅུ་གཉིས་བསྐོས་སོ། །དམ་སྲི་ནི་ཕོ་དམ་ལོག་གྲི་ཕོ། མོ་དམ་ལོག་གྲི་མོ། སྔགས་པ་དམ་ཉམས་རུ་ཏྲ། བཙུན་པ་དམ་ཉམས་འགོང་པོ། ཡུལ་ལྷ་དམ་ཉམས་འགབ་འདྲེ། གཏེར་སྲུང་དམ་ཉམས་ལོག་འདྲེ།རྦད་འདྲེ་དམ་ཉམས་ལྷར་ལོག་སོགས་གནས་འདིར་དམ་བཏགས་ཏེ་མདོ་ཁམས་ས་མིག་རྣམས་མནན་པའོ། །གཞན་གོ་སླ་བས་སོ། །དེ་ལྟར་བུའི་གནས་ཆེན་འདི་ནི། གུ་རུ་ཉིད་ཀྱིས་ངེས་པར་བྱིན་གྱིས་བརླབས་པ་སྟེ། ཁོ་བོའི་གཏེར་ཆོས་རྣམས་སུ་གསལ་བ་དང་།གཏེར་རྙིང་རྣམས་སུ་གསུངས་པའི་ཚུལ་ལོ། །དང་པོ་ནི།ཇོ་མོའི་རྣམ་ཐར་ལས།བོད་ཀྱི་སྟག་ཚང་སེང་ཕུག་ཏུ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་པའི་ལོ་རྒྱུས་ཀྱི་སྐབས་སུ།སྨུག་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་ཁམས་ཀྱི་སྟག་གཙང་གཉིས་ཀྱི་མཚམས་སུ་བྱོན་ནས་ཁམས་འཇང་རྒྱ་ནག་ཧོར་སོགས་མཐའ་འཁོབ་ཡང་འཁོབ་ཚུན་གྱི་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ནས་དམ་ལ་བཏགས་ཏེ་སྲོག་སྙིང་བླངས་ཞེས་སོགས་དང་། ཡང་དེ་ཉིད་ལས། དེ་ནས་ཁམས་ཀྱི་སྟག་ཚང་དུ་ཕེབས་ཏེ། གཏེར་རྣམས་སོ་སོར་སྦས་པ་སྟེ།གཏེར་བདག་རྣམས་ལ་མནའ་དང་དམ་བཅའ་བླངས་ནས་ལུང་བསྟན་ཁ་བྱང་བཏབ།འདི་ནི་གསུང་གི་གནས་ཡིན་པས་སྙན་གྲགས་ཆེ་ལ་བྱིན་བརླབས་ཀྱང་ཆེ།དམ་ཚིག་དང་མི་ལྡན་པ་ལ་འཁུ་ལྡོག་ཀྱང་ཆེ་ཞིང་མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་པས།ང་ཡི་རྡོ་རྗེ་གདན་ལ་སོགས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་བདུད་བཏུལ་བ་དང་། ལོག་ལྟ་བཏུལ་བ་དང་དུས་མཚུངས་སུ་སྐུ་གསུང་རང་བྱོན་དུ་བྱུང་ཞིང་། ཡི་གེ་དྲུག་པ་དང་། འབྲུ་གསུམ་པ་དང་། བཅུ་གཉིས་པ་སོགས་ཐུགས་རྟེན་དང་བཅས་པ་རང་བྱུང་བ་ཡིན་གསུངས་ནས་སྨོན་ལམ་དང་བཀྲ་ཤིས་པ་མཛད་ནས། ཞེས་གསུངས་པས། གུ་རུ་རིན་པོ་ཆེས་རྡོ་རྗེ་གདན་དུ་ཆོས་འཁོར་བསྐོར་ཞིང་བསྟན་པ་རྒྱས་པར་མཛད་པའི་སྐབས་སུ། རྒྱ་བཟའ་འདིར་ཕེབས་ནས་ཡི་གེ་དྲུག་པ་དང་། སྐུ་རྟེན་རྟ་མགྲིན་དང་། ཐུགས་རྗེ་ཆེན་པོ་དང་། པདྨའི་སྐུ་རྣམས་བྱིན་གྱིས་བརླབས་པ་ཡིན་འདུག་ལགས། རྒྱ་བཟའ་ནི་མཚོ་རྒྱལ་ཉིད་ལགས་པས་ཁོ་མོའི་བླ་མ་འདི། ཡི་དམ་དང་ཆོས་འདི། ཞེས་གླེང་ཞེས་སྙན་རྒྱུད་ལས་གསུངས་འདུག་གོ །དེ་ལྟར་གྱུར་པའི་གནས་འདི་ཁོ་བོ་ལ་བསྔགས་ཏེ། རྡོ་རྗེ་གྲོ་ལོད་ཀྱི་ལོ་རྒྱུས་གསེར་ཕྲེང་ལས། ཕྲིན་ལས་གྲོ་ལོད་བྲག་གི་གནས་འབྱེད་ནས། །ཕྲིན་ལས་གདུལ་བྱའི་སྨིན་གྲོལ་འཁོད་པར་འགྱུར། །ཞེས་པ་དང་། འདིར་ཁོ་བོས་བྱས་པ་ལ་དོན་མེད་དུ་མི་འགྱུར་བའི་ལུང་དུ་ལགས། སྤྱིར་གཏེར་རྙིང་རྣམས་སུ། གཏེར་སྟོན་རིན་ཆེན་གླིང་པའི་ཟབ་མོ་གནད་ཀྱི་ལུང་བྱང་ལས། ཁྱད་པར་སྙེ་བོའི་ལུང་ཞེས་མཁའ་འགྲོའི་སྦས་ལུང་དུ། ཕུ་རུ་རི་གསུམ་མགོན་པོའི་གནས། །བར་དུ་ལྗོན་པ་ལུང་དང་གླང་ཆེན་བྲག །མདའ་རུ་བྱམས་པ་རི་ཞེས་དཔལ་གྱི་རྫོང་། །ཁྱད་པར་མདོ་ཁམས་ཤར་ཕྱོགས་སུ། །གུ་རུ་ང་ཡིས་བསྒྲུབས་པའི་གནས་མཆོག་ལ། །ཁྱད་པར་སྲིད་གསུམ་འགྲན་ཟླ་ཀུན་བྲལ་བའི། །གཙང་གཤིས་རྡོ་རྗེ་གྲོ་ལོད་ཅེས་བྱ་བ། །ཕྲིན་ལས་འགྲོ་བ་འདུལ་བའི་གནས་མཆོག་ཡིན། །རི་བར་སྤུངས་རི་རྩེ་ལ་སོགས་པ་ཡི། །གནས་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར། །མཐོང་ཐོས་དྲན་པས་རིགས་དྲུག་སྐྱེ་སྒོ་གཅོད། །ཕྱག་བསྐོར་འབྲེལ་པས་རིག་འཛིན་ས་ལ་འཁོད། །ཅེས་གསུངས་པས། གནས་འདིའི་ཆ་ལག་འཁོར་གྱི་ཚུལ་དུ། རི་རབ་མ་ནས་ཤར་སྤུངས་རི། འདམ་ཆེན་རྩེར་ཡན་དུ་གནས་ཕྲན་བརྒྱ་དང་བརྒྱད་ཡོད་པར་གསུངས་སོ། །གཞན་ཡང་རྒྱལ་སྲས་རྡོ་རྗེ་གླིང་པའི་གཏེར་ལུང་ལས།མདོ་ཁམས་ཤར་གྱི་ཡུལ་ལྗོངས་སུ། །སྟོད་ཀྱི་སྤྱི་གཡམ་རྫ་རི་དང་། །བར་དུ་ན་བུན་རྫོང་དང་པད་ཞག་ཕུག །སྨད་ན་སྲིད་པ་གསུམ་ན་འགྲན་བྲལ་བའི། །གཙང་གཤིས་རྡོ་རྗེ་གྲོ་ལོད་ཅེས་བྱ་བ། །ང་ཡི་སྒྲུབ་གནས་ཁྱད་པར་ཅན། །ཕྲིན་ལས་འགྲོ་བ་འདུལ་བའི་གནས་མཆོག་ཡོད། ། རི་བར་དཀར་ཏི་བྲག་ལ་སོགས་པ། །གནས་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར། །མཐོང་ཐོས་དྲན་པས་བདེ་ཆེན་ས་ལ་རེག །ཅེས་དང་། གཏེར་སྟོན་པདྨ་དབང་དྲག་གི་གཏེར་ལུང་ལས། མདོ་སྨད་ཤར་ཕྱོགས་ཡུལ་གྱི་ལྗོངས། །སྒམ་པོ་གངས་ར་སྙ་ཡི་བྲག་དཀར་སོགས། །ཁྱད་པར་དཔལ་གྱི་རི་དང་དབྱེར་མེད་པའི། །ང་ཡི་སྒྲུབ་གནས་ཁྱད་པར་ཅན། །རྡོ་རྗེ་གྲོ་ལོད་ཅེས་བྱ་བ། །སྐུ་ལྷ་དཀར་ཆེན་རི་བར་སོགས། །གནས་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར། །ཕྱག་བསྐོར་འབྲེལ་པའི་སྐལ་ལྡན་ཚོགས་གཉིས་བསགས། །གནས་མཆོག་དེ་ཡི་ཡུལ་ལྗོངས་སུ། །ཕོ་སྐྱེས་དཔའ་བོ་མོ་སྐྱེས་དཔའ་མོ་ཡིན། །ཁྱད་པར་འཕགས་པའི་གནས་མཆོག་དེར། །གནས་སྒོ་འབྱེད་པས་འགྲོ་ཀུན་བདེ་ཆེན་བརྡལ། །ཞེས་པ་དང་། གང་ཟག་ཀྱང་རྗེ་དུས་གསུམ་མཁྱེན་པ་ནས། ཆོས་གྲགས་རྒྱ་མཚོ། མི་བསྐྱོད་རྡོ་རྗེ། མ་ཎི་རིན་ཆེན། རིག་འཛིན་བདུད་འདུལ་རྡོ་རྗེ། བླ་མ་བྱང་ཆུབ་རྒྱལ་མཚན་སོགས་གང་ཟག་དམ་པ་རྣམས་ཀྱིས་བསྔགས་པ་བརྗོད་ཚུལ་དང་། ཞལ་གཟིགས་ལུང་བསྟན་སོགས་བྱུང་ཚུལ་གནས་ཡིག་རྙིང་པ་དང་། ཨོ་རྒྱན་ཡེ་ཤེས་ཀྱི་མཛད་པ་རྣམས་སུ་གཟིགས་པར་མཛོད། ཁྱད་པར་གནས་འདི་ཡི་གནས་ཡིག་འཁྲུལ་མེད་ནི། ཁོ་བོའི་གཏེར་སྟོན་པའི་གནས་ལུང་དུ་གསལ་ལ། ཞལ་གཟིགས་སོགས་ནི། གང་ཟག་སོ་སོར་བྱུང་ཚུལ་གནས་ཡིག་རྙིང་པ་རྣམས་སུ་གསལ་བས་འདིར་མ་བྲིས་ལགས། འདི་ཙམ་ནི་གནས་ཀྱི་སྙན་པ་བརྗོད་པ་དོན་ལྡན་དུ་འགྱུར་ཕྱིར་བྲིས་པའོ། །ཞེས་རྒྱབ་སྐྱོར་ལུང་གིས་གྲུབ་ཚུལ་གྱི་ལེའུ་སྟེ་བཞི་པའོ། །ས་མ་ཡཱཿ
༈ ལྔ་པ་མཇུག་སྨོན་ལམ་གྱིས་མཐའ་བསྡུ་བ་ནི། འདི་ལྟར་གྱུར་པའི་དགེ་བའི་རྩ་བ་དེ། །ཐེག་པ་ཆེན་པོ་བླ་མེད་དོན་དུ་བསྔོ། །བསྔོ་བ་བླ་མེད་མཆོག་ལ་རེག་པ་ཡིས། །མྱུར་དུ་ཐམས་ཅད་སངས་རྒྱས་མྱུར་འགྲུབ་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དམ་ཆོས་ཐེག་པ་མཆོག་གི་རྒྱ་མཚོའི་འཁྱིལ། །དགེ་འདུན་བསྟན་པའི་སྒྲོན་མེ་ཡུན་དུ་གནས། །བླ་མེད་མཆོག་ཏུ་འགྲུབ་པའི་བདེ་ལེགས་ཤོག །ཁམས་གསུམ་འགྲོ་བ་མ་ལུས་དགེ་གྱུར་ནས། །ཉིན་དང་མཚན་དུ་དུས་ཀུན་བདེ་ཞིང་སྐྱིད། །མི་མཐུན་མེད་ཅིང་མཐུན་པ་ཐམས་ཅད་འགྲུབ། །འཇིག་རྟེན་བདེ་ཞིང་ཆོས་ལ་སྤྱོད་པར་ཤོག །བསྟན་པ་དགེ་བ་གོང་འཕེལ་སངས་རྒྱས་སྟོང་། །དམ་ཆོས་ཐེག་པ་རིམ་དགུ་བརྒྱ་ཁྲི་སྟོང་། །དགེ་འདུན་འཕགས་ཚོགས་བྱང་སེམས་རིག་འཛིན་སྔགས། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་བདེ་ལེགས་ཤོག །གནས་ཆེན་འདི་ལ་བྱིན་བརླབས་བཀྲ་ཤིས་འབར། །ཡོན་བདག་འདི་ལ་བཀྲ་ཤིས་བསམ་པ་འགྲུབ། །གང་ཟག་བདག་གིས་བཀྲ་ཤིས་གཞན་དོན་འགྲུབ། །བཀྲ་ཤིས་དགེ་བའི་ཚོགས་ཆེན་རབ་རྫོགས་ཤོག །ཅེས་མདོ་ཁམས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་རྡོ་རྗེ་གྲོ་ལོད་ཅེས་པ།སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་རྟོགས་པ་བརྗོད་པ་ལེའུ་བཞི་པ་སྨོན་ལམ་དང་བཅས་པ་འདི་ཡང་།ལྕགས་ལུག་ཟླ་བ་བདུན་པའི་ཚེས་ལ་གནས་ཆེན་འདིའི་གསང་གནས་ཆོས་འབྱུང་སྟེང་གི་སྒར་དུ་རྣལ་འབྱོར་པ་སྟག་ཤམ་ནུས་ལྡན་རྡོ་རྗེའམ། མིང་གཞན་བསམ་གཏན་དྲི་མེད་རྡོ་རྗེ་ཞེས་པ་ངས་སྦྱར་བས་དགེ་བར་གྱུར་ཅིག ས་མ་ཡཱཿ།། །།
༄༅། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཆེ་བའི་ཆེ་མཆོག་ཁྲོ་བོ་ལོད། །བདག་རྟོག་ཆགས་སྡང་རྨོངས་གསུམ་རྣམས། །རྟོག་མེད་ཆོས་སྐུར་བྱིན་གྱིས་རློབས། །གནས་ཀྱི་དགུང་སྙིང་སྟག་གི་ལོར། །དགེ་བའི་ཕན་ཡོན་བསམ་མི་ཁྱབ། །དེ་ལ་གྲངས་ཚད་ངེས་འབྱེད་ཀྱི། །དྲང་དོན་ཡིད་ཀྱི་ཤིང་རྟ་བསྟན། །དེ་ཡང་དགེ་བའི་ཕན་ཡོན་ནི། །བསམ་གྱིས་མི་ཁྱབ་སངས་རྒྱས་གསུང་། །དེ་ལ་གྲངས་ཚད་དམ་པ་རྣམས། །གདུལ་བྱའི་བློ་དང་བསྟུན་ནས་བཤད། །འདིར་ཡང་ངེད་ཀྱིས་རྒན་པ་ཡི། །ལན་མོས་བྱིས་པས་བྱེད་པ་བཞིན། །སྔོན་བྱོན་དམ་པ་རྣམས་ཀྱི་ཚུལ། །འདིར་ཡང་དོད་ཙམ་གསལ་བར་བྱ། །རྣམ་གྲོལ་དབུགས་ཆེན་འབྱིན་པ་ཡི། །འོག་མིན་རྣམ་སྣང་གངས་ཆེན་མཚོ། །ལོངས་སྐུའི་ཞིང་དང་སྟོང་གསུམ་ཁམས། །སྤྲུལ་སྐུ་ཞིང་ཁམས་བསམ་མི་ཁྱབ། །བྱེ་བྲག་རྒྱ་གར་རྒྱ་ནག་དང་། །བལ་བོད་གནས་ཆེན་ཉེར་བཞི་དང་། །གནས་ཕྲན་བསམ་གྱིས་མི་ཁྱབ་ཀུན། །འདིར་འདུས་ཕྱིར་ན་གནས་འདུས་གྲགས། །སྣང་བ་ཐམས་ཅད་གཟུགས་སྐུའི་ཞིང་། །སྟོང་པ་ཐམས་ཅད་ཆོས་སྐུའི་ཞིང་། །སྣང་སྟོང་གཉིས་མེད་སྐུ་གསུམ་ཞིང་། །ཡེ་ནས་འདུ་འབྲལ་མེད་པར་བཞུགས། །སངས་རྒྱས་ཞིང་ཁམས་མ་ལུས་པ། །ཐམས་ཅད་འདིར་འདུས་སེམས་ཅན་གྱི། །བསོད་ནམས་ཞིང་དུ་བཞུགས་པ་ལ། །ལོག་རྟོག་སྤངས་ལ་ཆོས་འདུན་མཛོད། །འཁོར་ཆེན་ནང་དུ་ཇོ་བོ་དུང་། །རྡོར་གཅོད་དང་ནི་གཟུངས་སྣ་དང་། །ཡིག་བརྒྱ་དང་ནི་འགྱུར་སྔགས་ཀྱང་། །ཤིན་ཏུ་མང་པོ་བཞུགས་པའི་ཕྱིར། །གཅིག་བསྐོར་ཕན་ཡོན་བརྗོད་ལས་འདས། །མི་རྟ་བཅོ་བརྒྱད་བསད་སྡིག་དང་། །མཚམས་མེད་ལྔ་ཡི་ལས་བྱས་ཀྱང་། །འདི་ཡིས་དག་པར་མི་འགྱུར་མེད། །མཆོད་རྟེན་གཅིག་བསྐོར་དུང་བདུན་འགྱུར། །རྩ་སྐོར་གཅིག་བསྐོར་དུང་བརྒྱ་འགྱུར། །རྩེ་སྐོར་གཅིག་བསྐོར་དུང་སྟོང་འགྱུར། །བར་སྐོར་གཅིག་བསྐོར་དུང་ཁྲི་འགྱུར། །མཐའ་སྐོར་གཅིག་བསྐོར་དུང་འབུམ་འགྱུར། །དཔའ་བོ་དང་ནི་མཁའ་འགྲོ་མས། །རྩ་སྐོར་དུང་ནི་བྱེ་བ་འབུམ། །རྩེ་སྐོར་དུང་ནི་འབུམ་ཕྲག་སོགས། །བསམ་གྱིས་མི་ཁྱབ་འགྱུར་ཞེས་སྐད། །སྡོམ་བཙུན་རྣམས་ཀྱིས་བསྐོར་བ་ནི། །དུང་ནི་བྱེ་བ་རེ་རེ་འགྱུར། །བསྐྱེད་རིམ་ལྡན་པས་བསྐོར་བ་ན། །དུང་ནི་ས་ཡ་རེ་རེ་འགྱུར། །རྫོགས་རིམ་ལྡན་པས་བསྐོར་བ་ན། །དུང་ནི་དུང་ཕྲག་བཅུ་རེ་འགྱུར། །ཡོན་ཆབ་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ན་ཡང་། །ཆུ་མེད་སྐམ་པས་གདུང་མི་འགྱུར། །ཆུ་ལ་ཟག་མེད་བདུད་རྩི་འབྱུང་། །མར་མེ་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །གཏི་མུག་མུན་པ་འཇིགས་དང་བྲལ། །ཤེས་རབ་ཡེ་ཤེས་སྣང་བས་རྒྱས། །ཚེ་ཐར་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །ཚེ་རིང་ནད་མེད་སྐྱེ་གཟུགས་བཟང་། །ཚེ་མཐའ་ཡས་ཀྱིས་བྱིན་བརླབས་འགྱུར། །སཱཙྪ་གཅིག་བཏབ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེ་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་ཐོབ་པ་དང་། །ཞིང་ཁམས་མཆོག་ལ་དབང་བར་འགྱུར། །ཇོ་དར་གཅིག་བཙུགས་དུང་བདུན་འགྱུར། །འདུ་བྱེད་དགེ་བ་ཐམས་ཅད་ལས། །ཇོ་དར་ཕན་ཡོན་འདྲ་བ་ནི། །མེད་ཅེས་ཆོས་ཀྱི་རྒྱལ་པོ་གསུངས། །ཆུ་གཏོར་གཅིག་བཏང་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེ་ནས་ཀྱང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །མི་ཟད་གཏེར་ལ་ལོངས་སྤྱོད་འགྱུར། །མཎྜལ་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །ཐུག་པའི་ཡོན་ཏན་ཇི་སྙེད་པ། །གང་ཟག་དེ་ཡིས་ཐོབ་པར་འགྱུར། །རྡོར་གཅོད་ཚར་གཅིག་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །ངན་སོང་གསུམ་དུ་མི་ལྟུང་ཞིང་། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ། །ཚོགས་འཁོར་གཅིག་བསྐོར་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །བསོད་ནམས་ཡེ་ཤེས་ཚོགས་རབ་རྫོགས། །ཆོས་ལ་མི་རྟོག་ཡེ་ཤེས་ཐོབ། །ལྷ་བཤོས་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །ལྷ་ཀླུ་མི་ཡི་རྒྱལ་སྲིད་དང་། །འབྱོར་ལྡན་ནམ་མཁའི་མཛོད་ཐོབ་འགྱུར། །རྒྱལ་མཚན་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བ་དང་། །ཆོས་ཀྱི་རྒྱལ་མཚན་འཛིན་པར་འགྱུར། །གདུགས་ཀྱང་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་གནས་ཀྱང་། །ཁམས་གསུམ་ཐམས་ཅད་དབང་དུ་འདུས། །སྲིད་གསུམ་ཟིལ་གྱིས་གནོན་པར་འགྱུར། །དེ་བཞིན་མཆོད་རྫས་གང་རུང་ཞིག །ཕུལ་ན་དུང་ནི་བདུན་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །དེ་དང་དེ་འདྲའི་འབྲས་བུ་འཐོབ། །མཆོད་ཡོན་གཅིག་ཕུལ་དུང་བདུན་འགྱུར། །དེ་ནི་གང་དུ་སྐྱེས་ནས་ཀྱང་། །བཏུང་བའི་རིགས་ནི་ཕུན་སུམ་ཚོགས། །ལུས་འཚོ་སེམས་སྨིན་གཏན་བདེ་འཐོབ། །དེ་བཞིན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ཇི་སྙེད་པ། །ཕུལ་བས་དུང་ནི་བདུན་བདུན་འགྱུར། །གང་དང་གང་གི་འབྲས་བུ་ཡང་། །དེ་དང་དེ་བཞིན་འབྱུང་བ་ནི། །རྒྱུ་འབྲས་བསླུ་བ་མེད་པ་སྟེ། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །དེ་བཞིན་རྡོ་བརྐོས་ལྷ་རྟེན་བཞེངས། །ལམ་འཕྲང་བསལ་སོགས་རྣམ་དཀར་དགེ །ཇི་དད་ཇི་སྒྲུབ་དེ་དང་དེའི། །འབྲས་བུ་འབྱུང་སྟེ་ལས་བརྒྱ་པས། །ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱ་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུས་སྨིན་པ་ཉིད་དུ་འགྱུར། །ཞེས་དང་། དྲན་ཉེར་ཆུང་ངུ་ལས། མེ་ནི་དྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་བཞིན་དུ་རྒྱུ་འབྲས་རྣམས། །ནམ་ཡང་མི་བསླུ་རང་ཐོག་ཏུ། །སྨིན་པར་འགྱུར་བས་གདོན་མི་ཟ། །དེ་ལ་དེས་ཤེས་གདེངས་ཐོབ་མཛོད། །འདི་ལྟར་ས་རྡོ་ཤིང་སོགས་ལ། །སྐུ་རྟེན་ལྷ་དང་གསུང་རྟེན་ནི། །ཡིག་འབྲུ་རྣམས་དང་ཐུགས་རྟེན་ཡང་། །མཆོད་རྟེན་ལ་སོགས་རང་བྱུང་ལ། །འདི་རྣམས་ཐ་མལ་ས་རྡོ་ཡིན། །བསྟི་སྟངས་སྲིད་ཞུའི་གནས་མེད་དོ། །སྙམ་ནས་བརྙེས་པར་མི་བྱ་ཞིང་། །སངས་རྒྱས་དངོས་ལྟར་མཆོད་དགོས་ཏེ། །དཔལ་མགོན་ཀླུ་ཡི་ཞལ་སྔ་ནས། །ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད། །ཅེས་གསུངས་རྒྱལ་སྲས་དྲི་མེད་ཀྱིས། །དེ་དག་གཟུགས་ལའང་དད་པས་རབ་མཆོད་ཅིང་། །ཉིན་མཚན་རྗེས་དྲན་རྟག་པར་སྐྱབས་སུ་འགྲོ། །ཞེས་དང་། སྙིང་རྗེ་པད་དཀར་ལས། སྐུ་གཟུགས་རྣམ་པ་མང་པོ་རབ་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་དང་ཡི་གེའི་རང་བྱུང་ཡང་། །འདི་ལྟར་སྙན་གྱི་གོང་རྒྱན་ལས། །ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་དང་། མེ་ཏོག་བརྩེགས་མདོ་ལས། ང་ཡི་འཁོར་ནི་རྣམ་བཞི་ཡིས། །རྒྱལ་བ་དངོས་སུ་མཆོད་པ་དང་། །ད་ལྟ་ང་ལ་མཆོད་བྱས་པ། །མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་བཞིན་དུ་སངས་རྒྱས་ཀྱི། །སྐུ་རྟེན་གསུང་རྟེན་ཐུགས་རྟེན་རྣམས། །སངས་རྒྱས་དངོས་དང་ཁྱད་མེད་པར། །བལྟས་ནས་དད་མོས་གུས་པས་མཆོད། །ད་ལྟའི་བདེ་སྡུག་སྔོན་གྱི་ལས། །ཕྱི་མའི་བདེ་སྡུག་ད་ལྟའི་ལས། །ལས་ཀྱང་དཀར་ནག་གཉིས་ཡོད་ལ། །བླང་དོར་གནས་ལ་མ་རྨོངས་མཛོད། །སྨྲས་པ། བདག་ཀྱང་འདིར་འབྱོར་ཚུན་ཆད་དུ། །ཆུ་སྟག་ལོ་དང་ཤིང་སྟག་ལོ། །ད་ལོ་མེ་སྟག་ལོ་ལ་སོགས། །གནས་འདུས་ལོ་ནི་ལན་གསུམ་བྱུང་། །འགྱུར་ཁྱད་ཕན་ཡོན་ཇི་ལྟར་ཡོད། །གནས་ཡིག་གསལ་བར་བཀོད་ཅིག་ཅེས། །དུ་མའི་ཡང་ཡང་བསྐུལ་ནའང་། །བདག་འདྲའི་རྨོངས་པས་ཇི་ལྟར་སྨྲ། །གནས་ཡིག་རྙིང་པར་གཟིགས་ཤིག་ཞུས། །ད་ནི་བགྲང་བྱ་རེ་དྲུག་སོང་། །ནམ་འཆི་འདིར་འཆི་ཆ་མ་མཆིས། །དེ་ན་དད་ལྡན་རེ་ཟུང་ཙམ། །དྲང་བའི་དོན་དུ་ཡིག་རྙིང་ལས། །གསལ་བར་མེད་རྣམས་ཕྲ་མོ་ཞིག །བཀོད་ཞོར་འཕྲོས་དོན་ཅུང་ཟད་སྨྲ། །བདག་སྐྱེས་ལོ་དྲུག་མེ་སྟག་ལོར། །བདག་ཀྱང་ཞང་པོ་ཚང་ལ་ཡོད། །བདག་ལོ་བཅོ་བརྒྱད་ས་སྟག་ལོར། །བདག་ཀྱང་གཡུང་དྲུང་ལྷ་སྟེང་ཡོད། །ཁོ་བོ་སུམ་ཅུ་ལྕགས་སྟག་ལོར། །མཚོ་ཕུ་སྒྲུབ་ཆེན་ཞབས་དྲུང་ཡོད། །དེ་ནས་བཙན་ལོ་ངོ་གསུམ། །རང་ལོ་སོ་གཉིས་ཆུ་འབྲུག་ལོར། །དགའ་བ་འཁྱིལ་བར་བཅད་རྒྱར་ཞུགས། །ལོ་བཅུར་རང་ལོ་ཞེ་གཉིས་ཐོག །ཆུ་སྟག་གསང་ཆེན་དར་ལྡིང་ཡོད། །རང་ལོ་ང་བཞི་ཤིང་སྟག་ལོར། །གནས་བར་བདེ་ཆེན་བཤད་སྒྲུབ་གླིང་། །གཡས་ངོས་གཟིམ་ཆུང་རྙིང་པར་ཡོད། །རང་ལོ་རེ་དྲུག་མེ་སྟག་ལོར། །བསིལ་ཁང་འོད་གསལ་འཁོར་ལོར་ཡོད། །ད་ལོ་དབང་ཐང་མི་ཡིན་ཕྱིར། །དགེ་སྡིག་སྟོབས་ཆེན་མེ་ལྟར་འབར། །རྣམ་དཀར་དགེ་བའི་མེ་སྦར་ནས། །སྡིག་སྡུག་ལས་ཉོན་བསྲེ་གཅིག་གི། །སྟག་ཆེན་རྒྱལ་མོ་ཚོ་དྲུག་འདབས། །སྟག་གཙང་སེང་གེ་བསམ་འགྲུབ་ཞོལ། །སྟག་སྲིན་དམར་མོའི་རྫོང་རྩེ་ན། །སྟག་ལོར་བདེ་ཆེན་ཆོས་རྒྱན་བྱས། །རབ་དཀར་དུང་དང་ཤེལ་དཀར་དང་། །པདྨ་དཀར་དང་ཀེ་ལ་ཤས། །གང་གིས་བསྒྲུན་མེད་ལྷག་བསམ་དཀར། །དེའི་དགེས་ཁམས་གསུམ་ཡོངས་སྒྲོལ་ཤོག །དྲང་དོན་ཀུན་དང་ཕྱོགས་མཐུན་ལས། །ངེས་དོན་ཀུན་དང་རྣམ་གཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་འཕགས། །དགེ་བསྐུལ་ཚིག་འདིར་འགལ་འདུ་མེད། །སུ་ལ་སུས་ཡིད་མི་ཆེས་ཤིང་། །རང་ཡིད་རང་ལ་མི་ཆེས་དུས། །གང་ཞིག་འཕྱང་མོ་ཉུག་པའི་རྒྱུར། །གྱུར་པའི་ནོངས་གང་སྙིང་ནས་འཆགས། །འདི་ལྟར་གོང་དུ་བསྟན་པའི་འོག་མིན་གྱི་གནས་སོགས་རིགས་ལྔའི་ཞིང་ཁམས་མཐའ་ཡས་པ་རྣམས་དང་། སྟོང་གསུམ་འཇིག་རྟེན་ཁམས་སུ་གནས་ཞེས་བྱ་བའི་ཞིང་ཁམས་ཇི་སྙེད་པ་རྣམས་དང་། ཁྱད་པར་དུ་རྒྱ་གར་དང་། ཨོ་རྒྱན་དང་། ཤམ་བྷ་ལ་དང་། རྒྱ་ནག་དང་། བལ་དང་བོད་སོགས་ལ་གནས་ཆེན་ཉེར་བཞི་དང་། གནས་ཕྲན་ཇི་སྙེད་ཡོད་པ་རྣམས་འདིར་འདུས་ན། ཤོང་ཐབས་དང་ཚུད་ཐབས་མེད་པ་འདི་ནི། རྫུན་གཏམ་རླབས་པོ་ཆེ་ཡིན་སྙམ་ན། མ་ཡིན་ཏེ། འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་བཅོ་ལྔ་པ་རིའི་སྙིང་པོའི་ལེའུ་ལས་བསམ་གཏན་མཚོན་པ་སྟེ་གཉིས་པ་ལས། འདོད་ན་སྐྲའི་རྩེ་མོ་གཅིག་གི་ནང་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་བཞུགས་པར་ནུས་སོ། །འདོད་ན་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་པ་མ་ལུས་པ་དག་སོར་མོ་གཅིག་གི་སེན་མོའི་ནང་དུ་བལྟ་བར་ཡང་ནུས་སོ། །འདོད་ན་སྐྲའི་རྩེ་མོ་གཅིག་གི་ནང་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་བཞུགས་པར་ནུས་སོ། །འདོད་ན་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་པ་མ་ལུས་པ་དག་སོར་མོ་གཅིག་གི་སེན་མོའི་ནང་དུ་བལྟ་བར་ཡང་ནུས་སོ། །འདོད་ན་སྐྲའི་རྩེ་མོ་གཅིག་གི་ནང་དུ་སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་བཞུགས་པར་ཡང་ནུས་ལ།དེ་ན་དེ་སེམས་ཅན་རེ་རེའི་རང་རང་གི་ཡུལ་དང་སྤྱོད་ཡུལ་དག་ཡོངས་པར་ཡང་མཐོང་ངོ་། །འདོད་ན་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་དག་གི་རླུང་གི་ཁམས་ཐམས་ཅད་སྐྲའི་རྩེ་མོ་གཅིག་ནང་དུ་བཅུག་སྟེ།དེར་ནམ་མཁའི་གཏོས་ཡངས་པ་བཞིན་དུ་སྤྱོད་པར་བྱེད་ཀྱང་དེ་ཆེ་བར་ཡང་མི་མངོན་ནོ། །ཆུང་བར་ཡང་མི་མངོན་ནོ། །འདོད་ན་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཀྱི་ཆུའི་ཁམས་ཐམས་ཅད་མོར་སྲན་སྣེ་སུའི་འབྲུམ་བུ་གཅིག་པ་ནང་དུ་བཅུག་སྟེ། དེ་ནམ་མཁའི་གཏོས་ཡངས་པ་བཞིན་དུ་སྤྱོད་པར་བྱེད་ཀྱང་དེ་ཆེ་བར་ཡང་མི་མངོན། ཆུང་བར་ཡང་མི་མངོན་ནོ། །ཞེས་དང་། གཞན་ཡང་བཀའ་དང་བསྟན་བཅོས། མདོ་དང་སྔགས་རྒྱུད་སྡེ་རྒྱ་མཚོ་ལས་འདི་དང་འདི་འདྲ་བའི་ལུང་ཤིན་ཏུ་མང་ཡང་འདི་ཙམ་གྱི་རྟོགས་པ་ནུས་པ་ལུང་ཕྲན་ལའང་དཔྱད་པ་གསུམ་གྱི་ལེགས་པར་བརྟགས་ནས་ཡིད་ཆེས་པར་མཛོད་ཅིག
མཆན།གཏེར་སྟོན་སྟག་ཤམ་རྡོ་རྗེའི་བཀའ་འབུམ་ལས་ཞལ་བཤུས་པའོ། །
༄༅། །ཤར་བྱུང་ཁྲོ་ལོད་ཚིག་འགྲེལ་དང་། །གནས་ཀྱི་ཆེ་བར་ལུང་བསྟན་ཚུལ། །དགོས་བབས་འཕྲོས་དོན་བརྗོད་བློ་སྐྱེས། །མ་དང་མཁའ་འགྲོའི་གནང་བར་སྩོལ། །དེ་ཡང་གཏེར་གཞུང་དུ་མ་ནས། ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་གཙང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་ཁྲོ་ལོད་ཅེས་སུ་གྲགས༔ ཞེས་གསུངས་གནས་འདིར་པད་འབྱུང་གི །སྐུ་ནི་ཁྲོས་ཉམས་སྟག་ལ་ཆིབས། །མཚན་ནི་རྡོ་རྗེ་ཁྲོ་ལོད་དོ། །དང་པོ་ཁྲོ་ལོད་ལེགས་སྦྱར་སྐད། །ཁྲོ་ནི་ཀྲོ་ཏ་ལོད་ཀྱི་ཁུངས། །ལོ་ཀ་ཏཱ་ར་བོད་སྐད་དུ། །ཁྲོ་བོ་འཇིག་རྟེན་འཆོལ་བ་ཡིན། །དེ་ཡང་རྟ་ཧོར་སྐུ་ཆེན་གྱིས། །རང་རེའི་ཁྲོ་ལོད་བུམ་སྒྲུབ་སྐབས། །ཁྲོ་ལོད་ཚིག་དོན་ཇི་ལྟར་ཞེས། །བདག་ལ་བཀའ་སྩལ་གནང་བྱུང་ཡང་། །ཐོགས་མེད་འདི་ཞེས་བྱ་བ་རུ། །ཞུ་རྒྱུ་མ་རྙེད་དེའི་ནུབ་མོ། །མཛེས་མ་དཀར་མོ་གཞོན་ནུ་མས། །དམར་མོ་རྒས་ཤིང་ཁྲོས་ཉམས་ཅན། །ཞིག་ལ་ཁྲོ་ནི་གོ་སླ་ཡང་། །ལོད་ཀྱི་ཚིག་དོན་ཇི་ལྟར་ལགས། །ཞུས་པའི་ལན་དུ་ཁྲོས་ཉམས་ཀྱིས། །ཧ་ཧ་ཞེས་པའི་བཞད་སྒྲ་ཡིས། །ཇི་ལྟ་བ་དང་ཇི་སྙེད་ཀྱི། །ཆོས་རྣམས་དྲང་ངེས་ལྡེམ་དགོངས་སོགས། །ཚིག་དོན་རྣམ་དབྱེ་མི་ཤེས་ན། །བླ་མ་ཅི་ཞེས་གད་མོའི་གནས། །ཨ་ལ་ལོ་ནང་ཀ་དང་ནི། །དེ་ནང་ཏཱ་ར་བསྡུས་པ་ཡིན། །དེ་ནི་བོད་སྐད་བསྒྱུར་བ་ན། །འཇིག་རྟེན་འཆོལ་བའམ་ནི་སྒྲོལ། །འགྱུར་རོ་གསུངས་མཚམས་གཉིད་སད་པས། །ཚིག་མཐའ་སྐྱོང་ལོངས་མ་བྱུང་ཡང་། །འདི་ཙམ་སྐུ་ཆེན་ཉིད་ལ་ཞུས། །ཁོང་ཡང་མཉེས་ཤིང་དག་སྣང་མཛད། །བཛྲ་ཀྲོ་ཏ་ལོ་ཀ་ཏར། །ཁྲོ་ལོད་རང་བྱུང་དངོས་ཀྱི་ཞབས། །གཡས་ཟུར་བྲག་ལ་རང་བྱུང་འདུག །འོན་ཀྱང་ཡོངས་ཀྱིས་མི་མཇལ་འདྲ། །འདི་ནི་རྒྱུད་ལུང་མན་ངག་ལས། །མ་མཐོང་བླ་མའི་ཞལ་མ་ཐོས། །མ་དང་མཁའ་འགྲོའི་གདན་དཀྲོལ་བའི། །སུས་ཀྱང་ཀླན་ཀའི་གནས་མེད་དོ། །གཉིས་པ་གནས་ཀྱི་ཆེ་བ་ནི། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡི། །ལྗགས་ཀྱི་པད་མོ་ལས་བྱུང་བའི། །རྡོ་རྗེ་གླིང་པའི་གཏེར་ལུང་ལས། །མདོ་ཁམས་ཤར་གྱི་ཡུལ་ལྗོངས་སུ། །སྟོད་ཀྱི་སྤྱི་གཡམ་རྫ་རི་དང་། །བར་དུ་ན་བུན་རྫོང་དང་པད་ཞྭ་ཕུག༔ སྨད་དུ་སྲིད་པ་གསུམ་ན་འགྲན་བྲལ་བ༔ གཙང་གཤིས་རྡོ་རྗེ་ཁྲོ་ལོད་ཅེས་བྱ་བ༔ ང་ཡི་སྒྲུབ་གནས་ཁྱད་པར་ཅན༔ ཕྲིན་ལས་འགྲོ་བ་འདུལ་བའི་གནས་མཆོག་ཡོད༔ རི་བར་དཀར་ཏི་བྲག་ལ་སོགས་པ་ཡི༔ གནས་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར༔ མཐོང་ཐོས་དྲན་པའི་བདེ་ཆེན་ས་ལ་རེག༔ ཅེས་དང་རིན་ཆེན་གླིང་པ་ཡི༔ ཟབ་མོ་གནད་ཀྱི་གཏེར་བྱང་ལས༔ སྙེ་བོ་ལུང་ཞེས་མཁའ་འགྲོའི་སྦས་ལུང་དུ༔ ཕུ་རུ་རིགས་གསུམ་མགོན་པོའི་གནས༔ བར་དུ་ལྗོན་པ་ལུང་དང་གླང་ཆེན་བྲག༔ མདའ་རུ་བྱམས་པ་རི་ཞེས་དཔལ་གྱི་ལྗོངས༔ ཁྱད་པར་མདོ་ཁམས་ཤར་ཕྱོགས་སུ༔ གུ་རུ་ང་ཡི་བསྒྲུབ་པའི་གནས་ལྔ་ལས༔ ཁྱད་པར་སྲིད་གསུམ་འགྲན་ཟླ་ཀུན་བྲལ་བའི༔ གཙང་གཤིས་རྡོ་རྗེ་ཁྲོ་ལོད་ཅེས་བྱ་བ༔ ཕྲིན་ལས་འགྲོ་བ་འདུལ་བའི་གནས་མཆོག་ཡིན༔ རི་བར་སྤུངས་རི་རྩེ་ར་ལ་སོགས་པ༔ གནས་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར༔ མཐོང་ཐོས་དྲན་པས་རིགས་དྲུག་སྐྱེ་སྒོ་ཆོད༔ ཕྱག་བསྐོར་འབྲེལ་པས་རིག་འཛིན་ས་ལ་འགོད༔ ཅེས་དང་པདྨ་དབང་དྲག་གི༔ ཟབ་གཏེར་ལུང་བསྟན་ཁ་བྱང་ལས༔ མདོ་སྨད་ཤར་ཕྱོགས་ཡུལ་གྱི་ལྗོངས༔ ཀམ་བྷོ་གར་སར་སྣ་ཡི་བྲག་དཀར་སོགས༔ ཁྱད་པར་དཔལ་གྱི་རི་དང་དབྱེར་མེད་པ༔ ང་ཡི་སྒྲུབ་གནས་ཁྱད་པར་ཅན༔ རྡོ་རྗེ་ཁྲོ་ལོད་ཅེས་བྱ་བ༔ སྐུ་ལྷ་དཀར་ཆེན་རི་བར་སོགས༔ གནས་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར༔ ཕྱག་སྐོར་འབྲེལ་པའི་སྐལ་ལྡན་ཚོགས་རེ་བསགས༔ གནས་མཆོག་དེ་ཡི་ཡུལ་ལྗོངས་སུ༔ ཕོ་སྐྱེས་དཔའ་བོ་མོ་སྐྱེས་གིང་མོ་ཡིན༔ ཁྱད་པར་འཕགས་པའི་གནས་མཆོག་དེར༔ གནས་སྒོ་འབྱེད་པས་འགྲོ་ཀུན་བདེ་ཞིང་བརྡལ༔ ཞེས་དང་སྟག་ཤམ་རྡོ་རྗེ་ཡི༔ གསང་བ་ཡོངས་འདུའི་ལོ་རྒྱུས་ལས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ ཀྱེ་མ་སྐལ་ལྡན་རྒྱལ་བའི་སྲས༔ མུ་ནེ་བཙད་པོ་དད་པ་ཅན༔ ཟབ་གཏེར་སྦས་པའི་གནས་མཆོག་འདི༔ སྔོན་དུས་བསྐལ་པའི་དང་པོ་ལ༔ མ་ཏྲཾ་རུ་ཏྲ་བསྒྲལ་བའི་ཚེ༔ སྲིན་མོ་སྟག་སྲིན་གནས་ཞེས་ཏེ༔ ཕོ་བྲང་རྩེ་ལྔ་རྡོ་རྗེའི་དབྱིབས༔ དེ་སྲས་སྟག་གདོང་དཀར་མོའི་གནས༔ དེ་རྗེས་འཕགས་པ་སྤྱན་རས་གཟིགས༔ བོད་ཡུལ་བྱོལ་སོང་འབྲོག་པའི་སྐབས༔ དེ་དག་འདུལ་ཕྱིར་སྤྲེའུའི་ཚུལ༔ བྱོན་ནས་བསྒོམ་པའི་གནས་ཆེན་ཡིན༔ དེ་རྗེས་རྒྱ་ཟས་ཞབས་བཅགས་ཤིང༔ ཁྱད་པར་ཁྲོ་ལོད་སྐུ་བརྙན་འདི༔ བདག་འདྲ་པདྨ་སཾ་བྷ་ཝས༔ རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ མུ་སྟེགས་རྩོད་པ་བཟློག་པའི་དུས༔ བདག་གི་སྨིན་མཚམས་ཧཱུཾ་སྔོན་པོ༔ མཐའ་འཁོབ་ཁམས་ཀྱི་ཡུལ་དུ་འཕྲོས༔ བྲག་རི་རྩེ་ལྔའི་ལྷོ་རྭར་བབས༔ སྐུ་དབྱིབས་ཧཱུྃ་སྔོན་རང་བྱོན་གྱུར༔ ལྷ་འདྲེ་ཀུན་གྱི་སྲོག་སྙིང་བླངས༔ དེ་འོག་ཆོས་རྒྱལ་ཁྲི་སྲོང་གིས༔ བོད་ཁམས་མ་ལུས་ཐམས་ཅད་དང༔ འཛམ་གླིང་སུམ་གཉིས་དབང་མཛད་སྐབས༔ བདག་འདྲ་པད་འབྱུང་ཁྲོ་ལོད་དང༔ ཇོ་མོ་ཡེ་ཤེས་མཚོ་རྒྱལ་གཉིས༔ གསང་སྤྱོད་གནས་རྣམས་བྱིན་བརླབས་ནས༔ སྟག་གཙང་སེང་གེ་འགྱེད་འདྲ་དེར༔ ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས༔ བསྙེན་ཕུར་གནམ་དུ་བཙུགས་བྱས་ནས༔ གཡུ་སྒྲོན་གངས་མཚོར་ཕྱག་རྗེས་བཀོད༔ རེ་ཁཱའི་རི་ལ་སྲིན་མོ་བརྡས༔ གནས་ཆེན་བཅུ་དྲུག་བྱིན་གྱིས་བརླབས༔ གཏེར་ཁ་བཅུ་གསུམ་གཏེར་དུ་སྦས༔ དེ་དུས་རབ་གནས་བཅུ་གསུམ་བྱས༔ པད་འབྱུང་ཡེ་ཤེས་སེམས་དཔར་བསྟིམ༔ སྨོན་ལམ་བདེན་པས་རྒྱས་བཏབ་ཅིང༔ ཇོ་མོ་སྐུ་ལ་རྩི་ཚོན་གསོལ༔ མ་འོངས་མཐོང་ཐོས་དྲན་རེག་ཙམ༔ གྲོང་གསུམ་ཁེགས་ནས་སངས་རྒྱས་པའི༔ སྨོན་ལམ་བཏབ་པའི་བྱིན་བརླབས་དེས༔ པདྨ་བདག་དང་གཉིས་མེད་པར༔ མ་འོངས་འགྲོ་བ་གང་དེ་དག༔ སྨོན་ལམ་གང་བཏབ་ངེས་པར་འགྲུབ༔ གནས་འབྲེལ་ཙམ་གྱིས་ས་ཐོབ་ཅིང༔ བསྒྲུབ་པས་མཆོག་ཐུན་དངོས་གྲུབ་ཐོབ༔ ལམ་ཡིག་མདོ་ཁམས་ཆུ་བཞི་ཡི༔ འབྲི་ཆུ་ཟླ་ཆུ་གཉིས་ཀྱི་བར༔ ཤར་སྒོ་འདམ་ཆེན་གངས་ལ་གཏད༔ ལྷོ་སྒོ་ཁྲོ་འབར་བྲག་ལ་གཏད༔ ནུབ་སྒོ་རི་བོ་བར་མར་གཏད༔ བྱང་སྒོ་དཀར་ཆེན་རྫོངས་ལ་གཏད༔ ལུང་མགོ་མཚམས་ཀྱི་རི་ལ་གཏད༔ སྟག་ར་རི་བོ་བར་མ་ནས༔ ལུང་པ་སྦྲུལ་ནག་འཁྱོག་འགྲོས་འདྲ༔ དེ་ཡི་སྨད་ན་རི་བོ་ནི༔ རྡོ་རྗེ་ཕྱེད་པའི་ར་ལྔ་འདྲ༔ དེ་ནི་པདྨའི་སྒྲུབ་གནས་ཡིན༔ ཕྱི་ནང་པདྨའི་སུལ་མང་འདྲ༔ ཡར་རྩེ་རྡོ་རྗེ་རྩེ་ལྔ་འདྲ༔ མར་རྩེ་རིན་ཆེན་ཟུར་བརྒྱད་འདྲ༔ ཕྱོགས་ཀྱི་རི་རྣམས་རང་འོག་འདུ༔ རྐེད་པ་སེང་གེ་བཞི་འགྱིང་འདྲ༔ དེ་ཡི་སྒྲུབ་ཕུག་བཅུ་གསུམ་ལ༔ པདྨས་བསྒྲུབས་པ་བྱས་པ་ཡིན༔ ཞེས་དང་བསམ་གཏན་བསྟན་འཛིན་གྱིས༔ སྟག་གཙང་སེང་གེ་བསམ་འགྲུབ་ཏུ༔ འགྱུར་མེད་རྡོ་རྗེ་གདན་བཞི་ཡོད༔ ཟད་མེད་གཏེར་གྱི་ཕོ་བྲང་ཡིན༔ སྲིད་པ་མི་འཇིག་ཆེ་རྟགས་སོ༔ ཞེས་དང་བདུད་འདུལ་རྡོ་རྗེའི་གསུང༔ གནས་ཡིག་རྡོ་རྗེའི་ཀློང་སྒྲོམ་ལས། ཁྱད་པར་འཕགས་པའི་སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བའི་གཙང་གཤིས་རྡོ་རྗེ་ཁྲོ་ལོད་ཅེས་བྱ་བ༔ འདི་ཉིད་ཕྱི་ལྟར་འཕགས་མཆོག་ནམ་མཁའ་རྒྱལ་པོའི་ཕོ་བྲང་ཡིན༔ ནང་ལྟར་སྟོན་པ་རྡོ་རྗེ་སེམས་དཔའི་ཕོ་བྲང་ཡིན༔ གསང་བ་ལྟར་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་ཕོ་བྲང་ཡིན༔ ཕྱི་ནང་ཞལ་གཟིགས་ནམ་མཁའི་སྐར་ཚོགས་འདྲ༔ མཆོག་གི་དངོས་གྲུབ་ཐོབ་པའི་སྒྲུབ་ཕུག་གསུམ་ཡོད༔ ཌཱཀྐི་བདེ་ཆེན་རྒྱ་མཚོའི་སྒྲུབ་ཕུག་གསུམ་ཡོད༔ སྤྲུལ་པའི་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཉི་ཤུ་རྩ་ལྔ་ཡོད༔ པད་འབྱུང་མཚོ་རྒྱལ་རྗེ་འབངས་ཉེར་ལྔ་ཡི༔ ཕྱག་ཞབས་རྗེས་རྣམས་གྲངས་ལས་འདས་པ་ཡོད༔ ཕྱི་རུ་མི་འགྱུར་བའི་གཟེར་བཞི་ཡོད༔ ནང་དུ་མི་ཟད་པའི་སྙིང་པོའི་གཏེར་ལྔ་ཡོད༔ འཆི་བ་མེད་པའི་ཚེ་ཆུ་ཡོད༔ ཉེས་ལྟུང་དག་པའི་ཁྲུས་ཆུ་རྣམ་གསུམ་ཡོད༔ ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་བརྒྱ་རྩ་ཡོད༔ སྐལ་ཡོད་སྐལ་བ་ལེན་པའི་གནས་མཆོག་ཡིན༔ སྐལ་མེད་ཚེ་སྲོག་བསྟུངས་པའི་གནས་མཆོག་ཡིན༔
༈ གནས་མཆོག་འདི་ལ་ཚོགས་འཁོར་སུས་བསྐོར་བ༔ ཚེ་འདི་ཉིད་ལ་རིག་འཛིན་གྲལ་དུ་འཁོད༔ གནས་མཆོག་འདི་ལ་དར་ཅོག་སུས་བཙུགས་པ༔ ཕོ་བྲང་རི་བོ་ཏ་ལར་སྐྱེ་བར་ངེས༔ གནས་མཆོག་འདི་ལ་མར་མེ་སུས་ཕུལ་བ༔ སངས་རྒྱས་མར་མེ་མཛད་དང་སྐལ་བ་མཉམ༔ གནས་མཆོག་འདི་ལ་བསྐོར་བ་བཅུ་གསུམ་སུས་བྱས་པ༔ བཛྲ་གུ་རུ་ཡིག་དྲུག་དུང་ཕྱུར་འགྱུར༔ ཆོས་སྐུ་ཁྱབ་བརྡལ་ཀློང་ཡངས་ལས༔ གྲུབ་མཐའ་ཕྱོགས་འཛིན་མིང་མེད་པས༔ བོན་གྱི་བླ་ཆེན་དྲན་པ་ནམ་མཁའ་དང༔ ཚེ་དབང་རིག་འཛིན་ལ་སོགས་པ༔ རིག་འཛིན་བརྒྱད་ཅུའི་ཞབས་ཀྱིས་བཅགས༔ རིག་འཛིན་གསང་བའི་གསས་ཁང་ཡིན༔ བོན་སྐུ་ཀུན་ཏུ་བཟང་པོ་དང༔ བདེ་གཤེགས་གཙོ་བཞི་སངས་རྒྱས་བཅུ་གསུམ་དང༔ བསྐལ་པ་བཟང་པོའི་སངས་རྒྱས་ཁྲི་དྲུག་སྟོང༔ བླ་ཆེན་ཡབ་སྲས་སྐུ་རྣམས་གསལ་བར་བཞུགས༔ གསང་བོན་བླ་མེད་གཏེར་གསུམ་ཡོད༔ གོང་བཞིན་བོན་སྐོར་བཅུ་གསུམ་སུས་བྱས་པ༔ མ་ཏྲི་མུ་ཡེ་དུང་ཕྱུར་ངེས་པར་འགྱུར༔ གནས་མཆོག་འདི་ལ་མ་དད་སྐལ་མེད་བདུད་ཀྱི་རིགས༔ བསྟན་བསྲུང་དྲག་རྩལ་ཅན་རྣམས་ཀྱིས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཁྱུར་མིད་ཀྱིས༔ ཤེས་སོགས་ཆེ་བའི་ཡོན་ཏན་རྣམས༔ ཨོ་རྒྱན་ལྗགས་ཀྱི་པད་མོ་ལས། །བྱུང་བའི་གཏེར་ལུང་བསྐལ་བརྒྱའི་བར། །བརྗོད་ཀྱང་རྫོགས་པའི་སྲིད་མཐའ་མེད། །སྲིད་པ་གསུམ་ན་འགྲན་མེད་ན། །དེ་ལྷག་ཆེ་བ་གཞན་ཅི་ཞིག །ལྟ་ལོག་རྟོག་གེའི་མགོ་མཁྲེགས་རྗེས། །མི་འབྲངས་ཡིད་ཆེས་དད་པར་མཛོད། །ཕྱི་ལྟར་སྤྲུལ་སྐུའི་ཞིང་ཁམས་ཡིན། །ནང་ལྟར་ལོངས་སྐུའི་ཞིང་ཁམས་ཡིན། །གསང་ལྟར་ཆོས་སྐུའི་ཞིང་ཁམས་ཡིན། །སྐུ་གསུམ་འགྱུར་མེད་ཞིང་ཁམས་རྫོགས། །མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྒོ་གསུམ་སྒྲིབ་པ་གསུམ་དག་ནས། །མི་ཕྱེད་རྡོ་རྗེ་གསུམ་གྱི་ངང་། །སྐུ་གསུམ་བདག་ཉིད་ངོ་བོར་འགྲུབ།
༈གནས་ཕྲན་བརྒྱ་དང་རྩ་བརྒྱད་བཅས། །བསྐོར་ན་མཐའ་སྐོར་དངོས་ཡིན་ཏེ། །ཡི་གེ་བཅུ་གཉིས་མ་དང་བདུན། །དུང་ནི་བརྒྱ་ཕྲག་བཅུ་གསུམ་ཡོད། །རྫོང་ཆེན་བཅུ་གཉིས་སམ་བཅོ་བརྒྱད། །བསྐོར་ན་བར་སྐོར་དུང་བདུན་ཡོད། །རྭ་ལྔའི་རྩེ་བར་བསྐོར་བ་ན། །དུང་གཅིག་འདོན་པའི་ཕན་ཡོན་ཡོད། །རྩེ་མོའི་རྭ་ལྔའི་ནང་ཚན་དུ། །རྭ་གསུམ་བསྐོར་བའི་ཕན་ཡོན་ནི། །བསྐོར་བ་བཅུ་གསུམ་དུང་རེ་ནི། །གདོན་མི་ཟ་བར་ཡོད་དོ་ཀྱེ། །གནས་འདུས་ལོ་ནི་ཕྱོགས་དུས་ཀྱི། །སངས་རྒྱས་སྲས་དང་རྒྱུད་སྡེའི་ལྷ། །དཔའ་བོ་མཁའ་འགྲོ་ཆོས་ཞིང་སྐྱོང་། །འགྲོ་བའི་དོན་དུ་འདིར་འདུས་ཕྱིར། །ཕྱག་བསྐོར་སཱཙྪ་ཇོ་དར་དང་། །མར་མེ་ལ་སོགས་དགེ་བའི་རིགས། །ཅི་བྱས་བྱེ་བ་འབུམ་འབུམ་གྱུར། །ཐུགས་ཡིད་ཆེས་ན་དེ་ཙམ་མོ། །ཀྱེ་མ། སུ་ལ་སུས་ཡིད་མི་ཆེས་ཤིང་། །རང་ཡིད་རང་ལ་མི་ཆེས་དུས། །རྒྱལ་བའི་བཀའ་ཡང་མི་བརྩིའི་དུས། །སྤྲང་པོའི་གཏམ་ལ་སུ་ཞིག་ཉན། །འོན་ཀྱང་གྲུབ་དབང་ཆོས་རྗེ་ཡིས། །གནས་འདིར་སྤྱན་རས་གཟིགས་ཀྱི་གནས། །ཁྱེད་ཀྱིས་འདུལ་བའི་ཞིང་ཡིན་པས། །གནས་ལ་བྱ་བ་ཕྱུངས་ཤིག་གསུངས། །དེའི་ཕྱིར་དངོས་རྫས་ལུས་སྲོག་ཙམ། །མ་གཏོགས་བདོག་དགུ་གནས་ལ་བཏང་། །སེམས་ཀྱང་ཉིན་མཚན་ཁོར་མོ་ཡུག །གནས་ལས་དྲན་པ་ཟད་བཞིན་སོང་། །གནས་ལ་ཅུང་ཟད་གནོད་པ་བས། །རང་ཉིད་གུམ་ན་འདམ་ཁ་ཆེ། །གནས་བསྟན་ལ་ནི་ཕན་སྲིད་དམ། །སྙམ་པའི་ཚིག་འདི་དབང་མེད་ཤོར། །གསུམ་པ་དགོས་བབས་འཕྲོས་དོན་ལ། །རྣམ་པ་གཉིས་ཀྱི་དང་པོ་ནི། །དགོས་སུ་བདེ་ཆེན་རྒྱ་མཚོ་ང་། །རྗེ་ཡི་ལུང་བསྟན་གནས་འདིར་ལྷགས། །གནས་ལ་བྱ་བ་བྱས་པའི་དུས། །བབས་རྟགས་ཕྱི་ནང་གསང་བ་གསུམ། །ཕྱི་རྟགས་དུས་ཀྱི་འཕོ་འཇིག་ནི། །སྟག་ཤམ་རྡོ་རྗེའི་རྣམ་ཐར་ལས། །བཅུ་ལ་རྡོ་རྗེ་ཁྲོ་ལོད་ནས། །རང་ཡུལ་ལྡོག་སྟེ་བཏེག་པ་དང་། །བླ་མ་ཁྱབ་བརྡལ་དཔོན་སློབ་ཀྱིས། །ར་བལ་བར་དུ་བསྐྱེལ་ནས་བྱོན། །དེ་ནུབ་རྭ་ནེའི་ཕར་ཀར་བསྡད། །བཙུན་པ་ཆས་བཟང་ལེགས་པ་བདུན། །ང་ལ་སྐྱེལ་མས་འགྲོ་ཞེས་ཟེར། །བུད་མེད་རྒན་མོ་མགོ་སེ་དེས། །ལག་པ་ཕྱོགས་བཅུར་མཛུབ་མོས་བཙུགས།
༈སྟེང་དུ་མེ་ལྷ་མངོན་པའི་ཚེ། །འོག་ཏུ་མུ་གེ་སྤྲིན་ལྟར་འཁྲིགས། །ཤར་དུ་དུག་མཚོ་ཁོལ་བའི་ཚེ། །ནུབ་ཏུ་མཚོན་གྱི་ཁ་སྒྲོམ་ཕྱེས། །བྱང་ནས་བསྭོ་ཡིས་སྒྲ་སྒྲོགས་ཚེ། །ལྷོ་ནས་ལྕགས་ཀྱི་སྒོ་མོས་བསྡམས། །ཡུལ་འདི་འཇིག་ལ་ཉེ་བའི་ཚེ། །ཁྱོད་ཀྱང་གནས་འདིར་བསྒྲུབ་ལ་གཤེགས། །ཞེས་ཟེར་དར་གྱི་མཇལ་དར་བྱུང་། །བཅུ་གཅིག་ཨོ་རྒྱན་ཡེ་ཤེས་ཉིད། །ཕྱི་རྗེས་བཞུགས་གནས་ལོག་སྟེ་བྱོན། །ཞེས་པས་དམ་ལྡན་ལྷ་མོ་ཡིས། །ལུང་བསྟན་དེ་ནི་འདི་ལྟ་སྟེ། །སྟེང་དུ་གནས་ཏེ་མེ་ཡིས་འཇིག །འོག་ཏུ་ལུང་པར་མུ་གེས་མནར། །ཤར་དུ་དུག་མཚོས་མང་བེན་བྱུང་། །ནུབ་ཏུ་དམག་གིས་མཚོན་ཁ་ཕྱེས། །བྱང་ནས་བསྭོ་བའི་དགྲ་ཡིས་གཙོས། །ལྷོ་ནས་རྒྱ་ལམ་སྐོར་ལམ་བཅད། །དུས་དེར་ཡུལ་མི་འབར་གཙང་གསུམ། །འཇིག་ལ་ཉེ་བར་གྱུར་པའི་ཚེ། །ཁྱོད་ཀྱང་གནས་འདིར་བསྒྲུབ་སྡེ་ཞིག །འཛུགས་ན་སྡེ་ལ་ཕན་ཕྱིར་གཤེགས། །ཁྱོད་དངོས་འབྱོན་པའི་སྐབས་མེད་ན། །ཁྱོད་སྤྲུལ་དངོས་འདྲའི་དམ་པ་ཞིག །འབྱོན་དགོས་ཡོད་དེ་ཅེས་པས་བསྡུས། །དེ་བཞིན་གནས་མཆོག་དམ་པ་འདི། །དུས་ཀྱི་སྙིགས་མར་དེང་གི་དུས། །མེ་ཡི་འཇིགས་ཤིང་ཤིན་ཏུ་རྒུད། །ཉམ་ཐག་གྱུར་ཚེ་ང་ཉིད་ཀྱི། །སྔོན་སྨོན་སྟོབས་ནི་རབ་གཡོས་པས། །ལུས་དང་སྲོག་ལ་མི་ལྟོས་ཤིང་། །དཀའ་བ་དང་དུ་བླང་བ་ཡིས། །རིམ་གྲོར་བྱེད་པའི་རྒྱུ་མཚན་ཡང་། །སྟག་ཤམ་རྣམ་ཐར་དེ་ཉིད་ལས། །རྩ་གསུམ་དཀོན་ཅོག་ཡི་དམ་གྱི། །ཐུགས་རྗེས་སྤྲུལ་སྐུ་བ་གསུམ་བྱུང་། །ཁྲོ་ལོད་ཞི་དྲག་བླ་སྐུ་གསུམ། །རྟེན་འབྲེལ་གནད་བཞིན་སྨན་སྐུ་བཞེངས། །རྒྱུ་ནི་གཏེར་ས་ཉིད་ལས་གྲུབ། །རྡོ་རྗེ་ཁྲོ་ལོད་མཆོད་ཁང་དུ། །བཞེངས་པ་བྱས་ནུབ་ང་རང་ལ། །དེ་ཡིས་ང་ལ་ཕྱག་འཚལ་ནས། །
༈ད་ནི་ཁྱོད་བཞུགས་ཉེ་སྐོར་དེར། །ང་ནི་སྐྱེ་བར་ཐུགས་རྗེས་ཟུངས། །ཞེས་ཟེར་ཐོས་ཏེ་གང་འདྲ་ཡིན། །རྒྱབ་སོར་བརྟགས་པར་བྱ་དགོས་བདོག །ཅེས་གསུང་དོན་དེ་ང་ཉིད་ཀྱིས། །ཉམས་གསོ་བྱེད་དགོས་འདི་རང་ཡིན། །དེ་དུས་ང་ཡི་རོགས་དན་ནི། །ཁྲོ་འབར་བྱེད་ཆད་དེ་ཉིད་ལས། །དེ་ཡི་ནམ་སྟོད་ཁྲོ་བོ་འབར། །མི་སྔོན་དཔོན་གྱིས་ཆས་བྱེད་བྱུང་། །ཁྱོད་ཀྱི་རོགས་དན་ངས་བྱའོ། །སྔོན་དུས་ཡང་ནི་ཁྱོད་ཀྱིས་བསྒྲུབས། །དེ་དུས་རོགས་དན་ངས་བྱའོ། །ཞེས་སོགས་གསལ་བཞིན་ཁྲོ་འབར་གྱིས། །ལྷག་བསམ་དག་པར་བྱ་བ་བྱས། །འོན་ཀྱང་ལས་ངན་སྡིག་ཏོ་འགས། །མི་ཟད་དམྱལ་བ་ཆེན་པོར་གསོག །དེ་ནི་ཕྱི་ཡི་དུས་རྟགས་དང་། །མཚུངས་པའི་ལུང་བསྟན་ཡིད་ཆེའི་གནས། །གཞན་ཡང་སྒྲུབ་སྡེའི་ལུང་བསྟན་ནི། །དམ་ཆོས་དགོངས་པ་ཡོངས་འདུས་ཀྱི། །དགོས་ལུང་རཏྣའི་སྒྲོམ་བུ་ལས། །གཙང་གཤིས་ཞེས་བྱ་མཁའ་འགྲོ་འདུ་བའི་གླིང༔ པད་འབྱུང་བདག་གི་ཕྲིན་ལས་འགྲོ་འདུལ་གནས༔ ཤེལ་བྲག་རིན་ཆེན་སྤུངས་འདྲའི་ཞོལ༔ གཡས་རི་སེང་འདྲ་གཡོན་རི་གཡུ་འབྲུག་འཁྱུག་པ་འདྲ༔ མདུན་རི་དར་ཡུག་བརྐྱངས་འདྲའི་དབུས༔ སྒྲུབ་པའི་སྡེ་བཙུགས་གསང་སྔགས་སྒྲོན་མེ་སྦར༔ གྲུབ་ཐོབ་རྟོགས་ལྡན་ནམ་མཁའི་སྐར་ཚོགས་ཙམ༔ རྒོད་ཁྱུ་ནམ་མཁར་འཕུར་བཞིན་འོང༔ གཡོ་མེད་དོན་གྱི་རྣལ་འབྱོར་ཨེ་མ་ཧོ༔ གནས་དེར་རྟེན་འབྲེལ་འགྲིགས་པ་ན༔ ཇི་སྲིད་བར་དུ་གསང་སྔགས་སྒྲོན་མེ་འབར༔ གནས་དེར་རྟེན་འབྲེལ་མ་འགྲིགས་འབྱུང་པོས་བར་ཆོད་ན༔ ལུང་ཐང་སྒྲོན་གྱི་མདུན་ཟུར་དུ༔ བྲག་རི་སེང་གེ་འགྱིང་འདྲའི་ཞོལ༔ སྤང་ཐང་ཟླ་གམ་འདྲ་བ་རུ༔ གསང་སྔགས་སྒྲུབ་གྲྭ་དེར་བཙུགས་ན༔ བསྟན་པ་ཉི་ཞུར་ཙམ་གྱིས་མེ་ལྟར་འབར༔ དར་དྲགས་ཆེ་ན་ཡུན་རིང་མི་གནས་སོ༔ སྒྲུབ་གནས་ཁྱད་འཕགས་གཙང་གཤིས་ཨེ་མ་ཧོ༔
མཆན། གནས་འདི་ནི་བོད་ལྗོངས་ཆབ་མདོ་ཁུལ་གྱི་སྨར་ཁམས་རྫོང་གཙང་ཤེས་ཞང་གཙང་ཤེས་དགོན་དུ་ཡོད། སྨར་ཁམས་རྫོང་ནས་གཙང་ཤེས་ཞང་བར་དུ་སྤྱི་ལེ༧༠ཡོད། གཙང་ཤེས་ཞང་ནས་གཙང་ཤེས་དགོན་བར་དུ་སྤྱི་ལེ༥ཙམ་ཡོད།རླངས་འཁོར་གྱི་ལམ་མེད། དེ་ནི་ཉམས་སྤྲོ་བའི་མི་དང་རི་དྭགས་མཉམ་དུ་འཚོ་བའི་ཡུལ་ལྗོངས་ཤིག་ཡིན། འདིའི་གནས་ལམ་བདེ་ཞིང་རང་བྱུང་རྣམས་ཞིབ་ཏུ་མཇལ་བར་དུས་ཚོད༤ཙམ་གྱིས་འཁོར་ཐུབ།
༄༅། །ཕྲིན་ལས་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་བུ་འབོར་ཞེས་བྱ་རུ༔ བཀྲ་ཤིས་ཞེས་བྱ་བྲག་རི་མེ་འབར་འདྲ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་ཕུག་དང༔ ཤར་གྱི་རི་བོ་གངས་ལ་སྤྱན་རས་གཟིགས༔ ལྷོ་ཡི་སྤེ་ནེ་རི་ལ་རྟ་ཕག་དང༔ ནུབ་ཀྱི་བྲག་དམར་རི་ལ་ཆེ་མཆོག་དང༔ བྱང་གི་དྷིས་ཀྱི་བྲག་ལ་ཕུར་པའི་སྐུ༔ དབུས་ཀྱི་བྲག་ལ་བཅུ་གཅིག་ཞལ་རང་བྱོན༔ དེ་རྣམས་ཀུན་གྱི་སྔགས་བྱང་ཡང་བྱང་བཞུགས༔
༄༅། །ཕྲིན་ལས་ཐུགས་ཀྱི་གནས་བཀྲ་ཤིས་ཞེས་བྱ་བ་བུ་འབོར་སྒང་། ལི་ཐང་ས་ཕྱོགས་ཡིན་པས་ཡོད་པའི་ཕྱོགས་དང་བབས་ལ་དཔྱད་ན་ཀཾ་པོ་གངས་ར་ཡིན་འདྲ། དེ་ཡིན་ཚེ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་གནས་ཡིག་རྒྱས་པར་བཞུགས།
༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལཱ་ཡ། །མཚུངས་མེད་ཆོས་རྗེ་དུས་གསུམ་མཁྱེན་པ་དང་། །སྣང་སྲིད་ཟིལ་གནོན་གྲུབ་ཆེན་ཀརྨ་པ། །ཤེས་བྱ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཞབས། །ཡེ་ཤེས་སྤྱན་ལྡན་འཛམ་གླིང་ཆོས་ཀྱི་གྲགས། །མཚན་དཔེ་དཔལ་འབར་དེ་བཞིན་གཤེགས་པའི་ཞབས། །རྡོ་རྗེ་འཆང་དབང་མཐོང་བ་དོན་ལྡན་དང་། །རབ་བྱུང་མཚོ་སྐྱེས་ཆོས་གྲགས་རྒྱ་མཚོའི་མཚན། །རྗེ་བཙུན་བླ་མ་མི་བསྐྱོད་དགའ་བའི་དབྱངས། །སངས་རྒྱས་སྐུ་དངོས་དབང་ཕྱུག་རྡོ་རྗེའི་ཞབས། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །དགོངས་པ་གྲོལ་ཞིང་བྱིན་གྱིས་རླབས་པར་གསོལ། །ཨེ་མ་ཧོ། འདིར་ཚོགས་པའི་སྐལ་ལྡན་གྱི་སྐྱེས་བུ་རྣམས་འཇིག་རྟེན་བློས་བཏང་། འཁོར་བ་ལ་སྐྱོ་བ་སྐྱེས་ཏེ་འཆི་བ་སྙིང་ལ་གཟེར། བཀའ་བརྒྱུད་བླ་མ་ལ་བཟོད་མེད་ཀྱི་མོས་གུས་ཕུལ། ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་སྤྲོ་བས་བཀའ་བརྒྱུད་བླ་མའི་རྣམ་ཐར་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ནས་གསན་པར་ཞུ། མི་མཇེད་འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་ཞེས་བྱ་བ་སངས་རྒྱས་བྱོན་ཞིང་དམ་པའི་ཆོས་དར་བའི་གནས་འདིའི་ལྟེ་བ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་མངོན་པར་སངས་རྒྱས་ཞིང་། རྒྱལ་བ་དང་རྒྱལ་བར་འགྱུར་བའི་གནས་མ་གྷ་དྷ་རྡོ་རྗེ་གདན་ཡིན། དེའི་བྱང་ཕྱོགས་འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཁ་བ་ཅན་གྱི་ལྗོངས་དང་སྡེ་ཆེན་པོ་ཞེས་གྲགས་པ་ལས། བོད་ཆེན་པོ་མདོ་ཁམས་སྒང་དྲུག་གི་ནང་ནས་སྤུ་འབོར་སྒང་སྨད་སའི་ཐིག་ལེ། ཤར་ཀཾ་པོ་གངས་ཀྱི་ར་བ་ཞེས་ཡོངས་སུ་གྲགས་པའི་གནས་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཐུན་མོང་གི་སྣང་ངོར་ཇི་ལྟར་ཡོད་ཚུལ། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པའི་སྣང་ངོར་ཇི་ལྟར་ཡོད་ཚུལ། ཤིན་ཏུ་ཐུན་མོང་མ་ཡིན་པ་ལ་འཕགས་པ་ཆེན་པོ་རྣམས་ཀྱིས་གཟིགས་ངོར་ཇི་ལྟར་ཡོད་པ་དང་གསུམ།
དང་པོ།ཐུན་མོང་གི་སྣང་ངོར་ཇི་ལྟར་ཡོད་པ།ས་གཞི་ཐམས་ཅད་འཇམ་ཞིང་ངམ་གྲོག་དང་ཚེར་མ་དང་ཡིད་མི་འཐད་པའི་རབ་རིབ་མེད་པ། ནེའུ་གསིང་གསར་པ་དང་ནགས་ཚལ་ཕུན་སུམ་ཚོགས་པས་ཁྱབ། འབབ་ཆུ་དྭངས་ཤིང་སྒྲ་སྙན་པ་འཁྱོག་པར་འབབ་པ། རྩ་བ་དང་ལོ་མ་སྡོང་པོ་དང་འབྲས་བུའི་བཟའ་བཅའ་མ་ཚང་བ་མེད་པ། རི་དྭགས་ཐམས་ཅད་བདེ་བར་ཕེབས་ཤིང་ཆོམ་རྐུན་དང་གཅན་གཟན་གྱི་འཚེ་བ་མེད་པ། ནགས་རི་དང་བྲག་རི་དང་སྤང་རི་དང་གཡའ་རི་ལྷུན་སྡུག་ཅིང་མཛེས་པ། མཚོ་དང་རྫིང་བུ་དང་ལྡིང་ཀ་དང་ལུ་མ་དང་ཆུ་ཕྲན་སྣ་ཚོགས་འབབ་པ། རྒྱ་བོད་ཧོར་གསུམ་གྱི་སྐྱེ་བོ་དད་ལྡན་གྱི་ཚོགས་དང་དོན་མཐུན་ཚང་བ་ཐམས་ཅད་དངོས་སུ་རྒྱུ་ཞིང་། རྟག་ཏུ་འདུ་འཛི་རྣམ་གཡེང་གིས་དབེན་པ། ཕུ་མ་ཤོར་ཞིང་མདའ་མ་རལ་བ། ཆོས་འདོད་ཆོས་བྱེད་པར་བཟང་ཞིང་ནོར་འདོད་ནོར་སྒྲུབ་པར་བཟང་། ཧ་ཅང་ཚ་བ་དང་གྲང་བའི་གནོད་པ་མེད་པ། ལྷ་ཡུལ་མཐོ་རིས་ཀྱི་འཇིག་རྟེན་ས་ལ་བབ་པ་ལྟ་བུ་སུམ་རྩེན་ལྷའི་གནས་མི་ཡུལ་ན་སྤྱོད་པ་ལྟ་བུ། ཡངས་ཤིང་རྒྱ་ཆེ་ལ་དབེན་ཞིང་ཉམས་དགའ་བ། སྤྲོ་ཞིང་ཁམས་དྭངས་པ། བདེ་ཞིང་བག་ཕེབས་པ། སྤྱིར་འདུག་པའི་གནས་སུ་བཟང་བ། སྒོས་སྒོམ་པའི་གནས་སུ་བཟང་བ། གོམ་པ་དོར་བ་ཙམ་གྱིས་སྡུག་བསྔལ་དང་མྱ་ངན་བརྗེད་པར་ནུས་པ། ས་གཞིའི་ཡོན་ཏན་ཐམས་ཅད་མ་འཛོམས་པ་མེད་པ། སྐྱོན་ཐམས་ཅད་མ་སྤངས་པ་མེད་པ། མི་ཡུལ་ཙམ་ན་རྙེད་པར་དཀའ་བ། ཐམས་ཅད་ཀྱི་དབང་པོའི་སྤྱོད་ཡུལ་དུ་གཟིགས་ཤིང་གསལ་བ་ཡིན་ལགས།
གཉིས་པ། ཐུན་མིན་རྣལ་འབྱོར་པའི་སྣང་ངོར་ཇི་ལྟར་ཡོད་པ།
འབྲས་བུའི་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཡང་རྩེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་ཏུ་རུང་ཞིང་མ་དང་མཁའ་འགྲོ་འདུ་བའི་གནས་ཉི་ཤུ་རྩ་བཞི་གསུངས་ཏེ། ཕྱི་རོལ་ཏུ་པཱུ་ལི་ར་མ་དང་ནང་དུ་ཙ་མི་ཕྱེད་མ་སོ་དང་སེན་མོའི་ཁམས་འབབ་པའི་གནས། ཕྱི་རོལ་ཏུ་ཛཱ་ལན་དྷ་ར་དང་། ནང་དུ་ཕྲ་མོའི་རྩ་སྐྲ་དང་བ་སྤུའི་ཁམས་ཀྱི་གནས། ཕྱི་རོལ་ཏུ་ཨོ་རྒྱན་དང་ནང་དུ་རྩ་རྩིབས་མ་པགས་པའི་ཁམས་འབབ་པའི་གནས། ཕྱི་རོལ་ཏུ་ཨཱ་ཏ་བུ་ར་དང་ནང་དུ་གཡོན་པ་མའི་རྩ་རོ་རྒྱབ་ཀྱི་ཤའི་ཁམས་འབབ་པའི་གནས། དེ་བཞི་པོ་ཕྱི་རོལ་ཏུ་མཁའ་འགྲོ་རྟག་ཏུ་གནས་པ་དང་། ནང་དུ་དཀར་ཆ་རྟག་ཏུ་གནས་པའི་གནས་ཞེས་བྱ་སྟེ་ལམ་དུས་སུ་ས་དང་པོ་རབ་ཏུ་དགའ་བ་ཡིན་པར་འདུག་ལགས། ཕྱི་རོལ་ཏུ་གོ་དཱ་ཝ་རི་དང་ནང་དུ་ཐུང་ངུ་མའི་རྩ་རྒྱུས་པའི་ཁམས་འབབ་པ། ཕྱི་རོལ་ཏུ་མ་ཤཱ་ར་དང་ནང་དུ་རྩ་རུ་སྦལ་སྐྱེས་མ་རུས་པའི་ཁམས་འབབ་པ། ཕྱི་རོལ་ཏུ་དེ་བཱི་ཀོ་ཊཱི་དང་ནང་དུ་རྩ་སྒོམ་པ་མོ་མཆིན་པའི་ཁམས་འབབ་པ། ཕྱི་རོལ་ཏུ་མཱ་ཁལ་ཝ་དང་ནང་དུ་དབང་བསྐུར་མའི་རྩ་སྙིང་གི་ཤའི་ཁམས་འབབ་པ། དེ་བཞིའི་ཕྱི་རོལ་ཏུ་མཁའ་འགྲོ་མ་དང་དཀར་ཆ་རེས་འགའ་གནས་པས་ཉེ་བའི་གནས་ལམ་དུས་སུ་ས་གཉིས་པ་དྲི་མ་མེད་པ་གདའ་ལགས། ཕྱི་རོལ་ཏུ་ཀཱ་མ་རུ་པ་དང་། ནང་དུ་སྐྱོན་མའི་རྩ་མིག་འབྲས་ཀྱི་ཤ་འབབ་པ། ཕྱི་རོལ་ཏུ་ཨོ་ཊི་ཡ་དང་ནང་དུ་འཇག་མའི་རྩ་མཁྲིས་པའི་ཁམས་འབབ་པ། ཕྱི་རོལ་ཏུ་ཏྲི་ཤ་ཀུ་ན་དང་ནང་དུ་མ་མོའི་རྩ་གློ་བའི་ཁམས་འབབ་པ། ཕྱི་རོལ་ཏུ་ཀོ་ས་ལ་དང་ནང་དུ་མཚན་མའི་ཁམས་འབབ་པ། དེ་བཞིའི་དང་པོ་གཉིས་ཀྱི་ཕྱི་རོལ་ཏུ་མཁའ་འགྲོ་དང་། ནང་དུ་ཐིག་ལེ་རྟག་པར་གནས་པའི་ཞིང་དང་ཕྱི་མ་གཉིས་རེ་དགའ་གནས་པའི་ཉེ་བའི་ཞིང་ལམ་དུས་སུ་ས་གསུམ་པ་འོད་བྱེད་པ་དང་། བཞི་པ་འོད་འཕྲོ་བ་ཡིན་པར་གདའ་ལགས། ཕྱི་རོལ་ཏུ་ཀ་ལི་དང་། ནང་དུ་རྩ་བསིལ་སྦྱིན་གྲོད་པའི་ཁམས་འབབ་པ། ཕྱི་རོལ་ཏུ་ལམ་པོ་ཀ་དང་། ནང་དུ་ཚ་བ་མའི་རྩ་ལྟོ་ཡི་ཁམས་འབབ་པ། ཕྱི་རོལ་ཏུ་ཀཉྩི་དང་། ནང་དུ་གཞོལ་མའི་རྩ་བཤག་པའི་ཁམས་འབབ་པ། ཕྱི་རོལ་ཏུ་ཧི་མ་ལ་ཡ་དང་། ནང་དུ་རངས་མའི་རྩ་རྒྱུས་པའི་ཁམས་འབབ་པ། དེ་བཞི་པོའི་དང་པོ་གཉིས་ཕྱི་རོལ་ཏུ་ཌཱཀྐི་རིགས་འདྲེས་པ་དང་། ནང་དུ་ཁམས་དྭངས་སྙིགས་འདྲེས་པར་གནས་པའི་ཙྪནྡོ་ཧཱ་དང་ཕྱི་མ་གཉིས་ཉེ་བའི་ཙྪནྡོ་ཧ་སྟེ་བོད་སྐད་དུ་འདུན་དང་ཉེ་བའི་འདུན་རྟོགས་ཞེས་བྱ་བ་ལམ་དུས་སུ་ས་ལྔ་བ་སྦྱངས་དཀའ་བ་དང་། དྲུག་པ་མངོན་དུ་གྱུར་པའི་ས་ཡིན་པར་གདའ་ལགས། ཕྱི་རོལ་ཏུ་པྲེ་ཏ་པུ་རི་དང་། ནང་དུ་གཟུགས་ཅན་མའི་རྩ་རྣག་གི་ཁམས་འབབ་པ། ཕྱི་རོལ་ཏུ་གྲི་ཏ་དེ་བ་དང་། ནང་དུ་རྩ་ཐུན་མོང་བ་བད་ཀན་གྱི་ཁམས་འབབ་པ། ཕྱི་རོལ་ཏུ་སོ་རཥྚ་དང་། ནང་དུ་རྩ་རྒྱུ་སྦྱིན་ཁྲག་གི་ཁམས་འབབ་པ། ཕྱི་རོལ་ཏུ་སྭརྞ་དེ་བ་དང་ནང་དུ་རྩ་སྦྱོར་བྲལ་མ་རྔུལ་གྱི་ཁམས་འབབ་པ། དེ་བཞིའི་དང་པོ་གཉིས་ཕྱི་རུ་མཁའ་འགྲོའི་ཚོགས་ཀྱི་འཁོར་ལོ་ལ་རྟག་ཏུ་འདུ་ཞིང་ནང་དུ་ཐིག་ལེ་འདུ་བ་དང་། ཕྱི་མ་གཉིས་ཉེ་བའི་འདུ་བ་ལམ་དུས་སུ་ས་བདུན་པ་རིང་དུ་སོང་བ་དང་། བརྒྱད་པ་མི་གཡོ་བའི་ས་ཡིན་པར་གདའ་ལགས། ཕྱི་རོལ་ཏུ་ན་ག་ར་དང་། ནང་དུ་རྩ་སྟུག་གུ་ཚལ་གྱི་ཁམས་འབབ་པ། ཕྱི་རོལ་ཏུ་སིནྡྷུ་དང་། ནང་དུ་གྲུབ་པའི་རྩ་མཆི་མའི་ཁམས་འབབ་པ། ཕྱི་རོལ་ཏུ་མ་རུ་དང་ནང་དུ་རྩ་མཆི་མ་ལུད་པ་དང་མཆིལ་མའི་ཁམས་འབབ་པ། ཕྱི་རོལ་ཏུ་ཀུ་ལུ་ཏ་དང་། ནང་དུ་རྩ་ཡིད་བཟང་སྣ་ཆུའི་ཁམས་འབབ་པ། དེ་བཞི་པོ་ཕྱི་རོལ་ཏུ་མཁའ་འགྲོ་མ་རྣམས་ཁམས་འདོར་ཞིང་། ནང་དུ་བདེ་བ་མེད་པས་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ས་དགུ་པ་ལེགས་པའི་བློ་གྲོས་དང་། བཅུ་པ་ཆོས་སྤྲིན་གྱི་ས་ཡིན་པར་འདུག་ལགས། ཕྱི་རོལ་གྱི་གནས་དེ་དག་ཏུ་ཐོར་བའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉེར་བཞི་དང་རབ་གཏུམ་ལ་སོགས་པའི་དཔའ་མོ་ཉེར་བཞི་བཞུགས། དེའི་ནང་ནས་ཕྱི་རོལ་གྱི་སྐུའི་གནས་བརྒྱད་དུ་སྐུ་ཡི་རིགས་ཀྱི་དཔའ་བོ་དང་དཔའ་མོ་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་། དངོས་གྲུབ་བླངས་ན་གནས་སྐབས་སུ་ས་འོག་སྤྱོད་པ་དང་མཐར་ཐུག་སྐུ་རྡོ་རྗེ་ཡི་དངོས་གྲུབ་ཐོབ། གསུང་གི་གནས་བརྒྱད་དུ་གསུང་གི་རིགས་ཀྱི་དཔའ་བོ་དང་དཔའ་མོ་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་། དངོས་གྲུབ་བླངས་ན་གནས་སྐབས་ས་སྤྱོད་དང་མཐར་ཐུག་གསུང་རྡོ་རྗེའི་དངོས་གྲུབ་ཐོབ། ཐུགས་ཀྱི་གནས་བརྒྱད་དུ་ཐུགས་ཀྱི་རིགས་ཀྱི་དཔའ་བོ་དང་དཔའ་མོ་ལྷན་ཅིག་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དངོས་གྲུབ་བླངས་ན་གནས་སྐབས་མཁའ་སྤྱོད་དང་མཐར་ཐུག་རྡོ་རྗེའི་དངོས་གྲུབ་ཐོབ། དེ་བཞིན་དུ་ནང་གི་སྐུ་གསུང་ཐུགས་ཀྱི་གནས་བརྒྱད་གསུམ་ཉི་ཤུ་རྩ་བཞིར་ཐིག་རླུང་བདེ་སྟོང་གི་ཚོགས་འཁོར་བསྐོར་ཞིང་རྟེན་འབྲེལ་བསྒྲིགས་ན་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པ་ཡིན་པར་གདའ་ལགས། དེའི་ནང་ནས་ཀཾ་པོ་གངས་ཀྱི་ར་བ་འདི་ཀཱ་མ་རུ་པའི་གནས་ཡིན། དེ་ཡང་ངེས་ཚིག་གི་དབང་དུ་བྱས་ན་ཀཱ་མ་རུ་པ་ཞེས་པ་བོད་སྐད་དུ་འདོད་པའི་གཟུགས་བྱ་སྟེ། རི་བྲག་ནགས་ཚལ་ལ་སོགས་པ་ཐམས་ཅད་སྐྱེས་པ་དང་བུད་མེད་ལྟ་བ་དང་རྒོད་པ་དང་ལག་པ་བཅིངས་པ་དང་གཉིས་གཉིས་སྤྲོད་པའི་རྣམ་པ་དང་ཕོ་མོའི་རྟགས་ཀྱི་རྣམ་པ་ཡོད་དེ། མ་དག་པའི་ཚེ་འདོད་པའམ་ཆགས་པ་ཟག་བཅས་ཀྱི་བདེ་བས་སྐྱེ་དགུ་བསྡུད་ཅིང་འཛིན་པར་བྱེད་པ་དེ་ཉིད་ལམ་དུས་ཀྱི་བདེ་སྟོང་གི་ཡེ་ཤེས་རིས་མེད་པར་ཕྱག་རྒྱ་བཞིས་སྦྱོར་ཞིང་། འབྲས་བུའི་དུས་སུ་ཁ་སྦྱོར་ཡན་ལག་བདུན་ལྡན་སྟོང་ཆེན་ཡི་གེ་ལྔ་དང་ཐིག་ཀློང་ཡི་གེ་དྲུག་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མཚོན་པར་བྱེད་པ་དང་། ཁྱད་པར་གནས་ཀྱི་ཕུ་ན་རང་བྱུང་གི་ལིངྒ་ཡོད་དེ་རི་རབ་ཀྱི་རྩེ་མོ་འཁོར་ལོ་སྡོམ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཐིམ་པ་དང་ལོངས་སྤྱོད་པ་དང་དག་སེལ་བྱེད་པ་ལྷ་དབང་ཕྱུག་ཆེན་པོའི་སྐུ་བཞེངས་པ། ཡུམ་རྡོ་རྗེ་ཕག་མོ་ཨུ་མ་སྣང་བའི་བདག་པོ་དེས་སྙིང་རྗེ་ཆེན་པོའི་རྗེས་ཆགས་པ་རྣམ་པ་རོལ་པའི་གར་གྱིས་དགྱེས་དགུར་རོལ་པའི་གསང་བའི་རྡོ་རྗེ་མཚོན་པར་བྱེད་དེ། གནས་དེའི་རྒྱུད་ཆད་དང་མཐུན་པར་རིག་མ་ལས་ཕྱག་རྒྱ་དང་གཏུམ་མོ་ངོམ་ཚིག་གི་ཕྱག་རྒྱ་དང་། རང་འོད་ཀྱི་རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་བདེ་སྟོང་གཉིས་མེད་ཟུང་འཇུག་གི་མ་ནི་ཆེན་པོའི་གོ་འཕང་བསྒྲུབ་པར་གང་ཟག་སྐལ་ལྡན་གྱི་སྐྱེས་བུས་ཚུལ་བཞིན་དུ་བསྒྲུབ་ན་རབ་ལོ་གསུམ་དང་ཕྱོགས་གསུམ། འབྲིང་ཚེ་འདི་དང་མཐའ་མ་ཡང་བར་དོར་མཆོག་གི་དངོས་གྲུབ་ཐོབ་པ་འདུག་པས། སྒྲུབ་བརྒྱུད་རིན་པོ་ཆེའི་མན་ངག་བདུད་རྩི་ལྟ་བུ་འཐུང་ནས་བཀའ་བརྒྱུད་ཀྱི་རྣམ་ཐར་བསྐྱངས་ནས་ཆོས་ཚུལ་བཞིན་དུ་སྒྲུབ་པའི་ཞལ་གདམས་མཛད་པར་ཞུ། དེས་ན་གནས་འདིའི་རི་བྲག་ནགས་ཚལ་ཐམས་ཅད་གཞི་ལམ་འབྲས་བུའི་བདེ་སྟོང་དབྱེར་མེད་ཀྱི་རྟགས་སུ་ཡོད་པས་ཀཱ་མ་རུ་པའམ་འདོད་པའི་གཟུགས་ཞེས་བྱ་བ་ཡིན། དེ་ཡང་གནས་ཉེར་བཞིའི་ནང་ནས་གསུང་གི་གནས་ཡིན། དེ་ལའང་ཐབས་ཀྱི་དགའ་བ་བཞི་དང་། ཤེས་རབ་ཀྱི་དགའ་བ་བཞི་སྒོམ་པའི་གནས་བརྒྱད་ཡོད་པ་ལས་དང་པོ་ཡིན། ངག་གི་ཐིག་ལེ་དང་རྨི་ལམ་གྱི་གནས་སྐབས་སྦྱོང་ཞིང་མཆོག་དགའ་བའི་ཡེ་ཤེས་བསྐྱེད་པ་དང་གསུང་རྡོ་རྗེའི་སྐལ་བ་འཇོག་པའི་ཞིང་ཡིན། ཀཱ་མ་རུ་པ་ཞེས་པའི་མིང་དང་པོ་ཀ་ཐིག་ལེས་བརྒྱན་པ་ཀཾ་ཞེས་པའི་ཡི་གེ་གནས་ཀྱི་ཕུ་ན་གསལ་བ་ཡོད་པས་ཀཾ་པོ་གནས་ཞེས་གྲགས་ཤིང་། དེའི་རྒྱུ་མཚན་ཡང་མ་དག་པ་འཕོ་བཅས་ཀྱི་འདོད་པ་དང་། དག་པ་འཕོ་མེད་ཀྱི་འདོད་པ་ལ་ཀཱ་མ་ཞེས་པའི་མིང་ཐོབ་ཅིང་། དེའི་རྟེན་དག་མ་དག་གི་འགྲོ་བ་ཐམས་ཅད་ཀྱི་སྤྱི་བོ་དབུ་མའི་རྩེ་མོར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དང་། ཧཾ་ཡིག་དང་ཀཾ་ཡིག་གི་རྣམ་པ་ལ་སོགས་པ་ཡོད་ལ། དེ་དཀར་ཆ་བཅུ་དྲུག་པའི་ཐིག་ལེ་ཡིན་པས་དེ་མཚོན་བྱེད་ཀཾ་ཡིག་གསལ་བར་ཡོད་པ་ཡིན། ཡང་ན་ཕྱོགས་བཅུ་དུས་གསུམ་གྱི་ཕྲིན་ལས་པ་རྒྱལ་བ་མཐའ་དག་གིས་དབང་བསྐུར་བ་རྫོགས་པའི་སངས་རྒྱས་ཀརྨ་པ་ཞེས་ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་ན་སྙན་པར་གྲགས་པ་དེའི་མཚན་གྱི་ཡི་གེ་ཐོག་མ་ཀ་ཐིག་ལེས་བརྒྱན་པའི་ཀཾ་ཡིག་རང་བྱོན་དུ་ཡོད་ལ། དེ་ཡོད་པ་ལའང་བོད་ཀྱི་ཡུལ་འདིར་ཞྭ་ནག་གི་ཅོད་པན་དང་ཀརྨ་པའི་མཚན་མངའ་བའི་ཐོག་མ་དུས་གསུམ་མཁྱེན་པ་ཉིད་གནས་འདིར་གྲུབ་པ་བརྙེས་པའི་ཚུལ་བསྟན་པ་དང་དེའི་སྒྲུབ་བརྒྱུད་མཐའ་དག་ལ་ཀརྨ་ཀཾ་ཚང་པ་ཞེས་གྲགས་པའི་སྒོ་ནས་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་བརྟན་པ་རྒྱུན་མི་ཆད་པར་འབྱུང་བ་འདིའི་རྟེན་ཅིང་འབྲེལ་འབྱུང་དཔག་པར་དཀའ་ཞིང་བསམ་གྱིས་མི་ཁྱབ་པ་ཡིན་པར་གདའ་ལགས། གནས་འདི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པ་ཡིན་པའི་ཚུལ་ཡང་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད་སངས་རྒྱས་ཕལ་མོ་ཆེའི་མདོ་སྡེ་ལས། ཡུལ་ཀཾ་པོ་ཙ་ཞེས་བྱ་བ་ན། །སྔོན་བྱང་ཆུབ་སེམས་དཔའ་བཞུགས་པའི་གནས། །བྱམས་པས་འཕགས་ཞེས་བྱ་བ་ཡོད་དོ། །ཞེས་གསལ་བར་བཀའ་སྩལ་པ་ཡིན་ལ་འདིའི་གནས་བདག་དགེ་བསྙེན་ཆེན་པོ་རྡོ་རྗེ་དཔལ་བརྩེགས་འདི་ཡང་བསྐལ་པའི་ཚེ་ཚད་ཅན་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱི་སྦྱིན་བདག་བྱེད་པར་འགྱུར་བ་ཡིན་པ་གྲུབ་ཆེན་ཀརྨ་པས་གསུངས་པ་ཡིན། དེ་ལྟ་བུའི་གནས་འདིར་དཔལ་ལྡན་དུས་གསུམ་མཁྱེན་པ་ཕྱག་མ་ཕེབས་གོང་དུ་ཡང་གསང་སྔགས་རྙིང་མའི་རྣལ་འབྱོར་པ་མང་པོ་དང་ཤུད་གེ་བན་རྒན་དང་དཔལ་རྒ་ལོ་དང་ཉག་རེ་སེ་བོ་སོགས་གྲུབ་ཆེན་མང་དུ་བཞུགས་པའི་སྒྲུབ་གནས་ཡིན་ན་ཡང་། ཕ་ནོར་བུ་ཐོབ་
པ་ལྟ་བུའི་གནས་བདག་འཁྲུལ་བ་མེད་པ་ནི་དཔལ་ལྡན་དུས་གསུམ་མཁྱེན་པ་ཡིན་ལ། སླར་ཡང་དཔལ་ལྡན་དུས་གསུམ་མཁྱེན་པ་སྟེ་འདས་པའི་སངས་རྒྱས་གཞན་ཕན་རྣམ་རོལ་མ་འོངས་པའི་སངས་རྒྱས་དྲུག་པ་སེངྒེ་། ད་ལྟ་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ན་སྤྲུལ་པ་བྱེ་བ་ཕྲག་བརྒྱས་སེམས་ཅན་གྱི་དོན་མཛད་པའི་རྫོགས་པའི་སངས་རྒྱས་ཡིན་པར་འགྲོ་བའི་དོན་དུ་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས་གང་ལ་གང་འདུལ་གྱི་ཕྲིན་ལས་མཛད་པ་ཡིན་པས། སྔོན་ཤར་ཕྱོགས་བཻཌཱུརྱའི་ཞེས་སུ་དགེ་སློང་དུ་གྱུར་པ་དང་། ནུབ་བ་གླང་སྤྱོད་དུ་བྲམ་ཟེའི་དགེ་སློང་དྷརྨ་ཨ་དྷི་ཤ་ཉེས་པ་བྱ་བར་གྱུར་པ་དང་། གླིང་དེ་ཉིད་དུ་གླང་པོ་ཆེ་བདུན་བརྒྱའི་ནང་ནས་སྟོབས་ཆེ་བར་གྱུར་ཏེ་སྡིག་སྤྱོད་ཀྱི་རྒྱལ་པོར་བརྫུས་ནས་གནས་འཕོས་པས་ཕྱིས་ཡོན་བདག་སྒོམ་པར་གྱུར་པ་དང་། སྔོན་རྫོགས་ལྡན་གྱི་མཐའ་མར་མང་པོས་བཀུར་བའི་རྒྱལ་པོའི་དུས་ཤཱཀྱའི་རིགས་མཐོང་ན་ཡིད་འོང་གི་མདུན་དུ་རྣལ་འབྱོར་ནམ་མཁའ་འོད་ཡེ་ཤེས་དབྱིངས་སུ་གྱུར་པ་དང་། རྒྱལ་པོ་ཛའི་ཁབ་ཏུ་ཆོས་ཀྱི་གླེགས་བམ་བབ་པའི་ཚེ་བཛྲ་ཤྲིར་གྱུར་པ། རྒྱ་ནག་སྟོང་ཁུན་དུ་རིག་འཛིན་རྣལ་འབྱོར་པར་གྱུར་ནས་བསྟན་པ་བཙུགས་པ་དང་། ཤར་ཕྱོགས་སུ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སེངྒེ་རབ་རྩམ་དུ་གྱུར་པ་དང་། འཕགས་པའི་ཡུལ་དུ་ས་ར་ཧ་དང་ཀླུའི་བྱང་ཆུབ་དང་འབར་བའི་རྒྱལ་མཚན་དང་ཆོས་ཀྱི་གྲགས་པ་དང་སློབ་དཔོན་རྟ་དབྱངས་ལ་སོགས་པའི་ཚུལ་བཟུང་། བོད་ཀྱི་ཡུལ་འདིར་ཡང་སྐུའི་བཀོད་པ་སྣ་ཚོགས་ཤིག་བསྟན་ཏེ་རྣམ་ཐར་བརྗོད་ཀྱིས་མི་ལང་བ་འཕགས་པ་ཆེན་པོ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བ་ཞིག་ཡིན་པ་ལས། རྗེ་དུས་གསུམ་མཁྱེན་པ་ཉིད་ཀྱི་སྐུའི་བཀོད་པ་འདི་ལ་མདོ་ཁམས་ཏྲེ་ཧོར་དུ་སྐུ་བལྟམས། དགུང་ལོ་བདུན་བརྒྱད་ནས་དཔལ་ལྡན་ལྷ་མོའི་གྲུབ་རྟགས་ཐོན་ཏེ་སྐུ་དགྲ་བཏུལ། དགུང་ལོ་བཅུ་དྲུག་ལ་རབ་ཏུ་བྱུང་བར་གཙུག་ཕུད་བཏོག་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་ཀརྨ་པའི་མཚན་དང་ཞྭ་ནག་གསོལ་བར་གཟིགས་མཛད་དེ། དགུང་ལོ་ཉི་ཤུ་ལ་དབུས་སུ་བྱོན་ནས་ཕྱྭ་པ་ཆོས་ཀྱི་སེངྒེ་སོགས་མཁས་པ་མང་དུ་བསྟེན་ནས་གནས་ལུགས་ཆོས་ཀྱི་སྐུ་ངོ་སྤྲད། སྒོམ་ཆེན་བརྒྱད་བརྒྱའི་ནང་ནས་སྒོམ་བསྲན་ཆེ་བར་གྲགས། རས་ཆུང་རྡོ་རྗེ་གྲགས་པ་སོགས་ལས་གདམས་ངག་རྫོགས་པར་གསན། ཐབས་ལམ་བསྐྱངས་པས་རླུང་དབུ་མར་ཆུད་པས་བདེ་དྲོད་འབར་བ་སོགས་རྟགས་བཅུ་ཡོན་ཏན་བརྒྱད་སོགས་མཐར་ཕྱིན། རྟོགས་པ་ནམ་མཁའ་དང་མཉམ། དྭགས་པོ་རིན་པོ་ཆེ་ལ་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་ཡོད་པའི་ནང་ནས། ང་ཁམས་པ་སེ་བོ་ཁྱོད་ལ་རེ་ཆེ་བ་ཡིན་ཞེས་ཡང་ཡང་གསུངས་ཤིང་བཀའ་བརྒྱུད་ཀྱི་བསྟན་པ་གཏོད་པར་མཛད། ཁྱོད་སྒྲུབ་པ་ཁམས་ཀྱི་ཀཾ་པོ་གངས་ར་ཡིན་འགྲོ་དོན་དབུས་གཙང་ཁམས་སུ་ཁྱབ་པ་འོང་ཞེས་ལུང་བསྟན་པར་སློབ་དཔོན་སྒམ་པོས་དེ་དང་མཐུན་པའི་ཞལ་ཏ་མཛད་ནས་ཁམས་སུ་བྱོན། གནས་འདི་ཉིད་དུ་སྒྲུབ་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས། རྟོགས་ལྡན་གྱི་སློབ་བུ་བསྐྱངས་ཏེ་གདན་ས་ཐོག་མ་བཏབ། དེ་ནས་རིམ་གྱིས་སྟོད་ལུང་མཚུར་ཕུ་དང་ཀརྨ་ཡང་བཏབ་ནས་གདན་ས་གོང་འོག་བར་གསུམ་དུ་གྲགས། སྤྱིར་ཀརྨ་པའི་གདན་ས་དང་གནས་ཀྱི་གཙོ་བོ་ལྔ་ཡོད་པ་ལས་ཀཾ་པོ་གངས་ར་སྐུའི་གནས། འོག་མིན་ཀརྨ་གསུང་གི་གནས། སྟོད་ལུང་མཚུར་ཕུ་ཐུགས་ཀྱི་གནས། ཤར་ཕྱོགས་སྤུངས་རི་ཡོན་ཏན་གྱི་གནས། འདབ་པ་སྤང་ཕུག་ཕྲིན་ལས་ཀྱི་གནས་ཡིན་པར་གདའ། དེ་ལྟར་ངོ་བོ་སངས་རྒྱས་དངོས་ཡིན་ཡང་། སྣང་ཚུལ་ཐེག་པ་ཆེན་པོའི་རྣལ་འབྱོར་པའི་ཚུལ་བཟུང་བ་དཔལ་ལྡན་དུས་གསུམ་མཁྱེན་པ་ཉིད་ཀྱི་རང་དོན་གྲུབ་པ་བརྙེས་ཚུལ་བསྟན་པའི་ས་ཡིན། རྣལ་འབྱོར་པ་རྣམས་ཀྱིས་གཟིགས་ངོར་རྡོ་རྗེ་ཐེག་པའི་གནས་མཆོག་སྣང་བ་ཐམས་ཅད་ལྷར་ཤར་བ་དེ་ལྟ་བུ་ཡིན་པ་གདའོ། །
གསུམ་པ། འཕགས་པ་ཆེན་པོ་རྣམས་ཀྱི་གཟིགས་ངོར་ཇི་ལྟ་བུ་ཡོད་པ།
གནས་འདི་ཤིང་བུ་རྡེའུ་ཚུན་ཆད། རྟེན་གཞལ་ཡས་ཁང་བརྟེན་པ་ཡི་དམ་གྱི་ལྷ་ཚོགས། སྟེང་བཀའ་བརྒྱུད་ཀྱི་བླ་མ། བར་རྒྱུད་སྡེ་བཞིའི་ལྷ་ཚོགས། འོག་ཆོས་སྐྱོང་སྲུང་མ་དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོའི་ཚོགས་ཏིལ་གྱི་གོང་བུ་ཕྱེ་བ་ལྟར་གཟིགས་པ་ཡིན་ཏེ། གཟིགས་སྣང་དེ་དག་གི་ཆ་ཤས་ཙམ་གནས་ཀྱི་ཕུ་མདའི་བཞུགས་ཚུལ་དང་བསྟུན་ནས་རེ་རེ་བཞིན་ཕབ་པར་ཆོས་ཀྱི་གླེགས་བམ་འབེབ་པའི་ཚེ་བཛྲ་ཤྲཱིར་གྱུར་པ། རྒྱ་ནག་སྟོང་ཀུན་ཏུ་རིག་འཛིན་རྣལ་འབྱོར་པར་གྱུར་ནས་བསྟན་པ་བཙུགས་པ་དང་། ཤར་ཕྱོགས་སུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སེངྒེ་རབ་རྩལ་དུ་གྱུར་པ་དང་། འཕགས་པའི་ཡུལ་དུ་ས་ར་ཧ་དང་ཀླུའི་བྱང་ཆུབ་དང་འབར་བའི་རྒྱལ་མཚན་དང་ཆོས་ཀྱི་གྲགས་པ་དང་སློབ་དཔོན་རྟ་དབྱངས་ལ་སོགས་པའི་ཚུལ་བཟུང་། བོད་ཀྱི་ཡུལ་འདིར་ཡང་སྐུའི་བཀོད་པ་སྣ་ཚོགས་ཤིག་བསྟན་ཏེ། རྣམ་ཐར་བརྗོད་ཀྱིས་མི་ལངས་པ་འཕགས་པ་ཆེན་པོ་རྣམས་ངོ་སྤྲོད་ཞུ་བ་ཡིན་ལགས། དེས་གནས་འདིའི་སྤྱི་བཤད་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་སོང་བ་ཡིན་པས་དད་མོས་རྩེ་གཅིག་པའི་སྒོ་ནས་སྨོན་ལམ་མཛད་པ་ཞུའོ། །ལགས་སོ། །གནས་འདི་ཉིད་དུ་རྟགས་བསྟན་པའི་ཞལ་གཟིགས་དང་རང་བྱོན་སྒྲུབ་ཕུག་སོགས་ཇི་ལྟར་ཡོད་པ་གཏམ་གསལ་བར་ཞུ་བའི་དབང་དུ་བྱས་ན། གནས་འདི་ཀཾ་ཕུ་བརྒྱད་ཅེས་པའི་ལུང་པ་བརྒྱད་ཡོད་པ་ལ། ས་ཆ་སོ་སོར་ཤིང་དང་དངོས་གྲུབ་ཀྱི་ཕུག་པ་དང་རང་བྱུང་མཆོད་རྟེན་དང་རི་དང་མི་དང་ཕྱོགས་སྐྱོང་དང་ཞིང་སྐྱོང་ཚོར་བ་ཡོད་དེ་ཧ་ཧ་སྒྲོགས་པ་ལ་སོགས་པ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཚུལ་དུ་ཡོད། ཁྱད་པར་དུ་གཡས་བྲག་མཐིལ་གྱི་ལུང་པ་འདི་རྩ་གཡས་རོ་མའི་ཚུལ་དུ་ཡོད་དེ་ཉི་མའི་ལམ་ཡིན་པས་བྲག་དང་ས་གཞི་ཆུ་དང་བྱེ་མ་རྡོ་རིགས་རྣམས་དམར་པོ་དང་སེར་པོ་ཤས་ཆེ། གཡོན་རྫོང་དཀར་གྱི་ལུང་པ་འདི་རྩ་གཡོན་རྐྱང་མའི་ཚུལ་དུ་ཡོད་དེ་རི་བྲག་ཆུ་དང་བྱེ་མ་རྡོ་རིགས་ཐམས་ཅད་དཀར་པོ་ཤས་ཆེ། དབུས་གནས་ཀྱི་ལུང་པ་དང་པོ་འདི་རྩ་དབུ་མ་ཨ་ཝ་དྷུ་ཏིའི་ཚུལ་དུ་ཡོད་དེ། རི་བྲག་དང་ཆུ་དང་བྱེ་མ་རྡོ་རིགས་ཐམས་ཅད་སྔོན་པོ་དང་ཤེལ་གྱི་མདོག་ལྟ་བུར་ཤས་ཆེ། གནས་ཀྱི་མདོ་དྲང་ཐད་ཀྱི་ཕར་ཁ་འདི་ན་གནས་ཀྱི་སྒོ་སྲུང་གི་ཚུལ་དུ་རྒྱལ་པོ་ཆེན་པོ་སྡེ་བཞི་བྲག་རིའི་ཚུལ་དུ་ཡོད། དེའི་སྟེང་ན་འཇིག་རྟེན་སྐྱོང་བ་བཞིས་གནས་ལ་མཎྜལ་ཕུལ་བའི་ཚུལ་དུ་ནེའུ་གསིང་སྤང་ལྗོངས་མཉམ་ཞིང་ནགས་ཚལ་ཚོམ་བུ་བཀོད་པའི་རྣམ་པ་ཡོད། དེའི་ཡར་ཁ་ན་ལྷ་ཁྱིམ་བྲག་གི་གནས་ཕུག་ཅེས་བྱ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་དང་། གུ་རུའི་ཆོས་གཏེར་བཞུགས། དེ་སྔོན་རྒྱ་བཟའ་ཀོང་ཇོ་ཡིས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་གདན་དྲངས་ནས་བྱོན་པའི་དུས་ཡུན་རིང་དུ་བཞུགས་འདུག དེ་ནས་ཕར་ཕྱིན་པ་ན་སྔོན་དུས་གདའ་སྔོ་མདོར་གྲགས་ཤིང་དེང་སང་གདའ་མཁར་རྩ་ཟེར་བ་བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་སྐུ་བལྟམས་པའི་གནས་ཡོད། ཆུའི་ཕར་ཁ་ན་དུང་དཀར་ཐང་གི་དཀྱིལ་སྟོད་ན་ཀརྨ་པ་རང་བྱུང་རྡོ་རྗེས་ཆོས་དུང་གཏེར་ནས་བཞེས་པའི་ཤུལ་གསལ་བར་ཡོད། དེ་ནས་ཡར་འོངས་པ་ན་མཁའ་འགྲོ་མ་རྣམས་ཚོགས་འཁོར་བསྐོར་བའི་གནས་ཡོད། དེའི་ཉེ་ལོགས་ན་དུང་དཀར་རང་བྱོན་གསལ་བ་ཡོད། དེའི་ཉེ་བ་ན་ཤུད་གེ་བན་རྒན་རྒྱ་མཚོའི་སྒྲུབ་ཕུག་ཡོད། སྔོན་རྗེ་དུས་གསུམ་མཁྱེན་པ་ཏྲེ་ཤོད་ལྷ་མོ་ཕུག་ཏུ་སྒྲུབ་པ་མཛད་པའི་དུས་དཔལ་ལྡན་ལྷ་མོ་ལ་གཏོར་མ་སྦྱིན་སྙམ་དུ་དགོངས་པ་ན་ལྷ་མོའི་ཞལ་ནས་གཏོར་མ་མྱུར་དུ་བྱིན། གནས་ནང་དུ་ཤུད་གེ་བན་རྒན་གྱི་གཏོར་མ་ལེན་དུ་འགྲོ་དགོས་གསུངས། གཏོར་རྫས་ཇི་ལྟ་བུ་ཞིག་ཡོད་དགོངས་ནས་ཏིང་ངེ་འཛིན་གྱིས་གཟིགས་པས་ན། རྡོ་ལེབ་ཅིག་གི་སྟེང་ན་ཁྱིའི་ལག་པ་དུམ་བུ་ཅིག་བཞག་འདུག རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་ཆེ་བ་ཡིན་ཡང་དགོངས་པ་བྱུང་། དེ་དུས་ཤུད་གེ་བན་རྒན་གྱིས་དཔལ་ལྡན་ལྷ་མོ་ལ་གཏོར་མ་ཕུལ་བའི་གཏོར་ཕུད་སྟེགས་དང་བཅས་པའི་ཚུལ་ད་ལྟའང་གསལ་བོར་ཡོད། དེ་དང་ཉེ་བ་རྣམ་རྒྱལ་མཆོད་རྟེན་རང་བྱོན་ཡོད། གཞན་ཡང་དེ་དང་ཉེ་བ་འོད་དཀར་རྫ་སྒོ་ཞེས་པ་སེངྒེ་དང་ཆུ་སྲིན་དང་ནམ་མཁའ་ལྡིང་དང་རྨ་བྱ་ལ་སོགས་པ་མཆོད་པའི་ཚུལ་གྱི་གཟུགས་བརྙན་དུ་མ་དང་གེ་སར་རྒྱལ་པོའི་རལ་གྲིས་བཏུབས་པའི་ཕ་ཝང་དང་། དེ་ནས་ཡར་འོང་བ་ན་རྡོ་ཆེན་ཨ་མོ་ལི་ཀྭ་ལ་ཨོཾ་ཡིག་ཡོད། རྫ་སྒོ་དང་ཕྲེང་སྒོ་གཉིས་ཀྱི་བར་སྟག་ལྤགས་ཐང་ཞེས་བྱ་བ་ཡོད། གནས་ཀྱི་དཔའ་བོ་དང་དཔའ་མོ་ལ་འཇིག་རྟེན་སྐྱོང་བས་མཆོད་པ་ཕུལ་དུ་བཅུག་པའང་གྲགས། གནས་ཀྱི་ལུང་པ་འདི་དཔལ་འཁོར་ལོ་སྡོམ་པའི་སྐུའི་རྣམ་པ། གཡས་རི་དང་གཡོན་རི་འདི་གཉིས་ཞབས་གཡས་བརྐྱངས་གཡོན་བསྐུམ་སའི་ཚུལ་དུ་ཡོད་པ་ལ། སྟག་ལྤགས་ཐང་འདི་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བའི་རྣམ་པ་ཡང་ཡོད། སྟག་ལྤགས་ཐང་གི་གཡས་ངོས་ཀྱི་རི་རྒྱུད་རིང་པོ་འདི་གཡུ་འབྲུག་སྔོན་མོ་དགུང་ལ་ཆས་པའི་ཚུལ་ཞུ་བ་འདུག་པས་མགོ་བོ་དགེ་བསྙེན་ཆེན་པོ་གངས་ཀྱི་མགུལ་དུ་སླེབས་པའི་རྭ་དང་བཅས་པ་གསལ་བར་ཡོད་ཅིང་། མཇུག་མ་ཆུ་འགྲམ་གྱི་བར་དུ་རྒྱུད་མ་ཆད་པར་ཡོད་དེ་བཀའ་བརྒྱུད་པའི་ཆོས་བརྒྱུད་ཆད་པ་མེད་པ་དང་། སྙན་གྲགས་དབྱར་གྱི་རྔ་དང་མཚུངས་པའི་རྟེན་འབྲེལ་ཡོད། གཡོན་རི་འདིའི་ངོས་ན་བྲག་སེངྒེ་གནམ་དུ་ཆས་པ་ལྟ་བུའི་གཡུ་རལ་དང་མཇུག་མ་ལ་ནགས་ཡོད་པ་འདི་སྟོང་ཉིད་སེངྒེ་ང་རོ་སྒྲོག་ཅིང་མི་མཐུན་རི་དྭགས་ཐལ་བར་རློག་པའི་རྟེན་འབྲེལ་ཡོད། གཡས་ཀྱི་ངོས་འདི་ན་རྗེ་ཀརྨ་པ་ན་རིམ་གྱི་སྒྲུབ་གནས་ཐར་པ་གླིང་ཞེས་བྱ་བ་ཕུག་པ་གཟིམ་སྤྱིལ་དང་བཅས་པ་ཡོད་ཅིང་དེ་ན་རྡོ་རྗེ་རྣལ་འབྱོར་མའི་སྐུའི་དབྱིབས་གསལ་བ་དང་བྷ་ག་ན་རང་བྱུང་གི་ཚལ་སིནྡྷུ་ར་འབབ་པ་ཡོད། དེ་ནས་ཕར་ཕྱིན་པ་འདི་རུ་རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་སྐུ་ན་ཕྲ་བའི་སྐབས་སུ་བཞུགས་སྒར་བཏབ་ནས་ཡི་གེ་ཕྱི་མོ་དབྱངས་གསལ་ཀློག་པའི་ཚུལ་མཛད་པའི་གནས་ཀ་ཁ་རི་ཕུག་ཏུ་གྲགས་པ་སྒར་མལ་ཆོས་ཁྲི་དང་བཅས་པ་ཡོད། དེ་ནས་གཡས་ངོས་སུ་ཡར་ཕྱིན་པ་ན། རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དགུང་ལོ་བདུན་བཞེས་པའི་ཚེ་གཟིམ་སྤྱིལ་ཆུང་ངུར་འདག་སྦྱར་མཛད་ནས་ཏིང་ངེ་འཛིན་དུ་བཞུགས། སྤྱན་བཙུམ་པའི་གཟིགས་སྣང་གི་སྟོང་གཟུགས་སུ་ལོངས་སྤྲུལ་སྐྱེ་འཕགས་སྣ་ཚོགས་པའི་དབྱིབས་དང་། རྔོན་པས་རི་དྭགས་བཤོར་བ་སོགས་གཟིགས་ཞེས་རྣམ་ཐར་དུ་ཐེབས་པ་དེ་ལྟ་བུའི་རྣམ་ཐར་བསྟན་པའི་གནས་ནོར་བུ་གླིང་དང་། དེ་ནས་ཕར་མཁའ་འགྲོ་གླིང་། པདྨ་གླིང་དང་བྱ་རྒོད་གླིང་ལ་སོགས་པའི་གནས་ཡོད། དེའི་སྨད་ན་སྔོན་གླིང་གེ་སར་དཔའ་བོས་མདའ་འཕངས་པའི་ས་ཡིན་པར་གྲགས། དེར་གེ་སར་མདའ་ར་ཟེར་བཞིན་ཡོད། དེ་ནས་ཡར་ཕྱིན་པ་ན་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཆིབས་པའི་རྗེས་སུ་གྲགས་པ་ཡོད། དེ་ནས་ཡར་དབྲ་མཐིལ་གྱི་ཕུ་མདའ་ན་རྗེ་ཀརྨ་པ་ན་རིམ་དང་དེ་དག་གི་སློབ་མ་སྒོམ་ཆེན་གྲུབ་ཐོབ་བཞུགས་པའི་གནས་ཕུག་པ་དང་སྤྱིལ་བུ་ལ་སོགས་པ་གྲངས་ལས་འདས་པ་ཡོད། གཡོན་ངོས་ཀྱི་སྟེང་ཐོག་འདི་ན་སྐྱིད་ཡུལ་བསམ་གཏན་གླིང་ཞེས་པའི་གནས་ཁྱད་དུ་འཕགས་པ་ཞིག་ཡོད། དེ་ནས་ཕར་ཕྱིན་པ་ན་སྐྱབས་ཁྲ་ནག་ལུང་ཞེས་པའི་ཕུ་ན་ཤུད་གེ་བན་རྒན་དང་གཤིན་སྒོམ་རི་ཐུལ་ཅན་གྱི་སྒྲུབ་ཕུག་དང་། ཕ་བོང་ལུག་མགོ་ལྟ་བུའི་དྲུང་ནས་རང་བྱུང་སིནྡྷུ་ར་འབབ་པ་ཡོད། དེ་དང་ཁ་ཉེ་བ་ན་ངོ་བོ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ། རང་བཞིན་འཆི་མེད་ཀྱི་བདུད་རྩི། ནུས་པ་རླུང་མཁྲིས་བད་ཀན་འདུས་པ་ལྡན་པའི་ནད་ཐམས་ཅད་འཇོམས་པ། རྣམ་པ་ཆུ་ཚ་ཞིང་དྭངས་བ། རྒྱུ་རྐྱེན་རྡོ་ཆུ་དང་རྡོ་སོལ་ལ་བརྟེན་ནས་ཁོལ་བའི་ཆུ་ཚན་ཡོན་ཏན་ཐམས་ཅད་ལྡན་པ། རྗེ་ཀརྨ་པ་ན་རིམ་སོགས་མཁས་གྲུབ་མང་པོས་སྐུ་ཁྲུས་ཉིན་རེ་མཛད་པའི་བྱིན་བརླབས་དང་ལྡན་པ་ཡོད། དེ་ནས་ཕར་རྫོང་དཀར་རྫོང་ནག་ཟེར་བའི་ལུང་པ་རྣམས་ཀྱི་ཕུ་མདའ་ཡང་སྔོན་གྱི་སྒྲུབ་གནས་ཕུག་པ་གྲངས་ཀྱིས་མི་ཆོད་པ་ཡོད། སྟག་ལྤགས་ཐང་གི་ཐད་འདི་ལུས་ཀྱི་འཁོར་ལོ་བཞིའི་དབང་དུ་བྱས་ན་གསང་གནས་བདེ་སྐྱོང་གི་འཁོར་ལོ་ཡིན། ཐང་འདིའི་ཕུག་ན་དཔལ་འཁོར་ལོ་སྡོམ་པའི་གསང་བའི་གནས་བབས་པ་བདུད་རྩི་སྨན་གྱི་ཆུ་ཡན་ལག་བརྒྱད་དང་ལྡན་པ་ནད་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཡོད། སྔོན་རྗེ་དུས་གསུམ་མཁྱེན་པ་གནས་འདིར་ཡུན་རིང་དུ་བཞུགས་པར་དགོངས་པ་ན། དགེ་བསྙེན་ཆེན་པོས་བཞུགས་པར་གསོལ་བ་བཏབ་པ་བདུད་རྩི་སྨན་གྱི་ཆུ་མིག་ཕུལ་ཞེས་གྲགས་པ་ཡང་ངོས་འཛིན་ཁ་ཤས་འདུག་ཀྱང་འདི་ཡིན་པར་ངེས། ཐང་འདི་སྟག་གི་ལྤགས་པ་དང་འདྲ་བ་ཡོད་པས་སྟག་གི་རྣ་བ་གཉིས་ཞིང་སྐྱོང་ཊཱཀྐི་ཕྲ་མེན་གཉིས་སྒོ་སྲུང་གི་ཚུལ་དུ་གནས། ཕྲེང་སྒོའི་གཡོན་གྱི་ཟུར་འདི་ན་འགྲོ་མགོན་ཙཱ་རི་རས་པའི་བཞུགས་གནས་ཕུག་པ་བདེ་ཆེན་ཉམས་དགའ་ཞེས་བྱ་བ་ཡོད། ཕྲེང་སྒོ་འདིའི་ནང་ཡེ་ཤེས་མགོན་པོ་བེར་ནག་ཅན་དང་། དཔལ་ལྡན་ལྷ་མོའི་སྐུ་གསལ་བར་ཡོད་ཅིང་། ཧོམ་ཁུང་འཇིགས་སུ་རུང་བ་ཡོད། ཊཽམ་བྷི་ཧེ་རུ་ཀ་སྟག་ལ་ཆིབས་ནས་ནམ་མཁའ་ལ་གཤེགས་པའི་ཚུལ་ཡོད། ཕྲེང་སྒོའི་གཡས་འདིར་སྒོ་སྲུང་བྱ་རོག་གདོང་ཅན་ཡོད་ཅིང་། ཕྲེང་སྒོ་ནང་མ་ཨ་ཕུག་ཕྲང་ཟེར་བ་འདིར་ཕྱིན་པ་ཙམ་གྱིས་ངན་སོང་རྡོག་པས་གནོན་པ་ཡིན་ཞེས་ཆོས་རྗེ་ན་རིམ་གྱིས་ཞལ་ནས་བཞེས་པ་ཡིན། དེ་ནས་ཡར་འོངས་པ་ན་རྗེ་དུས་གསུམ་མཁྱེན་པའི་ཕྱག་འཁར་ཡིན་པར་གྲགས་པའི་ཤིང་སྡོང་ཡོད། དེ་དང་མི་རིང་བའི་ས་ན་རྗེ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་འོད་གསལ་ཕུག་བྱ་བ་ཡོད། དེའི་ཉེ་སྐོར་ན་རྗེ་དུས་གསུམ་མཁྱེན་པའི་སྒྲུབ་ཆུ་ཡོད། དེ་ནས་གྱེན་དུ་ཕྱིན་པ་ན་རྗེ་དུས་མཁྱེན་གྱི་སྒྲུབ་ཕུག་འཇའ་ཚོན་ཕུག་བྱ་བ་ཡོད། དེའི་ཐད་ཀ་ཕ་རི་ན་སྤྱན་རས་གཟིགས་འགྲོ་འདུལ་གྱི་སྐུ་གསལ་བར་ཡོད་ཅེས་གྲགས། གངས་རི་ཆེན་པོ་འདི་རུ་གྲུབ་ཐོབ་ཆོས་རྗེ་རྣམས་ཀྱི་ཡོན་བདག་སངས་རྒྱས་འཁོར་བ་འཇིགས་ནས་བཟུང་སྣང་མཛད་བར་གྱི་བསྐལ་བཟང་གི་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་བདག་དགེ་བསྙེན་ཆེན་པོ་རྡོ་རྗེ་དཔལ་བརྩེགས་ཞེས་བྱ་བ་ཚེ་ཚད་བསྐལ་པར་གནས་པ། བྱང་ཆུབ་སེམས་དཔའ་འཇིག་རྟེན་སྐྱོང་བའི་ཚུལ་བཟུང་བ་ཞིག་ཡིན་པར་གདའ་ལགས། དེ་ཡང་སྟོན་པ་ཨ་གཉན་དང་ཨ་དཔལ་དང་ཨ་གྲགས་གསུམ་གྱིས་འཁོར་གྱི་བསྐོར་ནས། སྤྱིར་ཆོས་བྱེད་ཡོངས་ཀྱི་ཕྲིན་ལས་སྒྲུབ་དགོས་ཤིང་། སྒོས་ཀརྨ་ཀཾ་ཚང་གི་ཆོས་སྒོར་ཞུགས་ནས་སྒྲུབ་པ་ཚུལ་བཞིན་བྱེད་པ་རྣམས་དུས་དང་རྣམ་པ་ཐམས་ཅད་དུ་འགྲོགས་ནས་ཕྲིན་ལས་སྒྲུབ་ཅིང་སྡོང་གྲོགས་གཡེལ་བ་མེད་པར་མཛད་པ་ཡིན། དེའི་ཐད་ཟུར་གྱི་ཕར་ཁ་ན་ཡོད་པའི་གངས་རི་རྩེ་མོ་གསུམ་ཡོད་པ་འདི་ཇོ་བོ་རིགས་གསུམ་མགོན་པོའི་སྐུ་ལ་ཞལ་གཟིགས་པར་གདའ། འཕྲང་སྒོའི་ནང་ལོགས་ཀྱི་ཐད་ཕར་ཁ་ཚུར་ཁ་ན་ཡོད་པའི་རི་འདི་གཉིས་དཔའ་བོ་དཔའ་མོའི་བླ་བྲག་ཡིན། དེ་ཡང་ཚུར་ཁ་འདི་རྒྱལ་པོའི་ཚུལ་དང་། ཕར་ཁ་འདི་རྒྱལ་མོ་བུ་ཐོག་པའི་ཚུལ་དུ་ཡོད་ཅིང་རྡོ་རྗེ་དང་པདྨས་མཚན་པ་ཡོད། དེ་ནས་ཡར་ཡོང་བ་འདིར་ཆུ་སྡུག་རྡོ་རྗེ་བྲག་ཅེས་བྱ་བ་རྗེ་བཙུན་མའི་ཕོ་བྲང་ཡོད། དེ་རུ་ཡར་ཕྱིན་པ་ན་ཆུ་སྡུག་ཡང་དགོན་ཞེས་བྱ་བའི་སྒྲུབ་གནས་ཡོད། རི་རྩེ་འདིར་གྲུབ་ཆེན་ཀརྨ་པཀྵིའི་སྐུ་རང་བྱོན་དུ་བཞུགས། དེ་ནས་ཡར་ཕྱིན་པ་ན་གྲུབ་ཐོབ་ཅོག་རོ་སྒོམ་ཆེན་གྱི་ཡོན་བདག་བཟའ་བདུན་བཞུགས་པའི་གནས་ཕ་བོང་དུར་ཁྲོད་ཟིལ་གནོན་ཞེས་བྱ་བ་ཡོད། དེ་ནས་ཡར་གྱི་ཐང་འདི་དཔལ་ལྡན་ལྷ་མོའི་དྲེལ་རྒྱུག་པས་དྲེལ་རྒྱུག་ཐང་དུ་གྲགས་པ་ཡིན་པ་གདའ་ཞིང་ཡར་ཟུར་ན་དྲེལ་གྱི་རྐང་རྗེས་གསལ་བོར་ཡོད། ཕར་ཁའི་ནགས་ཀྱི་ནང་འདིར་ཀརྨ་པ་རང་བྱུང་རྡོ་རྗེའི་སྐབས་སུ་གཟིམ་ཁང་སྒྲུབ་སྡེ་དར་བ་ཡིན་ཟེར་བའི་ངག་རྒྱུན་ཞིག་འདུག དེའི་ཡར་ཟུར་གྱི་རི་སུལ་འདི་ན་ཀཿདམ་པ་བདེ་གཤེགས་ཀྱི་བླ་མའི་ཡང་བླ་གསང་སྔགས་རྙིང་མའི་ཆོས་ཀྱི་གྲུབ་པ་བརྙེས་པའི་གྲུབ་ཐོབ་ཅོག་རོ་སྒོམ་ཆེན་དང་སྒོམ་ཆུང་གི་སྒྲུབ་ཕུག་ཅོག་རོ་ཕུག་བྱ་བ་ཡོད། གནས་འདིའི་ལྟེ་བ་རྡོ་རྗེ་གདན་ལྟ་བུ་གཙུག་ལག་ཁང་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་སྔོན་རྗེ་ཀརྨ་པ་དུས་གསུམ་མཁྱེན་པས་གནས་འདིར་གདན་སའི་གཞི་ཙམ་མཛད། ཡོན་བདག་དགོན་པ་རྗེས་སུ་བཟུང་། དེའི་སྐུའི་སྐྱེ་བ་ཕྱི་མ་གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴི་འབྲི་ཀླུང་དུ་སྐུ་བལྟམས། རང་དོན་འགྲུབ་པའི་ཡོན་ཏན་མཐར་ཕྱིན་ནས་ཡོན་བདག་དགོན་པའི་སྐྱེ་བ་མོ་གོར་གན་རྒྱལ་པོའི་དོན་དུ་ཧོར་ཡུལ་དུ་ཐེགས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ནས། རྗེ་དུས་མཁྱེན་གྱི་གདན་ས་གོང་འོག་བར་དུ་གཙུག་ལག་ཁང་དང་དགོན་སྡེ་བཏབ། དེ་ཡང་ཀཾ་པོ་གནས་འདི་གནས་གཞིའི་ཐོག་མ་ཡིན་པ་ལྟར་འདས་པའི་སངས་རྒྱས་མར་མེ་མཛད་ཀྱི་སྐུ་བཞེངས། རྒྱུ་མང་དུ་སྦྱར་ནས་ཆེ་བ་ཞིག་མཛད་པར་དགོངས་ཀྱང་བཟོ་བོའི་བློ་སྟོབས་ཀྱིས་མ་གྲུབ་སྟེ་སྐུ་རྒྱུ་ལྷག་པ་རྣམས་ལས་གྲུབ་ཆེན་རིན་པོ་ཆེ་ཉིད་ཀྱི་སྐུ་བཞེངས། ཡར་ཟུར་གྱི་རྟ་མགྲིན་ཕུག་གི་ཡང་རྟོགས་པར་དཀའ་བ་ཞིག་ཡིན་པ་ལས་རྗེ་དུས་གསུམ་མཁྱེན་པ་ཉིད་ཀྱི་སྐུའི་བཀོད་པ་འདི་མདོ་ཁམས་ཏྲེ་ཤོད་དུ་སྐུ་བལྟམས། དགུང་ལོ་བདུན་བརྒྱད་ནས་དཔལ་ལྡན་ལྷ་མོའི་གྲུབ་རྟགས་ཐོན་ཏེ་སྐུ་དགྲ་བཏུལ། འདིར་དཔལ་རྟ་མཆོག་གི་སྒྲུབ་པ་མཛད་ཚུལ་བསྟན་ནས། རྟ་མགྲིན་རྡོ་རྗེ་སྲིན་པོའི་སྐུར་བཞེངས་ནས་བར་ཆད་ཀྱི་བགེགས་ཐམས་ཅད་བསལ། གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་ཡེ་ཤེས་ཀྱི་སེམས་དཔའ་རབ་ཏུ་གནས་པ་མཛད། གྲུབ་ཆེན་རིན་པོ་ཆེ་ཉིད་ཀྱི་རྩ་བའི་བླ་མ་རྒྱལ་སྲས་སྤོམ་གྲགས་པ་ཆེན་པོའི་གདུང་རྒྱུད་ཀྱི་མཆོད་རྟེན་མཛད་དེ་སྤོམ་གྲགས་སྐུ་འབུམ་དུ་གྲགས་པ་འདི་ཡིན། སྲིད་དཀར་ནང་སོས་གནས་འདི་དང་འདོ་བ་ཡང་ཕུག་སོགས་ཀྱི་བདག་རྐྱེན་སྲི་ཞུ་མཛད་དེ་འདི་རུ་གཙུག་ལག་ཁང་བཞེངས། འདིའི་ནང་དུ་རྗེ་ཆོས་གྲགས་རྒྱ་མཚོའི་སྐུ་གསུང་བྱོན་མ་གྲགས་པའི་བྱིན་བརླབས་ཅན་བཞུགས། གཡོན་ངོས་འདིར་ཕ་བོང་ངོས་ཀྱི་ཆོས་འབྱུང་བསྣོལ་མ་པདྨའི་གདན་ཕག་མོ་ལྷ་ལྔའི་སྐུ་ཡི་མཚན་མ་དང་བཅས་པའི་དཀྱིལ་འཁོར་གསལ་བར་ཡོད། དུར་ཁྲོད་འབོར་ནས་བྱུང་བའི་རྡོ་རྗེ་ཕག་མོའི་སྐུ་རང་བྱོན་བྱང་ཆུབ་འབུམ་ན་བཞུགས་ཟེར་བའི་གནས་ཡིག་རྙིང་པ་ཞིག་འདུག མར་མེ་མཛད་བཞུགས་པའི་འཁོར་ལོ་ཡིན་པས་གཏུམ་མོ་སྒོམ་ན་ཡོན་ཏན་ལྷག་པར་ཆེ་བ་ཡིན། རྟ་མགྲིན་ཕུག་ནས་ཡར་གྱེན་དུ་ཕྱིན་པ་ན་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་སྒྲུབ་གནས་བདེ་ཆེན་སྟེང་ཞེས་བྱ་བ་གཟིམ་སྤྱིལ་སྒྲུབ་ཆུ་དང་བཅས་པ་ཡོད། དེ་ནས་ཡར་ཕྱིན་པ་ན་ཀརྨ་པ་ན་རིམ་གྱི་བཞུགས་ཁྲི་སྒར་ལམ་དང་བཅས་པ་ཡོད། དེ་ནས་ཡར་ཕྱིན་པ་ན་བྲག་རི་བཻཌཱུརྱའི་གླིང་ན་གྲུབ་ཆེན་ཆུ་ཆར་བའི་སྒྲུབ་ཕུག་ཆོས་འབྱུང་གྲུ་གསུམ་དམར་ནག་གི་མདོག་ཅན་ཡོད། བེལ་ཕུར་ཐང་གི་ཕར་ཁ་ན་རྗེ་དུས་མཁྱེན་གྱི་ཕྱག་རྗེས་ཁ་མདོག་དམར་སེར་དུ་ཡོད། ཅེས་ཟེར་བ་གནས་ཡིག་རྙིང་པ་ན་འདུག བེལ་ཕུར་ཐང་མགོ་ན་རྗེ་རང་བྱུང་རྡོ་རྗེའི་སྒྲུབ་ཕུག་སྒྲུབ་ཆུ་དང་བཅས་པ་ཡོད། དེ་ནས་ཡར་ཕྱིན་པ་ན་རྡོ་རྗེ་དཔལ་བརྩེགས་ཀྱི་གངས་འདི་ན་སྔོན་ཉག་རི་སེ་བོས་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་གངས་ཐམས་ཅད་ཞུ་བ་ན་དགེ་བསྙེན་ཆེན་པོས་གུས་པ་འདོད་ཅིང་གྲུབ་ཐོབ་ཆེན་པོ་དེས་དམ་ལ་བཏགས་པའི་གནས་དང་ཕ་བོང་ལ་ཞབས་རྗེས་སོགས་ཡོད། དེ་ནས་ཡར་ཕྱིན་པ་ན་བྲག་གདོང་ལ་དཔལ་མགོན་པོའི་སྐུ་ཆེ་ཞིང་རྔམ་པ་གཟི་བརྗིད་ཟིལ་དང་བཅས་པ་ཡོད། དེའི་གཡས་ཕྱོགས་ཀྱི་རྒྱབ་ན་སྔོན་གྱི་ཆོས་ཁྲི་དང་ཕྱག་རྗེས་དུ་མ་ཡོད། དཔལ་མགོན་པོའི་སྐུ་དེའི་གཡས་ཕྱོགས་ན་བྲག་སྲིན་པོའི་གདོང་འདྲ་བའི་ནང་དུ། དཔལ་ལྡན་ལྷ་མོའི་སྐུ་གསལ་བ་ཡོད། དེའི་མདུན་ན་མགོན་དཀར་ཆོས་ཀྱི་ཕོ་བྲང་ཡོད་པ་དེའི་ལོ་རྒྱུས་ཀྱི་དབང་དུ་བྱས་པ། རྗེ་དུས་གསུམ་མཁྱེན་པ་དེ་ཉིད་དྭགས་པོ་ཁུ་དབོན་གྱིས་ལུང་བསྟན་པ་བཞིན་གནས་འདིར་ཕེབས། གོང་གི་ཕ་བོང་དཀར་ལེབ་ཅེས་བྱ་བའི་སྒྲུབ་ཕུག་འདིར་བཞུགས་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད། རྗེ་དེ་ལ་བཀའ་བབ་ཉེར་བཞི་ཡོད་པའི་ནང་ནས་མངོན་ཤེས་ཀྱི་བཀའ་བབ་ལེ་ཆུང་སངས་རྒྱས་དང་རྫུ་འཕྲུལ་གྱི་བཀའ་བབ་འབལ་ཚ་སྟག་དེལ་བ་གཉིས་ཀྱང་ཕུ་ན་སྒྲུབ་པ་མཛད་ཅིང་བཞུགས། སྐབས་ཤིག་ན་འཁྲུངས་ཡུལ་ཡར་ལུང་ཡིན་པའི་གྲུ་གུ་རས་པ་གདམས་ངག་ལ་མང་དུ་གསན་ཅིང་ཉམས་མྱོང་རླུང་ནུས་ཆེ་རབས་ཡོད་པ་ཞིག་འདི་ཕྱོགས་སུ་བྱོན། ད་གདམས་པ་ཞུ་དགོས་ནི་མེད་ཅི་འདྲ་འདུག་བལྟ་བ་ལ་འགྲོ་དགོངས་ནས་བྱོན་ཡང་ཟེར། གྲུབ་རྟགས་འགྲན་དགོངས་ནས་བྱོན་ཡང་ཟེར་ཏེ་གང་ལྟར་དེ་ལྟ་བུའི་སྒོ་ནས་རྗེ་དུས་མཁྱེན་གྱི་དྲུང་དུ་བྱོན་པ་ན་ཐུགས་དགྱེས་པར་མཛད། ཁོ་བོས་མགྲོན་ཞིག་བྱེད་གསུངས། ཕོག་མར་ཆུ་ཡལ་བླུག སེ་ར་རུས་ཐིག་གུ་ལ་རྒྱུས་པ་ཅིག་འདུག་པ་དེས་ལན་གསུམ་དཀྲུགས་ནས་གནང་བྱུང་བ་ན། སྔར་མ་མྱོང་གསུང་གླེང་ཞིབ་མཛད་པས་ཁྱོད་ཤེས་རབ་ཅན་དུ་འདུག ངའི་སློབ་མའི་སློབ་མ་བྱས་ན་རུང་གསུངས། སློབ་མ་གང་ཡོད་ཞུས་པས་སློབ་མ་ཡ་གི་ན་ཡོད་གསུངས་ཟེར་བའི་ལུགས་གཅིག་དང་། ཡང་ནུས་པ་འགྲན་ཞུས་པ་ལ་ང་རྒས་པས་འགྲན་མི་ཐུབ། ཡ་གི་ན་ངའི་སློབ་མ་ལྡེ་ཆུང་སངས་རྒྱས་དང་འབལ་ཚ་སྟག་དེལ་བྱ་བ་ཡོད་པ་དེར་སོང་སྟེ་འགྲན་གསུངས། ཟེར་བའི་ལོ་རྒྱུས་གཉིས་འདུག དེ་ལྟར་བྱས་ནས་ཡར་བྱོན་སྟག་དེལ་ཕུག་ཏུ་བྱོན་ཙ་ན་སྟག་གཅིག་ཉལ་འདུག་པས་སྐྲག་ནས་ཕྱི་རུ་བྲོས། ཡང་ཡར་བྱོན་ཙ་ན་ཆུ་མིག་ཅིག་འདུག རྡེའུ་འགའ་སྐྱུར་ཏེ་ཕྱིར་བྱོན། ཡང་ཡར་བྱོན་ཙ་ན་སྒོམ་ཆེན་པ་ཞིག་འདུག བེམ་པའི་སྟེང་རྡེའུ་སྐྱུར་བ་དེ་ཚོ་འདུག དྲོད་ཚད་འགྲན་པར་ཆས་ནས་དགུན་གྱི་སྒང་ལ་ཕུ་ཆུའི་ཕྱག་ཕོད་ཀྱི་སྟེང་དུ་སྟག་དེལ་བ་བཞུགས། སྨད་དུ་རས་ཆེན་པ་བཞུགས་རླུང་བུམ་ཅན་གཟུང་དྲོད་སྒོམ་པས། སྟག་དེལ་བའི་ཐད་ཀྱི་འཁྱགས་པ་ཐམས་ཅད་ཞུ། ཆུ་ཐམས་ཅད་རླངས་ཐོན་པས་དྲོས། རས་ཆེན་པའི་སྐུ་རླུང་ཐུལ་བ་ཙམ་འདུག་པར་ཐོ་རངས་ཀྱི་སེར་བུ་དང་སྟོད་ཀྱི་འཁྱག་རོམ་ཁྱེར་བ་ལྷན་ཅིག་ཏུ་བསྐུར་བས་རས་ཆེན་པ་ཤིན་ཏུ་འཁྱགས་པ་ན་རྗེ་དུས་གསུམ་མཁྱེན་པ་བྱོན་ནས་སྟག་དེལ་བ་བཙུན་ཆུང་འཁྱག་རིར་མ་གསོད་གསུངས་པས་འཕྲོ་བཅད། གྲུ་གུ་རས་པའི་ཐུགས་ལ་སློབ་མ་ལ་ཡོན་ཏན་འདི་འདྲ་ཡོད་ན་བླ་མ་ལ་ལྟ་ཅི་སྨོས་དགོངས་ཏེ་ཐུགས་ཀྱི་ང་རྒྱལ་ཆག རྗེ་དུས་མཁྱེན་བླ་མར་བསྟེན་ནས་གདམས་ངག་རྫོགས་པར་གསན་ཏེ་རྒྱུད་འཛིན་གྱི་བཀའ་བབས་པར་འདུག དེ་ནས་ལན་གཅིག་ལ་དབྲ་བའི་རྔོན་པ་གཅིག་གིས་ཤ་བདས་བྱུང་། རྗེ་དུས་མཁྱེན་བཞུགས་པའི་ས་དེར་སླེབས་པ་དང་ཕུག་པ་ན་རྗེ་དུས་མཁྱེན་བཞུགས་པ་མཐོང་ནས་མིག་ཡེངས་ཏེ་ཤ་བ་ཐར། སྤྲང་རྒན་ཁྱོད་ཀྱིས་ངའི་འཚོ་བའི་གེགས་བྱ་ཞེས་སྲོག་བརྡུང་བྱེད་དུ་བྱུང་། དྲུང་དུ་སླེབས་པ་དང་ཟིལ་མ་བཟོད་པར་ཁྲོ་བ་ཞི་སྟེ་གླེང་བསླངས་མང་དུ་མཛད་པས་དད་པ་སྐྱེས། སྐྱ་ཆས་དང་མདའ་གཞུ་ཐམས་ཅད་ཕུད་ཡུལ་དུ་མ་ལོག་པར་དེ་ཉིད་དུ་སྐྲ་བཅད་ཅིང་སློབ་མ་བྱས་ཏེ་མཚན་ཆོས་བརྩོན་དུ་བཏགས། གདམས་ངག་ཞུས་པས་ཡོན་ཏན་ཕུལ་དུ་ཕྱིན་པ་སྐྱེས་ནས་ཉམས་མྱོང་གི་བཀའ་བབ་རྗེ་དུས་མཁྱེན་གྱི་ཐུགས་ལ་གཙུག་ལག་ཁང་ཞིག་འཛུགས་དགོངས་ནས་ཤུག་པ་འདི་དང་པོ་ལྷ་ཁང་འདིའི་མལ་དུ་ཡོད་པ་རྗེ་དུས་མཁྱེན་གྱིས་ཐུ་བར་བསྣམས་ཏེ་མར་སྤོས། ཉེ་གནས་ཆོས་བརྩོན་དང་སློབ་དཔོན་གཉིས་མར་བྱོན་ནས་ཤིང་བཅད། དབྲ་དགེ་ཆོས་བརྩོན་ལ་ཁྱོད་ཀྱིས་སྣ་དྲོངས་གསུངས། བླ་མས་ཤིང་ཐམས་ཅད་དལ་ཁྱུ་དེད་ནས་བྱོན་བྱུང་། གཙུག་ལག་ཁང་ཆུང་ངུ་ཞིག་བཞེངས་པ་མཛད་དེ་འདི་ནི་རྗེ་དུས་མཁྱེན་གྱི་གནས་གཞི་ཐམས་ཅད་ཀྱི་ཐོག་མ་ཡིན། དེ་ནས་ཚོགས་པ་ཡང་བསྐྱངས་མཚོ་སྔས་ལ་སོར་པོ་སྟོད་ཀྱི་ལྷ་ཁང་ཁ་ཤས་ཀྱང་རིམ་གྱིས་བྱུང་། རྗེ་དུས་མཁྱེན་ཐོན་རྗེས་དབྲ་དགེ་ཆོས་བརྩོན་གྱི་གདན་ས་མཛད། ཁོང་གི་ཕྱག་ན་སྐུ་གསུང་འབྱོན་མ་ཞིག་ཡོད་པ་སྟོད་ཀྱི་གཟིམ་སྤྱིལ་དུ་བཞུགས་ཤིང་། སྐུ་དེ་བཞུགས་རིང་གནས་འདིར་རྦབ་ཀྱི་གནོད་པ་མི་ཡོང་ངེས་ཅན་དུ་གྲགས། ད་ལྟ་གནས་སྒོའི་མཆོད་ཁང་དུ་ཡོད་པ་དེ་ཡིན། དེ་ལྟར་གདན་ས་ཆེན་པོ་འདི་གཉིས་ཀ་ཅི་རིག་པས་འཛིན་སྐྱོང་འཕེལ་རྒྱས་དང་དར་རྒུད་སྣ་ཚོགས་པ་བྱུང་ཞིང་དུས་ཕྱིས་གཙུག་ལག་ཁང་རྣམས་བཤིག རྟེན་རྣམས་ཀྱང་བཞུགས་ནའང་ཕན་ཡོན་ཆེ་བ་རྣམས་བཤིག་ཅིང་བཅོས་སླད་མང་དུ་བྱས། ཕྱག་ཚད་དང་བྲལ་བ་བཞེངས་ན་ཕན་ཡོན་མི་ཆེ་བ་མང་དུ་བཞེངས་ཤིང་དེ་དག་ཀྱང་བཤིག་པའི་ལྷག་རོ་ལུས་འདུག་པ་ལ། བདག་ཤཱཀྱའི་དགེ་སློང་ཆོས་ཀྱི་དབང་ཕྱུག་གིས་ཡོས་ལོ་ཟླ་བ་ལྔ་པ་ལ་གཙུག་ལག་ཁང་འདི་བཞེངས་པའི་དབུ་བཙུགས་ཤིང་ཕྱག་ཚད་ཚང་བའི་སྐུའི་དུམ་བུ་རྣམས་གཤེགས་སུ་གསོལ། མཆོད་རྟེན་སླར་བཞེངས་པར་རྡོ་མི་ཐེག་པ་དེ་གཉིས་འདུག་པ་རྣམས་ཀྱང་ཆུ་བོར་གདན་དྲངས། གཙང་ཁང་གི་རྟེན་གྱི་གཙོ་བོ་ལྷ་ཆེན་བྱིན་བརླབས་དཔལ་འབར་འདི་བཞེངས་ཏེ། དེ་ཡང་རིན་པོ་ཆེ་དང་སྨན་དང་དྲི་བཟང་དང་དར་གོས་ལ་སོགས་པ་གཙང་མར་གྱུར་པའི་རྒྱུ་བཟང་བ་རྣམས་དང་། བྱིན་བརླབས་ཀྱི་རྫས་མང་པོ་སྦྱར་བའི་འདག་ལས་བཟོ་བོ་ཀརྨ་རིགས་བྱེད་ཀྱིས་གྲོགས་བགྱིས་ཤིང་རང་གི་སུག་པས་ལས་འདུ་བགྱིས་ཏེ་བཞེངས། སྟོན་པ་དེ་བཞིན་གཤེགས་པའི་འཕེལ་གདུང་། རྗེ་དུས་གསུམ་མཁྱེན་པའི་དབུ་ཀླད་རིང་བསྲེལ་དང་རང་སངས་རྒྱས་ཀྱི་རིང་བསྲེལ་དང་། རྗེ་རང་བྱུང་རྡོ་རྗེའི་དབུ་ཐོད་རིང་བསྲེལ་སོགས་ཡུང་འབྲུ་ལྟ་བུའི་རིང་བསྲེལ་མང་དུ་བཞུགས། ཀརྨ་ཀཾ་ཚང་གཙོ་བོར་གྱུར་པའི་བཀའ་བརྒྱུད་བླ་མ་རྣམས་ཀྱི་དབུ་ལོ་དང་ཕྱག་སེན་ཞབས་སེན་ན་བཟའ་ལ་སོགས་པ་སྐུ་བལ་གྱི་རིང་བསྲེལ་མང་དུ་བཞུགས། དེ་དག་གི་དབུ་ཐོད་དང་གདུང་རུས་ལ་སོགས་པ་སྐུ་གདུང་རིང་བསྲེལ་ཡང་མང་དུ་བཞུགས། ཁྱད་པར་དུ་དབུ་གཟུངས་གཙུག་ཏོར་གྱི་སྡེ་དང་བླ་མ་བརྒྱུད་པ་དང་བླ་མེད་རྒྱུད་དང་རྣལ་འབྱོར་རྒྱུད་སྤྱོད་རྒྱུད་དང་བྱ་རྒྱུད། མདོ་གཟུངས། པད་གཟུངས། སྐྱེ་མཆེད་སྣམ་སྦྱར། གདན་དང་འོག་གཞི་བྱིན་གྱིས་བརླབས་པ་སོགས་ཆོས་སྐུའི་རིང་བསྲེལ་གྲངས་མང་པོ་བཞུགས། ཕྱག་ཚད་ནོར་འཁྲུལ་མེད་པ་ཟངས་ཐང་གི་ལུགས་ཀྱི་སྐུའི་ཚུགས་སུ་གྲུབ། གསེར་ཆབ་ཀྱིས་བྱུགས་ཏེ་ལྷམ་མེར་བགྱིས་པ་དང་། འོག་བྲིས་ལ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་མདོ་རིས་རང་གི་ལག་པས་ལྟར་ཏེ་བྲིས། གསང་སྔགས་ཁང་དུ་རྗེ་བཙུན་དམ་པ་དབང་ཕྱུག་རྡོ་རྗེའི་སྐུ་བཞུགས། སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་བྲིས་སུ་མཛད་པའི་སྐུ་འདྲ་གཞན་གཉིས་དང་། ངེད་རང་གི་ལག་བྲིས་ཀྱི་མ་མགོན་མགར་གསུམ་གྱི་སྐུ་དང་བཅས་པ་མདོར་གཙུག་ལག་ཁང་གི་རྟེན་དང་བཅས་པ་འདི་དག་ཟླ་བ་གསུམ་ལྷག་ཙམ་ན་ཚགས་སུ་གྲུབ། སྤྱན་དབྱེ་གཟའ་སྐར་སྦྱོར་བྱེད་ཚེས་གྲངས་བཀྲ་ཤིས་ལ་རབ་ཏུ་གནས་པ་ལེགས་པར་གྲུབ་པར་བགྱིས་ཏེ། དེ་ཡང་དགོན་དཀར་གྱི་གཙུག་ལག་ཁང་སྔ་མ་དེ་ཉམས་ནས་གནས་ཕྱི་ནང་རྣམས་ཀྱང་རིམ་བཞིན་རྒུད་པ་གྱུར་ཞེས་ཐོས་པར་མ་ཟད་ཆོས་རྗེ་དུས་གསུམ་མཁྱེན་པས་རྟེན་འབྲེལ་བྱིན་བརླབས་མཛད་པའི་གནས་འདིར་ཞབས་ཏོག་འདི་ཙམ་ཞིག་བྱས་ཀྱང་། གནས་འདི་ཉིད་དང་ཕྱོགས་བཅུའི་བསྟན་འགྲོ་ཐམས་ཅད་ལ་ཕན་བདེ་རྒྱུན་ཆད་མེད་པར་འབྱུང་བ་གོར་མ་ཆག ཉམས་གསོ་རྒྱུད་ལ་སྐྱེས་པ་ལ་བརྟེན་ནས་ལྷག་པའི་བསམ་པ་དང་སྨོན་ལམ་དེ་ལྟ་བུས་མཚམས་སྦྱར་ནས་ཞབས་ཏོག་ཆུང་ངུ་འདི་ཙམ་ཞིག་དང་དུ་བླངས་པ་ཡིན་ནོ།། རི་འདིའི་རྟེན་མཚམས་འདི་ན་ཐང་སྟོང་རྒྱལ་པོའི་ཞབས་རྗེས་ཡོད་པ་དང་། སྟོད་འདི་ན་དབྲ་དགེ་ཆོས་བརྩོན་གྱི་གཟིམ་སྤྱིལ་གྱི་ཤུལ་ཡོད། དེ་ནས་ཡར་ཕྱིན་པ་ན་ཕ་བོང་དཀར་ལེབ་ཅེས་པ་རྗེ་དུས་མཁྱེན་གྱི་སྒྲུབ་ཕུག་དང་། དེ་ནས་ཡར་ཕྱིན་པ་ན་སྔོན་གྱི་སྒྲུབ་ཕུག་གཉིས་ཙམ་ཞིག་ཡོད། དེ་ཡང་རྒྱབ་རི་འདི་རྗེ་བཙུན་བྱམས་པ་བཟང་པོའི་འདུག་སྟངས་བཞུགས་པ་ལྟ་བུ་ཡོད་པའི་སྐུ་པང་ཡན་ཆོད་འདི་ན་མི་གསལ། གཡའ་སྤང་དང་བྲག་རི་སྣ་ཚོགས་ཡོད་ཅིང་། རི་དྭགས་ཐམས་ཅད་བག་ཕེབས་ངང་རྒྱུ་བར་བྱེད། མདུན་ན་ནེའུ་གསིང་གཡུ་ཡི་མཎྜལ་ལྟ་བུ་ལ་བདུད་རྩི་ཆུ་བོ་དལ་ཞིང་འཁྱོག་སེར་ཅ་ཅོ་མེད་པར་འབབ། ཤེལ་ལྟར་དཀར་བའི་བྱེ་མའི་ཚོམ་བུ་སྙོམས་པ་བཀོད་ཅིང་། མདུན་རིའི་ནགས་ཚལ་དང་བྲག་རི་མཛེས་ཤིང་དུས་སུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བ། ཕུ་མ་རལ་ཞིང་དཔྱད་ལེགས་པ་ཡོན་ཏན་ཐམས་ཅད་ཚང་བ་ཡོད། གཡོན་གྱི་རྩེའི་ཡ་གི་ན་རྗེ་དུས་གསུམ་མཁྱེན་པའི་སྐུ་མཐའ་དམག་བཟློག་ཕྱིར་ཞལ་བྱང་དུ་བསྟན་པ་བྲག་རི་ལ་གསལ་བ་ཡོད་དེ་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་གཏན་ལ་འབེབས་པར་མཛད། དེ་ནས་ཕར་ཕྱིན་པ་ན་མཚོ་སྔས་བསམ་འགྲུབ་ནོར་བུ་གླིང་ཞེས་བྱ་བ་ཡོད། དེ་ཡི་ཕར་ཁ་ན་རི་བོ་སྲེ་ལགས་གཉན་པོ་ཞེས་བྱ་བ་དང་། སྐེད་པར་གསུང་རབ་གླེགས་བམ་དང་ཐུབ་དབང་གཙོ་འཁོར་གསུམ་ཡོད། ཨ་ཡིག་དམར་པོ་ཡོད་པར་ཡང་གྲགས། མཚོ་སྔས་ཀྱི་རྒྱབ་རི་དེ་ཚེ་དཔག་མེད་ཀྱི་སྐུའི་དབྱིབས་སུ་ཡོད་ཅིང་། ཚེ་བུམ་གྱི་ཐོད་པ་ཚེ་ཆུ་འབབ་པ་དང་། དེའི་ཆུ་རྒྱུན་འོག་ན་འབྱུང་བ་ཡོད། སྟོད་འདི་ན་སྡེ་ཆུང་སངས་རྒྱས་ཀྱི་སྒྲུབ་ཕུག་ཡོད། རི་བོ་བྷ་ལྷུང་ཞེས་པའི་གཡས་ན་མི་ཏྲ་ཛོ་ཀིའི་བཞུགས་གནས་ཡོད། བྲག་རི་སྲིན་པོའི་ཕོ་བྲང་བྱ་བ་བདེ་མཆོག་ལྷ་ལྔའི་ཕོ་བྲང་ཡི་དམ་མཁའ་འགྲོ་ཐམས་ཅད་འདུ་བའི་གནས་ཡོད། ནོར་བུ་གླིང་ནས་ཡར་ཕྱིན་པས་ན་ཐང་འཁོར་ལྷུན་གྲུབ་བདེ་ཆེན་གླིང་ཞེས་བྱ་བའི་ལྷ་ཁང་ཡོད། དེར་གྲུབ་ཆེན་བརྒྱད་ཅུ་ཡི་སྒྲུབ་མཆོད་མཛད་པའི་དབང་སྟེགས་ཡོད། ལྷ་ཁང་དེའི་མདུན་ངོས་སུ་གྲུབ་ཆེན་ར་ལོ་པ་དང་ནཱ་རོ་པ་དང་མཁའ་འགྲོ་མ་གསལ་བའི་ཚུལ་ཁྲིམས་གསུམ་གྱིས་བྱིན་བརླབས་མཛད་པའི་མཆོད་རྟེན་ཡོད། ཅེས་གནས་ཡིག་རྙིང་པ་ན་གསལ་ལོ། །ཕར་ཁ་ན་ཨ་ཡིག་དཀར་པོ་གསལ་བོ་ཞིག་མཆིས། དེ་དང་ཉེ་བ་ན་ཐང་འབོར་མགོན་ཁང་ཞེས་བྱ་བ་ཡོད། དེའི་ལོ་རྒྱུས་དབང་དུ་བྱས་ན། དེ་ཡང་གནས་ནང་གི་གཙུག་ལག་ཁང་འདི་རྣམས་སྔོན་རྗེ་དུས་མཁྱེན་དང་དེའི་གདན་ས་དབྲ་དགེ་ཆོས་བརྩོན་གྱིས་དུས་སྔ་ཕྱིར་ཅི་རིགས་སུ་བཏབ་པ་ལས། དབྲ་དགེ་ཆོས་བརྩོན་གྱིས་གདན་ས་ཡུན་རིང་བསྐྱངས་ནས་སྐབས་ཤིག་ལ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ཧོར་ཡུལ་ནས་གདན་འདྲེན་བྱུང་བར་བརྟེན། འདི་དང་ཁ་ཉེ་བའི་ལྷག་ཚང་དགོན་བྱ་བ་ཕར་གིར་ཕྱག་ཕེབས། དེ་དུས་འཕགས་པ་རིན་པོ་ཆེ་ལུགས་གཉིས་ཀྱི་ཕྲིན་ལས་ནམ་མཁའ་དང་མཉམ་པ་ཡིན་པས་དབྲ་དགེ་ཆོས་བརྩོན་གྱིས་ཇ་འདྲེན་དང་འབུལ་ནོར་རྒྱ་ཆེན་པོ་བྱས། དགོན་གནས་ལ་བདག་རྐྱེན་བཀའ་དྲིན་མཛད་དགོས་པའི་ཞུ་བ་ཕུལ་བས་དཔོན་ཆེན་པོ་གནས་ནང་དུ་བྱོན་ནས་ལྷ་ཁང་འདི་རྣམས་ཀྱི་བརྩི་བཞེས་དེབ་ཡིག་འཕགས་པ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཏེ་དཔལ་ལྡན་ས་སྐྱ་པ་ཆེན་པོའི་ཆོས་བརྒྱུད་འཛིན་པར་གྱུར། ད་ལྟའི་དགོན་པ་ཟེར་བ་འདིའི་སྟེང་དུ་ཤུག་བཀྲ་ཡོད་པ་དེ་དང་ཐང་དཀར་དགོན་སོགས་སྤྱི་མཚན་ཉིད་ཀྱི་བཤད་གྲྭ་དང་། ཁྱད་པར་རིག་གཏེར་རྩ་འགྲེལ་ལ་འཆད་ཉན་ཤིན་ཏུ་དར་བས་བཀའ་བཞི་པ་རིག་པའི་སེངྒེ་སོགས་མང་པོ་ཡང་གནས་ནང་དང་ཐང་དཀར་དུ་རིག་གཏེར་ལ་སྦྱངས་ཞེས་རྣམ་ཐར་ལ་ཐེབས་པ་དེ་ཡིན། དཔལ་ལྡན་ས་སྐྱ་ན་གུར་ལྷ་བརྒྱད་ཀྱི་འཆམ་སྐུ་བཞུགས་པའི་ཡ་གཅིག་ནི་འདི་ན་བཞུགས་པའི་མགོན་སྐུ་འདི་ཡིན་ཞེས་གྲགས་ཏེ། མགོན་པོ་དངོས་དང་ཁྱད་མེད་པའི་བྱིན་བརླབས་ཅན་ཡིན་པར་གདའ། གཞན་ཡང་མ་མགོན་གྱི་སྐུ་རྒྱ་ནག་མ་སོགས་བཞུགས། དེས་ན་དགོན་པར་སྟག་དེལ་གོང་འོག་ཐང་འཁོར་ཕན་ཚུན་མཚོ་སྔས་གོང་འོག་དང་བཅས་པ་འདི་རྣམས་སུ་དཔལ་ལྡན་ས་སྐྱ་མདོ་ལུགས་ཀྱི་བཤད་པ། སྔགས་ལུགས་ཀྱི་ཀྱེེ་རྡོར་སོགས་ཡི་དམ་ཆོས་སྐྱོང་གི་དཀྱིལ་འཁོར་ཕྱག་བཞེས་དར་རྒྱས་བསམ་གྱིས་མི་ཁྱབ་པ་བྱུང་བར་གདའ་ལགས། རྒྱབ་ཕྱོགས་ཀྱི་སྟེང་ཐོག་ན་རྗེ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་ཕ་བོང་སྒམ་ཅིག་བྱ་བ་ཡོད། ཐང་འབོར་གླིང་གི་ཉེ་ལོགས་འདིར་སྡེ་ཆུང་སངས་རྒྱས་ཀྱི་སྒྲུབ་ཆུ་བྱིན་བརླབས་ཅན་དང་། དེའི་ཕར་ཁ་ན་འབལ་ཚ་སྟག་དེལ་བ་དང་གྲུ་གུ་རས་པའི་ནུས་པ་འགྲན་པའི་ཆུ་ཡོད། སྟག་དེལ་ལྷ་ཁང་ན་དགྱེས་པ་རྡོ་རྗེའི་བློས་བསླང་ཞིག་བཞུགས་ཏེ་སྔོན་དུས་རང་གི་ཕན་པ་འདུག ཡང་ལྷ་ཁང་ན་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་ཞབས་རྗེས་ཤིག་ཡོད། དགོན་པ་ནས་ཡང་ཡར་ཕྱིན་པ་ན་ཤུག་བཀྲ་ཡོད་ཅིང་དེ་ན་རྗེ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་ཕ་བོང་སྒམ་གཅིག་ཡོད་པ་དེའི་ཡར་ཟུར་གྱི་ཤུག་པ་ཀོ་རུའི་སྐྱེད་མོས་ཚལ་ན་རྗེ་ཉག་སེའི་སྒྲུབ་ཕུག་དབུ་རྗེས་བཅས་པ་དང་གསང་རྡོར་བསྣུབས་པའི་རྗེས་ཡོད། དེའི་ཕར་ཁ་ན་རྡོ་རྗེ་ཕག་མོའི་སྐུ་ཡོད། དེ་ནས་ཡང་རྒྱང་གྲགས་གཅིག་ཙམ་ཕྱིན་པ་ན་ཆོས་འབྱུང་སྟེང་གི་གནས་ཡོད། དེ་ཡང་བདེ་མཆོག་ལྷ་ལྔའི་ཕོ་བྲང་ཡིན། དང་པོ་ཡར་འཇུག་པའི་ལམ་ན་གྲུབ་ཐོབ་འབལ་ཚ་སྟག་དེལ་བས་ཉམས་མགུར་མཛད་ཅིང་བྲོ་འཁྲབ་པའི་རྣམ་པ་གསལ་བར་ཡོད། རྗེ་དུས་མཁྱེན་གྱིས་ཕ་བོང་ལ་ཆིབས་ནས་དྭགས་ལྷ་སྒམ་པོར་ཕེབས་པའི་ཚེ། ཆིབས་སྒའི་ཚུལ་ཡིན་ཟེར་བ་ཞིག་ཀྱང་ཡོད། དེ་ནས་ཡར་ཕྱིན་པ་ན་གནས་ཀྱི་སྒོ་སྲུང་ཝ་གདོང་ལ་སོགས་པ་ལྔ་ཡོད། རྗེ་དུས་མཁྱེན་གྱི་སྒྲུབ་ཕུག་ཕ་བོང་སྒམ་གཅིག་ཡིན་ཡང་ཟེར། ཁ་ཅིག་གིས་རྗེ་རང་བྱུང་བའི་སྒྲུབ་ཕུག་ཡིན་ཟེར་གྱི་ཡོད། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་སྒྲུབ་ཕུག་དབུ་རྗེས་དང་། བྲ་བོ་ཉག་ཆེན་ཉག་ཆུང་སོགས་ཀྱི་སྒྲུབ་ཕུག་ཀྱང་ཡོད། རྗེ་སངས་རྒྱས་མཉན་པས་ལོ་གསུམ་དུ་མེ་ཆ་ཕྱག་ཏུ་མ་བཞེས་པར་སྒྲུབ་པ་མཛད་པའི་ཕུག་ཡོད། སྤྱིར་ཆོས་འབྱུང་སྟེང་གི་གནས་འདིའི་མིང་དང་མཐུན་པར་ཆོས་འབྱུང་གྲུ་གསུམ་གྱི་དབྱིབས། རི་དང་ནམ་མཁའ་ཡང་དེ་དང་མཚུངས་པར་ཡོད་དེ་གསང་སྔགས་ཀྱི་དངོས་གྲུབ་པའི་གནས་མཆོག་ཏུ་གྱུར་པ་ཡིན། ཕུའི་རི་འདི་ལ་རྗེ་བཙུན་བྱམས་པ་རང་བྱོན་དང་། རྗེ་རང་བྱུང་རྡོ་རྗེའི་སྐུ་རང་བྱོན་ཡོད། བྲག་ངོས་སུ་མི་ལ་རས་ཆེན་དང་རས་ཆུང་གི་སྐུ་གསལ་བར་ཡོད། དཀྱིལ་གྱི་ཕ་བོང་ཆེན་པོ་འདི་དུར་ཁྲོད་ཀྱི་རྡོ་ཆེན་གྱི་ཚུལ་ཡིན་ཏེ། རྒྱུན་དུའང་འཕར་སྤྱང་སོགས་གཅན་གཟན་རྣམས་ཀྱིས་རི་དྭགས་གསོད་པའི་གནས་བྱེད་ཅིང་ཞིང་སྐྱོང་ཆེན་པོའི་གནས་ཡིན། ཆུ་མིག་འདི་རྗེ་རང་བྱུང་རྡོ་རྗེའི་སྒྲུབ་ཆུ་ཡིན། གནས་ཀྱི་ཡར་ཕག་ན་རྗེ་དུས་གསུམ་མཁྱེན་པའི་ཞབས་རྗེས་གསལ་བོ་ཞིག་ལམ་དཀྱིལ་ན་ཡོད། དེ་ནས་ཡར་ཕྱིན་པ་ན་འཕགས་ཡུལ་གྱི་གནས་ཡོད། དེའང་རྗེ་དུས་གསུམ་མཁྱེན་པས་ངའི་གནས་འདི་ཡངས་པ་ནེའུ་གསིང་གསར་པས་ཁེངས་པ། རྒྱ་གར་འཕགས་པའི་ཡུལ་ལྟ་བུ་ཡིན་ཞེས་གསུངས་པ་འཕགས་ཡུལ་དུ་གྲགས། ཆོས་འབྱུང་སྟེང་འཕགས་ཡུལ་དང་བཅས་པའི་སུམ་མདོ་ལུས་ཀྱི་དབང་དུ་བྱས་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཡིན། ལྷོ་ངོས་ཀྱི་རི་རྩིབ་འདི་ན་རྗེ་རང་བྱུང་རྡོ་རྗེའི་གཟིམ་སྤྱིལ་གྱི་ཤུལ་དང་སྒྲུབ་ཆུ་སྤོས་ཤིང་གི་ནགས་ཚལ་བཅས་ཡོད། གཡོན་ཕྱོགས་ཀྱི་རི་རྩིབ་འདི་ན་རྗེ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་འཕགས་ཡུལ་འོག་ཏུ་གྲགས་པ་ཡོད། དེ་ནས་ཕར་ཕྱིན་པ་ན་ཉག་སེའི་སྒྲུབ་ཕུག་ཀ་པཱ་ལ་ཁ་སྦུབས་པ་ལྟ་བུ་ཡོད། དེ་ནས་ཕར་ཕྱིན་པ་ན་རང་བྱུང་གི་ཆོས་ཁྲི་ཡོད། སྒྲུབ་ཕུག་གོང་མ་མན་ཆད་ཀྱི་རི་འདི་རྗེ་བཙུན་སྒྲོལ་མའི་སྐུའི་དབྱིབས་སུ་ཡོད། གཡའ་སྤང་གི་མཚམས་སུ་དཔལ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་འཕགས་ཡུལ་གོང་དུ་གྲགས་པ་ཡོད་ཅིང་། དེ་ནས་སླར་བདག་གིས་གསོལ་བ་བཏབ་ཅིང་གསང་བ་ཞུ་བར་རིགས་མ་གསང་མཛད་ཅེས་བྱའི་ཕུག་པ་ཉེ་འཁོར་གྱི་སྟེང་ཤོད། སྤོང་ཁ་ཆ་ལག་སྟེང་ཤོད། ཚོགས་འཁོར་སྒང་དང་བཅས་པ་བཞེངས། ཟླ་ཤས་སུ་སྒྲུབ་པའི་བག་ཆགས་ཙམ་བཞག་སྟེ་སྨོན་ལམ་འདུ་བྱས་པ་ཡིན། གཡས་ཕྱོགས་འདིའི་ནང་གི་ཕ་བོང་ལུག་མགོ་འདྲ་བའི་འོག་ན་ཚེ་ཆུ་རྒྱུན་ཆད་མེད་པར་འབབ་པ་ཡོད། རྒྱབ་རི་འདིའི་ངོ་བྲག་བཻཌཱུརྱའི་གླིང་ཞེས་བྱ་བ་ཡིན་ཞིང་འདི་ན་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་སྐུ་དང་། རྗེ་མར་པ་ལོ་ཙཱ་བྱང་ཆུབ་སེམས་དཔའ་རི་བོའི་གཟུགས་ཀྱི་མཇུག་མའི་རྩེ་ལ་ཧཱུྃ་ཡིག་དང་བཅས་པ་ཡོད། མཆོད་ལྷ་གཉིས་ཀྱི་བར་ན་འཆི་མེད་ཚེ་བུམ་དང་། དཔལ་ལྡན་ལྷ་མོའི་སྐུ་ཤིན་ཏུ་གསལ་བ། སྤང་སྟག་གི་དབྱིབས་ཅན་རྣམས་ཡོད། གཡོན་ཕྱོགས་སུ་དགྱེས་རྡོར་སྤྲུལ་པའི་ལྷ་དགུ། དེའི་གཡོན་ཟུར་གྱི་རྩེའི་བྲག་ངོ་ན་རྗེ་བཙུན་སངས་རྒྱས་དབང་ཕྱུག་རྡོ་རྗེའི་སྐུ་ཡོད། གཡས་ཕྱོགས་འདིའི་ནང་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་། སྟོན་པ་སངས་རྒྱས་ཀྱི་སྐུ་ཡོད། གཡས་ཀྱི་ཟུར་དེའི་ཡ་གི་ན་དཔལ་འཁོར་ལོ་སྡོམ་པའི་ངོ་བོ་ཐབས་ཀྱི་རྡོ་རྗེ་རང་བྱུང་གི་ལིངྒ་ཡོད་དེ་གསང་སྔགས་བླ་མེད་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པའི་རྟེན་འབྲེལ་ཡོད། གནས་འདི་རུ་ཡར་ཕྱིན་པ་ན་བླ་མ་ཞིག་གིས་ཕ་བོང་སྟེང་དུ་བྲོ་འཆམ་པའི་ཞབས་རྗེས་དང་མཁའ་འགྲོ་མའི་སྐུ་རྗེས་དང་ཞབས་རྗེས་དུ་མ་ཡོད། འདི་ནས་ཡར་ཕྱིན་པ་ན་ཕ་བོང་ལྟོ་དམར་ཞེས་བྱ་བ་ཡོད་པ་དེའི་ཐད་ལུས་ཀྱི་དབང་དུ་བྱས་ན་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཡིན་ཏེ། གཞིའམ་རྟེན་ཕ་བོང་དམར་པོ་ལ་ཆོས་འབྱུང་གི་རི་མོ་ཡོད་པ། དེ་ལ་བརྟེན་པས་ཀཾ་ཡིག་གསལ་བར་བཞུགས་ཏེ་ལུས་དང་བསམ་པའི་ཐབས་དང་ཤེས་རབ་ཀྱི་རྟེན་འབྲེལ་ཡིན། དེའི་བཤད་པ་རྒྱས་པའི་དབང་དུ་བྱས་ན་གཞི་ལམ་འབྲས་བུའི་ཐབས་ཤེས་ཀྱི་རྒྱུད་དོན་ཐམས་ཅད་དོན་ལ་བསྡུས་ན་གླིང་བཞི་ཡི་གེ་སུམ་ཅུ་ཐམ་པའི་བརྗོད་བྱ་བཙུན་མོའི་བྷ་ག་དང་སེངྒེའི་ཁྲི་ལ་སོགས་པའི་དོན། དེ་ལས་ཀྱང་བསྡུ་ན་ཨེ་ཝཾ་དང་ཨ་ཧཾ་ལ་སོགས་པའི་དོན་བདེ་སྟོང་དབྱེར་མེད་མཚོན་པ་ཡིན། དེ་ལྟ་བུ་གསང་བ་གོ་བར་མི་ནུས་པ་རྣམས་ཀྱིས་ཀརྨ་པའི་མཚན་གྱི་ཐོག་མའི་ཡི་གེ་ཡིན་པ་ཤེས་ནས། མཚན་ཀརྨ་པ་ཞེས་བྱ་བའི་སྒྲ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པར་བརྗོད་པ་ཞེས་པའི་ངག་དང་མཚན་ཅན་རྫོགས་པའི་སངས་རྒྱས་ཀརྨ་ཉིད་སངས་རྒྱས་ཀུན་འདུས་སུ་སྒོམ་ནས་དད་པ་རྩེ་གཅིག་ཏུ་མཛད།དེའི་ནང་ཡར་ཕྱིན་པ་ན་དཔལ་རྒ་ལོའི་སྒྲུབ་ཕུག་ཡོད་ཅིང་འདོད་འཇོའི་ཕ་བོང་དགོས་འདོད་ཀུན་འབྱུང་ནུ་མའི་ཚུལ་ཅན་དང་། ཐུགས་དམ་རྡོ་ཡི་གཏོར་མ་ཡོད། སྒྲུབ་ཕུག་དེའི་ལྟག་ཕྱོགས་ན་དཔའ་བོ་དཔའ་མོ་དང་གྲུབ་ཐོབ་མང་པོའི་ཞབས་རྗེས་ཡོད། ཀརྨ་པ་རང་བྱུང་རྡོ་རྗེའི་བཞུགས་ཁྲི་དང་ཕག་མོ་མཁའ་སྤྱོད་མའི་སྐུ་རང་བྱོན་སོགས་ཡོད། ཕུའི་རི་རི་ཕྲན་དང་བཅས་པ་འདི་སྤྱིར་རྡོ་རྗེ་འཆང་ལ་གྲུབ་ཐོབ་བླ་མ་རྣམས་ཀྱིས་བསྐོར་བའི་ཚུལ་ཡིན་ཞིང་། བྱེ་བྲག་ཏུ་རྗེ་དུས་གསུམ་མཁྱེན་པ་གྲུབ་ཐོབ་པཀྵི་རང་བྱུང་རྡོ་རྗེ་རྗེ་བཙུན་དབང་ཕྱུག་རྡོ་རྗེ་རྣམས་ཀྱི་སྐུ་སྔར་ན་ངོ་སྤྲོད་ཚར་བ་དེ་རྣམས་དང་གཞན་ཡང་རྟོགས་པ་དོན་གྱི་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་སྐུ་གནས་འདིའི་ཕུ་མདའ་ན་བཞུགས་གདའ། ཕ་བོང་ལྟོ་དམར་ཡན་ཆད་ཀྱི་ལུང་པ་འདི་གཙུག་ཏོར་གྱི་འཁོར་ལོ་ཡིན་ཞིང་། ལམ་དུས་གཙུག་ཏོར་འཁོར་ལོ་གསལ་བར་རྫོགས་པ་ལྐོག་གྱུར་དུ་ཡོད་ཅེས་པའི་བརྡར་ཕུ་འདིར་ཡང་རང་ཐད་མེད་པར་ཅུང་ཟད་གསང་བའི་ཚུལ་དུ་ཡོད་པ་ཡིན། དེས་ན་ལས་རླུང་གིས་རྒྱུ་བ་བཅོམ། མས་བརྟན་གྱི་དགའ་བ་བཞི་གཙུག་ཏོར་དུ་མཐར་ཐུག་པ་ན་ཡེ་ཤེས་ཀྱི་སྐུ་གྲུབ་པར་སྔགས་བླ་མེད་ནས་གསུངས་པ་ལྟར།རྒ་ལོ་ཕུག་མན་ཆད་མཇལ་བ་དེ་ལྟ་བུའི་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་རྒྱུད་ལ་འཇོག་པ་ཡིན་པའི་ཐེ་ཚོམ་མེད་པར་དད་པ་དང་ཉམས་ལེན་་་་་་་་གསལ་ཐེབས་པ་མཛད། མཆོག་གི་དངོས་གྲུབ་ཡེ་ཤེས་ཀྱི་སྐུ་ཐོབ་ནས་སངས་རྒྱས་ཀྱི་ཞིང་སྒྱུ་འཕྲུལ་དྲ་བའི་བཀོད་པ་ཚད་མེད་པ་ལ་སྤྲོད་ཅིང་དབང་བསྒྱུར་བ་ལྟར་ད་ནི་ངོ་བོ་རྡོ་རྗེ་འཛིན་པ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ལྷ་ཆབ་གཙང་ཞིང་དྲི་མ་མེད་པའི་མཚོ་རུ་སྣང་ཡང་འདི་དག་གི་ལོ་རྒྱུས་ཀྱི་དབང་དུ་བྱས་ན།རྒ་ལོ་ཕུག་ནས་ཡར་འོང་བའི་སྟེང་འདི་ན་དཔལ་འཁོར་ལོ་སྡོམ་པའི་བླ་མཚོ་གཡུ་ཡི་ཁ་མདོག་ལྟ་བུ་ཡོད་པ་འདི་འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་་་་ཀྱི་ཡོན་ཏན་ཕྲིན་ལས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་བཞུགས་པ་རྗེ་དུས་གསུམ་མཁྱེན་པས་ཞལ་གཟིགས་པར་གདའ། དེ་ནས་ཡར་རྟ་མགྲིན་བླ་མཚོ་ཡོད་དེ་དཔལ་རྟ་མགྲིན་རྒྱལ་བ་སྲས་བཅས་ཀྱི་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་རྗེ་དུས་གསུམ་མཁྱེན་པ་དང་གྲུབ་ཆེན་ཀརྨ་པས་ཞལ་གཟིགས་པར་གདའ། དེ་རུ་ཕར་ཕྱིན་པ་ན་མགོན་པོ་བླ་མཚོ་ཡོད་དེ་ཟུར་གསུམ་སྙིང་དང་གྲི་གུག་གི་དབྱིབས་ཅན། དཔལ་མགོན་པོ་ཡེ་ཤེས་དང་ལས་དང་འཇིག་རྟེན་མགོན་པོ་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཀྱི་ཚོགས་དང་བཅས་པའི་ཕོ་བྲང་དུ་ཞལ་གཟིགས་པར་གདའ་ཞིང་ཤུག་བཀྲ་གནམ་མཚོར་གྲགས། གཞན་ཡང་སྒྲོལ་མ་བླ་མཚོ་དང་སྐྱ་ཁྲ་བླ་མཚོ་ལ་སོགས་མང་དུ་གྲགས་པར་མཚོ་འདི་རྣམས་ཀྱི་མཐའ་བསྐོར་དུ་རང་བྱོན་གྱི་ཕྱག་རྗེས་དང་ཞབས་རྗེས་བཀྲ་ཞིང་གསལ་བ་ཡོད། མདོར་ན་གནས་ཆེན་འདི་ཉིད་སྐལ་ལྡན་ལས་དག་པ་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་འབའ་ཞིག་ཏུ་འཆར། གཞན་རྣམས་ལའང་ལྷ་སྐུ་ཕྱག་མཚན་བརྡའ་དང་རྣམ་པའི་ཚུལ་དུ་གསལ་བར་འཆར་བ་ཡིན་ལ་ཕྲེང་ནང་དུ་རྡོག་པ་བཞག་པ་ཙམ་གྱིས་ངན་སོང་ལས་ཐར། མཐོང་གྲོལ་དྲན་གྲོལ་རིག་གྲོལ་ཆེན་པོ་ཡིན་པས་སྨོན་ལམ་ཟབ་ཅིང་རྒྱ་ཆེ་བ་རྒྱུན་མི་ཆད་པར་མཛད་དོ། །ཨེ་མ་ཧོ།ཤར་ཀཾ་པོ་གངས་ཀྱི་ར་བའི་གནས། །སྤྱིར་ཆོས་འཇུག་སྐྱེ་བོའི་གནས་སུ་བཟང་། །སྒོས་ཟབ་དོན་སྒོམ་པའི་གནས་སུ་བཟང་། །དལ་འབྱོར་དོན་ཡོད་དེ་རུ་མཛོད། །སྤྱིར་འདུས་བྱས་བསླུ་ཆོས་མི་རྟག་ཅིང་། །སྒོས་སྐྱེ་བོའི་ལུས་སྲོག་མྱུར་དུ་འཇིག །ནམ་འཆི་བའི་ངེས་པ་མི་གདའ་བ། །འཆི་བ་ལ་ཕན་ངེས་དེ་རུ་སྒྲུབ། །སྤྱིར་འཁོར་བའི་ཆོས་ནི་དགོས་པ་མེད། །སྒོས་ཚེ་འདིའི་བྱ་བ་སྙིང་པོ་མེད། །དོན་མེད་དུ་གཡེང་ན་མི་ཚེ་ཟད། །དོན་ཡོད་མི་ལུས་ཕྱི་འཕྲིན་དེ་རུ་འབད། །གཏན་འདུན་མ་གཡེང་གྲོལ་གྱི་སྙིང་པོ་བྱས། །ཆོས་བརྒྱད་ཀྱི་གདོང་ལ་ངོ་མཆིལ་བཏབ། །ཚེ་བློས་བཏང་གི་སྒྲུབ་པ་སྲོག་ཏུ་བཟུང་། །བརྒྱུད་པའི་རྣམ་ཐར་སྐྱོང་ན་དེ་རུ་སྐྱོང་། །བློ་བཅོས་མ་འཁྲུལ་བའི་འཆིང་བ་བཅད། །དོན་བཅོས་མེད་གཉུག་མའི་གནས་ལུགས་མཐོང་། །ཆོས་དེ་བཞིན་ཉིད་ཀྱི་རང་ངོ་འཕྲོད། །བརྒྱུད་པའི་ཟབ་དོན་སྒོམ་ན་དེ་རུ་སྒོམ། །ཞེས་ཀཾ་པོ་གངས་ཀྱི་ར་བའི་གནས་ཀྱི་ལོ་རྒྱུས་སམ་གནས་ཚུལ་དེང་སང་གསལ་བ་རྣམས་དང་གནས་ཡིག་ཁ་ཤས་ལ་གཞིར་བྱས་ཏེ། ཤཱཀྱའི་དགེ་སློང་སྤོང་བ་པ་ཆོས་ཀྱི་དབང་ཕྱུག་གིས་གདན་ས་ཆེན་པོ་དེ་ཉིད་ཀྱི་ཉེ་ལོགས་ནས་མགོ་བརྩམས་ཏེ་ཐུན་མཚམས་ཁ་ཤས་སུ་གྲུབ་པར་བགྱིས་པ་སྐྱེ་དགུ་ཐམས་ཅད་ཀྱི་དོན་དུ་སྒྲུབ་བརྒྱུད་ཀྱི་བསྟན་པ་འཕེལ་རྒྱས་ཡོང་བའི་རྒྱུར་གྱུར་ཅིག བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒལཾ།
མཆན། ༡.ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་གནས་ཡིག་འདིའི་མ་དཔེ་མདོ་བ་སྤང་ཕུག་དགོན་དུ་བཞུགས་པའི་དཔེ་རྙིང་བྲིས་མ་ཞིག་མ་དཔེ་བྱས་ཏེ། རྒྱ་གར་ནས་དཔེ་སྐྲུན་བྱས་པའི་དེབ་ཆུང་ཞིག་གནས་སྒོ་དགོན་པའི་བླ་རྒན་བསམ་འགྲུབ་ལགས་ཀྱིས་འདུན་སྤྲོད་གནང་བའི་དེབ་ལས་ཞལ་བཤུས་པའོ།།༢.གནས་འདི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལི་ཐང་རྫོང་འབྲམ་ལ་ཞང་འབྲམ་ལ་གྲོང་གནས་སྒོ་དགོན་གྱི་མདུན་ཕྱོགས་སུ་ཡོད། ལི་ཐང་རྫོང་ནས་འབྲམ་ལ་ཞང་དུ་སྤྱི་ལེ༦༠ཡོད། འབྲམ་ལ་ཞང་ནས་སྟག་དཔག་ཐང་བར་སྤྱི་ལེ༣༡ཡོད།སྟག་དཔག་ཐང་ནས་གནས་སྒོ་དགོན་བར་དུ་རྐང་ཐང་དུ་དུས་ཚོད༡ལྷག་ཙམ་དགོས།གནས་སྒོ་དགོན་ནས་ཀཾ་པོ་ཆོས་འབྱུང་ལ་རྐང་ཐང་དུ་དུས་ཚོད༤ཡས་མས་དགོས།ཆོས་འབྱུང་ནས་ཀཾ་པོ་རྒ་ལོ་འཕྲང་ལ་རྐང་ཐང་དུ་དུས་ཚོད༢ཡས་མས་དགོས།
༄༅། །ཕྲིན་ལས་ཡོན་ཏན་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ཟལ་མོ་སྒང་ཞེས་སུ༔ ཧྱལ་གྱི་བྲག་དཀར་ཁྱུང་དཀར་མཁའ་འགྲོ་འདྲ༔ དེ་ཡི་དབུས་སུ་པདྨ་བདག་ཉིད་ཀྱིས༔ ཞག་བདུན་སྒྲུབ་པའི་བྱ་སྐྱིབས་ངོ་མཚར་ཅན༔ ནང་དུ་ཨེ་ཁྲོམ་དཀྱིལ་འཁོར་རང་བྱོན་དང༔ ཁྱད་དུ་འཕགས་པའི་དཔལ་ཆེན་སྐུ་ཡང་གསལ༔ ཕྲིན་ལས་ཟབ་གཏེར་ཆེ་ཆུང་བདུན་ཙམ་སྦས༔
༄༅། །ཕྲིན་ལས་ཀྱི་ཡོན་ཏན་གནས་ཧྱལ་གྱི་བྲག་ནི་ཧྱལ་གྱི་བྲག་ཅེས་པ་སྒ་སྟོད་དུ་ཡོད་སྐད་ཀྱང་དཔྱད་དགོས་སོ༎
མཆན།གནས་འདི་ནི་ཨོ་རྒྱན་རིན་པོ་ཆེའི་མདོ་བྱང་ཙམ་ལས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཀྱང་ཕྱོགས་མཚོན་ཙམ་དང་སླར་དཔྱད་ཀྱི་སྐུལ་མ་ལས་ཁ་ཚོན་བཅད་མི་འདུག་ལ། ཁོ་བོ་དག་ཀྱང་ས་ཁུལ་དེ་དག་ཏུ་ཐེངས་འགའ་ཤས་སུ་ཕྱིན་ཏེ་ས་གནས་རང་གི་དགོན་སྡེ་དང་མང་ཚོགས།སྲིད་གཞུང་སོགས་ལ་འབྲེལ་འདྲིས་ཀྱིས་འདྲི་རྩད་ཡང་ཡང་བྱས་ཀྱང་ཡིད་ཕངས་པ་ཞིག་ལ་གནས་ཡིག་ལག་སོན་བྱུང་རྒྱུ་ལྟ་ཞོགགནས་ངོས་ཟིན་མཁན་ཙམ་ཡང་དཀོན་པས་རང་སོར་དུ་བཞག་པ་ལས་འོས་མ་མཆིས་སོ། །
༄༅། །དེ་ཡི་ཤར་དུ་ཕྲིན་ལས་ཕྲིན་ལས་གནས༔ བྲག་རི་རྡོ་རྗེ་སྤུངས་པ་ཞེས་བྱ་བར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐམས་ཅད་བཞུགས༔ དབུས་སུ་ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ ཕུར་པའི་སྒྲུབ་གནས་ཆོས་འབྱུང་དབྱིབས་ཅན་ཡོད༔ བྲག་ལ་ཕུར་པ་བཏབ་པའི་རྗེས་དང་ནི༔ གསང་ཕུག་གཅིག་ཏུ་སྒྲུབ་པའི་ཕུར་པ་ཡོད༔
༄༅། །ཕྲིན་ལས་ཀྱི་ཕྲིན་ལས་གནས་བྲག་རི་རྡོ་རྗེ་སྤུངས་པ་ལ་དཔྱད་ན་བསེ་རག་ལྕོག་བྲག་ཡིན་ཞིང་། ཕྱོགས་ཤར་དུ་གསུངས་པ་དང་ཡང་འགྲིགས།
ན་མོ་གུ་རུ་པདྨ་ཀ་ར་ཡེ།མཆོག་གསུམ་ཐུགས་རྗེས་ཕྲིན་ལས་རྨད་པོ་ཆེ། །ཁམས་གསུམ་འགྲོ་ལ་སྨན་ཕྱིར་རྒྱལ་བའི་ཞིང་། །སྐུ་གསུམ་མངོན་དུ་སློང་བའི་དད་དཔོན་མཆོག །དུས་གསུམ་རིམ་བྱོན་སྲས་བཅས་རྒྱལ་ལ་འདུད། །དེ་ཡང་སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བྱེ་བྲག སྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་། སྟོང་གསུམ་མི་འགྱེད་ཀྱི་ཆ་ཤས། འཛམ་བུ་གླིང་གི་བྱང་ཕྱོགས་སྨད་མདོ་ཁམས་སྒང་དྲུག་གི་ནང་ཚན། འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས། རྫ་ཀླུང་སྔོན་མོ་དལ་གྱི་འབབ་པའི་གཡས་ཟུར། གསང་ཆེན་སྔ་འགྱུར་བསྟན་པའི་འབྱུང་གནས།ཁྱད་ཆོས་ཆེ་བ་དྲུག་གི་མངོན་པར་མཐོ་བའི་ཆོས་སྡེ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དཔལ་རྒྱལ་བ་ཀཿཐོག་པ་ཞེས། གངས་ལྗོངས་གནས་ཆེན་ཉེར་ལྔའི་ཕྲིན་ལས་གནས་ཀྱི་གཙོ་བོ་ཡིན་ལ། དེའི་ཕྲིན་ལས་ཀྱི་ཕྲིན་ལས་གནས་མཆོག་ཆེན་པོ་རི་བོ་རྡོ་རྗེ་སྤུངས་པ་ཞེས་བྱ། ད་ལྟ་རག་ལྕོག་འདི་ཡིན་དེའི་ལོ་རྒྱུས་ཟུར་ཙམ་ཞུས་ན། དེ་ལ་ཡང་གནས་ཞལ་འགྱེད་པ། ཆེ་བསྟོད་བརྗོད་པ། ཡོན་ཏན་ཕན་ཡོན་བསྟན་པ་དང་གསུམ་ལས། དང་པོ་ལ་ཡང་གང་ཟག་དང་གནས་གཉིས་ལས། དང་པོ་གང་ཟག་བྱོན་ཚུལ་ནི། རྒྱལ་བ་ཀཿཐོག་པ་དམ་པ་བདེ་གཤེགས་ཀྱི་སློབ་མའི་གཙོ་བོ་ལུང་བསྟན་བུ་བཞིའི་ཡ་གྱལ། གླིང་གྲུབ་ཐོབ་མ་ཎི་རིན་ཆེན་ནི།དམ་པ་རིན་པོ་ཆེའི་མདུན་ནས་ཟབ་གསང་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན།མདོ་སྔགས་ཆོས་ཀྱི་བདུད་རྩིའི་ཚིམ་པར་གསོལ་བས་མཁྱེན་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན། གསང་བདག་བྱམས་པ་འབུམ་ལས་རབ་ཏུ་བྱུང་། དེ་ནས་དམ་པ་རིན་པོ་ཆེའི་ལུང་བཞིན་དབུས་སུ་བྱོན།གུ་རུ་ཆོས་དབང་མདུན་ལ་ལོ་གསུམ་བཞུགས། སྐྱེ་རྒུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི་འདྲེན་པའི་ལུང་དོན་བཞིན། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་ཆོས་བདག་ཏུ་མངའ་གསོལ། སྒྲུབ་པས་གྲུབ་པ་བརྙེས། འགྲོ་བ་སྒྲོལ་བའི་གཉེར་གཏད་བཅས། གུ་རུ་ཆོས་དབང་གི་སྲས་མོ་ཀུན་གྲོལ་འབུམ་པ་དང་ལྷན་ཅིག་སྔགས་སྤྱོད་ལ་ཞུགས་ནས། ཀཿཐོག་པའི་བསྟན་པ་ལ་འཕེལ་འགྲིབ་མེད་པར་ལུང་བསྟན་པ་བཞིན་ཁོང་གཉིས་ཀཿཐོག་ཏུ་བྱོན་པས་བྱ་ཆད་མདར་སླེབས་པ་དང་།གྲུབ་ཐོབ་ཆེན་པོས་ཁོང་ནི་རབ་བྱུང་གི་རྟེན་ལས་འདའ་བའི་ཐབས་མེད་པས་ཁྱོད་རང་འདིར་འདུག་གསུངས་ནས་ཁོང་ཀཿཐོག་ཏུ་ཕེབས། ཀཿཐོག་པ་ཆེན་པོས་ཁྱོད་ཀྱི་གྲོགས་དེ་གར་ཡོད་གསུངས། བྱ་ཆད་མདར་ཡོད་ཞུས་པས། སོང་ད་ལྟ་ཁྲིད་ཤོག་གསུངས།ཀཿཐོག་པས་རྔ་རོལ་ཌཱ་དྲིལ་སྤོས་མེ་སོགས་ཀྱིས་བསུས་ཀྱང་མཁའ་འགྲོ་བྱོན་རྒྱུ་མ་བྱུང་བ་རྟེན་འབྲེལ་འཆུག་པས་ལན། གྲུབ་ཐོབ་ཆེན་པོ་ཕྱིར་བྱོན་ཡང་མཁའ་འགྲོ་གར་སོང་ཆ་མེད་དུ་གྱུར། དེ་ནས་འབོད་བརྡའ་དགུང་དུ་བྱོན་ཏེ་ཀུན་གྲོལ་འབུམ་པ་ཞེས་བོས་ཀྱང་ལན་མ་བྱུང་། དེ་ནས་བོད་པག་དགོང་། རྡོ་ཐོག་ཤིང་སྐྱེས། ཕྱག་ཕུག་གདོང་བར་ཞབས་རྗེས་ཁྲ་ལམ་མེ་བྱུང་། དེ་ནས་ཞབས་རྗེས་ཇེ་ཆུང་དུ་སོང་ནས་མཐར་བྱ་རྗེས་ཙམ་ཡང་མེད་པར་གྱུར། ནམ་མཁའ་འཇའ་འོད་ཀྱིས་གང་། རྔ་རོལ་ཌཱ་དྲིལ་སྤོས་མེ་སོགས་མཆོད་པ་དཔག་ཏུ་མེད་པས་བསུས། མཁའ་འགྲོ་ནི་དེ་མ་ཐག་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་བསྒྲོད་ནུས་པའི་འཇའ་ལུས་པར་ཐོག་མར་གྲགས། དེ་ནས་གྲུབ་ཐོབ་ཆེན་པོ་ཐུགས་སྐྱོ་ངལ་གྱི་ངང་བསེ་རག་ལྕོག་ཏུ་ཕེབས། དེར་མཁའ་འགྲོར་མཇལ་བས་ཁྱེད་བྱོན་རྒྱུ་མེད་བཞུགས་དགོས་པའི་ཞུ་བ་ནན་ཆེར་ཕུལ་ཡང་ཁོང་མཁའ་འགྲོ་འབུམ་གྱི་གཙོ་བོར་ཕེབས་ཟིན་པས་ད་བྱ་ཐབས་བྲལ། ཁྱོད་རང་འདི་ཀཿཐོག་ཕྱོགས་སུ་ཁྱེར་སོང་གསུངས་ནས་སྐྲ་ཉག་བཅུ་གསུམ་གནང་ནས་མི་མངོན་པར་བཞུད། དེར་ཀུན་གྲོལ་འབུམ་པ་སྐད་ཅིག་མཇལ་ཞིང་། བཞུགས་གདན་རྡོ་གྲུ་བཞི་ཆེན་པོ་ངོ་མཚར་དང་ལྡན་པ་ད་ལྟ་མཇལ་རྒྱུ་ཡོད། དེ་ནས་སྐྲ་ཉག་བཅུ་གསུམ་དེ་ཀཿཐོག་གཡོན་ཟུར་རི་བྲག་རྣམས་ལ་གཏོར་བས་བེ་ཤིང་ཕུང་པོ་མང་པོ་སྐྱེས་པ་ནི་རྗེས་སུ་བླ་རབས་བཅུ་གསུམ་སོགས་བྱོན་པའི་རྟེན་འབྲེལ་ཡིན་པར་གོ དེ་ནས་ཀཿཐོག་ཏུ་རྒྱུ་འཕྲུལ་དང་སེམས་ཕྱོགས་ལ་འཆད་ཉན་དང་། ཁྱད་པར་གུ་རུ་ཆོས་དབང་གི་ཟབ་གཏེར་བླ་རྫོགས་ཐུགས་གསུམ་དབང་ཁྲིད་ཡོངས་རྫོགས་འཁྲུལ་ཞིག་བྱང་ཆུབ་རྒྱལ་མཚན་སེང་གེ་སོགས་ལ་སྤེལ་བས་ད་ལྟའི་བར་རྒྱུན་མ་ཆད་པར་བཞུགས། གཞན་མངའ་བདག་ཉང་གི་སྲས་འགྲོ་མགོན་ནམ་མཁའ་དཔལ་ལས་ཉང་གི་ཟབ་གཏེར་རྣམས་ཀྱང་གསན་ནས་དར་སྤེལ་རྒྱས་པར་མཛད། དེ་རྗེས་སྐུ་འབུམ་ཐར་པ་གླིང་དུ་ཆོས་རྗེ་ཡབ་སྲས་རྣམས་ཀྱི་གདུང་འབུམ་ཐོག་འགེབས་བཅས་བཞེངས་གྲུབ་ནས་ལྷ་ཁང་ཟུར་དུ་རྡོ་ལ་ཞབས་རྗེས་ཡ་གཅིག་བཞག བླ་གོས་བྱ་གཤོག་ལྟར་གདེང་ནས་ཕ་རིའི་རྩེར་བབས། དེར་ཞབས་རྗེས་ཡ་གཅིག་བཞག དེ་ནས་བསེ་རག་ལྕོག་ཏུ་བབས་དེར་བཞུགས། གཉིས་པ་གནས་ཞལ་འགྱེད་པའི་ཚུལ་ནི། དེ་ནས་གནས་ཀྱི་སྒོ་དབྱེ་བའི་དུས་ལ་བབ་པ་དང་། གྲུབ་ཐོབ་ཆེན་པོའི་སྐུ་ལ་ཁྲབ་རྨོག་འཁོར་གསུམ་བཞེས། གླིང་གི་ཆས་ཇི་ལྟ་བ་བཞིན་མཛད་ནས། དྲག་ཤུལ་ཆེན་པོའི་ནག་ཕྱོགས་ཐམས་ཅད་དམ་ལ་བཏགས་ཚར་བཅད། ཕལ་ཆེར་གནས་སྲུང་དུ་བཀོལ་ནས། ཕྲིན་ལས་ཀྱི་གནས་རག་ལྕོག་མཁའ་འགྲོ་འབུམ་རྫོང་གི་ཕྱི་ནང་གསང་བའི་གནས་སྒོ་འགྱེད་པ་འདི་ལྟར། ཤར་ཕྱོགས་ཡང་ལེ་ཤོད་དང་སྒོར་བྲག་རྡོ་རྗེ་རྫོང་། ལྷོ་ཕྱོགས་མཚོ་ཞབས་ཅང་ཚང་མཁའ་འགྲོའི་གཡས་ཟུར་དུ་ཡིག་འབྲུ་དང་ཕྱག་མཚན་མང་པོ་རང་བྱོན་ཡོད། ནུབ་ཕྱོགས་དགོངས་འདུས་གནས་ན་དུས་ཆེན་རྣམས་སུ་རྔ་དང་གླིང་བུའི་སྒྲ་རྣ་ལམ་དུ་ཐོས་རྒྱུ་ཡོད། ནུབ་བྱང་མཚམས་ཀྱི་གནས་བརྡའ་སྤམ་གདུག་ཏོག་ཅེས་པ་ནི་ཡི་དམ་ཞི་ཁྲོའི་གནས་ཡིན་པར་བདེ་ཆེན་ནས་གསུངས། ཨེ་ཕཊ་ཞེས་པར་ཨེ་དང་ཕཊ། སྐུ་དང་ཕྱག་མཚན་སོགས་རང་བྱོན་མང་ཙམ་ཡོད། གཤིན་རྗེའི་སྒྲུབ་ཕུག་ཏུ་གཏེར་སྒོ་དུ་མ་ཡོད་པ་དང་། ཕུག་དམར་ཞེས་པ་རྟ་མགྲིན་སྒྲུབ་ཕུག་དང་། དེ་ཡི་རཀྟའི་ཚན་ཆབ་འབབ་སར་ཙག་ཆུ་ཞེས་གྲགས། ཨེ་ཕཊ་ཞེས་པའི་སྒྲ་ལས་ཨེ་ཁམས་ཞེས་གྲགས་པ་ཡིན་ལ། ཨེ་མདོ་ན་གཤིན་རྗེའི་གནས་ངོ་མཚར་དང་ལྡན་པ། གྲེ་དོང་རང་ཕུག་ཏུ་ཡོད་པ། ཆུ་བོ་རང་འབབ་ཀྱི་སྒྲ་ལས་རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་གྲགས་པས། བ་སྤུ་རང་ཟེང་དུ་འགྲོ་བ། དགུན་དུས་ཆགས་རོམ་གྱིས་མ་གོས་པ་ཡོད། དེར་གུ་རུའི་ཞབས་རྗེས་གྲུ་གང་པ་ལྷ་མོ་རྨ་བྱ་ཆེན་མོ་རང་བྱོན་ཡོད། བྱང་ཕྱོགས་ཀྱི་གནས་ལ་སྔོན་བྱོན་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཚེ་དཔག་མེད་ཀྱི་སྒྲུབ་ཕུག སེང་གདོང་སྒྲུབ་ཕུག་བཅས་ཡོད། དཔལ་ཆེན་ཀརྨ་ཧེ་རུ་ཀ་ཡབ་ཡུམ་དང་། མ་ར་ཡ་ཕཊ་བཅས་རང་བྱོན་ཡོད། རྣམ་སྲས་ཕོ་བྲང་རང་ཤར། ས་གཞི་བཀྲ་ཤིས་ཆོས་དུང་གཡས་འཁྱིལ། ན་ཐང་ཞེས་བྱའི་མགོར། གཏེར་སྲུང་རྡོ་རྗེ་གཡུ་སྒྲོན་མའི་གནས། གཡུ་རྫོང་ཞེས་གྲགས། དེའི་སྟེང་ཁ་བ་དཀར་པོའི་གནས། དེའི་གཡས་ཕྱོགས་མ་མོའི་གནས་མ་མོ་སྤུན་གསུམ། དེའི་སྟེང་ཡང་ཁྲོད་རྫོགས་པ་ཆེན་པོའི་ཁང་བུ། དེའི་གཡས་ཕྱོགས་སུ་འཇའ་ལུས་གྲངས་མང་གཤེགས་ཤུལ་སྐྱེས་མཆོག་རྣམས་ཀྱི་གདུང་བསྲེགས་ཤུལ་ལ་ད་ལྟ་གདུང་ཁང་རྒྱབ་ཅེས་གྲགས། གཞན་ཡང་མཚོ་རྒྱལ་སྒྲུབ་ཕུག བཻ་རོའི་སྒྲུབ་ཕུག གུ་རུའི་སྒྲུབ་ཕུག་དང་། མཁའ་འགྲོ་སྡེ་ལྔའི་གནས་བྲག་རི་སྒེག་མོ་ལྔ་བཤིབས་འདྲ་བ་ཡོད། དེ་དག་རྣམས་ལ་ཡིག་འབྲུ་སོགས་རང་བྱོན་ཤིན་ཏུ་མང་། རག་ལྕོག་ཀཿཐོག་པའི་ཕྱོགས་ལ་བྲག་རི་རིམ་པ་བཅུ་གསུམ་བྱུང་བ་ནི་བླ་རབས། གདུང་རབས། མཁན་རབས་སོགས་བཅུ་གསུམ་རེ་བྱོན་པ་ནི་ཀཿཐོག་པའི་བསྟན་པ་ཡུན་ནས་ཡུན་དུ་གནས་པ་དང་། འདུས་སྡེ་རྣམས་བཅུ་གསུམ་རྡོ་རྗེ་འཛིན་པའི་སར་བཞུགས་པའི་བརྡ་རྟགས་གོ །དེ་ལྟར་ལོ་རྒྱུས་རགས་རིམ་ཙམ་གནའ་རབས་ཁ་རྒྱུན་དུ་གསལ་བ་དང་། མིག་ལམ་དུ་མཐོང་བ་རྣམས་གོ་བསྟུན་ནས་སྒྲོ་སྐུར་དང་བྲལ་བར་བཀོད་པ་ཡིན་ལ། གྲུབ་ཐོབ་ཆེན་པོ་ནི་ཆོས་ཉིད་ཟད་པས་མཛད་རྣམ་དང་གསུང་རྒྱུན་གང་ཡང་མི་འདུག་པས་ཞིབ་ཏུ་སྨྲ་བར་མ་ནུས་སོ། །བར་དུ་ཆེ་བ་བརྗོད་པ་ནི་གང་ཟག་དང་གནས་གཉིས་ལས། དང་པོ་གང་ཟག་གི་ཆེ་བ་ནི། དེ་ནས་གྲུབ་པའི་རིག་འཛིན་ཆེན་པོ་དེ་ཉིད། སྔར་ཀ་དམ་པ་རིན་པོ་ཆེ་དང་པོ་ཕྱོགས་འདིར་ཕེབས་སྐབས་རག་ལྕོག་དང་བྲེ་ཁྱིམ་དཔའ་བོ་འབུམ་རྫོང་གཉིས་བསུ་མར་བྱོན་པས་དེ་ནས་ཁོང་གི་སློབ་ཆེན་གྲུབ་ཐོབ་ཆེན་པོ་ཉིད། གནས་འདིའི་བདག་པོ་ཡིན་པའི་རྟེན་འབྲེལ་དུ་གོ་བས་གྲུབ། དེ་ནས་གྲུབ་ཐོབ་པ་དབང་ཕྱུག་མ་ཎི་རིན་པོ་ཆེ་རག་ལྕོག་ཏུ་བཞུགས་ནས་སྒྲུབ་སྡེ་བཙུགས། རག་ཆབ་ཁོག་གི་ཡུལ་སྡེ་སྐྱ་སེར་རྣམས་ལ་སྨིན་གྲོལ་མན་ངག་ཆོས་འབྲེལ་བཅས་པ་མང་དུ་བསྩལ་པས། གྲུབ་བརྙེས་ཀྱི་སྐྱེས་བུ་བླ་མ་དང་འབུམ་པ་སོགས་མང་ཤོས་ནི་རག་ཆབ་ཏུ་བྱུང་བས་དེ་ནི་ཁོང་གི་བཀའ་དྲིན་ནོ། །ཐ་ན་དུད་འགྲོའི་རིགས་ལྔ་བརྒྱ་ལྷག་ཙམ་འོད་ལུས་སུ་དེངས། དེའི་སྐབས་སུ་ལ་ལུང་ཕལ་ཆེར་སློབ་མ་མང་དུ་བྱོན་པ་རྣམས་སྔ་དྲོའི་རིང་ཀཿཐོག་ཏུ་བྱོན། ཕྱི་དྲོར་རག་ཆབ་ཏུ་བྱོན་པ་རྣམས་ནི་བྱ་ལྟར་མཁའ་ལ་བྱོན་བཞུགས་ནུས་པ་ཤ་སྟག་གོ །གཞན་ཡང་གྲུབ་ཐོབ་ཆེན་པོ་འདི་ཉིད་ཀྱིས་མེ་སྤྲེལ་ལོར་རག་དགོན་དུ་སྒྲུབ་སྡེ་ཞིག་བཙུགས། སྨིན་གྲོལ་གྱི་བདུད་རྩི་བསྩལ་པས་འོད་ཟེར་འབུམ། ནམ་མཁའ་འབུམ། དྷརྨ་འབུམ་སོགས་གྲུབ་བརྙེས་སྐྱེས་བུ་མང་པོ་བྱོན། ཀུན་དགའ་འབུམ་གྱི་སྐབས་ནས་གཅོད་ལུགས་ཀྱི་གྲུབ་བརྙེས་མང་དུ་བྱོན་པས་བརྟུལ་ཞུགས་ཀྱི་སྤྱོད་པ་ཆེར་བསྐྱངས། འདས་ཁར་ཡང་ཆང་མང་དུ་གསོལ། སྐུ་འོད་ལུས་སུ་གཤེགས། བར་སྣང་ཐམས་ཅད་འཇའ་འོད་ཀྱིས་གང་། ངོ་མཚར་བའི་ལྟས་མང་དུ་མཐོང་བས། མི་ནག་རྣམས་ཀྱིས་འཇའ་འོད་འཕྲོ་ལུགས་ལ་བལྟས་ན་རི་ཁྲོད་པའི་ཆགས་བུམ་ཞིག་ཆག་འགྲོ་བ་འདྲ་ཞེས་ཟེར་སྲོལ་ཡོད་པར་གྲགས། དེར་མ་ཟད་གྲུབ་ཐོབ་ཆེན་པོ་ཁོང་གི་རག་དགོན་དུ་བསྐྱབ་གནས་ཀྱི་མཆོད་བཤམས་ནས་ཆོས་དུང་དཀར་མོ་རྒྱང་གྲགས་གཏེར་ནས་སྤྱན་དྲངས་པའི་སྐབས། མགར་འདུག་བྱས་པའི་ཤུལ། ཞབས་པུས་གཉིས་ཀྱི་རྗེས་ད་ལྟར་གསལ་པོར་མཇལ་རྒྱུ་ཡོད། དུང་ཡ་གཅིག་རག་ལྕོག་ཏུ་འཕུར་ཤོར་བས། དེ་མ་ཐག་རག་ལྕོག་ནས་སླར་སྤྱན་དྲངས་པས་རག་དགོན་མགོན་ཁང་གི་གཡས་ཟུར་དུ་ཕར་འཕུར་ཚུར་བབས་ཀྱི་ཞབས་རྗེས་གསལ་པོར་མཇལ་རྒྱུ་ཡོད། དེ་ཕྱོགས་ཀྱི་འགྲོ་དོན་དཔག་མེད་གྲུབ་ནས་ཞིང་འདིའི་འདུལ་ཞིང་རེ་ཞིག་དེ་ཙམ་དུ་གཟིགས་ནས། ཉ་བྲིད་སྟེང་དུ་སྐུ་ལྷག་མེད་འོད་ལུས་སུ་གཤེགས་སྐབས། ཞག་བདུན་ཕྲག་གཅིག་གི་རིང་སློབ་མ་རེ་རེའི་ཚབ་གྲུབ་ཐོབ་རེ་རེ་བཞུགས། ཡང་བདུན་གཅིག་གི་ཚེ་གསུང་ལྷང་ལྷང་རྣ་ལམ་དུ་ཐོས། ཡང་བདུན་གཅིག་གི་ཚེ་འཇའ་འོད་དྲྭ་མིག་ཐིག་ལེ་ཐིག་ཕྲན་མང་དུ་འཕེལ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའོ། །དེ་ལྟར་འཇའ་ལུས་པ་ཁོང་གི་དྲིན་ལས་རག་ཆབ་ཕྱོགས་སུ་རི་ཁྲོད་ཆོས་སྒར་བརྒྱ་རྩ་སོགས་བྱོན་པར་གྲགས་ཀྱང་། ཐམས་ཅད་མ་གསལ་ཡང་། རགས་རིམ་ཙམ་ཞུས་ན། རག་ལྕོག་མཁའ་འགྲོ་འབུམ་རྫོང་མི་མངོན་དབྱིངས། མཁའ་འགྲོ་ཀུན་གྲོལ་འབུམ་པ། ཉ་བྲིད་སྟེང་ན་གྲུབ་ཐོབ་མ་ཎི་རིན་ཆེན། རིག་ར་ནང་གྲད་བརྡའ་དགོན་དུ་གྲ་སྟོན་ཆོས་རྗེ་འབུམ་པ། རྟ་རྒྱུག་དགོན་དུ་ཚུལ་ཁྲིམས་འབུམ་པ། སྡང་ཚེ་གད་བརྡ་བཀྲ་ཤིས་དགོན་དུ་བཀྲ་ཤིས་བླ་མ། འཛམ་ཉི་སྲང་ཐག་ལུ་གུ་དགོན་དུ་སྣ་ཚ་བ་དབུ་འོད་ཡེ་ཤེས་འབུམ་པ། ཨ་རིག་ཕུ་རྫོང་ལྟག་ཏུ་ཟངས་རི་འབུམ་པ། ནགས་ཀླུང་ནགས་ཕུ་དགོན་དུ་ཡངས་ཁྲོད་ཚུལ་ཁྲིམས་འབུམ་པ། དགུ་ཉིན་འབེ་ཚེ་སྟོད་ན་བྲག་ཐོག་འབུམ་པ། གླིང་ཐོ་སྟོད་རྗེ་མགོ་རི་ཁྲོད་དུ་དྲུང་པ་ནམ་མཁའ་རྒྱ་མཚོ། མགུ་ཁོ་རྫོང་ཁམས་ན་ཚེས་ལུ་བླ་མའམ་ཚུལ་ཁྲིམས་འབུམ་པ། ཚོད་སྒང་རྒྱབ་སྡེ་དགོན་ན་ཨ་ལྷ་སྲུང་རྒྱ་མཚོ། རྟ་ར་ཁར་དགོན་ན་དགེ་ཚ་རྟ་ར་བླ་མ། སྣ་ཀྱེ་རིག་དགོན་ན་ཤེ་ལེ་བླ་མ། རག་བཀྲམ་གནས་ནང་སྒོམ་ཕུག་ན་བྱ་བྲལ་ཀུ་སུ་ལི་ས། རག་དྷཱ་གནས་ནང་སྤྲང་ཕྱར་ཐུམ་ཅན། སུམ་ར་གནས་ནང་གྲུབ་ཐོབ་པདྨ་འགྱུར་མེད་རྒྱ་མཚོ། གཅོད་པ་བསྒོམ་བྲག་ན་བསྟན་སྐྱོང་གཅོད་པ། རྫོང་ཤོད་གནས་ནང་ན་འཇམ་མགོན་རྡོ་རྗེ་འཆང་། ཉ་བྲིད་སྟེང་དུ་རྣལ་འབྱོར་པ་ཀུན་བཟང་བསྟན་འཛིན། ལྷ་ལུང་སྒར་དུ་ཡང་ལེ་སྤྲུལ་སྐུ་ངེས་དོན་བསྟན་འཛིན། སེང་རིར་བླ་མ་དྲི་མེད་ཡབ་སྲས་དང་། གྲུབ་ཐོབ་དཔལ་ལྡན་ཡེ་ཤེས་བཅས་བཞུགས། འགེ་གསེར་རི་དགོན་དང་། གྱང་ཉ་བྲིད་དགོན་གཉིས་ཀྱི་མདོར་འབོད་བྱེ་ལྷ་ཁང་སུམ་མདོ་ནི་སྒ་ཨ་གྲོ་སྤང་བཞག་གི་དུས་སུ་བཞེངས། དགོན་པ་དེ་གཉིས་ཀྱི་འདུ་ཁང་ཡིན། དེ་ལ་སོགས་པ་སྔར་གྱི་གྲུབ་བརྙེས་སྐྱེས་བུ་བྱོན་རབས་གྲངས་ལས་འདས་ཀྱང་། ལོ་རྒྱུས་ཀྱི་ཡིག་ཚང་དབེན་པའི་རྐྱེན་གྱིས་རེ་ཞིག་དེ་ཙམ་མོ། །
གནས་ཀྱི་ཆེ་བསྟོད་བརྗོད་པ་དང་ཕན་ཡོན་བསྟན་པ་གཉིས་ལས། དང་པོ་གནས་བསྟོད་ཀྱི་ཆེ་བ་བརྗོད་པ་ནི། ཆོས་ཉིད་དབྱིངས་ལ་ཐམས་ཅད་མཉམ་མོད་ཀྱང༔ གཟུང་འཛིན་དྲྭ་བས་འཆིང་བའི་འགྲོ་བ་རྣམས༔ ཡང་དག་བྱང་ཆུབ་ལམ་ལ་དྲངས་པའི་ཕྱིར༔ སྣོད་བཅུད་འདི་དག་རྒྱལ་དང་རྒྱལ་བའི་ཞིང༔ དག་པ་རབ་འབྱམས་མ་དག་མིང་ཡང་མེད༔ གདུལ་བྱའི་སྣང་ངོར་གནས་དང་ཞིང་ལ་སོགས༔ གཙོ་ཆེར་ཡུལ་ཆེན་ཉེར་བཞི་གནས་སོ་གཉིས༔ བསམ་མི་ཁྱབ་པ་མཐའ་ཡས་བརྗོད་མི་ལང༔ འདི་རུ་ཁྱད་པར་མདོ་ཁམས་གནས་ཉེར་ལྔའི༔ ཕྲིན་ལས་ཀཿཐོག་རྡོ་རྗེ་གདན་གྱི་ཤར༔ རག་ལྕོག་མཁའ་འགྲོ་འབུམ་རྫོང་ཞེས་བྱ་བ༔ གཡས་གཡོན་མདུན་རྒྱབ་ཕྱོགས་མཚམས་ཐམས་ཅད་ཀུན༔ མཆོག་གསུམ་དཔའ་བོ་མཁའ་འགྲོ་མ་ལུས་ཀུན༔ སྤྲིན་ལྟར་བྱིན་རླབས་འདུ་བ་ཆེ་ཞེས་གསུངས༔ མཚོ་འཁྲུངས་མ་ཧཱ་གུ་རུ་ཡབ་ཡུམ་སོགས༔ སྔོན་བྱོན་རིག་འཛིན་གྲུབ་ཐོབ་ཕོ་མོ་ཡི༔ རྫུ་འཕྲུལ་གཤེགས་བཞུགས་ཕྱག་ཞབས་རྗེས་ལ་སོགས༔ རང་རང་ལྷ་སྔགས་རྒྱ་བོད་ཡིག་རིས་དང༔ རང་བྱོན་བརྡ་ཡིག་སྐུ་གཟུགས་མངོན་སུམ་དུ༔ ངོ་མཚར་བཀོད་པ་བསམ་མི་ཁྱབ་པ་བཞུགས༔ ཁྱད་པར་གནས་འདི་ངོ་མཚར་སྤྲུལ་པའི་གནས༔ སློབ་དཔོན་པདྨ་མཁའ་འགྲོ་མཚོ་རྒྱལ་གཉིས༔ རྫུ་འཕྲུལ་གཤེགས་ནས་ཞག་པོ་ཉེར་ལྔ་རུ༔ གནས་ཀྱི་བྱིན་ཕབས་རབ་གནས་བཅུ་གསུམ་མཛད༔ རྔ་ཡབ་གླིང་གི་བཀོད་པ་གཉིས་པ་རྫོགས༔ བྲག་རི་ཤེལ་མཁར་འཇའ་ཚོན་ཕོ་བྲང་ནང༔ ལྷོ་ནུབ་མཁའ་སྤྱོད་ཞིང་གི་བཀོད་པ་རྣམས༔ མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་བཞུགས༔ རིག་འཛིན་མཁའ་འགྲོ་འབུམ་གྱི་ཚོགས་གྲལ་དེར༔ ཡང་ཟབ་གཏེར་སྦས་མ་འོངས་རྟེན་འབྲེལ་འགྲིགས༔ པད་འབྱུང་ཡབ་ཡུམ་འགྲོ་དོན་དེ་ཕྱོགས་དར༔ མཚོ་རྒྱལ་ང་ནི་ཀུན་གྲོལ་འབུམ་པར་སྤྲུལ༔ མ་ཎི་རིན་ཆེན་བཀའ་དྲིན་ཆེ་བ་ལ༔ གསང་སྔགས་ཨ་ཏིའི་བསྟན་པ་མཐའ་རུ་གནས༔ སྐབས་སྐབས་འཇིགས་ཀྱང་ལས་ཅན་རིམ་བཞིན་འབྱུང༔ མཚོ་རྒྱལ་གདུལ་བྱ་མཐའ་མ་དེ་རུ་བབ༔ ཅེས་དང་། འཛམ་བུ་གླིང་གི་མཐའ་འཁོབ་ཡུལ༔ གངས་ཅན་ལྗོངས་ཀྱི་ལྟེ་བ་ཉིད༔ མཁའ་འགྲོའི་སྒྲུབ་གནས་མི་འགྱུར་གདན༔ ང་ཡི་སྒྲུབ་གནས་མང་ཡོད་ཀྱང༔ གནས་ཀྱི་རྒྱལ་པོ་འདི་ཁོ་ན༔ འོད་སྐུར་གཤེགས་པའི་གནས་སུ་ངེས༔ ཞེས་དང་། རབ་མཆོག་རྡོ་རྗེ་ལྷུན་པོ་ཡི༔ ཕྱི་ལྟར་རྡོ་རྗེའི་དབྱིབས་ལྡན་པའི༔ རྩེ་མོ་མི་སྤྱོད་རྡོ་རྗེའི་ཞིང༔ རིན་ཆེན་ཤེལ་གྱི་ཕྲ་ཚོམ་གཏམས༔ སྐུ་དང་རྒྱན་ཆ་ཡིག་འབྲུ་དང༔ བརྡ་ཡིག་ལ་སོགས་མངོན་སུམ་གསལ༔ རྣལ་འབྱོར་ཞིང་ཁམས་ཉུལ་བ་ཡི༔ མཁའ་སྤྱོད་ཞིང་ཁམས་མངོན་སུམ་གྲུབ༔ ཅེས་དང་། ཡང་ཁྲོད་རྫོགས་པ་ཆེན་པོའི་ཁང་བུ་རུ༔ རིག་འཛིན་དུ་མ་འཇའ་ལུས་གྲུབ་པར་འབྱུང༔ དེ་འོག་ཀུན་བཟང་རྡོ་རྗེ་དབྱིངས་ཀྱི་ལྷ༔ སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་རང་བྱུང་གི༔ བྲག་རི་རྣམ་བཀྲ་སྐུ་ཡི་ཚོམ་བུའི་ཚུལ༔ གཟུགས་སྣང་རྡོ་རྗེ་ལྷ་སྐུའི་རྣམ་པར་ཤར༔ ཀླུང་དུ་ཆུ་སྐྱེས་བཞེད་པའི་སྤང་ལེགས་སྟེང༔ ཆོས་ཀྱི་འཁོར་ལོ་དགའ་བའི་ཚུལ་དུ་འབྱུང༔ གཡོན་ཕྱོགས་སྒང་ལ་བདེ་ཆེན་པདྨའི་ཐང༔ དཔའ་བོ་མཁའ་འགྲོའི་བྲོ་ར་ཉམས་རེ་དགའ༔ མཐོང་བས་སེམས་ལ་དྭངས་བའི་དད་སྤྲོ་སྐྱེ༔ རྡོ་རྗེ་ཁྱུང་དམར་འབར་བའི་སྐུ་རང་བྱོན་༔ དེ་འོག་སྒང་ལ་བདུད་འདུལ་མཆོད་རྟེན་དང༔ དཔལ་ཆེན་སྐུ་དང་ཧྲཱི་ཡིག་རང་བྱོན་གསལ༔ རིག་འཛིན་ཐུགས་རྗེ་ཁྲོས་པའི་ཞབས་རྗེས་དང༔ དམ་སྲི་བཏུལ་བའི་དཔའ་རྟགས་རྡོ་ལ་ཤར༔ བྱང་ཕྱོགས་གནོད་སྦྱིན་གཏེར་འཆང་རོལ་པའི་ཞིང༔ རྣམ་ཐོས་སྲས་ཀྱི་ཕོ་བྲང་རང་ཤར་དང༔ ས་གཞི་དུང་དཀར་བཀྲ་ཤིས་གཡས་འཁྱིལ་འབུར༔ འཛམ་གླིང་བོད་ཁམས་བཅུ་གཉིས་གསོ་བའི་གཏེར༔ རྒྱལ་པོའི་བླ་གཏེར་སྐུ་གསུང་ཐུགས་ཀྱི་རྟེན༔ འགྲོ་ལ་བདེ་སྐྱིད་རྒྱས་པའི་གཏེར་མཛོད་བཞུགས༔ བོད་ཡུལ་ས་གཞི་སྲིན་མོ་གན་རྐྱལ་ལ༔ ས་གནད་མེ་བཙའ་འབུམ་ཁྲག་གདབ་པ་ལས༔ མཐའ་འདུལ་མཆོད་རྟེན་ས་འོག་གཟིར་བ་ཡི༔ དབུ་རྩེའི་སྟེང་ལ་རྡོ་དུམ་མཚམས་བུ་མངོན༔ སྲུང་མར་དབང་གི་མ་མོ་ཙན་ནི་ཀ༔ ཁྲོས་ན་མི་མོ་རྒས་ཉམས་རེས་འགས་མཐོང༔ སྐྱེས་མཆོག་གྲུབ་པའི་རིག་འཛིན་གདུང་རྟེན་གྱི༔ ཡང་འདུལ་མཆོད་རྟེན་བཀྲ་ཤིས་རྟགས་ཀྱི་གྲངས༔ རྒྱ་གར་ཡུལ་ཆེན་མ་གྷ་དྷ་དང་མཚུངས༔ མཁའ་སྤྱོད་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ༔ གནས་དེའི་ཡོན་ཏན་མདོ་རུ་མ་བསྡུས་ན༔ པདྨ་བདག་གི་བརྗོད་པར་ག་ལ་ནུས༔ གཞན་དུ་མེད་པའི་ཁྱད་ཆོས་རྣམ་པ་ལྔ༔ རིན་ཆེན་ལྔ་ཡི་སྒྲོམ་བུར་བཅུག་ནས་ཡོད༔ མི་འགྱུར་གསལ་བའི་བརྡའ་རྟགས་རྒྱ་ཡི་གེ༔ མུ་པ་ཧོ་ཞེས་གཤོང་གི་ཚུལ་དུ་དོད༔ སྨན་སྒྲུབ་རིལ་བུ་ནད་སེལ་རིལ་བུ་བདུན༔ རྒྱལ་པོ་ཛ་ཡི་དབུ་ཐོད་ནང་དུ་གཏམས༔ གཞིག་མེད་རིམ་པ་བཅུ་གསུམ་རྒྱས་བཏབ་པ༔ གཏེར་སྲུང་གཉན་ཆེན་ཐང་ལྷ་གཡུ་སྒྲོན་མ༔ དགེ་བསྙེན་བཞག་བྲ་ལྷ་རྩེ་གསུམ་ལ་གཏད༔ གང་གི་དད་ཅིང་མོས་གུས་ཡོད་ཙམ་གྱི༔ བསོད་ནམས་ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར༔ དེ་ལས་ལྷག་པའི་ཡོན་ཏན་ཅི་ཞིག་བརྗོད༔ དེ་ཡི་གཡོན་འོག་ཕྱོགས་བཞི་ལྷུན་གྲུབ་ཀྱི༔ ཕ་ཝང་རུས་སྦལ་ལམ་ནི་ཕག་པའི་གཟུགས༔ ལས་བཞི་ལྷུན་གྲུབ་གཏེར་སྒོ་མངོན་དུ་གསལ༔ མདོ་བྱང་འདི་སོགས་ཟབ་གཏེར་བདུན་སྦས་སོ༔ ནུབ་ནས་སུརྱའི་བྲག་ཁ་ཤར་དུ་བསྟན༔ ཤར་ནས་དྲང་མཁན་བྲག་རི་ནུབ་ཏུ་བསྟན༔ དེ་གཉིས་ཁ་སྦྱོར་ཉི་ཟླའི་ཚུལ་དུ་ཡོད༔ ནུབ་ཀྱི་བྲག་ངོས་ལུང་བསྟན་ཕྱོགས་བསྡུ་དང༔ པདྨ་བདག་གི་ཟབ་བེར་ཕོད་ཁ་སྦས༔ ཤར་གྱི་བྲག་རི་ཕུར་པ་ཕྲིན་ལས་གནས༔ ཀརྨ་ཧེ་རུ་ཀ་དཔལ་རང་བྱོན་དང༔ མ་ར་ཡ་ཕཊ་ཐོད་པ་བམ་ཡིག་མཚན༔ ཚར་གཅོད་དྲག་པོའི་ངན་སྔགས་སྒོ་དགུ་སྦས༔ རྒྱལ་གཏེར་འཕྲུལ་གཏེར་ནོར་གཏེར་དུ་མ་སྦས༔ རྨ་ཐོག་རིན་ཆེན་ཕྱག་མཁར་ཐོད་པ་སྦས༔ མཐུ་སྟོབས་བྲག་ལ་ཕྱག་མཛུབ་རྗེས་བཏོད་པ༔ དེ་ན་ངོ་མཚར་ཅན་གྱི་དགེ་མཚན་གསལ༔ དེ་ཡི་སྟེང་ཕྱོགས་གཡས་སུ་གྱེས་པ་ན༔ མཁའ་འགྲོ་སྡེ་ལྔས་དབྱངས་སྙན་གླུ་བླངས་ཚུལ༔ བྲག་རི་སྒེག་མོ་ལྔ་གཤིབ་ཚུལ་དུ་ཡོད༔ གནས་ཀྱི་མིང་ནི་མཁའ་འགྲོ་འབུམ་རྫོང་ཞེས༔ ངོ་མཚར་ཁྱད་འཕགས་མཁའ་འགྲོའི་གསང་ཕུག་དང༔ ཚོགས་གཞོང་བམ་རོ་རྒྱན་དང་ལྡན་པ་ཡོད༔ ཡང་གསང་མཁའ་འགྲོའི་སྙིང་ཁྲག་ཟབ་ཆོས་བསྐོར༔ ཡེ་ཤེས་མཚོ་རྒྱལ་ན་བཟའ་དབུ་སྐྲ་དང༔ མཎྡར་ཡི་ཚེ་བུམ་ཚེ་ཆུ་སྦས༔ འཆི་མེད་བསྒྲུབ་ན་གནས་མཆོག་དེ་རུ་འགྲུབ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རི་ནས༔ ཨོ་རྒྱན་པདྨ་འཁོར་དང་བཅས་པ་རྣམས༔ འདི་རུ་སྤྱན་དྲངས་གནས་འདི་བྱིན་ཕབས་རྟགས༔ གནས་ཕུག་ལྷ་གཉན་རག་ལྕོག་ཅེས་བྱ་བར༔ དཔའ་བོ་མཁའ་འགྲོ་ཐམས་ཅད་འཁོར་བའི་གནས༔ གནས་དེ་སྐྱིལ་ཀྲུང་བཅའ་འདྲའི་དཔང་ཁ་རུ༔ རག་ལྕོག་མཐིལ་ལ་རག་ཆབ་ཅེས་བྱ་བ༔ དཔའ་བོ་མཁའ་འགྲོ་བཞུགས་པའི་གནས་ཡིན་ཕྱིར༔ ཆོས་གླིང་དགོན་ཞེས་བྱ་བ་མིང་དུ་བཏགས༔ གནས་འདིའི་སྒོ་ནི་བྲག་རུབ་ཅེས་བྱ་བ༔ གནས་ཆེན་འདི་ཡི་སྒོ་སྲུང་གཉན་པོ་ནི༔ དཔལ་ལྡན་ལྷ་མོ་དྲེལ་ལ་ཆིབས་འདྲ་དང༔ མགོན་པོ་ནག་པོ་བིང་ཆེན་འཕྱར་འདྲ་དང༔ མགར་བ་ནག་པོ་སྭག་ཞུ་གྱོན་འདྲ་དང༔ དེ་དག་སོ་སོའི་འཁོར་རྣམས་ཐམས་ཅད་ཀྱང༔ སྤྱན་བསྒྲད་མཆེ་གཙིགས་ཞལ་ནི་གདངས་པ་འདྲ༔ ཡང་འཁོར་བཀའ་སྲུང་ལྷ་སྲིན་སྡེ་བརྒྱད་སོགས༔ སྤྱི་ནི་བཟང་ངན་ཤན་ཐང་ལེགས་འབྱེད་ཅིང༔ དེ་སོགས་མཚན་ཉིད་ཀུན་ལྡན་གནས་མཆོག་འདིར༔ ཚེ་གཅིག་ནང་དུ་གྲུབ་པ་ཐོབ་པ་མང༔ གཞན་དོན་སྒྱུ་ལུས་བཞག་པའི་ཚུལ་བསྟན་མང༔ དགོངས་པ་ལྷན་སྐྱེས་སངས་རྒྱས་ཞིང་དུ་གཤེགས༔ དེ་ཕྱིར་བཤེས་གཉེན་སྐལ་ལྡན་ཕོ་མོ་རྣམས༔ དོན་མེད་ཚེ་འདིའི་བྱ་བར་མ་བཏང་ལ༔ ཐོས་བསམ་བསྐྱེད་རྫོགས་གནད་དུ་བསྟུན་མཛོད་ཅིག༔ རྒྱ་གར་ཡུལ་ན་ཞི་བ་ལྷའི་སྤྲུལ་པ༔ དམ་པ་བདེ་བར་གཤེགས་པ་ལ་སོགས་ཀྱིས༔ ཡོན་ཏན་ཀུན་ལྡན་སྔགས་པའི་གནས་མཆོག་འདིར༔ མཁའ་འགྲོའི་སྒྲུབ་གནས་ཡིན་པར་ལུང་བསྟན་ཞིང༔ ལས་དག་སྐལ་ལྡན་རྣམས་ཀྱི་སྣང་ངོ་ལ༔ མཁའ་འགྲོའི་ལུང་བསྟན་ཡང་ཡང་འབྱུང་བའི་ཕྱིར༔ གནས་མཆོག་འདི་ལས་ལྷག་པའི་ཞིང་ཁམས་མེད༔ གནས་འབྲེལ་བཞག་ཚད་མཆོག་ཐུན་དངོས་གྲུབ་ཐོབ༔ འབྲེལ་ཚད་དོན་ལྡན་འཇའ་ལུས་གྲུབ་པ་ཡིན༔ པདྨའི་སྒྲུབ་གནས་མཁའ་འགྲོ་འབུམ་གྱི་ཞིང༔ སྒྲུབ་གནས་བརྒྱ་རྩ་བརྒྱད་ཀྱི་སྙིང་པོའོ༔ གནས་བསྟོད་ནི། ཨོ་མ་ཎི་པདྨེ་ཧཱུྃ༔ གླུ་ཨ་ལ་ཐ་ལ་ཐ་ལ་རེད༔ ཐ་ལ་གླུ་ཡི་ལེན་ལུགས་རེད༔ སྐྱབས་དྲིན་ཆེན་བླ་མ་པདྨ་འབྱུང༔ སྐུ་མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས༔ གླུ་མགོ་མ་མ་དང་མཁའ་འགྲོས་འཚོས༔ རྒྱབ་རྟེན་རྒྱལ་བ་རིགས་ལྔས་མཛོད༔ ས་འདི་ཡི་ས་ངོ་མ་ཤེས་ན༔ དཔལ་དགེ་བཅུའི་གསེར་ཤོག་ལུང་པ་རེད༔ མི་ང་འདྲའི་ང་ངོ་མ་ཤེས་ན༔ ང་པདྨའི་གདུང་འཚོབ་གར་གྱི་དབང༔ གླུ་འདི་འདྲའི་གླུ་ངོ་མ་ཤེས་ན༔ ང་དཔའ་བོ་དགྱེས་པའི་གད་རྒྱངས་ཡིན༔ དེ་སྟེ་འདིར་ཚོགས་དད་ལྡན་རྣམས༔ ཉོན་ཟེར་ནས་དམ་ཆོས་མི་བཤད་དེ༔ དཔྱད་ཤེས་ན་དམ་པའི་ཆོས་དང་འདྲ༔ གནས་ངོ་མཚར་རག་ལྕོག་དཔལ་གྱི་རྫོང༔ བྲག་རྡོ་རྗེའི་རི་བོ་དགུང་ལ་བསྙེགས༔ བར་ལྷོ་སྤྲིན་ཕྱུག་མོའི་ན་བཟའི་ཚུལ༔ འོག་ས་འཛིན་ནགས་ཀྱི་སྨད་ཤམ་ཅན༔ ཕྱོགས་མཚམས་ཀུན་རི་བྲག་འཕྲེང་བ་བསྒྲིགས༔ ཤིང་རྐང་འཐུང་ལྗོན་པས་བྲོ་གར་འཁྲབ༔ བྲག་མ་བརྩེགས་ཁང་བཟང་ཉམས་དགའ་བར༔ གདན་མ་བཀོད་རྩྭ་ལྗང་མྱུ་གུའི་ཚལ༔ ཆབ་གཙང་མའི་ཞབས་བསིལ་ཁྲུས་ཀྱི་རྫིང༔ ཨ་མཚར་མོ་འདི་འདྲའི་ཡ་མཚན་གྱིས༔ ཡིད་འཕྲོག་པའི་གནས་མཆོག་དམ་པ་འདི༔ སྔ་མ་སྔར་གྱི་དུས་ཚོད་ལ༔ ཕ་རྒྱལ་དབང་པདྨས་བྱིན་གྱིས་བརླབས༔ བཀའ་ཟབ་བཅུད་གཏེར་དུ་སྦས་པའི་ཡུལ༔ རྗེ་གཏེར་ཆེན་རིག་པ་འཛིན་རྣམས་ཀྱིས༔ རྫུ་འཕྲུལ་གྱི་གཏེར་ཞལ་འགྱེད་པའི་གནས༔ རྗེ་གྲུབ་ཐོབ་མ་ཎི་རིན་ཆེན་གྱིས༔ ཤར་ཀཿཐོག་རྡོ་རྗེའི་གདན་མཆོག་ནས༔ གོས་ངུར་སྨྲིག་གི་གཤོག་པས་མཁའ་ལ་གཤེགས༔ གནས་འདི་རུ་བྱོན་པའི་རྣམ་ཐར་འདུག༔ དཔལ་དྲུང་པ་ནམ་མཁའ་རྒྱ་མཚོ་ཡི༔ ཞབས་བཀྲ་ཤིས་འཁོར་ལོ་གནས་འདིར་བཀོད༔ དཔལ་གྲུབ་ཐོབ་རིག་པ་འཛིན་རྣམས་ཀྱིས༔ མཆོག་ཐུན་མོང་དངོས་གྲུབ་སྒྲུབ་པའི་གནས༔ ཕྱི་བདེ་གཤེགས་འདུས་པའི་གཞལ་ཡས་ཁང༔ དཔལ་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཀུན༔ ལྷ་མ་བྲིས་རང་བྱུང་འཁོར་ལོའི་དལ༔ བློ་དག་པའི་སྣང་ངོར་འབྱམས་སུ་ཀླས༔ ནང་ལྟར་ན་མཁའ་འགྲོ་འབུམ་གྱི་རྫོང༔ ཡེ་ཤེས་དང་ལས་གྲུབ་པ་ཡི༔ མ་གནས་གསུམ་མཁའ་འགྲོ་ཤུག་འགྲོ་རྣམས༔ ཚོགས་འདུ་བ་རྒྱུན་མི་ཆད་པའི་གནས༔ གསང་བ་ལྟར་རྔ་ཡབ་དཔལ་གྱི་རི༔ རྗེ་གུ་རུ་མཚོ་སྐྱེས་ཡབ་ཡུམ་དང༔ དཔལ་རྗེ་འབངས་གྲུབ་ཐོབ་རིག་འཛིན་རྣམས༔ མངོན་སུམ་དུ་མཚན་དཔེའི་ཞལ་བཟང་ངོམས༔ གནས་འདི་ཡི་གནས་བདག་སྲུང་མ་ནི༔ མགོན་མ་ཧཱ་ཀ་ལ་མཐུ་བོ་ཆེ༔ དམ་ཉམས་ལ་ཆད་པ་འབེབས་བྱེད་ཅིང༔ དམ་ཚིག་ཅན་སྲུང་སྐྱོབ་གཡེལ་མེད་མཛད༔ ལྷ་རྩ་གསུམ་དཔའ་བོ་ཌཱཀྐི་རྣམས༔ མ་བོས་ཀྱང་ལྷ་གཡང་འཁོར་བའི་གནས༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཀུན༔ མ་སྒྲུབ་ཀྱང་རང་བཞིན་འགྲུབ་པའི་གནས༔ གསུང་རྡོ་རྗེ་གྲུབ་པའི་ལྗགས་ཀྱིས་ཀྱང་། གནས་འདི་ཡི་ཡོན་ཏན་བརྗོད་པར་དཀའ༔ དུས་རྟག་པར་ས་ལ་སྤྱོད་པ་ཡི༔ གནས་འདི་ཉིད་རྒྱལ་བའི་ཞིང་ཁམས་དངོས༔ ཞལ་མཐོང་བ་ཙམ་གྱིས་འཁྲུལ་སྣང་འགགས༔ མཚན་ཐོས་པ་ཙམ་གྱིས་ཐར་ལམ་ཐོབ༔ གནས་འདི་རུ་སྒོམ་སྒྲུབ་བྱེད་པ་རྣམས༔ ཚེ་སྔོན་མའི་བསོད་ནམས་ཡིན་པར་མཐོང༔ ལྷ་བསྒོམ་དང་སྔགས་བཟླས་མཉམ་གཞག་ཀུན༔ འབུམ་འགྱུར་དུ་འཚལ་བ་ཐེ་ཚོམ་མེད༔ ཚོགས་འཁོར་དང་བསང་མཆོད་སུས་བྱས་ཀྱང༔ ལྷ་རྩ་གསུམ་དགྱེས་པའི་རྣམ་འགྱུར་ངོམ༔ མི་མི་མིན་དགའ་བའི་མངོན་རྟགས་གསལ༔ བྱིན་རླབས་དང་དངོས་གྲུབ་འབྱུང་བར་ངེས༔ དཔལ་འོག་མིན་ས་སྤྱོད་ཞིང་ཁམས་འདིར༔ ཆོས་བྱང་ཆུབ་བསྒྲུབ་པའི་མི་དེ་སྐྱིད༔ དུས་ད་ལྟ་གང་བསམ་ལྷུན་གྱིས་གྲུབ༔ ཚེ་ཕྱི་མ་བདེ་ཆེན་ཞིང་དུ་བསྒྲོད༔ དེ་མི་ལུས་ཐོབ་པ་དོན་ཡོད་རེད༔ མི་དེ་འདྲ་བྱུང་ན་དགའ་བ་ལ༔ ཁྱིམ་ཆགས་སྡང་ལེ་ལོ་འཁོར་བའི་རྒྱུ༔ འཇིག་རྟེན་གྱི་བྱ་གཞག་ཟིན་དུས་མེད༔ དེ་སྤངས་ལ་དབེན་གནས་ཉམས་དགའ་འདིར༔ དུས་རྒྱུན་དུ་དམ་པའི་ལྷ་ཆོས་ཀྱིས༔ ང་རྒན་བུའི་གཏམ་འདི་གསེར་བས་དཀོན༔ གསེར་སེར་པོ་བཙལ་ནའང་དཀའ་མོ་གདའ༔ གླུ་གོ་ན་རྣ་བའི་བུ་རམ་གྱིས༔ དཔྱད་ཤེས་ན་གངས་དཀར་སེམས་ལ་ཞོག༔ མ་གོ་གླུ་ལ་འབྲེལ་བ་མེད༔ ཤེས་མེད་ཀྱི་གླེན་པ་རང་སྡུག་ཡིན༔ ཧ་ཧ༔ ཞེས་ཀུན་བཟང་བསྟན་འཛིན་མིང་གིས་གང་དྲན་བྲིས་པ་ལགས་པས་མཁས་པ་རྣམས་ཀྱིས་ཐུགས་དབྱིངས་མི་ཁྲེལ་བར་ཞུ༔ རག་ལྕོག་གནས་ཀྱི་ཕན་ཡོན་ཟུར་གསལ་ཡོད༔ ན་མོ་གུ་རུ་ཌཱཀྐི་ཡེ༔ དེ་ནས་གཞན་ཡང་བཤད་བྱ་བ༔ གནས་ཆེན་མཁའ་འགྲོ་འབུམ་རྫོང་གི༔ བྱིན་རླབས་ཕན་ཡོན་བསྟན་པ་ནི༔ སྤྲེལ་ལོ་རྒྱལ་དང་རྒྱལ་བའི་སྲས༔ དཔའ་བོ་མཁའ་འགྲོ་མ་ལུས་ཀུན༔ བྱིན་རླབས་འདུ་བ་ངེས་པར་ཕེབས༔ ཁྱད་པར་ལོ་འདིའི་སྤྲེལ་ཟླ་ནི༔ འདུ་བ་ཆེ་བ་ཞེས་བྱར་བཤད༔ དེ་ཚེ་ཕྱག་མཆོད་བཀུར་སྟི་ཚོགས༔ དགེ་བ་གང་སྒྲུབ་སུམ་འགྱུར་འཕེལ༔ གཞན་ཡང་བྱུང་ངོ་ཅོག་གི་ལོའི༔ སྤྲེལ་ཟླ་འདུ་བ་ཆུང་བ་སྟེ༔ དུས་གཞན་དག་ལས་ཕན་ཡོན་ཆེ༔ འོན་ཀྱང་གནས་འདིའི་ཕྱི་སྐོར་ལ༔ མ་ཎི་བྱེ་བ་ཁྲག་བརྒྱ་དང༔ སུམ་བཅུའི་ཕན་ཡོན་ངེས་པར་འཐོབ༔ ཐོ་ཕྱིའི་ནང་སྐོར་གཅིག་བསྐོར་ན༔ དུང་ཕྱུར་བདུན་རེའི་འགྱུར་སྟོབས་ཡོད༔ གསང་བའི་བར་སྐོར་གཅིག་བྱས་ན༔ ཚེ་རབས་ལས་ཉོན་སྒྲིབ་པ་དག༔ བསླབ་སྡོམ་དམ་ཚིག་ཉམས་པ་གསོས༔ གནས་སྲུང་ཁུ་ལྡོག་གདུག་རྩུབ་རྐྱེན༔ སྡིག་ཆེན་བསྒྲོལ་བའི་ཡུལ་མ་ཡིན༔ རྩེ་སྐོར་གཅིག་ལ་མ་ཎི་དུང༔ གསུམ་གྱི་ཕན་ཡོན་ཐོབ་པས་ན༔ སྐལ་ལྡན་ཕོ་མོའི་ལྷག་བསམ་གྱི༔ འདུན་པ་བཟང་པོས་གནས་འདི་རུ༔ རབ་རྣམས་བསྐྱེད་རྫོགས་དོན་ལ་གཞོལ༔ འབྲིང་གི་ཕྱག་སྐོར་སྒྲིབ་སྦྱང་འབད༔ ཐ་མས་མོས་གུས་དད་སྟོབས་ཀྱིས༔ གསང་སྔགས་གླུ་ཡི་དབྱངས་ཆུང་དང༔ བསང་མཆོད་རླུང་རྟ་སོགས་ཕུལ་ན༔ འདོད་པའི་འབྲས་བུ་མྱུར་དུ་འབྱིན༔ གནས་གཞན་དག་ལས་ཕན་ཡོན་འཕགས༔ རི་ཀླུང་རྔོན་རྒྱ་སུས་བྱས་པ༔ ཚེ་བསོད་ཡར་ངོའི་ཟླ་ལྟར་འཕེལ༔ ཆོས་ཁྲིམས་འབྲལ་ཞིང་བརྙས་བཅོས་གཏོང༔ དེ་ལ་བཀའ་ཆད་འཕྲལ་དུ་འབེབས༔ དེ་ཕྱིར་དགེ་སྒྲུབ་སྡིག་སྤང་སོགས༔ རང་རང་མཁོས་བསྟུན་བྱ་བར་འོས༔ དེ་ལྟར་གནས་ཀྱི་མདོ་བྱང་དང༔ འབྲེལ་བའི་ཕན་ཡོན་མདོར་བསྟན་པ༔ སྐལ་ལྡན་བུ་ཡི་སྙིང་ལ་རྒྱ༔ གུ་ཧྱ༔ ཡར་ངོས་ལོའི་མཆོག་སྤྲུལ་བཀའ་ཕེབས་ལྟར་གནས་ཀྱི་མདོ་བྱང་ཉུང་ངུར་བྲིས་རྗེས་སླར་ཡང་ཤར་གྱི་སྦས་ལུང་གཉེན་པོའི་ཞོལ་དུ་ཟིལ་ནོན་རིག་པའི་རྩལ་འཆང་དབང་པོས་སྡེས་ཤར་མར་སྤེལ་བ་དགེ བཀྲ་ཤིས། དེ་ལྟར་རབ་མཆོག་རྡོ་རྗེ་ལྷུན་པོའི་གནས་ཀྱི་ལོ་རྒྱུས་ཉུང་ངུར་བྱས་པ་འདིའང་གཏེར་སྟོན་རིམ་བྱོན་རྣམས་ཀྱི་གཏེར་ལུང་ཐར་ཐོར་ཡོད་པ་སོགས་གཞིར་བཟུང་ནས་གནའ་རབས་རྒན་པོས་ངག་རྒྱུན་དང་མཐུན་པའི་མིག་ལམ་དུ་མཐོང་ཆོས་སུ་གྱུར་པས་ཟུར་བརྒྱན་ཏེ་རང་བཟོས་བྲིས་པས་དབེན་ཞིང་སྒྲོ་སྐུར་བྲལ་བར་བྲིས་པ་འདིས་ཀྱང་འགྲོ་ཀུན་ཚོགས་གཉིས་རྫོགས་པའི་རྒྱུར་གྱུར་ཅིག གྲུབ་བརྙེས་བྱིན་བརླབས་ཆུ་བཞིན་རབ་ཏུ་གཡོ། །དད་ལྡན་མོས་པའི་ཞིང་ས་རླན་གྱུར་ནས། །ཚོགས་གཉིས་རབ་རྫོགས་ལམ་འབྲས་མཆོག་ཏུ་སྨིན། །སྐུ་བཞིའི་དཔལ་ལ་དགའ་བདེའི་འཚམ་པར་ཤོག །
མཆན། ༡.གནས་ཡིག་འདི་ནི་རག་ལྕོག་དགོན་པས་འདོན་སྤྲོད་གནང་བའི་དཔེ་རྙིང་བྲིས་མ་དངོས་ལས་ཞལ་བཤུས་པའོ། །༢.གནས་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཧི་བོ་ཆོས་ར་ཆབ་ཞང་ར་ཆབ་དགོན་པའི་ཕྱོགས་སུ་ཡོད།༣.འདི་ལ་གནས་མདུན་ནས་རྐང་ཐང་འབྲིང་པོ་ཞིག་གི་ནང་བསྐོར་ལ་ཉིན་གཅིག་དང་། ཕྱི་བསྐོར་ལ་ཉིན་གསུམ་དགོས།
༄༅། །ད་ནི་ཁྱད་པར་གནས་བཞི་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལ་ཐོག་ཅེས་བྱ་རུ༔ ཙཱ་རི་མཚུངས་པའི་མ་ཡོ་གངས་ར་ཡོད༔ དེ་ཉིད་སྐུ་ཡི་གནས་མཆོག་འདུས་པའི་རི༔
༄༅། །སྐུའི་གནས་ཐམས་ཅད་འདུས་པ་མ་ཡོ་གངས་ར་ནི། ནང་ཆེན་སྟོད་ཀྱི་གཟེ་རྒྱལ་གྭ་པ་ཟེར་བ་ཁམས་པ་ཀུན་དགའ་བསྟན་འཛིན་སོགས་གནས་སྒོ་འབྱེད་མཁན་མང་ཞེས་གསུངས་སོ། །
༄༅། །རང་བྱུང་པདྨ་རྒྱལ་པོ་ངས། །འཛམ་གླིང་གནས་ཡུལ་བྱིན་གྱིས་བརླབས། །དེ་ལས་ཁ་བ་ཅན་གྱི་ལྗོངས། །མདོ་སྨད་ས་ཡི་ལྟེ་བ་ནི། །ཉི་ཟླ་གཉིས་ཀྱི་གཡས་དག་ཏུ། །གཟེ་ཡི་མ་ཡོ་ཆེན་པོ་ནི། །མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ །དགྱེས་པར་རོལ་པའི་ཕོ་བྲང་ཆེ། །ཕྱོགས་མཚམས་རྣམས་སུ་ལུང་ཆེན་དང་། །ལུང་ཕྲན་བརྒྱ་དང་ཉི་ཤུ་ཡོད། །མཚོ་ཆེན་བརྒྱ་རྩ་ཁྱད་པར་དུ། །དཀར་དམར་བྱང་སེམས་རྒྱ་མཚོ་ཆེ། །དེ་ཡི་བར་ནས་སྦས་པའི་ལུང་། །ཨོ་རྒྱན་རང་བྱུང་གསང་ཕུག་ནང་། །རྗེ་འབངས་འདུས་པའི་ཕུག་ཆེན་པོ། །བདུད་རྩི་གསང་བའི་ཕུག་པ་དང་། །རང་བྱུང་རྡོ་རྗེ་ཕག་མོའི་ཕུག །དག་པ་ཤེལ་གྱི་རི་བོ་ནི། །ལྷུན་པོ་རྩེ་མཐོ་རྔམ་བརྗིད་ལྡན། །ཤར་དུ་ཡང་དག་ལྷོར་བདུད་རྩི། །སྨན་དིལ་ནད་ཀུན་སེལ་བྱེད་པའི། །ཁྲུས་ཆབ་བརྒྱ་རྩ་ལྷོ་ཕྱོགས་སུ། །རྔམ་བརྗིད་གཤིན་རྗེའི་ཕོ་བྲང་ཆེ། །ལྷོ་ནུབ་མ་ལ་ཡ་ཡི་རི། །ཙནྡན་སྡོང་པོས་མཚན་པ་དང་། །ནུབ་ཕྱོགས་བདེ་ལྡན་བཀོད་པའི་ཞིང་། །ནུབ་བྱང་ཚེ་དཔག་མེད་མགོན་དང་། །ཚེ་ཡི་བུམ་པ་འཆི་མེད་ཀྱི། །བདུད་རྩིའི་ཆུ་བོ་བརྒྱད་ལྡན་འབབ། །བྱང་ཕྱོགས་ནོར་བུ་སྤུངས་པ་རུ། །ཕྱག་རྡོར་ལྕང་ལོ་ཅན་གཉིས་པ། །གནོད་སྦྱིན་དགྱེས་པའི་དགའ་བའི་ཚལ། །བྱང་ཤར་ཧི་མ་ལ་ཡ་རུ། །སྤྱན་རས་གཟིགས་དང་སྒྲོལ་མ་སོགས། །མངོན་སུམ་བཞུགས་པ་དེ་ལྟ་བུའི། །བཀོད་པ་མདོར་བསྡུས་དཀར་ཆག་འདི། །ལས་ཅན་སྐྱེས་བུའི་སྙིང་ལ་གབ། །དུས་སུ་བབས་ཚེ་སྣང་བར་འགྱུར། །ལྷ་ཡི་དགེ་བསྙེན་མཆེད་གསུམ་པོས། །སྐལ་ལྡན་དེ་ལ་གྲོགས་སུ་གྱིས། །མདོ་བྱང་རྒྱས་པ་དྷཱ་ཡི་བྲག །ཆོས་འབྱུང་གསང་བའི་ཕུག་པར་སྦས། །ཤེས་རབ་ཚེ་དང་དཔལ་དང་ནི། །བདེ་བའི་མིང་སོགས་འཇོམས་གྱུར་ན། །རྟེན་འབྲེལ་མངོན་དུ་སྣང་བར་འགྱུར། །ས་མ་ཡ། བརྡ་ཐིམ། གཟེ་ཡི་རྟ་ལུང་གདོང་དུ་ཤིང་ལུག་ཟླ༨ཚེས༦ལ་གང་ཤར་བྲིས་པའོ། །
༈ཤེས་ཉམས་ཟ་ཅིའི་འཆར་ལུང་།ས་ཁྱི་ཟླ༧པའི་ཚེས༡༩སྔ་ཆར་རྡོ་རྗེ་གླིང་དུ་ཡོད་སྐབས་རིག་ཁམས་དྭངས་པར།ཤར་གླང་ཆེན་འགྱིང་འདྲའི་གངས་ཀྱི་རྩེར། །རྗེ་དུས་གསུམ་སངས་རྒྱས་བཞུགས་པའི་གནས། །གཙུག་ལག་ཁང་མི་ཆུང་ཙམ་བཞེངས་ན། །སྤྱིར་སངས་རྒྱས་བསྟན་ལ་ཕན་པ་དང་། །སྒོས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བདེ། །ཞེས་ཐོལ་དྲན་དུ་བྱུང་བའོ། །
༈ས་འཛིན་ཡོངས་ཀྱི་རྒྱལ་པོ། །གངས་ཅན་རི་ཡི་སྟེང་འདིར། །དུས་གསུམ་སངས་རྒྱས་གཙོར་གྱུར། །བཞུགས་པའི་ལྷ་ཁང་བཞེངས་ནས། །མཆོད་པའི་ཕྲེང་བ་ཚུགས་ན། །འཛམ་གླིང་སྤྱི་དང་བོད་ཁམས། །བདེ་སྐྱིད་དཔལ་ཡོན་རྒྱས་འོང་། །དེ་སྐད་དུ་ཡང་བརྗོད་པ་འདི། །དོན་དང་ལྡན་མིན་གང་ཡིན་ཀྱང་། །སྐབས་སུ་བརྡོལ་བའི་མགྲིན་གླུ་ཐལ། །གཞན་ལ་བཤད་པ་དགོས་པས་དབེན། །རྟེན་འབྲེལ་ངང་གིས་འགྲིགས་ན་བཟང་། །འདི་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་འབུམ་ལས་ཁོལ་དུ་ཕྱུང་བའོ། །དེ་ཡང་སྔོན་གཏེར་ཕྲན་པད་གླིང་གིས་སྤུ་རོང་གེ་སར་ལྷ་ཁང་གི་རྡོ་ཡི་ཀ་བ་གཉིས་གཏེར་ལས་བཞེས། དབུས་ལྷ་རིའི་རྩེ་ལ་ཟིལ་གནོན་བཞེངས་ཞེས་ལུང་བསྟན་ཡོད་གསུངས་ནས་རྡོ་ཤུལ་གྱིས་རྡོ་ལ་གུ་རུ་སྣང་སྲིད་ཟིལ་གནོན་བསྐོས་ནས་གཟེ་རྒྱལ་རི་རྩེར་བཞག་པ་སོགས་བྱས་སོ། །བོད་ཡུལ་ཇོ་བོ་གཟེ་རྒྱལ་འདི་གནས་སུ་ངོས་འཛིན་དང་པོར་གནང་མཁན་རཱ་ག་ཨ་སྱས་གནང་སྐབས་ཇོ་བོ་དགའ་བའི་རྣམ་འགྱུར་འགའ་རེ་བྱུང་གསུངས། གནའ་དུས་རྔ་མོང་གྭ་པ་དེ་ནས་མ་ཡོ་གྭ་པ། དེ་ནས་ཇོ་བོ་གཟེ་རྒྱལ་ཞེས་མིང་རིམ་པར་འགྱུར་བ་དང་། སྤྱན་རས་གཟིགས་ཀྱི་གནས་སུ་གསུངས། དེ་རྗེས་ཁམས་པ་ཀུན་དགའ་བསྟན་འཛིན་དེ་ལ་གུ་རུ་ཞལ་གཟིགས་པ་སོགས་བྱུང་། རྒྱལ་དབང་བདེ་ཆེན་རྡོ་རྗེའི་གནས་ཡིག་པོད་ཅིག་ཡོད། གཏེར་སྟོན་གནམ་ལྕགས་ཀྱིས་བོད་ཡུལ་གནས་ཆེན་ལྔ་ལས་ཕྱིས་གནས་སུ་རི་ཆེ་རྗེ་དྲུང་མཻ་ཏྲི་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་བསྔགས། གྲ་ཀ་ལོག་གིས་རྨི་ལམ་སྤྲུལ་བསྒྱུར་སོང་སྐབས་རི་རྩེར་བི་མ་ལ་བཞུགས་པར་བཤད། གེ་ཆགས་བླ་མ་ཉི་མས་ཤེལ་གྱི་མཆོད་རྟེན་གཟིགས། དེ་ནི་གཞན་བླ་མ་མང་པོའི་གཟིགས་སྣང་དཔག་ཏུ་མེད་པའི་གནས་ཁྱད་པར་ཅན་ཞིག་ཡིན་ནོ། །གུ་རུའི་རྫ་ཁང་མ་ཉམས་པ་དང་མཚོ་ལ་རྫུ་འཕྲུལ་གྱི་ཕྱག་རྗེས་ངོ་མཚར་ཅན་སོགས་མཇལ་རྒྱུ་ཡོད། མི་ལའི་ཞབས་རྗེས་དང་། རས་པ་ལྔ་བརྒྱ་འཇའ་ལུས་སུ་གྲུབ་པའི་གནས་སོགས་ཡོད་དོ། །
༄༅། །ཡོན་ཏན་ཙཱ་རིའི་ལམ་ཡིག་གསལ་བའི་སྒྲོན་མེ་མཐོང་བ་དོན་ལྡན་འཛམ་གླིང་གཡས་བཞག་ཏུ་གྲགས་པ་བཞུགས་སོ། །བླ་མ་ཡི་དམ་དང་མཁའ་འགྲོ་ཞིང་སྐྱོང་ཌཱཀྐི་གཏེར་སྲུང་ཚོགས་ལ་བསྟོད༔ ན་མོ་གུ་རུ་ཌཱཀྐི་ནཱི་ཡེ༔ ཨོ་རྒྱན་ལམ་ཡིག་གསལ་བའི་སྒྲོན་མེ་འདི་ལ་རྒྱ་བོད་ཀྱི་གངས་གཉེན་ཉི་ཤུ་རྩ་གཅིག་གངས་རི་བརྒྱ་དང་ལྔ་སྟེ༔ མ་བཞེངས་པ་ལྷུན་གྱིས་གྲུབ་པའི་རྩ་གསུམ་འཁོར་ལོ་ལྔའི་ཕོ་བྲང༔ སྟོད་དུ་སྒྲ་ཆེ་ཞིང་ཡོན་ཏན་དང་ལྡན་པ་ཏི་སེ་གངས་རི་སེང་གདོང་མ་དཀར་མོ་སྐུའི་གནས༔ དེ་ལ་དགྲ་བཅོམ་པ་ལྔ་བརྒྱའི་ཞབས་རྗེས་དང་བཅས་པ་ཡོད༔ ཏི་སེ་སྒྲ་ཆེ་བའི་རྒྱུ་མཚན་དེ་ལྟར་ལགས༔ བར་དུ་ཁྱད་པར་དུ་འཕགས་པ་ལ་ཕྱི་ཆུ་བར་སྟག་གདོང་མ་ཁྲ་མོ་གསུང་གི་གནས༔ དེ་ལ་དབང་ཕྱུག་མི་ལ་རས་པས་རྩ་རླུང་ལ་རང་དབང་ཐོབ་སྟེ་རས་པ་ལྔ་བརྒྱ་དང་བཅས་པ་འཇའ་ལུས་འགྲུབ་པའི་རྟེན་འབྲེལ་ཡོད༔ ལ་ཕྱི་ཁུངས་བཙུན་པའི་རྒྱུ་མཚན་དེ་ལྟར་ལགས༔ དབུས་སུ་འགྲན་ཟླ་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་ཙཱ་རི༔ ཕག་གདོང་མ་ནག་མོ་ཐུགས་ཀྱི་གནས༔ དེ་ལ་མཁའ་འགྲོ་བྱེ་བ་ས་ཡ་འབུམ་དང་བཅས་པ་དངོས་སུ་འདུ༔ ཙཱ་རི་འགྲན་ཟླ་དང་བྲལ་བའི་རྒྱུ་མཚན་དེ་ལྟར་ལགས༔ སྨད་དུ་འཛམ་གླིང་གཡས་བཞག་ཏུ་གྲགས་པ་ཇོ་བོ་གཟེ་རྒྱལ་དོམ་གདོང་མ་མཐིང་ནག་ཡོན་ཏན་གྱི་གནས༔ དེ་ལ་པདྨ་ང་ཡིས་བྱིན་གྱིས་བརླབས་ཤིང་ཟབ་གཏེར་བཅུ་གསུམ་དང་བཅས་སྦས་པའི་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོ་མ་ངེས་པར་འདུ་བའི་གནས༔ གཟེ་རྒྱལ་འཛམ་གླིང་གཡས་བཞག་ཏུ་གྲགས་པའི་རྒྱུ་མཚན་དེ་ལྟར་ལགས༔ རོང་བཙན་ཁུངས་བཙུན་ཞིང་དྲག་རྩལ་དང་ལྡན་པ་སྤྱང་གདོང་མ་སྔོན་མོ་ཕྲིན་ལས་ཀྱི་གནས༔ སློབ་དཔོན་ཆེན་པོ་བཻ་རོ་ཙ་ནས་སྦས་ཡུལ་པདྨ་བཀོད་ཀྱི་སྒོ་སྲུང་དུ་བཀོད་ཅིང་བྱིན་གྱིས་བརླབས་པའི་རྟེན་འབྲེལ་ཡོད༔ རོང་བཙན་ཁུངས་བཙུན་པའི་ལོ་རྒྱུས་དེ་ལྟར་ལགས༔ གནས་ཀྱི་རྩུབ་འགྱུར་གྱི་ཕོ་ཉ་བཞི་ཡོད་པ་ལ༔ ཕྱིའི་ཕོ་ཉ་ཤར་རྨ་རྒྱལ་སྦོམ་ར༔ ལྷོ་སྐུ་རྒྱལ་ཤེ་ནེ༔ ནུབ་མཁར་ནག་རྒྱལ་པོ༔ བྱང་ཐང་ལྷ་ཆེན་པོ༔ ནང་གི་ཕོ་ཉ་བཞི་ཡོད་པ་ལ༔ ཤར་གྱི་སྐེ་རྒྱལ་ནེ་བྲོ༔ ལྷོའི་དམག་དཔོན་འཛི་རྒྱལ༔ ནུབ་ཀྱི་པེ་ནེ་རི་བཀྲ༔ བྱང་གི་རྨེ་རྒྱལ་རྟ་རྣ༔ ནང་གི་ཕོ་ཉ་བཞི་ཡོད་པ་ལ༔ ཤར་གྱི་སྲོག་བདག་ཤྭ་ར༔ ལྷོའི་གནོད་སྦྱིན་སྦྲུལ་མགོ༔ ནུབ་ཀྱི་ཨ་མྱེ་མུ་ཁྲི༔ བྱང་གི་མཚོ་ནག་དགེ་བསྙེན་ཏེ༔ དེ་རྣམས་ཀྱི་གནས་མཆོག་འདིའི་རྫུ་འཕྲུལ་ལས་ལ་བསྐུལ་བའི་ཕོ་ཉ་དྲག་པོའི་ཚུལ་ལ་ཞི་བ་གནས་ཀྱི་ཆ་ལག་བཀའ་སྐྱོང་རྣམས་སོཿ དེ་རྣམས་ཕོ་ཉ་ལས་བྱེད་ཀྱི་གཏེར་རེ་སྦས་ཡོད་པ་ལ་རྡོ་རྗེ་ཡང་རྩེའི་དཀྱིལ་འཁོར་གསང་བ་ཡོངས་རྫོགས་ཀྱི་སྐོར་རྣམས་ནི་སྐྱེ་འགྲོ་བསྐོར་རྟེན་དུ་གནས་ཀྱི་སྐུ་ལྔའི་ལོ་རྒྱུས་ནི་དེ་ལྟར་ལགས༔ སྐལ་ལྡན་དྭངས་བ་འདྲེན་པའི་ཞིང་ཡིན་ཕྱིར་གནས་འདི་ལ་དཀྱིལ་འཁོར་ཚང་བའི་རྒྱུ་མཚན་ནི་རྒྱ་གར་གྱི་སྐད་དུ༔ རི་བོ་ཨ་མ་ལ༔ བོད་ཀྱི་སྐད་དུ༔ དག་པ་ཤྲི༔ ཨོ་རྒྱན་སྐད་དུ༔ རི་བོ་བྷ་མུ་རང་ཏ༔ བོད་ཀྱི་སྐད་དུ༔ མཆོད་རྟེན་བཀྲ་ཤིས་བརྩེགས་པ་ཆེན་མོ༔ ཕྱི་ནས་བལྟས་ན་གངས་རི་རྩེ་གསུམ་གྱི་ཚུལ་དུ་གནས་པ༔ ནང་ནས་བལྟས་ན་རྒྱུ་ནོར་བུ་ཆུ་ཤེལ་ལས་གྲུབ་པ་མཆོད་རྟེན་བཀྲ་ཤིས་འོད་ལྡན་ཞེས་བྱ་བ༔ རྩེ་མོ་ལྷའི་གནས་སུ་ཟུག་པ༔ ལྷ་རྣམས་ཀྱི་ཕྱག་དང་མཆོད་པ་བསྐོར་བ་བྱེད་པ༔ སྐེད་པ་བཀྲ་ཤིས་འོད་མིའི་གནས་སུ་ཟུག་པ༔ ཀླུ་རྣམས་ཀྱི་ཕྱག་དང་མཆོད་པ་བསྐོར་བ་བྱེད་པ༔ ཌཱཀྐི་སེང་གདོང་གི་ཞལ་ནས་ཀྱང༔ བུ་སྙིང་རུས་དང་ལྡན་པའི་རྗེས་འབྲང་རྣམས༔ མ་བསྒོམ་སངས་རྒྱས་ཀྱི་གནས་མཆོག་ཡིན༔ འདི་ནས་ཤར་ཕྱོགས་དབྱིངས་ཀྱི་གོང༔ དབང་ཕྱུག་དཔལ་ལྡན་མཁའ་འགྲོ་མ༔ ཤ་དང་ཆང་གི་མཆོད་པའི་གནས༔ མ་དང་མཁའ་འགྲོའི་ཚོགས་ཁང་ཡོད༔ སྐལ་ཡོད་ཀྱི་སྐལ་བ་ལེན་ས་ཡོད༔ སྐལ་མེད་ཀྱི་ཚེ་སྲོག་གཏོང་ས་ཡོད༔ ཟོག་པོ་རླུང་ལ་བསྐུར་ས་ཡོད༔ གཡེང་བ་ཅན་བདུད་ཀྱིས་འཁྱེར་ས་ཡོད༔ ལོག་ལྟ་ཅན་ཚེ་སྲོག་སྐུམ་ས་ཡོད༔ སྡིག་པོ་ཅན་མངོན་སངས་རྒྱས་ས་ཡོད༔ དད་པ་ཅན་དངོས་གྲུབ་ཐོབ་ས་ཡོད༔ ལས་འཕྲོ་ཅན་ཆོས་དང་འཕྲད་ས་ཡོད༔ སྨོན་ལམ་ཅན་གནས་ལུགས་སྐྱོང་ས་ཡོད༔ བསོད་ནམས་ཅན་ཚོགས་འཁོར་འབུལ་ས་ཡོད༔ ལས་སྟོབས་ཅན་ཟབ་གཏེར་དང་འཕྲད་ས་ཡོད༔ དབུལ་ཕོངས་ཅན་ནོར་དང་འཕྲད་ས་ཡོད༔ འདུན་པ་ཅན་བུ་དང་འཕྲད་ས་ཡོད༔ བར་ཆད་ཀྱི་ཚེ་འཕྲང་སྒྲོལ་ས་ཡོད༔ བཟང་ངན་གྱི་འཁྲི་བ་གཅོད་ས་ཡོད༔ མ་མཁའ་འགྲོ་སྤྲིན་ལྟར་འཚོགས་གནས་འདི༔ མཁའ་སྤྱོད་ཞིང་དང་དགོངས་པ་མཉམ༔ འདི་མཇལ་བས་ངན་སོང་སྐྱེ་སྒོ་ཆོད༔ འདིར་བགྲོད་པ་རྣམས་ནི་ལྟ་ཅི་སྨོས༔ དཔལ་ཧེ་རུ་ཀ་དང་དགོངས་པ་མཉམ༔ ལམ་རིམ་འབྱོར་མི་དགོས་དགོངས་སངས་རྒྱས༔ ཞེས་གསུངས༔ གུ་རུའི་ཞལ་ནས། རང་བྱུང་མཆོད་རྟེན་ཆུ་ཤེལ་ལས་གྲུབ་པའི༔ དཔག་ཚད་བཅུ་གསུམ་རྒྱ་ཁྱོན་ཚད་དང་ལྡན༔ པད་གདན་སེང་ཁྲི་བང་རིམ་སྟོང་ཕྲག་སྟེ༔ བུམ་པ་བྲེ་དང་ཆོས་འཁོར་སོ་བདུན་ནི༔ རྟ་བབས་རྒྱན་དང་ཅོད་པན་དུ་མ་འཕུར༔ གདུགས་དང་གཉྫིར་ནི་ཏོག་གིས་སྤྲས༔ ཡེ་ཤེས་འཇའ་འོད་སྣ་ལྔའི་གུར་ཕུབ་མཛེས༔ མ་བཀོད་ཞིང་ཁམས་རང་བྱུང་མཆོད་རྟེན་ལ༔ འཇའ་གུར་རིག་འཛིན་གྲུབ་ཐོབ་བརྒྱད་ཅུ་བཞུགས༔ ཕྱི་རིམ་མ་དང་མཁའ་འགྲོ་སྤྲིན་ལྟར་གཏིབས༔ བར་ཁྱམས་བཀའ་བརྒྱུད་བླ་མ་ཟེར་ལྟར་འཁྲིགས༔ ཏོག་ལ་རྒྱུད་སྡེ་རྣམ་བཞིའི་དཀྱིལ་འཁོར་ཚང༔ ཉི་ཟླ་གསང་སྔགས་ལྷ་ཚོགས་ཁྲོམ་ལྟར་སྤུངས༔ གཉྫིར་ལ་རྡོར་འཆང་སངས་རྒྱས་སྟོང༔ གདུགས་ལ་སྣང་སྲིད་ཁྲོ་བཅུ་འཇའ་ལྟར་ཤར༔ ཆོས་འཁོར་ཞི་ཁྲོའི་དཀྱིལ་འཁོར་གསལ་སྣང་དག༔ རྟ་བབས་བདེ་གཤེགས་དཀྱིལ་འཁོར་ཡོངས་རྫོགས་རྒྱས༔ བུམ་པར་སྣང་མཐའ་བདེ་ཆེན་ཞིང་ཁམས་བཞུགས༔ བྲེ་ལ་ཞིང་སྐྱོང་ཌཱཀྐི་མ་ལུས་ཚང༔ སྟེང་གི་བང་རིམ་མཁའ་འགྲོའི་ཕོ་བྲང་གསལ༔ འོག་གི་བང་རིམ་དཔལ་མགོན་བདུན་བཅུ་ཚང༔ སེང་ཁྲི་ནོར་བདག་ཛམ་ལྷ་མ་ལུས་ཚང༔ ལོགས་བཞིར་གདོང་ཅན་མཁའ་འགྲོ་བཀའ་བསྟན་སྐྱོང༔ ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་སྒོ་སྲུང་ཚུལ༔ མཚམས་བཞིར་ལས་མཁན་ཕོ་ཉ་གློག་ལྟར་འཁྱུགས༔ ཟུར་བཞིར་བམ་རོ་སྐྱེ་བདུན་དུར་ཁྲོད་ཚང༔ པད་འདབ་ཀླུ་གཉེན་ས་བདག་མཆོད་བསྟོད་འབུལ༔ དེ་ལྟར་མ་བསྒོམ་དཀྱིལ་འཁོར་རང་བྱུང་འདི༔ ཕྱག་མཆོད་བསྟོད་ཅིང་བསྙེན་སྒྲུབ་ལས་ལ་སྦྱོར༔ མཆོག་ཐུན་དངོས་གྲུབ་ཐོབ་འགྱུར་ཐེ་ཚོམ་མེད༔ ལས་ཅན་སྨོན་ལམ་ལྡན་པའི་སྐྱེས་བུ་རྣམས༔ ལམ་ཡིག་སྒྲོན་མེ་འདི་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་ལམ་ཡིག་སྒྲོན་མེ་འོད་གསལ་ལས༔ ཀླུ་བདུད་རྩའི་རྣམ་དབྱེ་བཤད་པར་བྱ༔ ཀླུ་བདུད་རྡོ་རྗེ་ཞེས་བྱ་བ་རྩྭ་རིན་ཆེན་འདི༔ སྒོ་ཆེ་བ་ཕོ་བྲང་གླིང་དགུ་ཤར༔ ཅོང་ཞིའི་བྲག་རི་མི་ལང་བ་འདྲ་བ༔ གོང་དུ་ཆུ་མིག་རྡོ་རྗེ་རིས་སུ་ཡོད་པའི་ཁྲོད༔ སྨན་ལྗོངས་ཀླུ་རྒྱལ་སྐྱེད་པའི་ཚལ་བོང་བ་དུག་གི་ཁྲོད་དུ༔ མེ་ཏོག་དྲིལ་བུ་འདྲ་བ༔ ལོ་མ་རྒྱ་དར་འདྲ་བ༔ འབྲས་བུ་བྲ་བོ་འདྲ་བ༔ ཚིག་པ་མདའ་སྨྱུག་འདྲ་བ༔ རྩ་བ་ལ་ཕུག་འདྲ་བ༔ སྡོང་པོ་སྲོ་མ་འདྲ་བ༔ དྲི་མ་སྤོས་དྲི་བསྣམས་པ༔ བྲོ་བ་རྒྱ་ཚྭ་འདྲ་བ༔ དབྱར་གསུམ་ཁ་ཤར་དུ་ལྟ་བ༔ སྟོན་གསུམ་ཁ་ལྷོ་རུ་ལྟ་བ༔ དགུན་གསུམ་ཁ་ནུབ་ཏུ་ལྟ་བ༔ དཔྱིད་གསུམ་ཁ་བྱང་དུ་ལྟ་བ༔ ཉིན་མོ་དུ་བ་འཐུལ་བ༔ མཚན་མོ་མེ་འབར་བ༔ དུས་རྟག་པར་བྱང་ཆུབ་ཀྱི་བདུད་རྩི་འབབ་པ༔ དེའི་གཡས་གཡོན་དུ་འཇའ་འོད་ཀྱི་གུར་གྱི་རྒྱུན་མ་ཆད་པ༔ མཐོང་ན་ཡིད་སྤྲོ་བ་སྐྱེ་བ༔ རོ་བརྒྱ་དང་ལྡན་པ་མེ་ཏོག་མཐོང་བ་དོན་ལྡན་ཞེས་བྱ་བ་སྐྱེ་བའི་ཡུལ་དེར་གནས་པའི་སྐྱེ་འགྲོ་བྱང་ཆུབ་འཐོབ༔ དེའི་བདུད་རྩི་ཆུ་ལ་ཕོག་པས་ཡུངས་དཀར་གྱི་འབྲས་བུ་ཙམ་སྐྱེ་འགྲོ་སུ་ཡི་ཁ་ལ་སླེབས་ཀྱང་འཇའ་ལུས་འགྲུབ་ཅིང་དེའི་བདུད་རྩི་འཐོར་བའི་ཆུ་ལུས་ལ་རེག་པས་ཕ་རོལ་གྱི་བྱད་དང་རྒོལ་བ་འཇོམས་ཤིང་སྡིག་སྒྲིབ་སྦྱངས༔ ཨེ་མ་ཡོན་ཏན་ཀུན་ཚང་མེ་ཏོག་འདི༔ རྒྱ་བོད་མཁས་པ་པདྨ་འབྱུང་གནས་ངས༔ ཕྱི་རབས་མ་འོངས་རྗེས་འཇུག་སྐྱེ་དགུ་ལ༔ སྦས་པ་གསལ་བཀོད་ཉོན་མོངས་ནད་འཇོམས་སྨན༔ སྐལ་ལྡན་ལས་འཕྲོ་ཅན་གྱི་དོན་དུ་བསྟན༔ མ་འོངས་སུམ་ཅུ་ཁ་རལ་མགོ་ཚུགས་ཚེ༔ ལས་ཅན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱས་པ་རི་བཤད་ཐར་ལམ་དཀར་པོ་ནི༔ སྔོན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་མདོ་རྒྱུད་མན་ངག་གི་རྣམ་དབྱེ་མང་དུ་མཛད་དོ༔ སྟོན་པ་དགྲ་བཅོམ་པ་བྱེ་བ་ས་ཡ་སྡེ་སྣོད་ཀྱི་ཆོས་ལ་འཁོད༔ གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས༔ སྐུ་གདུང་རིང་བསྲེལ་མཆོད་ཁང་རྣམས་དང་བོད་ཀྱི་གངས་གཉེན་ཉི་ཤུ་རྩ་གཅིག༔ མཁའ་འགྲོ་འདུ་བའི་གནས་བརྒྱད༔ ཤ་ཟ་འདུ་བའི་དུར་ཁྲོད་བརྒྱད༔ བྲམ་ཟེ་སྐུ་ཤ་ཚང་བའི་བམ་རོ་བརྒྱད༔ མི་ཟད་པའི་གཡུ་མཚོ་བཅུ་གསུམ༔ དུང་མཚོ་ཉི་ཤུ་རྩ་ལྔ༔ སྦས་ཡུལ་ཆེ་བ་བཞི་ཆུང་བ་ཉི་ཤུ་རྩ་གཅིག༔ རོང་ཆེན་སུམ་ཅུ་རྩ་བརྒྱད༔ ཙཱ་རི་ཞེས་པ་ལྔ་དེ་ཡང་ཕྱི་ནང་གསང་བ་གསུམ༔ གངས་རི་གཏན་ཆགས༔ མཚོ་མོ་གཏན་འཁྱིལ་རྣམས་ལ་རབ་གནས་མཛད་པའི་དུས་ལྷའི་བུ་དང་བུ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབས་པས་རབ་གནས་ཀྱི་རྟེན་འབྲེལ་འགྲིགས་ཏེ༔ རང་བྱུང་མཆོད་རྟེན་དུ་མར་དུས་མ་འོངས་པ་དུས་སུ་ལུང་བསྟན༔ དེ་ཅིའི་ཕྱིར་ཞེ་ན༔ ཀུན་དགའ་བོའི་ཞུས་ངོར༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ འོ་སྐོལ་ད་ལྟ་རྟེན་འབྲེལ་དང་སྨོན་ལམ་དང་ཕྲིན་ལས་གང་བཅོལ་འགྲུབ་སྟེ་མཆིས༔ ཕྱི་རབས་མ་འོངས་རྗེས་འཇུག་བོད་འབངས་རྣམས༔ བདུད་ཀྱི་སྤྲུལ་པ་དཔག་མེད་ས་སྟེང་ཁེངས༔ གཙུག་ལག་ཆོས་འཁོར་དབེན་གནས་འཇིགས་པ་འབྱུང༔ ད་ལྟ་རྡོ་རྗེ་གདན་འདིའི་གཙུག་ལག་ཁང་ཡང༔ མུ་སྟེགས་ལོག་ཆོས་དམག་གིས་འཇིག་པ་འབྱུང༔ དེ་བཞིན་རྒྱ་བོད་གཙུག་ལག་ཁང་རྣམས་ཀྱང༔ མུ་སྟེགས་རྣམས་ཀྱིས་འཇིག་ཅིང་བཅོམ་པ་འབྱུང༔ དེ་དུས་གངས་གཉན་ཉི་ཤུ་རྩ་གཅིག་དང༔ རང་བྱུང་མཆོད་རྟེན་རྣམ་དག་འདི་རྣམས་ལ༔ ཐོག་བཅས་མ་རུངས་བདུད་ལས་རྒྱལ་བར་ཤོག༔ དེ་ཕྱིར་ཕྱི་རབས་སེམས་ཅན་དད་ལྡན་རྣམས༔ ང་ཡིས་ཇི་ལྟར་ལེགས་པར་བཀའ་སྩལ་བཞིན༔ ང་ནི་དགོངས་པ་མྱ་ངན་འདས་འོག་ཏུ༔ པད་འབྱུང་ཞེས་པ་མཁས་པ་འབྱུང༔ དེ་ཡི་ལུང་བསྟན་སྨོན་ལམ་བཞིན༔ འབྲེལ་ཚད་དོན་ལྡན་གཏེར་ལ་དབང༔ བྱིན་བརླབས་སྨོན་ལམ་ཐོབ་ནས་སུ༔ སྐུ་ལྔ་ཙཱ་རི་གནས་མཆོག་འབྱུང༔ གསུངས་པ་ལྟར་རིན་ཆེན་རྒྱལ་བའི་སྲས་མཆོག་པདྨ་འབྱུང་གནས་བདག་གིས་བྱིན་གྱིས་བརླབས་ཤིང་སྨོན་ལམ་རྒྱས་བཏབ་པའི་ལོ་རྒྱུས་གསལ་བར་བྱའོ༔ དེ་ལ་དང་པོ་གནས་རྣམས་ཙཱ་རི་ཞེས་གྲུབ་པའི་རྒྱུ་མཚན་ཏེ༔ ཕྱིའི་ཙཱ་རི་ནང་གི་ཙཱ་རི་གསང་བའི་ཙཱ་རིའོ༔ དེ་ལ་དང་པོ་ཕྱིའི་ཙཱ་རི་ནི༔ རི་ནི་དག་པ་ཆུ་ཤེལ་རི༔ ཙཱ་ནི་ཀླུ་བདུད་རྡོ་རྗེའི་ཙཱ༔ དེ་ཕྱིར་ཕྱིའི་ཙཱ་རིའོ༔ འབྱུང་བ་བཞི་གྲུབ་མ་ཚང་ན༔ ཙཱ་རི་ཞེས་བྱར་མི་འདོག་གོ༔ དེ་ལ་ནང་གི་ཙཱ་རི་ནི༔ མཁའ་དབྱིབས་སྣང་བ་ཆོས་སྐུ་ཙཱ༔ ཏིང་འཛིན་འགྱུར་མེད་རྡོ་རྗེ་རི༔ དེ་ཕྱིར་ནང་གི་ཙཱ་རིའོ༔ སྣང་སྟོང་གཉིས་མེད་མ་གྱུར་ན༔ ནང་གི་ཙཱ་རི་མི་འདོག་གོ༔ དེ་ལ་གསང་བའི་ཙཱ་རི་ནི༔ ཙཱ་ནི་དབུ་མ་དྷུ་ཏི་ལ༔ རང་ལུས་རྡོ་རྗེ་བཞི་བསྡུད་རི༔ དེ་ཕྱིར་གསང་བའི་ཙཱ་རིའོ༔ མ་ལུས་དཀྱིལ་འཁོར་རང་ངོ་མ་འཕྲོད་ན༔ གསང་བའི་ཙཱ་རི་མི་འདོག་གོ༔ ཙཱ་རི་རྒྱུ་མཚན་དེ་ལྟར་ལགས༔ ད་ནི་གཟེ་རྒྱལ་ཙཱ་རི་བསྟན༔ ཡོན་ཏན་ཙཱ་རི་ཞེས་བྱ་བ༔ འདི་ནི་གསང་སྔགས་ཙཱ་རིའོ༔ དུས་ལ་མ་བབས་གསང་བ་འདི༔ དུས་སྙིགས་མ་ལྔ་ལ་བསྔགས་པ་ཡིན༔ ཡོན་ཏན་ཙཱ་རི་ཡིན་པའི་རྒྱུ༔ གསང་སྔགས་དུས་ལ་མ་བབས་པར༔ གནས་ཀྱི་ཡོན་ཏན་གསང་བ་འདི༔ ཡོན་ཏན་ཙཱ་རི་དེ་ལྟར་ལགས༔ གནས་ཀྱི་ཚང་བ་རྣམ་བཞི་བསྟན༔ ཤར་ཕྱོགས་སངས་རྒྱས་སྟོང་སྐུའི་དཀྱིལ་འཁོར་ཚང༔ སངས་རྒྱས་པར་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ ལྷོ་ན་སྨན་ལྷ་སྐུའི་དཀྱིལ་འཁོར་ཚང༔ ནད་ལས་ཐར་པར་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ ནུབ་ན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཚང༔ ཚེ་རིང་བར་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ བྱང་ན་བྱམས་པ་སྐུའི་དཀྱིལ་འཁོར་ཚང༔ གཟུགས་ཁ་དོག་འཚར་བར་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ ཤར་ལྷོ་ཛམ་ལྷ་སྟོང་ཕྲག་གི་དཀྱིལ་འཁོར་ཚང༔ ལོངས་སྤྱོད་བསོད་ནམས་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ ལྷོ་ནུབ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ཚང༔ རྩ་རླུང་རྒྱས་པར་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ ནུབ་བྱང་མ་ཧཱ་དེ་བའི་དཀྱིལ་འཁོར་ཚང༔ དབང་སྡུད་ཁྱེའུ་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ བྱང་ཤར་ཤན་པ་དམག་གི་དཀྱིལ་འཁོར་ཚང༔ མཐུ་རྩལ་ཆེ་བར་འདོད་ན་གཟེ་རྒྱལ་ཙཱ་རི་བསྐོར༔ ཕྱི་བསྐོར་ཚོགས་ཀྱི་འཁོར་ལོ་ལམ་ཞུགས་ཚང༔ བར་བསྐོར་སྦྱོར་བའི་ལམ་ཞུགས་སྔགས་བསྐོར་ཚང༔ རྩེ་བསྐོར་དཀྱིལ་འཁོར་མཇལ་བས་མཐོང་ལམ་ཚང༔ རང་ཞལ་ངོས་སྤྲོད་ཐོབ་པས་བསྒོམ་ལམ་ཚང༔ འདུན་པ་རྩེ་གཅིག་འབྱུང་བས་བྱང་ཆུབ་ཐོབ༔ ཐེག་པ་རིམ་དགུ་གནས་འདིར་ཚང་བར་བསྟན༔ ཕྱིའི་བསྐོར་ལམ་གསུམ་ནི་ཉན་ཐོས་གསུམ༔ གནས་ཀྱི་དཀྱིལ་འཁོར་ངོས་སྤྲོད་ཀྲྀ་ཡོག་གསུམ༔ གནས་འདི་རང་བྱུང་རང་ཤར་ཨ་ཏི་གསུམ༔ དེ་ཕྱིར་ཐེག་པ་རིམ་དགུ་གྲགས་པའོ༔ གནས་ཀྱི་གཟིགས་སྣང་གཏན་ལ་ཕེབས་པ་ཡིན༔ གནས་མདུན་ཆེན་པོ་ཕྱག་མཆོད་མཎྡལ་བསྟོད་པ་བྱ༔ རྒྱལ་བའི་ལམ་དེའི་ལོགས་ལ་བདེ་མཆོག་ལྷ་དྲུག་ཅུ༔ དབུས་ནོར་བདག་ཆེན་པོ་ཞལ་གཟིགས༔ མདོ་ལ་མཁའ་འགྲོའི་དཀྱིལ་འཁོར་འདི་བྱེ་བྲག་ལ་འཁོར་ལོ་སྡོམ་པ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ཚང་བས་བུམ་པར་རེག་སྟེ་ཕྱིར་ཁྲུས་བྱ༔ དེའི་འོག་ཏུ་དངོས་གྲུབ་ཀྱི་བམ་རོ་ཡོད༔ དེ་ལ་སྨོན་ལམ་བཏབ་པས་མཆོག་ཐུན་འགྲུབ༔ དེའི་ཕར་ཁར་བགྲོད་པས་བསིལ་བ་ཚལ་དང་རྔམ་པ་སྒྲ་སྒྲོགས་ཀྱི་དུར་ཁྲོད་ཚང༔ དེར་ཤ་ཟ་མཁའ་འགྲོའི་བཤས་གདན་ཡོད་པས་ལུས་སྦྱིན་བྱ༔ བྱ་རྒོད་གཅན་སྤྱང་རང་བྱོན་ཡོད༔ འོད་འབར་སྒང་ལ་མཁའ་འགྲོའི་ཚོགས་གཞོང་ཡོད༔ དེར་ཚོགས་དང་མཆོད་པ་འབུལ༔ ཐར་ལམ་རྟ་སྒ་ལ་ཞོན༔ དེ་ནས་སྒྲོལ་མ་རི་ལ་བྱོན༔ དེ་ལ་སིནྡྷུ་ར་ཡི་སྒོ་ཡོད༔ མཚོ་འོག་མ་སྒྲོལ་མ་མཚོ༔ གོང་མ་ཐུབ་པའི་མཚོ༔ ཕ་རི་ལ་ཐུབ་པ་གངས་རི་ན་ཐུབ་པ་གངས་ཆེན་མཚོ༔ མཚོ་རྒྱལ་རང་བྱོན་ལ་ཐུབ་པ་རིགས་དྲུག་གི་བསྐོར་ནས་དེར་མཇལ་བས་རིགས་དྲུག་གི་སྐྱེ་སྒོ་ཆོད༔ རྫ་ཁྲོད་འགོར་མི་ལ་རས་པ་གྲུབ་ཐོབ་བརྒྱས་བསྐོར་བ་ཡོད༔ དེའི་ལུང་ཕུག་ལ་ལྷ་མོ་དུང་སྐྱོང་མའི་སྐུ་དང༔ འཕགས་མ་དབུ་ཅན་མ་བདུད་མགོན་བླ་རྡོ་ཡོད༔ དེ་ནས་མཁའ་འགྲོའི་སྙིང་ཕུག་ལ་ཚེའི་གཏེར་ཁ་ཡོད༔ མ་བརྩིགས་པའི་ཁྲི་ཡོད༔ དེ་ནས་ཞིང་སྐྱོང་རང་བྱོན་ན་བདུད་འདུལ་གྱི་རྫ་དེ་ནས་ཞི་ཁྲོ་རིགས་ལྔ་དང་ཞིང་སྐྱོང་འཕྲང་ཡིན༔ དེར་ཞིང་སྐྱོང་ལ་ལ་ཐུག་དུས་དར་ལྕོག་བཤགས་པ་འབུལ་དགོས༔ དེ་ནས་རྫ་ཁྲོད་ལ་མེ་ལྕེ་འབར་མ་རང་བྱོན༔ དེའི་ལོགས་རྣམས་སྐྱ་བརྒྱད་འོག་ཏུ་རྡོ་རྗེའི་ཁྲི་ཡོད༔ དེའི་ཕྱིར་རྡོ་རྗེའི་འཕྲང་ལམ༔ དེ་ནས་དངོས་གྲུབ་ཁ་བ་བམ་རོ་ཡོད༔ དེར་དམ་ཅན་རྡོ་རྗེ་ལེགས་པ་སོགས་ཀྱི་དཀྱིལ་འཁོར་ཏེ༔ དམ་ཅན་ལ་དེར་བླ་རྡོ་དང་མགར་ཚང་བླ་མཚོ་དེར་དགྲ་བགེགས་བསྒྲལ་བའི་ཕོ་བྲང་ཡོད༔ དམ་ཅན་འཕྲང་སྒྲོལ་དེ་ནས་མཁའ་འགྲོ་བདུད་འདུལ་མའི་བླ་མཚོ་ལ་མཁའ་འགྲོའི་སྙིང་གཏེར་ཡོད༔ དེའི་ལོགས་ལ་མགོན་པོ་ཕྱག་བཞིའི་སྐོར་དང་རང་བྱོན་བླ་རྡོ༔ དེའི་རྩེར་བྱ་རོག་མགོན་པོའི་བླ་མཚོ༔ མཁའ་འགྲོ་དར་ལམ་སྒང་ཞེས་ཐར་ལམ་སྟེང་ལ་ཉི་མ་མཚོ་ཀླུ་རྒྱལ་དབང་ལག་ཐང་དགེ་བསྙེན་སྐུ་མཁར་གཟའི་སྐུ་རང་བྱུང་ཕོ་ལོང་དབང་ལྡན་སྐར་མ་མཚོ་ཟླ་བ་མཚོ་མཁའ་འགྲོ་ཐང་། དེའི་ལོགས་ལ་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་མཁའ་འགྲོ་གསང་ལམ་འཕྲང་དུ་མཚན་གསོལ༔ བདེ་བ་ཁ་དེ་ནས་མཁའ་འགྲོ་ལོགས་ལ་ཕྱག་ན་རྡོ་རྗེའི་སྐུ་རང་བྱོན༔ བར་དེ་འཕྲང་ལམ་སྒྲོལ་ལམ་མཁའ་འགྲོ་ལའོ༔ དེ་དངོས་གྲུབ་གང་དགོས་སྨོན་ལམ་བཏབ༔ དེ་ནས་ཁྲ་མོ་གཟི་མཚོ་ལ་མཚོ་ཕྲན་བརྒྱ་དང་བརྒྱད༔ དེའི་ལོགས་ལ་དཔལ་གསང་བ་འདུས་པའི་ལྷ་ཚོགས་ཚང༔ དེ་ནས་སྦ་བའི་མཚོ་སྦྲུམ་ཐང་དེའི་ལོགས་ལ་བྱིས་པ་རང་བྱོན་དེར་མ་རིག་མུན་སེལ་གྱི་དཀྱིལ་འཁོར་དང་བླ་མཚོ༔ དེ་ནས་ཡི་དམ་ལ་ལ་དྲག་པོ་དམར་ཆེན་དང་ཕྱག་རྡོར་ཀླུ་འདུལ༔ དེའི་སྒང་ལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར། དེའི་ལོགས་ལ་དྲག་པོ་ཀི་ལ་ཡའི་སྐུ་རང་བྱོན༔ དེ་ནས་ནོར་བུ་ཁར་བུ་རྡོ་དང་དངོས་གྲུབ་ཡོད༔ དེ་སྨོན་ལམ་བཏབ་པས་མཆོག་ཐུན་འགྲུབ༔ དེ་ན་བློ་བདེ་སྒང་ལ་འབིར་བ་པ་དང་ཐང་སྟོན་གྱི་སྐྱེས་བུ་ཡོད༔ དེར་སིནྡྷུ་རའི་སྒོ་ཡོད༔ ལྷ་མོ་གཟི་ལྡན་མའི་ཕོ་བྲང་ཡིན༔ དེ་ནས་མཎྡལ་གླིང་ཕྱིན་སྨོན་ལམ་བརྡ་སྦྱོར། དེའི་ལོགས་ལ་སྒྲོལ་མ་དཀར་སྔོན་ཡོད༔ གྲུབ་ཐོབ་བྱང་ཐང་པའི་སྐྱེས་བུ་ཡོད༔ དེ་ལ་སྨོན་ལམ་གྱི་ལ་ཁ་ཡོད༔ བུད་མེད་རྣམས་ནི་མཐོལ་གཤགས་ལ་ནས་ཕྱིན༔ སྐྱེས་པ་རྣམས་སྒྲོལ་མ་ལ་ནས་ཕྱིན༔ དེའི་ལོགས་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཚང༔ ཕྱོགས་བཞིར་ལྷ་ཆེན་ཚོགས་བདག་གི་སྐུ་མཁར༔ དེར་ཀ་ལ་དུང་མཚོ་ཡོད༔ རོང་དུ་གྲུབ་ཐོབ་ཤ་བ་རི་པ་ཡོད༔ དེར་རྟ་མགྲིན་ལྕགས་ཀྱི་སྒྲུབ་ཐབས་དང་དཀྱིལ་འཁོར་དེའི་ཕྱིར་རྟ་མགྲིན་རོང༔ དེ་ནས་མཚོ་དཀར་ཞེས་མཚོ་དངུལ་གཞོང་འོ་མས་བཀང་བ་འདྲ་བ༔ དེ་ན་མཁའ་འགྲོ་འབུམ་ཐིག་ཡོད༔ མཁའ་འགྲོ་འབུམ་གྱི་གཏེར་ཡོད༔ གཡས་ཀྱི་ལོགས་ལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར༔ དེ་ན་མ་བརྩེགས་པའི་ཁྲི་ཡོད༔ དེའི་གོང་ལ་དམར་ནག་རཀྟ་ཞེས་སྔགས་སྲུང་ཨེ་ཀ་ཙཱ་ཏིའི་བླ་མཚོ་དེའི་མཚོ་རྡེལ་ལུས་ལ་འཆང་ན་མཚོན་དང་ཐོག་གཅན་གཟན་གྱི་གནོད་པ་མི་ཐུབ༔ སྤྱིར་མཚོ་རྡེལ་རྣམས་ཀྱིས་ཕ་རོལ་གྱི་བྱད་ཁ་དང་དུས་མིན་གྱི་འཚེ་བ་དང་མནན་གཏད་གང་ཡང་ཐུབ་ངེས༔ དེར་མཚོ་འབུལ་བྱ་ཞིང་ཁྲུས་དང་སྨོན་ལམ་བཏབ༔ མཚོ་བསྐོར་ཕྱིན་པས་ངན་སོང་སྐྱེ་སྒོ་ཆོད༔ སྐོར་ཚད་ཉེར་ལྔ་འབུམ་ཐེར་ཚང༔ དཀར་གཏོར་ཐང་ལ་མཎྜལ་ཕུལ༔ དེ་ནས་ལོགས་ལ་གཤིན་རྗེ་ཚེ་བདག་གི་དཀྱིལ་འཁོར་མཇལ༔ གབ་རྒྱ༔ དེ་ནས་དཔའ་བོ་དཔའ་མོ་ཐང་ལ་ཕྱིན༔ དེ་ནས་དབང་ཕྱུག་མདོ་ལ་རྟེན་འབྲེལ་མཛད༔ དེའི་ལོགས་ལ་བསྐལ་བཟང་སྟོང་གི་དཀྱིལ་འཁོར་བསྟན་པའོ༔ ལྷ་རྟ་མགྲིན་དམར་པོ་རང་བྱོན་ཞལ་བསྟན་མདུན་ཕྱོགས་ནས་གྲུབ་ཐོབ་བརྒྱད་ཅུ་ཚུར་ཞལ་གཟིགས༔ དེ་ནས་བཀྲ་ཤིས་ཐང་ལ་གནས་བརྟན་ཕ་བོང༔ དེ་ནས་འཛམ་གླིང་རྒྱན་གྱི་ཆོས་ཁྲིར་ཕྱིན༔ དེར་བསྐལ་བཟང་སྨོན་ལམ་ཚེ༔ འདི་ནས་དངོས་གྲུབ་འགུགས་པའི་མཚོ་བཞི༔ བར་ཆད་སེལ་བའི་མཚོ་བཞི༔ དབང་ཐང་རྒྱས་པའི་མཚོ་བཞི༔ དགྲ་བགེགས་བསྒྲལ་བའི་མཚོ་བཞི༔ དངོས་གྲུབ་ལེན་པའི་ལུང་པ་བཞི༔ ཞིང་སྐྱོང་གི་འཕྲང་བཞི༔ མ་བཞེངས་པའི་མཆོད་རྟེན་བཞི༔ དྲག་རྩལ་ལྡན་པའི་བཙན་བཞི༔ གཞི་བདག་ཚངས་པ་དུང་ཐོད་གཤིན་རྗེའི་ཕོ་བྲང་གཤིན་རྗེའི་ལ་ཐོད་གྱོན་པ་བཞི༔ ཆུ་བོ་ལྦ་དྲག་པ་བཞི༔ ཚལ་ཆེན་བཞི༔ མ་བརྩེགས་པའི་ཁྲི་བཞི༔ གྲུབ་པ་ཐོབ་པའི་ཕུག་པ་བཞི༔ ལུང་བསྟན་གྱི་ཕུག་གཅིག༔ གདོང་ཅན་བཞིའི་གཏེར་ཁ་ལས་ཀྱི་མཁའ་འགྲོ་མ་གཉིས༔ དམ་སྲིའི་སྐྱེ་བ་གཅིག༔ གྲི་བོ་ཞུགས་པ་གསུམ༔ ལོངས་སྤྱོད་སྟེར་བའི་མཁའ་འགྲོ་གཅིག་དེ་རྣམས་མ་ཆད་པ་ཡོད༔ བྲམ་ཟེ་མ་ཤ་ཁྲག་དམར་ལ་མི་དགའ་བ་རེ་རེ་དེ་རྣམས་གནས་འདི་ལ་ཚང་ཞིང་བཀོད་པ་ཁ་བྱང་གསལ་བའི་སྒྲོན་མེ་མཐོང་བ་དོན་ལྡན་ཐར་ལམ་དཀར་པོའོ༔ འདིར་གནས་མཆོག་ཆེན་པོ་གཟེ་རྒྱལ་ཙཱ་རི་ཡོན་ཏན་གྱི་གནས་འདི་ལ་སྐོར་བ་གཅིག་བསྐོར་ན་སྒྲིབ་པ་སྦྱང༔ ལན་གཉིས་བསྐོར་ན་ཚོགས་རྫོགས༔ ལན་གསུམ་བསྐོར་ན་བར་ཆད་སེལ༔ ལན་བཞི་བསྐོར་ན་ལོངས་སྤྱོད་འདུ༔ ལན་དྲུག་བསྐོར་ན་མཆོག་ཐུན་འགྲུབ༔ ལན་བདུན་བསྐོར་ན་རྟེན་འབྲེལ་ཕྱོགས་མེད་འཆར༔ ལན་བརྒྱད་བསྐོར་བས་འཆི་མེད་འཇའ་ལུས་འགྲུབ༔ ལན་དགུ་བསྐོར་བས་ཐེག་པ་རིམ་དགུའི་ས་ཐོབ༔ ལན་བཅུ་བསྐོར་བས་ས་བཅུ་སྤྲིན་གྱི་སྐུ་མངོན་པར་རྫོགས་ཏེ་སངས་རྒྱས་ཞིང༔ བསྐོར་ལམ་གསུམ་ནི༔ དུང་མཚོ་རྩེ་བསྐོར་དང༔ གཡུ་མཚོ་བར་བསྐོར༔ མཚོ་ཆེན་པདྨ་བླ་མཚོ་རོང་བསྐོར་དང་གསུམ་མོ༔ རྩེ་བསྐོར་དང་བར་བསྐོར་གཉིས་ལ་རམ་ཟླ་ཆེ་ཆུང་གསུམ་ལ་བར་བསྐོར་ལམ་འབྱོར༔ དེ་མ་ཡིན་པར་སྔ་དྲགས་ནམ་མཁའ་འགྲོ་འཚམས་གདམ་པས་བྱིན་རླབས་ཆུང༔ དུས་ལ་བབས་པས་བར་ཆད་མི་འབྱུང༔ སྤྱིར་རྩེ་བསྐོར་གསུམ་འབུམ་གཏེར༔ བར་བསྐོར་ལྔ་རོང་སྐོར་ལ་བཅུ་གཉིས་འབྱུང༔ རོང་བསྐོར་རམ་ཟླའི་ནང་ནས་ཚེས་བཅོ་ལྔ་འགྱུར་དུ་བརྩི་བའི་ཞག་བཅོ་ལྔ་ལ་ཀུན་ལས་འཕགས་པའི་འགྱུར་ཡོད༔ ཟླ་བ་བཅུ་གཉིས་ལ་སྔ་བསྐོར་གསུམ༔ ལོ་བཅུ་གཉིས་ལ་རོང་བསྐོར་ཆེ་བའོ༔ གཞན་རོང་སྐོར་ཆེན་པོ་དུས་ནི་ཁྱད་མེད་ཀྱི་ཕན་ཡོན་རོང་ཆེན་དུས་མ་ཡིན་ན་བསྐོར་བ་གསུམ་རོང་ཆེན་ཆེ་བའི་དུས་དང་མཉམ༔ དེ་ཅིའི་ཕྱིར་ཞེ་ན་དགྲ་དང་བར་ཆད་མེད་པས་སྒྲིབ་པ་མི་སྦྱོང་བའོ༔ འོ་ན་གནས་ཁྱད་མེད་ཀྱང་ཡང་དག་ཆོས་བསྒྲུབ་པ་བྱེད་ཚེ་སྡུག་བསྔལ་མྱོང་དགོས༔ དཀའ་བ་ཏིལ་རྐོང་ཙམ་གཅིག་མ་སྤྱད་ན༔ འབྲས་བུ་ཏིལ་མར་འབྱུང་བའི་གོ་སྐབས་མེད༔ སྡུག་བསྔལ་ཚ་གདུང་མཁའ་ལྟར་མ་བཟོད་ན༔ སྙིང་པོ་རེག་པར་མི་འགྱུར་གྱིས༔ དེ་ཕྱིར་སྡིག་སྒྲིབ་མ་སྦྱོང་སངས་རྒྱས་ཅི་ལྟར་ཐོབ༔ དེ་ཕྱིར་སྒྲིབ་སྦྱོང་ལམ་མཆོག་འབྱུང་མཛོད་གསུངས་༔ མཚོ་རྒྱལ་གྱིས་ཞུས་པ༔ གཞན་ལས་ཁྱད་འཕགས་ཡིན་པའི་རྒྱུ་མཚན་ཅི་ལྟར་ལགས༔ གུ་རུའི་ཞལ་ནས་༔ ཇོ་བོ་ལ་རིན་ཆེན་སྣ་ཚོགས་ཀྱི་གཏེར་ཡོད་པས་མདོ་ཁམས་སྒང་དྲུག་གི་བླ་རྟེན་དང་སྐོར་རྟེན་ཡིན་པས་དངོས་གྲུབ་ཐོབ༔ འབྱུང་བའི་དྭངས་མ་ཡིན་པས་གཞན་ལས་ཡ་མཚན་ཆེ༔ ཡུལ་གྱི་གཙོ་བོ་ཡིན་པས་དབང་ཐང་ཡོན་ཏན་རྒྱས༔ ས་རྡོ་སེམས་ཅན་དོན་བྱེད་སངས་རྒྱས་ཡིན༔ ཞེས་གསུངས༔ དེ་ཕྱིར་གནས་ཀྱི་ཕྱི་ལ་སྒྲུབ་པ་ལས་བོགས་བསྐྱེད་དང་ཡོན་ཏན་གཞན་ལས་ཆེ་བའི་སྨོན་ལམ་ཡོད༔ ཕྱི་ལ་སྒྲུབ་པ་ལོ་གསུམ་བསྒྲུབས་པ་ལས་གནས་ནང་དུ་ཟླ་གསུམ་སྒྲུབ་པ་བོགས་བསྐྱེད་ཆེ༔ ཕྱི་ལ་ཟླ་གསུམ་བསྒྲུབས་པ་ལས་གནས་ནང་དུ་ཞག་གསུམ་སྒྲུབ་པ་བོགས་བསྐྱེད་ཆེ༔ གནས་གཞན་བླ་མ་དང་གང་ཟག་གིས་ཕར་ལ་བྱིན་བརླབས་ཏེ༔ འདི་རུ་གནས་ཀྱིས་བླ་མར་བྱིན་བརླབས་འཇུག༔ གནས་ཕྲན་གཞན་རྣམས་ཞག་བརྒྱ་བསྐོར་བ་ལས༔ གནས་མཆོག་འདི་རུ་ཞག་བདུན་བསྐོར་བས་ཡོན་ཏན་ཆེ༔ ཆོས་བྱིན་བརླབས་བོགས་བསྐྱེད་གཞན་ལས་ཆེ༔ ཕྱི་རབས་རྗེས་འཇུག་དོན་དུ་གཏེར་དུ་སྦས༔ འབྲེལ་ཐོག་སངས་རྒྱས་ཐོབ་པར་ལུང་བསྟན་ཏེ༔ རིན་ཆེན་ཟབ་ཤོག་གསང་བའི་ལོགས་སུ་བྲིས༔ བྲག་རི་དུག་སྦྲུལ་འདྲ་བའི་མགུལ་དུ་སྦས༔ རྫའི་བུམ་པར་མི་ནུབ་ཨ་ཐི་རྒྱ༔ ཀླུ་རྒྱལ་དབང་ལག་བཀའ་འདི་ཐུབ་པར་སྲུངས༔ མ་འོངས་སུམ་ཅུ་ཁ་རལ་ཡང་མཐའ་ལ༔ ལས་ཅན་ཐམས་ཅད་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཀ་ལ་ཨ་ཙིག་གི་ཇོ་བོ་གཟེ་རྒྱལ་གྱིས་གངས་ཁྲོད་བྲག༔ དུག་སྦྲུལ་འདྲ་བ་ནས་གདན་དྲངས་ཤིང་འཛམ་གླིང་རྒྱན་དུ་ཕབས་པའོ༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །དགེའོ། །
མཆན།གནས་ཡིག་འདི་ནི་ནང་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས་པའི་ནང་ཆེན་གནས་ཡིག་ཕྱོགས་བསྒྲིགས་ལས་ཞལ་བཤུས་པའོ།།
༄༅། །ན་མོ་གུ་རུ༔ ཡོན་ཏན་སྙིང་པོ་བརྩོན་ཞིང་ནུས་སྟོབས་ལྡན༔ རྫུ་འཕྲུལ་ཐོག་མེད་འགྲོ་བའི་དཔལ་དུ་ཤར༔ བྱ་བ་དང་བྲལ་རྗེ་བཙུན་གུ་རུ་ཡི༔ ཞལ་ནས་གདམ་སྟེ་ཕྱི་རབས་དོན་དུ་སྦས༔ མཁའ་འགྲོ་མེ་འབར་བཀའ་ཡི་རྒྱས་ཀྱིས་བཏབ༔ ཀླུ་རྒྱལ་དབང་ལག་བྲག་རིའི་ལོགས་སུ་སྦས༔ མ་འོངས་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ མ་འོངས་དུས་མཐའི་ཡང་སྙིང་རྩོད་ལྡན་ལ༔ མི་རྣམས་ཚེ་ཐུང་ནད་མང་དབུལ་འཕོང་སྡང༔ དམ་ཆོས་ལུང་མེད་ས་སྟེང་དམག་ཆས་བརྩོན༔ ཚེ་ལ་ལོངས་མེད་བདུད་ཀྱིས་བར་ཆད་སྡང༔ རྟེན་གྱི་གཙོ་བོ་རྣམས་ཀྱང་མཐའ་རུ་སྤྱུགས༔ ཆོས་ཀྱི་རྒྱ་ཞིག་ཟོབ་པོ་མི་མགོ་བསྐོར༔ ཁྲིམས་ཀྱི་རྒྱ་ཞིག་རྒྱལ་ཁམས་ཕན་ཚུན་འཐབ༔ ཡུལ་གྱི་རྒྱ་ཞིག་མི་ནོར་ནད་མུག་སྡང༔ ལམ་གྱི་རྒྱ་ཞིག་དགྲ་རྐུན་ཆོམ་པོས་གང༔ ཞིང་གི་རྒྱ་ཞིག་འབུ་སྲིན་སད་སེར་ལྡང༔ མི་ཡི་རྒྱ་ཞིག་དུས་མིན་གློ་བུར་འཆི༔ བདེན་པའི་རྒྱ་ཞིག་ཁ་བཤད་ཆོས་མིན་སྟོན༔ བསོད་རྣམས་རྒྱ་ཞིག་དབུལ་ཕོངས་རྐུ་འཕྲོག་བརྩོན༔ དད་པའི་རྒྱ་ཞིག་སྒོམ་སྒྲུབ་བོགས་མི་ཐོན༔ དེ་ཕྱིར་བར་དོ་ཆོས་ཀྱི་བཟློག་ནུས་ཕྱིར༔ སྦས་ཡུལ་བཅོ་བརྒྱད་གངས་ཅན་ཉེར་གཅིག་རྣམས༔ མ་འོངས་སེམས་ཅན་རྨུ་རྒོད་འདུལ་སླད་དུ༔ ལས་ཀྱི་མཁའ་འགྲོ་ཌཱཀྐི་སེང་གདོང་གིས༔ གུ་རུ་རྗེ་ལ་བཀའ་གནང་ལེགས་ཞུས་ཏེ༔ ཆོས་བདག་རིམ་བཞིན་རྟེན་འབྲེལ་སྦྱོར་ཏེ་གཏད༔ ལས་འཕྲོ་སྐལ་ལྡན་སྨོན་ལམ་ལྡན་པ་བཅུ༔ ཆོས་ཀྱི་རྒྱན་འདོགས་གནས་ཀྱི་ཆེ་བ་སྟོན༔ ལམ་གྱི་འཕྲང་གྲོལ་མི་ནུབ་རྒྱལ་མཚན་འཛུག༔ བདུད་ཀྱི་སྡེ་བཅོམ་གཟིགས་སྣང་གཏན་ལ་ཕེབས༔ ཐར་པའི་ལམ་ཟིན་མཆོག་ཐུན་དངོས་གྲུབ་ཐོབ༔ མཁའ་འགྲོའི་བཀའ་བཞིན་ལུང་བསྟན་མྱུར་དུ་འབྱུང༔ བསྐལ་ངན་སྔོན་གྱི་ལས་འཕྲོ་ལོག་པ་ཡི༔ བདུད་ཀྱིས་སྙིང་བསླུས་མ་རུང་མི་བཞི་ནི༔ ཕྱོགས་བཞིར་འབྱུང་སྟེ་དམ་ཆོས་སྙིང་ནས་སྨད༔ དེ་ཡི་རྐྱེན་གྱིས་ལོག་ལྟའི་འདམ་དུ་ཚུད༔ འབྲེལ་ཚད་ངན་སོང་གནས་སུ་འཁྲིད་པར་ངེས༔ དཔེ་དཀར་རྙིང་བསླུས་ཐེའུ་རང་ལུང་བསྟན་པའི༔ བུད་མེད་བཞི་འབྱུང་མ་རུངས་སྐད་ངན་སྨྲ༔ དེ་ནི་མཐའ་ཕུད་གློ་ཡི་ཡུལ་དུ་རྫོངས༔ གྲི་བོས་སྙིང་བསླུས་སྟག་ཤར་མི་བདུན་འབྱུང༔ ཕན་ཚུན་སྡང་ཞིང་འཐབ་རྩོད་ངན་བཅོམ་བྱེད༔ དེ་ནི་མཐའ་ཕུད་སྲིན་མོ་ལག་ཏུ་རྫོངས༔ མ་མོའི་སྙིང་བསླུས་ཐེའུ་རང་མངོན་ཤེས་ཅན༔ གནས་དང་ཆོས་ལ་གཤེ་སྐུར་འདེབས་པ་ཡི༔ སེར་གཟུགས་བཞི་འབྱུང་ཐོ་ཅོའི་སྤྱོད་པ་བརྩོན༔ དེ་ལ་འབྲེལ་ཚད་ངན་སོང་གནས་སུ་འཁྲིད༔ མ་རུངས་དེ་ནས་ཀུན་གྱིས་ཚར་ཆོད་ཅིག༔ རྒྱལ་འགོང་སྤྲུལ་པའི་དགེ་བསྙེན་གསུམ་འབྱུང་ངོ་༔ དེས་ནི་གཤེ་སྐུར་རྩོད་པས་ཀུན་གྱི་ཁ་ལ་ཀློག༔ རུ་ཊའི་སྤྲུལ་པ་སྡིག་ལས་བརྩོན་པ་ཡི༔ མི་ནག་གནས་ཀྱི་རི་དྭགས་གསོད་པ་ནི༔ ཚན་རེ་འབྱུང་སྟེ་དེ་ལ་བརྟེན་པ་ཡི༔ མི་ནད་ནོར་ནད་ཡུལ་གྲུ་མི་བདེ་འབྱུང༔ དེ་ནི་བཀའ་སྲུང་ཀུན་གྱི་དེད་དཔོན་ཏེ༔ སྲོག་བདག་བཙན་རྒོད་ཤྭ་རིས་ཚར་ཆོད་ཅིག༔ དེ་ནས་བར་ཆོད་བདུད་ཀྱི་བསླུས་པ་ཡི༔ གནས་ཀྱི་ཕྱོགས་བཞི་ཚོང་དུས་ཁྲོམ་མང་འབྱུང༔ དེ་ལ་བརྟེན་ནས་མགོ་སྐོར་སྡིག་ལས་སྤྱོད༔ དེ་ནི་ཡུལ་གྲུ་རྒྱལ་པོས་ཚར་ཆོད་ཅིག༔ དེ་ནས་རིམ་གྱི་སྨོན་ལམ་ལྡན་པ་ཡི༔ བྱང་ཆུབ་སེམས་དཔའ་བདུན་ཅུ་རྩ་ལྔ་འབྱུང༔ གནས་ཀྱི་གཟིགས་སྣང་གཏན་ལ་ཕེབས་པ་ཡི༔ ལམ་ཡིག་བདུན་འབྱུང་ཀུན་ལ་འཕགས་པ་ཡིས༔ མཁའ་འགྲོ་ལམ་ཡིག་ཅིག་འབྱུང་ཀུན་ལས་གསལ༔ དེ་ནས་རྒྱལ་པོའི་ཚུལ་འཛིན་མི་གསུམ་འབྱུང༔ གནས་ཀྱི་ཆེ་བ་ཉི་ཤུ་རྩ་ལྔ་སྟོན༔ བསྟན་པའི་སྦྱིན་བདག་བྱེད་ཅིང་སྨོན་ལམ་འདེབས༔ དེ་ལ་བུ་ནོར་ཆོས་ཀྱི་དངོས་གྲུབ་འབྱུང༔ དེ་ནས་འཛམ་བྷ་ལྷ་ཡི་མིང་ཅན་གྱི༔ སྡེ་དཔོན་བྱང་ཆུབ་མཆོག་ཏུ་གྲུབ་པ་འབྱུང༔ དེ་ལ་སྨོན་ལམ་དངོས་གྲུབ་རྣམ་བཞི་འབྱུང༔ དེ་ནས་ཤར་ཕྱོགས་ལོགས་ཀྱི་ཕྱོགས་མཚམས་སུ༔ ཚངས་པའི་སྤྲུལ་པ་མགོ་བོ་ཆེ་ཅིག་འབྱུང༔ དེ་ཡིས་མདོ་ལ་ཀུན་གྱི་མཆོད་གནས་བྱེད༔ དེ་ནས་ཕྱོགས་བཞིར་མཆོད་ཁང་བཞི་འབྱུང་སྟེ༔ མཆོད་ཁང་གང་རྒྱས་ཕྱོགས་དེར་བསོད་ནམས་རྒྱས༔ རྒྱ་བོད་ཀུན་གྱི་སྨོན་ལམ་གཅིག་བསྡུས་པ༔ གྲུབ་པའི་སྐྱེས་མཆོག་བསྐལ་བཟང་སྟོབས་ལྡན་ནི༔ གཞོག་གཡས་འཇམ་དཔལ་མཚན་རྟགས་ཚང་བ་འབྱུང༔ རྩོད་མེད་གྲུབ་མཐའ་བཟུང་ཞིང་གནས་བདག་སྐྱོང༔ བློ་བཟང་སྨོན་ལམ་ལས་གྲུབ་ལམ་ཡིག་འབྱུང༔ གནས་དེར་སླེབས་པ་ཙམ་གྱིས་བྱང་ཆུབ་ཐོབ༔ མགྲིན་པར་ནོར་བུའི་བརྒྱན་པའི་སྔགས་འཆང་ཚུལ༔ སྨོན་ལམ་སྟོབས་དང་ལྡན་པའི་གནས་བདག་སྐྱོང༔ དེའི་རྟེན་འབྲེལ་ལེགས་ཚོགས་བཅོ་ལྔ་སྟོན༔ སྨོན་ལམ་བཏབ་པས་འཛམ་གླིང་བཀྲ་ཤིས་འབྱུང༔ གནས་དེར་མོས་པའི་གནོད་སྦྱིན་གཟུགས་ཅན་ནི༔ སྨེ་བའི་ག་ཤལ་བརྒྱན་པའི་སྡེ་དཔོན་འབྱུང༔ དེ་ཡང་རྡོ་རྗེ་ཚེ་བུམ་ཐོགས་པ་འབྱུང༔ གནས་དེར་སྒྲིབ་སྦྱོང་བསོད་ནམས་ལྡན་པའི་མཐུས༔ བར་དོ་བདུད་ལས་རྒྱལ་བའི་རྟེན་འབྲེལ་འཛོམས༔ ཆོས་བདག་མིང་ཅན་སྡེ་དཔོན་རྒྱལ་པོ་འབྱུང༔ གནས་ཀྱི་ཆེ་བ་སྟོན་ཅིང་སྨོན་ལམ་འགྲུབ༔ ཀུན་ལས་འཕགས་པའི་མིང་ཅན་གསང་མཛོད་འཛིན༔ རི་བོ་མཆོག་ལ་གྲུབ་པའི་ཆོས་སྲིད་སྐྱོང༔ གནས་ཀྱི་ཆེ་བ་ལམ་ཡིག་བཅས་པ་འབྱུང༔ དེ་ནི་སྨོན་ལམ་འགྲུབ་པའི་སྐྱེས་བུ་ཡིན༔ བཀྲ་ཤིས་སྨོན་ལམ་འགྲུབ་པའི་སྐྱེས་བུ་ནི༔ དད་ལྡན་ལྷན་སྐྱེས་བཞིན་དུ་འགྲུབ་པ་འབྱུང༔ གནས་ཀྱི་ཆེ་བ་སྟོན་ཅིང་སྨོན་ལམ་འགྲུབ༔ རིན་ཆེན་ཁང་བཟང་རྒྱལ་བའི་མིང་ཅན་འབྱུང༔ སྨོན་ལམ་འགྲུབ་ཅིང་མཆོག་ཐུན་འགྲུབ་པར་ངེས༔ འབྲེལ་ཚད་དོན་ལྡན་རཏྣའི་མིང་ཅན་འབྱུང༔ མགོན་པོ་སྡེ་བཞི་ཕྱོགས་བཞིར་མིང་ཅན་འབྱུང༔ རྟེན་འབྲེལ་སྨོན་ལམ་འགྲུབ་ཅིང་འགྲུབ༔ ཐེག་པ་མཆོག་ལ་གྲུབ་པའི་མི་ལྔ་འབྱུང༔ དད་ལྡན་འགྲོ་འདྲེན་མཚུངས་མེད་དཔལ་དུ་ཤར༔ ཡེ་ཤེས་ལྷ་ལ་གྲུབ་པའི་མི་ལྔ་འབྱུང༔ སྨོན་ལམ་སྟོབས་ལྡན་རྒྱས་པའི་རྟེན་འབྲེལ་ཆེ༔ བཟང་པོ་ཡོན་ཏན་དྲུག་ལྡན་མིང་ཅན་བཞི༔ ལས་སྟོབས་སྔོན་སྦྱངས་ཆོས་ཀྱི་འབྲེལ་པ་འབྱུང༔ དེ་ལས་ཡོན་ཏན་འབྲེལ་ཐོག་གནས་ཀྱི་རྒྱལ་མཚན་འདོགས༔ བསྟན་འཛིན་གྲུབ་པའི་རྒྱལ་མཚན་རྣམ་བཞིའི་མིང༔ བསོད་ནམས་སྨོན་ལམ་སྦྱིན་སྟོབས་རྒྱས་པ་འབྱུང༔ པད་དཀར་གྲུབ་པའི་མིང་ཅན་རྣམ་བཞི་འབྱུང༔ གནས་ལ་རྒྱན་འདོགས་ལམ་ཡིག་བཅས་པ་འབྱུང༔ གྲུབ་པའི་དབང་ཕྱུག་ནཱ་ག་ཤྲཱིའི་མཚན༔ གནས་འདིར་གྲུབ་ཐོབ་སྟོང་ཕྲག་ས་བོན་འདེབས༔ སྦས་པའི་རྣལ་འབྱོར་མཎི་དྷ་རིའི་མཚན༔ གནས་ཀྱི་ཆེ་བ་སྟོན་ཅིང་སྨོན་ལམ་འགྲུབ༔ བཟུང་མཆོག་རྒྱལ་སྲིད་སྐྱོང་བའི་མིང་ཅན་འབྱུང༔ དེ་ནས་སྨོན་ལམ་གྲུབ་པའི་ལས་སྟོབས་ལྡན༔ དེ་སོགས་ལུང་ལས་མ་གྲགས་འབྲེལ་ཐོགས་ནི༔ གྲངས་མེད་བསམ་འདས་མངོན་སངས་རྒྱས་པ་འབྱུང༔ ཌཱཀྐི་ཧཱ་རི་ཎི་སའི་མཁའ་འགྲོ་ཡི༔ འཇིག་རྟེན་མཁའ་འགྲོ་སུམ་ཅུ་རྩ་ལྔ་འབྱུང༔ དེ་དག་ཀུན་གྱིས་གནས་ཀྱི་ཆེ་བ་སྟོན༔ དེ་དག་འབྲེལ་ཐོག་མཁའ་སད་མྱུར་ལམ་འདྲེན༔ ཡ་མ་ཟུང་གི་བསྟན་ཆོས་བཅུ་གསུམ་འབྱུང༔ དེ་ནི་མ་རིག་སྒྲིབ་ཅན་མ་ཡིན་ནོ༔ གནས་ཀྱི་ཕྱོགས་སུ་བཀའ་སྲུང་སྤྲུལ་པའི་སྲས༔ མཚན་རྟགས་བཞི་འབྱུང་གནས་ཀྱི་བར་ཆད་སེལ༔ ལས་མཁན་བཞི་འབྱུང་སྲོག་གཅོད་ལས་ལ་བཙོན༔ དེ་དག་གྲུབ་པའི་ལས་ཐབས་སྦྱོར་བ་ཡིན༔ ལས་བཞི་འགྲུབ་པའི་རྟེན་འབྲེལ་རྣམ་ལྔ་འབྱུང༔ དེ་སོགས་བཟང་ངན་འབྲིང་སོགས་འབྲེལ་ཐོགས་འབྱུང༔ དེ་ནས་མཁའ་འགྲོས་དག་གིས་ཤོས་ངོར༔ གུ་རུའི་ཞལ་ནས༔ ཨེ་མ་གདོད་མའི་མཁའ་འགྲོ་མ༔ གནས་ཀྱི་ཆེ་བ་བཅུ་གསུམ་བསྟན༔ ཡེ་ནས་གྲུབ་པའི་གནས་མཆོག་ནི༔ གངས་གཉེན་ཉི་ཤུ་རྩ་གཅིག་ཡིན༔ ཏི་སེ་གངས་རི་སྐུ་ཡི་གནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཚང༔ ལ་ཕྱི་གངས་རི་གསུང་གི་གནས༔ རྩ་རླུང་ཐིག་ལེའི་རྟེན་འབྲེལ་ཚང༔ རྩ་རི་གངས་རི་ཐུགས་ཀྱི་གནས༔ ལྟ་སྒོམ་སྤྱོད་གསུམ་ཆོས་བཞི་ཚང༔ གཟེ་རྒྱལ་གངས་རི་ཡོན་ཏན་གནས༔ སྡེ་སྣོད་ལུང་རིགས་རྒྱུད་སྡེ་ཚང༔ རོང་བཙན་གངས་རི་ཕྲིན་ལས་གནས༔ གཞི་རིག་ལམ་གསུམ་དམ་ཆོས་ཚང༔ དེ་ཕྱིར་དག་པ་མཁའ་སྤྱོད་གནས༔ གཏན་འཁྱིལ་དངོས་གྲུབ་ལེན་པའི་མཚོ༔ པདྨ་ང་ཡིས་བྱིན་བརླབས་པའི༔ དངོས་གྲུབ་ངེས་འབྱུང་མཚོ་ལྔ་ནི༔ མ་ཕམ་གཡུ་མཚོ་སྐུ་ཡི་མཚོ༔ ལ་ཕྱི་གཡུ་མཚོ་གསུང་གི་མཚོ༔ ཙཱ་རི་གཡུ་མཚོ་ཐུགས་ཀྱི་མཚོ༔ གཟེ་རྒྱལ་དུང་མཚོ་ཡོན་ཏན་མཚོ༔ རོང་བཙན་མཚོ་དམར་ཕྲིན་ལས་མཚོ༔ མཆོག་ཐུན་འབྱུང་བའི་མཚོ་ལྔའོ༔ རྒྱལ་ཁམས་མཚོ་རི་གྲངས་འདས་ཀྱང༔ ཀུན་ལས་ཁྱད་འཕགས་འདི་ལྔའོ༔ འདི་ཉིད་གྲུབ་པའི་རྒྱུ་མཚན་བཤད༔ ཏི་སེ་གངས་རི་རྒྱལ་པོ་ནི༔ སྔོན་དགྲ་བཅོམ་ཀུན་གྱི་བྱིན་གྱིས་བརླབས༔ ལ་ཕྱི་གངས་རི་རྒྱལ་པོ་ནི༔ དབང་ཕྱུག་མི་ལས་བྱིན་གྱིས་བརླབས༔ ཙཱ་རི་རྒྱལ་པོ་གངས་རི་ནི༔ འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས༔ གཟེ་རྒྱལ་རྒྱལ་པོ་གངས་རི་ནི༔ པདྨ་ང་ཡིས་བྱིན་གྱིས་བརླབས༔ རོང་བཙན་རྒྱལ་པོ་གངས་རི་ནི༔ བཻ་རོ་ཙཱ་ནས་བྱིན་གྱིས་བརླབས༔ རྣམ་གྲངས་ལུང་བསྟན་མང་ལགས་ཀྱང༔ ཕྱིས་འབྱུང་བྱིན་བརླབས་འདི་བཞིན་མཚོན༔ གངས་རི་ཆགས་པའི་རྒྱུ་མཚན་ནི༔ བྱམས་སེམས་ཐིག་ལེའི་འཕྲོ་འདུ་ལས༔ ཆུ་ཤེལ་ལས་གྲུབ་ཧཾ་གིས་མཚན༔ བསིལ་བྱེད་ཡིན་པས་གངས་རི་ཆགས༔ དེ་ཕྱིར་བདེ་ཆེན་འཁོར་ལོ་ཚང༔ དེ་ཕྱིར་སྐུ་ཡི་གནས་མཆོག་ཚང༔ འབྱུང་བ་རླུང་གི་འཕྲོ་འདུ་ལས༔ མགྲིན་པ་ལས་བྱུང་ཆབ་ཆུ་འཁྱུགས༔ དེ་ཕྱིར་ལོངས་སྤྱོད་འཁོར་ལོ་ཚང༔ མ་བཅོས་སེམས་ཀྱི་འཕྲོ་འདུ་ལས༔ ཟག་མེད་རྒྱུན་གྱི་དུང་མཚོ་འཁྱིལ༔ དེ་ཕྱིར་ཆོས་ཀྱི་འཁོར་ལོ་ཚང༔ ཉེར་འདུ་ཀུན་ཚང་གཏུམ་མོ་ལས༔ རི་ལུང་ཀུན་གྱི་ལྟེ་བར་གྲགས༔ དེ་ཕྱིར་སྤྲུལ་པའི་འཁོར་ལོ་ཚང༔ ཚོན་དྷ་ཐམས་ཅད་རྒྱུ་བའི་ལམ༔ ནགས་ཚལ་ལྗོན་རྒྱས་གཅིག་ཏུ་འདྲིལ༔ དེ་ཕྱིར་བདེ་སྐྱོང་འཁོར་ལོ་ཚང༔ འཁོར་ལོ་ལྔ་སྡོམ་གྲུབ་པའི་གནས༔ བདེ་མཆོག་སྤྲུལ་པའི་ཞིང་ཁམས་སོ༔ གནས་ཀྱི་སྐུ་ལྔ་ངོ་སྤྲོད་བསྟན༔ གངས་རི་མེ་ལོང་མངོན་དགའི་ཞིང༔ རི་བོ་མཉམ་ཉིད་དཔལ་ལྡན་ཞིང༔ ཉི་ཟེར་སོར་རྟོག་བདེ་ཆེན་ཞིང༔ ཆུ་རླུང་བྱ་གྲུབ་ལས་རབ་ཞིང༔ དུང་མཚོ་ཆོས་དབྱིངས་འོག་མིན་ཞིང༔ དེ་ཕྱིར་སྐུ་ལྔ་ལྷུན་གྲུབ་ཞིང༔ ཕྲིན་ལས་རྣམ་ལྔ་འདི་ལྟར་རོ༔ ཞི་བ་ལྡོམ་པའི་གངས་ཁྲོད་ཆགས༔ རྒྱས་པ་གྲུ་བཞི་གླིང་བཞིར་ཆགས༔ དབང་གི་ས་གཞི་དམར་ལ་ཟློམ༔ དྲག་པོའི་གཡའ་སྤང་ནག་ལ་རྒྱས༔ ཀུན་འདུས་ཆོས་ཀྱི་རང་སྒྲ་སྒྲོག༔ དེ་ཕྱིར་ཕྲིན་ལས་རྣམ་ལྔ་ཚང༔ སྐུ་ཡི་ཙཱ་རིའི་སྤྲུལ་སྐུ་ཐོབ༔ གསུང་གི་ཙཱ་རིའི་དབང་ཐང་རྒྱས༔ ཐུགས་ཀྱི་ཙཱ་རིའི་མངོན་ཤེས་འཆར༔ ཡོན་ཏན་ཙཱ་རིའི་འགྲོ་དྲུག་འདྲེན༔ ཕྲིན་ལས་ཙཱ་རིའི་དགྲ་བགེགས་སྒྲོལ༔ དེ་ཕྱིར་སྐུ་གསུམ་སྐུ་ལྔ་ཚང༔ བཅོས་པའི་དཀྱིལ་འཁོར་བདུད་ཀྱི་འཇིགས༔ འདི་ནི་རང་བྱུང་དཀྱིལ་འཁོར་ཏེ༔ བསྐལ་པའི་འདུས་བྱས་མ་ཞིག་བར༔ གནས་འདིར་འཕོ་འཆུག་འབྱུང་མི་སྲིད༔ དེ་ཕྱིར་མི་གཡོ་རྡོ་རྗེའི་གནས༔ རང་བྱུང་མཆོད་རྟེན་རིན་ཆེན་འདི༔ གསང་སྔགས་འབྲས་བུས་གནས་ཡིན་ཕྱིར༔ པདྨ་བདག་གིས་ལེགས་པར་བཤད༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱིས༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ མ་འོངས་སྙིགས་མ་རྩོད་ལྡན་ལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཀ་ལ་ཨ་རྩིག་གིས་ཇོ་བོ་གཟེ་རྒྱལ་གངས་ཁྲོད་བྲག་དུག་སྦྲུལ་འདྲ་བ་ནས་གདན་དྲངས་ཤིང་འཛམ་གླིང་རྒྱན་དུ་ཕབ་པའོ། །དགེའོ། །དགེའོ། །བཀྲ་ཤིས།
མཆན། ༡.གོང་གི་གནས་ཡིག་འདི་ནི་ནང་ཆེན་སྦ་ཆེན་བེ་ཧུའི་རྟེན་སྒམ་ནང་ནས་བྱུང་བའི་དཔེ་རྙིང་བྲིས་མ་ཞིག་ལས་ཞལ་བཤུས་པའོ། །༢.གནས་འདི་ནི་བོད་ལྗོངས་ཆབ་མདོ་རི་བོ་ཆེ་རྫོང་གངས་ཟེ་ཞང་སྤོམས་སལ་སུམ་མདོའི་སྒོ་ཆེན་རི་ཁྲོད་དང་འདབས་ཅུང་ཟད་འབྲེལ་ཞིང་།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྤྱི་ཆུ་ཞང་གཟེ་སྟོད་གྲོང་གཟེ་གཞུང་ལུང་པའི་ཕུ་རུ་ཡོད།
༄༅།།བོད་ཀྱི་མདོ་ཁམས་འཛི་ཟླའི་བར་དག་ཏུ༔སྤོ་ཡི་བྲག་དཀར་གསུང་མཆོག་འདུས་པའི་གནས༔རང་བྱུང་རྟེན་མཆོག་ཨཱཿཡིག་བཀྲ་བ་ཡོད༔དེ་ཉིད་གསུང་གི་གནས་མཆོག་འདུས་པའི་བྲག༔
༄༅། །གསུང་གི་གནས་འདུས་པ་འཛི་ཟླའི་བར་ནི། རི་བོ་ཆེའི་སྤོ་ཎེ་བྲག སངས་རྒྱས་དབོན། ཛྙཱ་ན་ཤྲི་རྣམས་ཀྱི་གནས་སྒོ་ཕྱེས། དེར་བདུད་འདུལ། གནམ་ཆོས། ཆགས་མེད་རྣམས་ཞལ་འཛོམས་མཛད་པ་ཡིན།
༄༅། །ན་མོ་ཨ་མི་ཏ་བྷཱ་སརྦ་ཨཱཿཡུ་སིདྡྷི་ཕ་ལ་ཧཱུྃ། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གསེར་གྱི་ཕྲེང་བ་རཏྣ་གླིང་པའི་གཏེར་མ། མཆིམས་ཕུའི་སྣ་དྲངས་བོད་ཀྱི་ཡུལ་གནས་མ་ལུས་པ། གངས་ཏི་སེ་མན་ཆད། ཁམས་གཙང་ཁ། ལྕིམ་བྲག རྒྱ་ནག་རི་བོ་རྩེ་ལྔ། གན་འཇང་ཧུ་དང་། མི་ཉག ཧོར། ལི་ཡུལ། གྲུ་གུ། ཀོང་པོ། རྒྱ་ལ། མོན་སྟག་སྒོ། བུམ་ཐང་། སྤ་གྲོ་ལ་སོགས་ཐམས་ཅད་དུ་སྒྲུབ་གནས་གཏེར་སྒོ། ས་གཞི་ཐམས་ཅད་བྱིན་གྱིས་བརླབས་ཤིང་། འགྲོ་བ་ཐམས་ཅད་སྨིན་གྲོལ་ལ་བཀོད་དེ། མཆོག་གི་སྒྲུབ་གནས་ལྔ། ངོ་མཚར་ཅན་གྱི་གནས་མཆོག་ཉི་ཤུ་རྩ་ལྔ། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས། དེ་ལ་སོགས་པ་རྣམས་སུ་མ་འོངས་མཐོང་ཐོས་ཐམས་ཅད་གྲུབ་པ་ཐོབ་ཅིང་དངོས་གྲུབ་བརྙེས་པ་དཔག་ཏུ་མེད་པ་མཛད། ཅེས་གསུངས་པའི་ནང་ནས་འདི་ནི་ངོ་མཚར་ཆེ་བའི་གནས་མཆོག་ཉི་ཤུ་རྩ་ལྔའི་ཡ་གྱལ་སྤོམ་ནེ་བྲག་གི་གནས་ཀྱི་ལོ་རྒྱུས་ནི། རིག་འཛིན་མི་འགྱུར་རྡོ་རྗེ་བདག་ཤར་ཀཿཐོག་ནས་དབང་གྲགས་རྒྱ་མཚོའི་སྐྱེ་བ་འཕོས་ཏེ་གཡོ་སྟོད་ཕྱོགས་སུ་སྐྱེས་པ་ལ། སྔར་རྟེན་འབྲེལ་གྱི་དབང་གིས་ཆེར་མ་ལོན་པར། ཟངས་མདོག་དཔལ་རིར་ཕྱིན་པ་ལ། དེའི་ཚེ་ཨོ་རྒྱན་རིན་པོ་ཆེས་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་བསྐུར་ཏེ། ངའི་ཁམས་ཕྱོགས་ཀྱི་གཏེར་ཁ་རྣམས་དང་གནས་སྒོ་མང་པོ་ཁྱེད་ཀྱི་དབང་བ་རྣམས་ཆུད་མ་ཟོས་པར་གྱིས་ཤིག ཁྱད་པར་སྤོམ་ནེ་བྲག་གི་གནས་སྒོ་དང་། སེངྒེ་བྲག་གི་གཏེར་སོགས་རིམ་རིམ་གསུངས་ནས་ཕྱག་མཛུབ་སྦྲེལ་མཛད་པ་ཡིན་པས། གནམ་འཕྱང་གི་ལོ། ཐ་སྐར་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བདུན། སངས་རྒྱས་ལྷ་ལས་བབས་པའི་དུས་ཚོད་ཀྱི་ཉིན་མོ་ཚོགས་འཁོར་དང་བསང་མཆོད་ལ་སོགས་པར་བྱས་ཏེ་ངོ་སྤྲོད་པ་ནི། ༆ མདུན་རི་མཆོད་པ་སྤུངས་འདྲ། །གཡས་རི་རྟ་མཆོག་དང་མཚུངས། །རྒྱབ་རི་གླང་ཆེན་འགྱིང་འདྲ། །གཡོན་རི་ནམ་མཁའ་བཏེགས་འདྲ། །གནས་ཉིད་ཚེ་དཔག་མེད་གསུང་གི་གནས། །ཕུག་པའི་གཉའ་ན་ལྷོ་སྤྲིན་དམར་པོ། །འོག་ན་པཱཉྩ་དམར་པོ་གཉིས། །སྒོ་སྲུང་བྱ་རོག་གདོང་། །ཕུག་སྒོའི་བྲག་རྨ་བྱའི་ཁྲི། །ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། །ཕུག་པ་གྲུ་བཞི་སེར་པོ་རྒྱས་པའི་ལས་འགྲུབ། །ལྷ་མི་གཉིས་ཀྱིས་གནས་མཇལ་བའི་སྒོ་ཆེ་ཆུང་གཉིས། །
གུ་རུ་པདྨ་སམ་བྷའི་པད་ཞྭའི་རྗེས། མཁའ་འགྲོ་མའི་མཐེབ་ཀྱུ། སྒོ་སྲུང་ཧ་ས་གརྦྷ། བཀའ་སྲུང་ཀླུ་འདུལ་གྱི་སྦྲུལ་དང་སྦལ་པ་མནན་པ། བྱ་རོག་གདོང་གི་ཡ་མཆུ་ཚེ་དཔག་མེད་ཀྱི་སྤྱན་གྱིས་གཟུགས། ཡེ་ཤེས་མཚོ་རྒྱལ་གྱི་དབུ་རྒྱན་རྗེས། ཨོ་རྒྱན་རིན་པོ་ཆེའི་ཕྱག་མཛུབ་བཙུགས་རྗེས། བསྟན་སྲུང་ལས་མགོན་བྱ་རོག་གདོང་། ལྷ་མོ་རྩ་འཇིབ་དམར་མོ། འཇིགས་བྱེད་མོའི་སྤུ་གྲི་རྒྱ་མཚོའི་ནང་དུ་མ་ཧཱ་གསེར་གྱི་རུས་སྦལ་འགྲོ་བ། ཨོ་རྒྱན་རིན་པོ་ཆེའི་སེང་གེ་བཅིབས་ནས་བྱོན་པའི་སེང་གེའི་ཕྱག་གཉིས་ཀྱི་རྗེས། ཕྱག་གི་རྡོ་རྗེའི་རྗེས། གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་པའི་སྐུ་རྗེས། ལྷ་ཡུལ་ནས་གདན་དྲངས་པའི་གསེར་གྱི་ལུག་གི་གཟུགས། བར་དོའི་འཕྲང་། མཁའ་འགྲོའི་དར་ཐག་འཐེན་པ། མཁའ་འགྲོའི་དབུ་རྒྱན། རུས་སྦལ་བྲག་ལ་འཕྱང་བའི་གཟུགས། སེང་གེའི་ཕྱི་ལྟས་བྱས་པའི་གཟུགས། དུང་དཀར་གྱེན་དུ་འགྲོ་བའི་གཟུགས། ཉ་ཟེ་བ་ཅན་ཐུར་དུ་རྒྱུགས་འདྲ། མཁའ་འགྲོ་མས་གཡུ་ཕྱེ་མཆོད་པ་འབུལ་བ། ཨོ་རྒྱན་རིན་པོ་ཆེའི་ཕྱག་གཉིས་ཀྱི་ཕུག་པ་བརྒྱངས་པ། ཀླུའི་ནོར་བུ་མིག་གསུམ་པ། མཁའ་འགྲོ་རིགས་བཞིའི་ནུ་མ། སྲིན་པོའི་གྲོང་ཁྱེར། མཆོད་རྟེན་སྟོང་རྩ། ཕྱག་ན་རྡོ་རྗེའི་དབུའི་འདྲ་དཔེ། སྒྲོལ་མའི་རྣ་རྒྱན། ཕྱག་སྟོང་སྤྱན་སྟོང་། མཁའ་འགྲོ་རིགས་བཞིའི་ཀ་བ། ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནང་ནས་བདུད་རྩིའི་ཐིག་པ་ཡར་འཕྱུར་བ། མཐའི་རྒྱ་མཚོ། ཐུབ་པ་དང་ལྷས་སྦྱིན་གཉིས་རྩལ་ཚད་པའི་གླང་ཆེན་གཉིས། ཐུབ་པས་དཀའ་ཐུབ་མཛད་པ། ཚེམས་ཤིང་གཉིས། ཆུ་གཉིས། མཆོད་རྟེན་རྣམས་ཀྱི་དྲུང་དུ་དབུ་སྐྲ་བསིལ་བ། ལུམྦུའི་ཚལ་དུ་སྐུ་འཁྲུངས་པ། ལྷུམས་སུ་སེམས་ཅན་རྣམས་ལ་ཆོས་སྟོན་པའི་གཟུགས། ལྷ་ཀླུ་རྣམས་ཀྱིས་སྐུ་ཁྲུས་གསོལ་བ་དང་དར་དཀར་གྱི་སྟེང་དུ་བཏེགས་པའི་གཟུགས། གླང་ཆེན་ཐལ་སྐར་གྱི་ཚུལ་དུ་ལྷ་ལས་བབས་པའི་གཟུགས། སེར་སྐྱའི་སྒོ་སྲུང་དང་། སྤྲིན་གསེབ་ནས་བྱོན་པ། བཙུན་མོ་རྣམས་ཀྱི་གཟུགས། བྱང་ཆུབ་ཤིང་དྲུང་དུ་བདུད་བཏུལ་བ་དང་། སངས་རྒྱས་པའི་གཟུགས། འཁོར་འདུས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གཟུགས། སྤྲེའུས་སྦྲང་རྩི་ཕུལ་བའི་གཟུགས། ཐུབ་པ་གནས་བཅུས་བསྐོར་བ། རྒྱལ་ཆེན་སྡེ་བཞི། རིལ་བ། བུམ་པ། མཆོད་རྟེན། སངས་རྒྱས་ཀྱི་ཞིང་ཁམས་སྟོང་རྩ། འཇམ་དཔལ། རྟ་མགྲིན། ཕྱག་ན་རྡོ་རྗེ་གསུམ་གྱི་སྐུ། བྲག་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱི་སྐུ་མཚོན། མ་ཎི་ཛཾ་ལྷའི་སྐུ། དུང་དཀར་། ཡུངས་དཀར། དུརྦ། གི་ཝཾ། མེ་ལོང་། བིལ་ཝ། ཞོ་མཆོག ལི་ཁྲི་སྟེ་བཀྲ་ཤིས་རྫས་བརྒྱད་ཕུལ་བའི་གཟུགས། རྟ་མགྲིན་དང་གཤིན་རྗེ་གཤེད་ཀྱི་དབྱུག་ཐོ། སངས་རྒྱས་སྨན་བླའི་སྐུ་བཞུགས་ཁྲི་རྒྱབ་ཡོལ་དང་བཅས་པ། ཤཱཀྱ་ཐུབ་པ་གཙོ་འཁོར་གསུམ། བྱང་ཆུབ་ཆེན་པོའི་མཆོད་རྟེན་བརྒྱད། ལྷ་ཀླུ་མི་གསུམ་གྱི་མཆོད་པ་འབུལ་བའི་གཟུགས། མཆོད་རྟེན་གསུམ། སྒྲོལ་མ་ཨུཏྤལ་རྣ་རྒྱན་མཆོད་པ་སྤུངས་པ། རིག་འཛིན་ལྔའི་སྐུ། རིན་པོ་ཆེའི་པྲོག་ཞུ། སྐུ་གསུང་ཐུགས་མཚོན་པའི་མཆོད་རྟེན་གསུམ། ཨྃ་ཨཱཿཧཱུྃ་གི་ནང་བཞུགས་ཅན། རྣམ་པར་སྣང་མཛད། མི་གཡོ་བ། སཱཙྪ་མཆོད་བརྒྱ་མ། ཀུན་ཏུ་བཟང་པོ། ཚེ་དཔག་མེད། གོས་དཀར་མོ། ཨོ་རྒྱན་རིན་པོ་ཆེ་རྣམས་ཀྱི་བཞུགས་ཁྲི། ཚེ་དཔག་མེད་ཀྱི་རྒྱབ་ཡོལ། དུར་ཁྲོད་བདག་པོའི་དབུ་ཡི་འདྲ་དཔེ། བཅུ་གཅིག་ཞལ་མཚོན། མཁའ་འགྲོ་མའི་ཚོགས། ཐུབ་པ་དང་ཀུན་དགའ་བོ་ལ་བྱང་ཆུབ་མཆོད་རྟེན་བརྒྱད་ཀྱིས་བསྐོར་བ། ཕྱག་ན་རྡོ་རྗེའི་ཞབས་རྗེས། ཚེ་དཔག་མེད་ཀྱི་སྐུ། མཁའ་འགྲོ་མའི་འོ་མ་བབས་པའི་གཟུགས། བདུད་ཀྱི་མཆོད་རྟེན་མགོ་མཇུག་ལོག་པ། མཁའ་འགྲོ་མའི་བྲན་མོའི་ཚོགས། ཨོ་རྒྱན་རིན་པོ་ཆེའི་རབ་གནས་འཐོར་བ། ཨོ་རྒྱན་རིན་པོ་ཆེའི་ཆབ། ཨོ་རྒྱན་རིན་པོ་ཆེའི་བྱ་རྒོད་བཅིབས་པའི་གཤོག་པའི་འདྲ་དཔེ།
མཁའ་འགྲོ་མའི་གཏོར་གསོས། མཁའ་འགྲོ་མས་ཚོགས་ཚར་ནས་ཚོགས་ཕུད་བླངས་རྗེས། ཁྲོ་བཅུའི་ཐོད་སྐམ་དབུ་རྒྱན། གྲི་བཙན་འདུལ་བའི་མཆོད་རྟེན་འབུར་མ། དེ་ཡི་རྟགས་ལ་བཀའ་སྲུང་འབུར་མ། ལྷ་ཚངས་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་མཆོད་རྟེན་ལ་བསྐོར་ལམ་བྱས་ཀྱང་མཆོད་རྟེན་གནམ་གཏེགས་ནང་དུ་མ་ཚུད་པས་ལམ་མ་གཏོད་པ། ལྷ་ཚངས་པའི་སྒེས་སྐར། མེ་ཏོག་འདབ་མ་སྟོང་ལྡན་སྟོང་། མཁའ་འགྲོ་མའི་སྒེས་སྐར། མཆོད་རྟེན་སྣང་བ་མཐའ་ཡས། མཆོད་རྟེན་མཐོང་བ་དོན་བཟང་། མཆོད་རྟེན་གནམ་གཏེགས། རྒྱ་མཚོ་ཆུ་འཁྱིལ། ཚེ་དཔག་མེད་ཀྱི་སྙན། མཁའ་འགྲོ་མའི་རྡོའི་ཕོ་བྲང་ལ་རྡོའི་ཀ་བ་བརྒྱན་པ། མེ་ཏོག་ཆུ་སྐྱེས་ནང་ནས་མེ་ཏོག་མང་པོ་སྐྱེས་པ། རྣམ་པར་སྣང་མཛད་ཀྱི་ཕྱག་དྲིལ། མེ་ཏོག་པདྨ་འདབ་བཞིའི་རྗེས། ཚེ་དཔག་མེད་ཀྱི་དབུ་རྒྱན་ལ་རིན་པོ་ཆེའི་ཕྲས་བརྒྱན་པ། ཚེ་དཔག་མེད་བཞུགས་པ། མཆོད་རྟེན་མ་རིག་མུན་སེལ། རྣམ་སྲས་མདུང་དམར་ཅན་གྱི་མདུང་ཡུ་བཙུགས་མལ། རྡོ་རྗེ་སེམས་དཔའི་སྐུ། གླང་ཆེན་ལངས་ནས་ཁྲི་བཏེགས་པའི་གཟུགས། དེའི་རྒྱུད་དུ་སྐྱེས་བུ་ལས་དག་མཇལ་དུ་འགྲོ་བའི་གཟུགས། དཔག་བསམ་ལྗོན་ཤིང་། ཤངས་པ་ལ་མགོན་གྱི་རྔ་ཤངས། མཆོད་རྟེན་མང་པོ། ཨག་ནི་རཱ་ཛའི་ཕྲེང་བ། ཡུམ་ཆེན་གོས་དཀར་མོའི་གསང་བ། ཤིང་ཐོག་བི་ཛ་པུ་ར་དེ་རྣམས་བཞུགས་སོ། །
༈ གནས་འདིའི་ཕན་ཡོན་ནི། ཚེ་དཔག་མེད་ཀྱི་གནས་ཡིན་པས། མཇལ་བ་དང་། ཕྱག་འཚལ་བ། བསྐོར་བ་བྱེད་པ་དང་། མཆོད་བསྟོད་བྱེད་ཅིང་བསྔགས་པ་བརྗོད་པས་ཡང་ཚེ་འདིར་ཚེ་རིང་བ་དང་། ཚེའི་བར་ཆད་ཞི་བ། ནད་མི་འབྱུང་ཞིང་སྔོན་ནད་སོགས་ཡོད་ནའང་ཕན་པར་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པའོ། །ཁྱད་པར་དུའང་། གནས་འདིའི་ནང་མཆོད་རྟེན་རང་བྱོན་མང་པོ་བཞུགས་ལ། མདོ་སྡེ་མང་པོ་ལས་མཆོད་རྟེན་བསྐོར་བའི་ཕན་ཡོན་མང་པོ་གསུངས། ཅུང་ཟད་ཅིག་བཤད་ན། མདོ་སྡེ་དབྱངས་བརྗོད་ལས། མཆོད་རྟེན་བསྐོར་བ་བྱས་པ་ནི། སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་བརྒྱ་བྱིན་དུ། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་། །དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་པོ་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་སྟོང་གིས་མཆོད། །མཆོད་རྟེན་བསྐོར་བ་བྱས་པ་ནི། །དྲན་པ་ཉེར་བར་བཞག་པ་བཞི། །སེམས་ཅན་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པ་བཞི་ཡང་ཐོབ། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། །མངོན་ཤེས་དྲུག་ལྡན་ཟག་མེད་པ། །ཉོན་མོངས་ཐམས་ཅད་སྤངས་པ་ཡི། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་གྱུར། །འདོད་ཆགས་ཐམས་ཅད་སྤངས་པ་དང་། །འཁོར་བ་ཐམས་ཅད་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་ཐོབ་པར་འགྱུར། །འཇིག་རྟེན་དག་ཏུ་དེ་བཞིན་དུ། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པས་བསྐལ་པ་བྱེ་བ་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །མཆོད་རྟེན་བསྐོར་བ་བྱས་པ་ནི། །བརྩོན་འགྲུས་ལྡན་ཞིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་ལྡན་དང་། །དེ་ནི་མྱུར་དུ་མཁས་པར་འགྱུར། །ཞེས་གསུངས་པ་ཡིད་ལ་བྱོས་ཤིག གནས་ཁྲིད་བྱེད་ཅིང་རང་བྱོན་གྱི་རྟེན་དེ་དག་གཞན་ལ་བསྟན་ན་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་ཅིང་། སོ་སོ་ཡང་དག་པར་རིག་པ་ཕྱག་རྒྱ་ཆེན་པོའི་དོན་ཡང་རྟོགས་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་རྒྱལ་བའི་གདུང་ཉིད་སྟོན་བྱེད་པ། །དེ་དག་གླིང་བུ་སྒྲ་སྙན་དང་། །སྒྲ་སྙན་ཡིན་དུ་འོང་བ་ཐོབ་པ་དང་། །སོ་སོ་ཡང་དག་རིག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་གནས་རི་བཟང་པོ་འདི་དག་ཏུ་དར་ལྕོག་བཙུགས་པ་དང་། ཚོགས་མཆོད་བགྱིས་པ་དང་། གྲྭ་པ་བྱས་ན་གཞན་དུ་བྱས་པ་བས་ཕན་ཡོན་བརྒྱ་འགྱུར་གྱི་ཆེ་བ་དང་། གཞན་དུ་ལོ་གཅིག་གྲྭ་པ་བྱས་པ་བས། གནས་འདི་རྣམས་སུ་ཞག་གཅིག་གྲྭ་པ་བྱས་ན་ཕན་ཡོན་ཆེ་བར་ཨོ་རྒྱན་རིན་པོ་ཆེས་གསུངས་སོ། །གནས་མཇལ་དུས་དད་པ་བསྐྱེད་ཅིང་སྐས་ཁ་རྣམས་སུ་བཛྲ་གུ་རུ་འདོན་དགོས། གནས་ནང་ནས་རང་བྱོན་རྣམས་བཀོག་ནས་ཁྱེར་ན་བཀའ་སྲུང་གི་ར་མདའ་འོང་བས་མི་ཁྱེར་བ་གལ་ཆེའོ། །སྐོར་བ་བཅུ་གསུམ་ཡིག་དྲུག་དུང་ཕྱུར་གཅིག་དང་མཉམ། སྐོར་བ་ཉིན་རེ་དུ་ཐོན་གྱིས་ཆོག སྐོར་བ་ཚར་ནས་ལ་ལྐོག་དེ་ནས་ཕྱག་བརྒྱ་རྩ་འཚལ། གནས་ནང་དུ་མར་མེ་མཚན་ཐུབ་གཅིག་ཕུལ་དགོས་སོ། །སྐོར་ལམ་དུ་ལོ་པཎ་རྣམས་ཀྱི་པཎ་ཞྭའི་གཟུགས་དང་། སྒོ་སྲུང་སེང་གེ་མ་བུ་གསུམ་ཡོད་པ་ནང་དུ་ཚུད་དགོས། ཞེས་སྤྲུལ་པའི་སྐུ་རིག་འཛིན་མི་འགྱུར་རྡོ་རྗེས་ཇི་ལྟར་བཀའ་བསྩལ་བཞིན་དུ་དྲུང་ཡིག་པ་ཀརྨ་ཡང་དག་གིས་གནས་ནང་དེ་ཉིད་དུ་ཡི་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །ཤྲི་ཛྭ་ལ་ཛི་བུ་དཱི་པ་ཨཱ་ལངྐ་ར་བྷ་ཝ་ཏུ།
མཆན།གནས་ཡིག་འདི་ནི་སྤོ་ཎེ་རི་ཁྲོད་དུ་བཞུགས་པའི་གནས་འཛིན་པ་རྡོ་རྗེ་ལགས་ཀྱིས་འདོན་སྤྲོད་གནང་བའི་དཔེ་རྙིང་བྲིས་མ་ལས་ཞལ་བཤུས་པའོ། །
སྤོམ་ཎེ་རྡོ་རྗེའི་བྲག་གི་ར་བའི་གནས་ཡིག་ངོ་མཚར་ལྷའི་རྔ་ཆེན། རྒྱ་གར་གྱི་ཕྲ་ག་སང་ཞེས་བྱ་བའི་སྐད་དུ་སྤོམ་ཎེ་ལ། བོད་སྐད་དུ་འོད་དཀར་ཅན། དོན་དམ་པར་གནས་འོད་དཀར་རྡོ་རྗེའི་བྲག་དང་།ད་ལྟ་མི་རྣམས་ཀྱིས་སྤོ་ཎེ་བྲག་ཅེས་ཟེར་རོ། །དེའི་ལོ་རྒྱུས་རྒྱས་པར་བཀོད་པ་ནི་འདི་ལྟར་ཏེ།
༄༅།།ན་མོ་གུ་རུ་དེ་ཝ་ཌཱཀྐི་ནི་ཧཱུྃ།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་བརླབས་ཀུན་འདུས་པ། །པདྨ་འབྱུང་གནས་ཞབས་ལ་འདུད། །དེའི་ཕྲིན་ལས་འགྲོ་དོན་སྒོ། །སྤོ་ཎེ་རྡོ་རྗེའི་བྲག་རི་ཡི། །ངོ་མཚར་གནས་ཡིག་རྒྱས་པ་ནི། །སྤྲུལ་སྐུས་གསུངས་པའི་རྩ་ཚིག་ལ། །ཡིད་ཆེས་ལུང་གིས་བརྒྱན་པ་བཀོད། །གནས་བདག་ཌཱཀྐིས་བཀའ་གནང་སྩོལ། །དེ་ལ་ས་བཅད་རྣམ་པ་ལྔ་སྟེ། །དང་པོ་གནས་ཀྱི་བྱུང་ཁུངས་དང་། །དེ་ནས་གནས་རི་བྱིན་བརླབས་ཚུལ། །གསུམ་པ་གནས་སྒོ་ཕྱེ་ཚུལ་དང་། །དེ་ནས་ལུང་ཁུངས་ཕན་ཡོན་བཅས། །ཞལ་གདམས་མན་ངག་བསྟན་པའོ། །དང་པོ་གནས་ཀྱི་བྱུང་ཁུངས་ནི། །དེ་ལ་དང་པོ་ཆགས་པའི་དུས། །མཁའ་ལ་རླུང་གི་དཀྱིལ་འཁོར་ཆགས། །དེའི་སྟེང་ཆུའི་དཀྱིལ་འཁོར་དང་། །དེའི་སྟེང་ས་ཡི་དཀྱིལ་འཁོར་རྣམས། །ཡུམ་ཆེན་དབྱིངས་ཕྱུག་མ་དང་ནི། །མ་མ་ཀི་དང་གོས་དཀར་མོ། །དམ་ཚིག་སྒྲོལ་མའི་སྤྲུལ་པ་ནི། །འབྱུང་བ་ལྔ་རུ་སྤྲུལ་ནས་ཆགས། །འབྱུང་བའི་བཅུད་དང་དྭངས་མ་རྣམས། །གངས་དེ་འདུས་པའི་ས་དེ་རུ། །རི་དང་བྲག་དང་མཚོ་རྣམས་ཀྱང་། །གཞན་ལ་ངོ་མཚར་ཆེ་བ་བྱུང་། །དེ་ནས་མི་རྣམས་ཆགས་ཚར་ནས། །འཇིག་རྟེན་ཀུན་གྱི་མེས་པོ་སྟེ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ནི། །ལྷ་མོ་ཨུ་མ་དེ་ཝ་ཡི། །དྲག་པོ་འཇིགས་བྱེད་ནག་པོ་དང་། །དུས་མཚན་དམར་མོ་གཉིས་སུ་སྤྲུལ། །འཛམ་བུ་གླིང་འདིར་འོང་ནས་ཀྱང་། །ཡབ་ཀྱི་དྲག་པོ་ཉི་ཤུ་བཞི། །ཡུམ་གྱི་དྲག་མོ་ཉེར་བཞིར་སྤྲུལ། །ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི། །གནས་ཆེན་གནས་ཕྲན་བདག་ཏུ་བཟུང་། །དེ་ཕྱིར་གནས་རྣམས་ཕལ་ཆེར་ན། །དབང་ཕྱུག་ཨུ་མའི་མཚན་མ་ཡོད། །དབང་ཕྱུག་རྒྱུད་དང་སྒྲུབ་ཐབས་བཤད། །མི་རྣམས་ལམ་ལོག་མུ་སྟེགས་ཀྱིས། །ལམ་ལ་བཀོད་པར་བྱས་པའི་ཚེ། །འོག་མིན་འཐུག་པོ་བཀོད་པ་ནས། །སངས་རྒྱས་རྣམ་སྣང་ཆེན་པོ་ཡི། །འཁོར་ལོ་བདེ་མཆོག་སྐུ་རུ་སྤྲུལ། །ཡུམ་ཆེན་རྡོ་རྗེ་དབྱིངས་ཕྱུག་མས། །རྡོ་རྗེ་ཕག་མོའི་སྐུ་རུ་སྤྲུལ། །བྱང་ཆུབ་སེམས་དཔའ་ཉེར་བཞི་ཡི། །དཔའ་བོ་ཉི་ཤུ་རྩ་བཞིར་སྤྲུལ། །བྱང་ཆུབ་སེམས་མ་ཉེར་བཞི་ཡི། །དཔའ་མོ་ཉི་ཤུ་རྩ་བཞིར་སྤྲུལ། །བདེ་མཆོག་དྲུག་ཅུའི་དཀྱིལ་འཁོར་གཙུག །འཛམ་གླིང་འདི་རུ་བྱོན་ནས་ཀྱང་། །འཇིགས་བྱེད་དུས་མཚན་ཞབས་ཀྱིས་མནན། །དྲག་པོ་དྲག་མོ་བཞི་བཅུས་རྒྱན། །