Skip to main content Skip to search
ཐིས་པ་དགོན་པའི་འཆམ་པ་གྲྭ་ཚང་གི་ལོ་རྒྱུས་མདོར་བསྡུས།

སྤྱིར་ནང་པ་སངས་རྒྱས་པའི་གར་འཆམ་ནི་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་སྡེ་བཞིའི་ནང་གི་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་རྒྱུད་འགའ་ཞིག་ལས་གསུངས་པའི་རྡོ་རྗེ་གར་ཞེས་པ་དེ་ཡིན་ལ། རང་དགོན་དུ་གར་འཆམ་དར་བའི་ལོ་རྒྱུས་ནི་《བྱ་ཁྱུང་གདན་རབས་གཏམ་གྱི་ཉིང་ཁུ》ལས། མཁན་རབས་ཉེར་བཞི་བ་ངག་དབང་ཚུལ་ཁྲིམས་ཏེ་མཚན་གཞན་ལ་ཡེ་ཤེས་རྒྱ་མཚོའི་རིང་ལ་མངའ་རིས་ཕྱོགས་ནས་འོངས་པའི་ བག་ཙེའི་འཆམ་པ་མཁས་པ་ཞིག་གིས། ཛ་ཛ་ཀྱེ་ཀྱེ་ཞེས་པའི་དྲག་སྐུལ་དང་སྦྲགས་པའི་སྒྲོག་འགྲོས་ཀྱི་འཆམ་དར་ནས་ཡུན་རིང་མ་ལོན་པའི་དུས་ཤིག་ན། བོད་རབ་བྱུང་བཅུ་གཉིས་པར་རྙེ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་འཛིན་ཉི་མས་བསྟན་འགྲོའི་སྤྱི་ལ་སྨན་པར་དགོངས་ནས་དགོན་ ཡར་ནང་ལྷུན་གྲུབ་ཆོས་རྫོང་དུ་ཆོས་རྒྱལ་ལྕགས་མཁར་ཟུར་དགུ་བ་དང་། སྡེ་འདིར་བསྟན་སྲུང་དམག་ཟོར་མའི་རྒྱས་པའི་གཏོར་སྒྲུབ་དང་འཆམ་པ་གྲྭ་ཚང་གསར་འཛུགས་གནང་སྟེ་མཆུ་ཟླའི་ཚེས་གསུམ་ ནས་ཉ་ལ་འཆམ་དཔོན་དང་འཆམ་པ་རྒན་གྲས་ཀྱིས་གཙོས་པའི་འཆམ་པ་གྲྭ་ཚང་ཟུར་དུ་ཕྱེ་སྟེ་བྱ་ཁྱུང་གི་ཕྱག་རྒྱུན་ལྟར། ཡི་དམ་རྡོ་རྗེ་འཇིགས་བྱེད། མགོན་པོ། ཆོས་རྒྱལ། ལྷ་མོ། ཙ་མུ་ཊི། བག་ཙེ་འཁོར་གསུམ། ཆུ་སྲིན་སེང་གེ་གཉིས། ཁྲ་བྱ་རོག་གཉིས། ཞྭ་ནག་པ་གཉིས་བཅས་ཆོས་སྐྱོང་བཅུ་བཞིའི་གར་འཆམ་དང་། གཞན་ཡང་བན་བོན་གཉིས། ཨ་ཙ་ར་གཉིས། ཐོད་སྐམ་གཉིས། ཀེང་རུས་བཞི། ཤྭ་བདའ་འཁོར་དྲུག་བཅས་ཀྱི་གར་འཆམ་བཙུགས་ནས་ད་ལྟའི་བར་དུ་ལོ་རྒྱུས་སུ་འཁོད་པ་ལྟར་ན་ཕལ་ཆེར་ལོ་ངོ་༢༣༠ནས་༢༦༠ཙམ་ཕྱིན་པར་གྲགས་ཤིང་། དུས་དེ་ནས་བཟུང་ལོ་ལྟར་མཆུ་ཟླའི་ཚེས་བཅུ་བཞིའི་ཞོགས་པར་མགོན་ཆོས་ལྔའི་གཏོར་ཆོག་གསུངས་རྗེས། གདན་ཞུས་ལྟར་རྙེ་མཆོག་སྤྲུལ་རིན་པོ་ཆེ་གཙོས་པའི་དགོན་གོང་མའི་གཞིས་བྱེས་ཀྱི་བླ་གྲྭ་ཡོངས་རྫོགས་འཆམ་གཟིགས་ལ་ ཕེབས་ཏེ། ཉིན་དེའི་རོལ་མོ་འབུབ་དཀྲོལ་རྡུང་གསུམ་གྱི་འགན་ཁུར་ཕྲག་ཏུ་བཞེས་དགོས། འཆམ་དང་བསྒྲལ་ཆོག་སྦྲགས་ཏེ་མཇུག་ཏུ་གཏོར་རྒྱག་དང་བཅས་ཕྱག་ལེན་རྒྱས་པའི་ལུགས་ལྟར་བྱེད་པ་ད་ལྟ་ཡང་མ་ཉམས་རྒྱུན་མུས་སུ་སྐྱོང་བཞིན་ཡོད་དོ།།

History Amdo Tipa Gön Trashi Chödzong
ཐིས་པ་དགོན་པའི་འཆམ་པ་གྲྭ་ཚང་གི་ལོ་རྒྱུས་མདོར་བསྡུས།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Red Garland Editorial Board
Year published 2018
Subjects
Places
UID mandala-texts-49846
DOI
PDF View | PDF icon Download (46.32 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence