Skip to main content Skip to search
དཔལ་གསང་ཆེན་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་དགེ་སློང་ཆོས་གྲགས་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།

དཔལ་གསང་ཆེན་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་དགེ་སློང་ཆོས་གྲགས་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།

 དཔལ་གསང་ཆེན་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་དགེ་སློང་ཆོས་གྲགས་རྒྱ་མཚོ་ནི།  རབ་བྱུང་བཅུ་དྲུག་པའི་སྤྱི་ལོ༡༩༣༥ལོའི་གཟའ་སྐར་འཕྲོད་སྦྱོར་འགྲིག་པའི་ཉིན་མོ་ཞིག་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་དུ་སྐུ་བལྟམས།  དགུང་ལོ་བརྒྱད་ཀྱི་སྟེང་ཁྲི་ཀའི་དགོན་མ་ལག་ཉེར་ལྔའི་ཡ་གྱལ་རྙེ་དབེན་གནས་རི་ཁྲོད་ལྷུན་གྲུབ་ཆོས་རྫོང་གི་ཆོས་སྒོར་ཞུགས་ཏེ་སྡེ་དེའི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ལ་སྦྱངས་པ་བྱས་ནས་ཚོགས་རྒྱུགས་འབུལ།   

དགུང་ལོ་བཅོ་བརྒྱད་སྟེང་ཨ་ལགས་གཙན་ཚ་རིན་པོ་ཆེ་མཆོག་གི་དྲུང་དུ་དགེ་སློང་གི་སྡོམ་པ་མནོས།    དེའི་རྗེས་བཅུ་ཕྲག་རིག་པའི་མཛོད་ལ་མངའ་བརྙེས་པ་རྣལ་འབྱོར་གྱི་རྟོགས་པ་མཐར་སོན་པའི་ངེས་དོན་གྱི་བཤེས་གཉེན་ཆེན་པོ་ཨ་ལགས་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་།    རེབ་གོང་སྐུ་ཕྱོགས་ཆེན་མོ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ།  ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ།   ཨ་ལགས་ཁོ་ཚེ་རིན་པོ་ཆེ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་ལོ་མང་པོར་དབང་ལུང་རྗེས་གསུམ་གྱི་མན་ངག་གིས་རང་རྒྱུད་ཕྱུག་པོར་བྱས།   

༡༩༥༨ལོར་གློ་བུར་སྲིད་ཇུས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་རྐྱེན་ངན་བྱུང་བའི་དབང་གིས་ཕྱོགས་སོ་སོའི་གྲྭ་བཙུན་གྲངས་ལས་འདས་པ་རྣམས་དང་མཉམ་དུ་འཛིན་བཟུང་གིས་ཆབ་ཆའི་དགོན་གསར་དུ་དཀའ་སྡུག་དང་བཀྲེས་སྐོམ་གྱི་སྡུག་བསྔལ་ཚད་ལས་འདས་པ་མྱངས་མཐར་ཕྱིར་རང་ཡུལ་ལ་ལོག 

   ༡༩༦༢ལོར་གློ་བུར་རང་ཉིད་ཀྱི་ལུས་ཕུང་ཅུང་མི་བདེ་བས་སྐུ་བསྙུང་ནས་ཉིན་གསུམ་གྱི་འཕྲོ་རུ་ཇེ་སྡུག་ཏུ་སོང་ཡང་།  དེ་དུས་འཚོ་བ་དཀའ་བས་ནད་བཅོས་ཀྱི་མཐུན་རྐྱེན་མེད་མོད་སེམས་ཀྱི་དཔའ་བསྐྱེད་ནས་འཆི་བདག་ལ་ཉིན་མང་བོར་འཐབ་པའི་སྡུག་བསྔལ་འོག་ཏུ་རང་ཉིད་སྨན་པ་ཞིག་བྱ་བའི་འདུ་ཤེས་སྐྱེས།  

      ༡༩༦༤ལོའི་ཟླ༡༢ཚེས༡༦ཉིན་ནས་དྲག་པོ་གསུམ་སྦྲེལ་དང་གསང་བདག་འཁོར་ཆེན་སོགས་ལ་འབད་ནས་ནད་ཀུན་སེལ་བའི་ཐབས་བློ་རྙེད།

༡༩༦༥ལོའི་ཆུ་སྟོད་ཟླ་བའི་ཚེས༡༣ཉིན་གློ་བུར་དུ་བཀྲ་ཤིས་པའི་རྟགས་མཚན་དུ་མ་མིག་གི་མཐོང་སྣང་དུ་དངོས་སུ་འོང་སྟེ་དཔལ་གསང་བའི་བདག་པོ་ཞལ་མཇའ་ནས་སྔགས་ནུས་ལ་ཀློང་བརྡོལ་པའམ་གྲུབ་པ་བརྙེས་ཏེ་རང་གི་ལུས་སྟེང་དུ་རྨ་འཛེར་མཐེ་བོང་འདྲ་བ་དག་ལ་སྔ་དྲོ་ལྗགས་མཆིལ་བྱུག་རྗེས་ཕྱི་དྲོ་ཤུལ་མེད་དུ་གྱུར་བའི་ཡ་མཚར་གྱི་ནུས་རྟགས་བྱུང་།

     ༡༩༧༥ལོ་ནས་རང་ཡུལ་དང་ཐག་ཉེའི་སྡེ་བ་མང་པོའི་ནད་པ་སེར་སྐྱ་མང་པོར་གསང་བའི་ཚུལ་གྱིས་བྱབས་ཁྲུས་ཐེངས་འགའ་རེ་བྱས་རྗེས་ནད་གཞི་དྲག་པོ་དག་ཀྱང་སངས་དྲག་ཏུ་སོང་བ་མང་པོ་བྱུང་། 

    ༡༩༨༠ལོ་ནས་བཟུང་རླབས་ཆེ་བའི་གཞན་ཕན་ལྷག་བསམ་དཀར་པོའི་ངང་ནས་འགྲོ་དོན་སྐྱོང་འགོ་ཚུགས་ཏེ་མཚོ་སྔོན་དང་ཀན་སུའུ།  སི་ཁྲོན།  ལྷ་ས།  ཡུན་ནན།  པེ་ཅིན།  ནང་སོག   ཞིན་ཅང་།  ཧོ་པེ།   ཧྲིན་ཡང་།  ཧུའུ་ནན།  བོད་ལྗོངས།  ཏུང་པེ།   ཧྲང་ཧེ    ལོ་ཡང་།   ཀྲེ་ཅང་།   ཧྲན་ཞི་སོགས་ཞིང་ཆེན་མང་བོ་དང་།    ནེ་པོ་འར།   ཨོ་ཏ་ལིས་ཡ་སོགས་རྒྱལ་ཁབ་ཁ་ཤས་བཅས་ཀྱི་ནད་པ་ཉིན་རེར་སྟོང་དང་བརྒལ་བའི་ཁ་གྲངས་ལ་བྱབས་ཁྲུས་བྱས་པ་ཉུང་ཉུང་མིན།   ཉིས་སྟོང་བཅོ་ལྔ་ལོར་བསྡོམས་རྩིས་བྱས་པ་ལྟར་ན། སངས་དྲག་ཏུ་སོང་བའི་ནད་པ་འབུམ་ཕྲག་བཅུ་ལས་བརྒལ་ཡོད་ལ་ཚུར་ཡོང་ནད་པ་བརྒྱ་ཆའི་དགུ་བཅུ་སངས་དྲག་སོང་ཡོད་འདུག  

       ཁོང་གིས་བྱབས་ཁྲུས་དང་བཀའ་སློབ་ཀྱི་ནུས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དེས་ཚན་རིག་དང་སྨན་ཁང་སོགས་ཀྱང་ཟིལ་གྱིས་གནོན་པར་གྱུར་ཡོད་ཅེས་བཤད་ཀྱང་ཆེ་བརྗོད་མིན་ལ་མི་སེམས་ཐེ་ཚོམ་གྱིས་བཟི་བའི་དུས་རབས་འདིར་དཀོན་མཆོག་གི་བྱིན་བརླབས་ཟེར་བའང་རམ་འདེགས་བྱས་ཡོད་འདུག  

      ཁོང་གིས་སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་དོན་འབའ་ཞིག་ལ་གཞོལ་ནས་མཛད་པ་རེ་ཞིག་མཐར་སོན་ཏེ། དགུང་གྲངས་དོན་བདུན་བཞེས་པ་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་འབྲུག༼སྤྱི་ལོ༢༠༡༢༽ལོའི་བོད་ཟླ༡༡པའི་ཚེས༦ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནོ།།

   

       ངོ་སྤྲོད་པ་ཁྲི་སྲས་བ།

 

Amdo Biography Healing rituals
དཔལ་གསང་ཆེན་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་དགེ་སློང་ཆོས་གྲགས་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Year published 2019
Original year published 2019
Language Amdo Group
Subjects
UID mandala-texts-51086
DOI
PDF View | PDF icon Download (1.29 MB)
Creative Commons Licence