Skip to main content Skip to search
ནེའུ་མགོའི་མ་ཎི་ཆུ་འཁོར།

ནེའུ་མགོའི་མ་ཎི་ཆུ་འཁོར་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་སྟག་རིག་སྡེ་བའི་ཡ་མགོ་མའི་ལྷོ་མཐར་ཡོད་ལ། གནས་དེ་གར་འཁྱིལ་བའི་ནེའུ་མགོ་མཚེའུ་ཞེས་བྱ་བ་ལས་བཞུར་བའི་ཆུ་དང་། ཉེ་འཁོར་གྱི་ལྟེང་ཀ་མང་པོ་ནས་བརྡོལ་བའི་ཆུ་རྣམས་ལྷན་དུ་འདྲེས་པའི་ཆུ་རྒྱུན་གྱིས་ཉིན་མཚན་ལྟོས་མེད་དུ་བསྐོར་བའི་མ་ཎི་ཆུ་འཁོར་ཞིག་ཡིན།

ནེའུ་མགོའི་མ་ཎི་ཆུ་འཁོར་འདི་ནི་༡༩༥༨ལོའི་ཡར་སྔོན་ནས་ཡོད་ཅིང་། དང་ཐོག་ཏུ་བཞེངས་སྐྲུན་གནང་མཁན་ནི་སྐུ་ཞོགས་སྒོ་མང་ཚང་གི་སྐུ་ཚེ་སྔོན་མ་ཞིག་ཡིན་ལ། སྐབས་ཐོག་དེར་ཆུ་འཁོར་མ་ནི་འཁོར་ལོ་ལྔ་བཞེངས་ཡོད་པ་དང་། མ་ཎི་འཁོར་ལོ་རེའི་གཟུངས་གཞུག་ཏུ་མ་ཎི་དུང་ཕྱུར་རེ་དཀྲིས་ཡོད་པའི་ཐོག་དྲངས། གཞན་རྣམ་རྒྱལ་གཟུངས་རིང་། སྟོང་བཤགས། རྣམ་རྒྱལ་མ། སེང་གེ་སྒྲ། ཡིག་བརྒྱ་སོགས་གཟུངས་སྔགས་རྣམས་ཡོད། ༡༩༥༨ལོ་ནས་༡༩༥༩ལོའི་ནང་གཏོར་བཤིག་ཚབས་ཆེན་ཐེབས་པ་དེ་ནས་བཟུང་ལོ་ངོ་༢༠ལྷག་གི་རིང་ལ་ཉམས་གསོ་བྱེད་མ་ཐུབ་པར་ལུས། ༡༩༨༠ལོའི་སྔ་གཞུག་ཏུ་སྤྱི་སེམས་ཅན་གྱི་སྡེ་བའི་རྒན་པ་སྐོར་ཞིག་གི་གྲོས་འདོན་ལྟར་སྣང་རའི་ཡུལ་ཚོའི་མ་ཎི་ཁང་གི་དཔེ་དབྱིབས་ལྟར་བསྐྱར་བཞེངས་བྱེད་པའི་ལས་དངོས་སུ་མགོ་བརྩམས།

མ་ཎི་ཆུ་འཁོར་བཞེངས་བསྐྲུན་བྱེད་པའི་ལེགས་བྱས་ལ་རྒན་གྲས་སྐོར་ཞིག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་རོགས་རམ་བླ་ལྷག་མཛད་པ་ནི་རིམ་པ་བཞིན་ཤིང་ལས་ཕྱོགས་སུ་ཨ་ཁུ་ཡུམ་འབུམ་རྒྱལ་དང་ཨ་ཁུ་དགེ་ལེགས་གཉིས་ཀྱིས་འགན་དུ་བླངས་ཏེ་ཚེགས་ཆེན་པོ་ཕུལ་བ་དང་། མ་ཎི་ཆུ་འཁོར་གྱི་ཁང་བའི་ནང་ཕྱོགས་ཀྱི་གྱན་ཐང་གི་རི་མོ་དང་ཚོན་མདངས་ཀྱི་བྱ་བ་ཡོད་ཚད་ཐིས་པ་སྐུ་ཕྲེང་སྔ་མའི་སྤུན་མཆེད་ཨ་ཁུ་སྐལ་ལྡན་གྱིས་གཙོ་བོར་དང་དུ་བླངས་པ་དང་། དེའི་ཕྱག་རོགས་སུ་ཨ་ཁུ་ཤ་བོ་གཙོ་བྱས་སྡེ་མི་ཡོངས་ཀྱི་རོགས་རམ་ལ་བརྟེན་ཏེ་ཁང་བ་གྱན་གཅིག་ཏུ་མ་ཎི་འཁོར་ལོ་གཅིག་ཡོད་པའི་བདག་ཉིད་ཅན་ལེགས་པར་འགྲུབ་ཅིང་། ནེའུ་མགོ་མཚེའུའི་ཆུ་རྒྱུན་ལ་བརྟེན་ནས་ཉིན་མཚན་བར་མེད་དུ་འགྲོ་བ་སེམས་ཅན་ཡོངས་ཀྱི་མཆོད་པའི་རྟེན་དང་དད་པའི་ཞིང་དུ་སོང་ནས་འཁོར་བསྐྱོད་བྱེད་ཐུབ་པ་བྱུང་། མ་ཎི་ཁང་གི་གླིང་བཞིའི་རྩིག་སྨད་དུ་སྡེ་འདིས་བཀུར་བའི་ཨ་མྱེས་བསྟན་སྐྱོང་། སེ་བོ། ནག་ཀྱྰ། དམར་གདོང་སོགས་གཞི་བདག་རྣམས་ཀྱི་གཟུགས་རིས་བྲིས་ཡོད་པ་དང་། དེ་དག་ནི་མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོ་ཐིས་པ་སྐུ་ཕྲེང་གོང་མ་ཞལ་བཞུགས་དུས་སུ། ཁོང་ལ་དྲིས་པའི་ཐུགས་བཀོད་ལྟར་བྲིས་སུ་བགྱིས་པས་གཞི་བདག་དེ་དག་གི་གཟུགས་རིས་ཆེས་ཁུངས་བཙན་པ་དེ་ཡང་ཡིན་ནོ།།

༢༠༠༥ལོར་སྡེ་ཨུས་ནེའུ་མགོའི་མཚེའུའི་ཉེ་འཁོར་དུ་ཆུ་མགོ་འགའ་ཡོད་པ་འཐུང་ཆུར་འདྲེན་རྒྱུའི་འཆར་འགོད་ཀྱི་ལས་རྩོམ་སྐབས། ཆུའི་ཐོན་ཁུངས་ལ་ཞིབ་ཏུ་བརྟག་དཔྱད་མ་བྱས་པར་མཚེའུའི་འདབས་རོལ་ནས་འོབས་གཞགས་ཏེ་ཆུ་དྲངས། ཁོར་ཡུག་ནང་དོང་བྲུས་ཏེ་སྡོང་འཛུགས་བྱས་པས་སྔོན་གྱི་མཛེས་ལྗོངས་ཉམས་དགའ་བོ་དེ་ཅུང་མི་སྡུག་པ་བྱས་ཤིང་། ལོ་འགའ་ཡང་མ་སོང་པར་གནས་དེར་ཡོད་པའི་ཆུ་རྣམས་རིམ་གྱིས་ས་འོག་བརྒྱུད་གྲམ་པར་འགོག་མེད་དུ་འཐིམ་པས། མཚེའུ་ནི་བྲི་བསྐམས་བྱུང་སྟེ་འདམ་ཁུར་ལུས། མ་ཎི་ཆུ་འཁོར་ཡང་ཆུ་རྒྱུན་ཆད་དེ་ལོ་མང་པོར་སྡོད་དགོས་བྱུང་བ་རེད།

དགའ་འོས་པ་ཞིག་ལ། ༢༠༡༦ལོར་སྡེ་བའི་སྡེ་དཔོན་དང་རུ་དཔོན། རྒན་པ་སྤྱི་སེམས་ཅན་རྣམས་གུར་གཅིག་ཏུ་གདན་འཛོམས་བྱུང་བའི་སྟེང་། མ་ཎི་ཆུ་འཁོར་ཞིག་གསོ་བྱེད་པར་གྲོས་མཐུན་ཏེ་སྡེ་མི་རྣམས་ཀྱིས་མི་སེམས་ཁབ་དང་སྐུད་པའི་དཔེ་བཞིན་འཛོམས་ཚོད་ཀྱི་དཀར་ཐིགས་དད་འབུལ་བྱས་ཤིང་། ལས་བྱེད་པ་ཚོས་ཀྱང་རྒྱ་མཚོའི་ནང་ལ་ཆུ་ཐིགས་ལྟར་དུ་རང་མོས་སྒོས་ཞལ་འདེབས་གནང་བ་ལ་བརྟེན། སྔོན་གྱི་རྣམ་པ་ལས་གཞི་རྒྱ་ཆེ་ཞིང་ཐོག་སོ་ཉིས་བརྩེགས་ཅན་གྱི་མ་ཎི་ཆུ་འཁོར་ཞིག་གསར་སུ་བཞེངས་སྐྲུན་བྱས་པ་དང་། ཐོག་སོ་གཉིས་པར་ཡར་སྔོན་གྱི་མ་ཎི་འཁོར་ལོར་ཟངས་དམར་གྱིས་བཏུམས་ནས་རྒྱུན་འཁོར་བྱེད་དུ་བཅུག་ཡོད་པ་དང་། འོག་སོ་རུ་ཐར་བ་ཆེན་པོའི་མདོ། གསང་བདག་འཁོར་ཆེན། སྤྱན་རས་གཟིགས། སེང་གེ་སྒྲ། མ་ཎི་ཡི་གེ་དྲུག་མ། འཕགས་པ་བརྒྱད་སྟོང་བ་བཅས་ཀྱི་གསུང་རྟེན་ལས་གྲུབ་པའི་མ་ཎི་ཆུང་ཆུང་ལྔ་ཟངས་དམར་གྱིས་བཏུམས་ཏེ་སྡེ་བའི་མང་ཚོགས་ཡོངས་ཀྱི་མཆོད་པའི་ཞིང་དུ་གྱུར་ཡོད་དོ།།

ནེའུ་མགོའི་མ་ཎི་ཆུ་འཁོར།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Red Garland Editorial Board
Year published 2018
Subjects
Places
UID mandala-texts-49916
DOI
PDF View | PDF icon Download (53.02 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence