Skip to main content Skip to search
མདོ་སྨད་ཁྲི་ཀའི་ཡུལ་གྱི་སྒྲོམ་སྡེ་བའི་དགྲ་རླུང་གི་དར་རིམ་དང་དེའི་ཆོ་གའི་སྐོར་གླེང་བ།

དང་པོ། སྒྲོམ་སྡེ་བའི་བྱུང་རབས།

 

སྒྲོམ་སྡེ་བའམ་སྒྲོམ་སྡེ་གསེར་གཞོངས་ཕྱུག་མོ་ཞེས་འབོད་པའི་ཆགས་ཡུལ་ནི་རྨ་ཀླུང་སྔོན་མོ་ནུབ་ནས་ཤར་དུ་འབབ་པའི་ཚུར་ངོས་ཀོ་ར་དང་གོང་བ། ཀབ་རོན་ལུང་པ་གསུམ་གྱི་མདར་ཁྲི་ཀ་རྫོང་མཁར་ཆགས་པའི་ཤར་དུ་སྤྱི་ལེ་བཅུ་ཕྲག་གཉིས་མཚམས་ཀྱི་སྲིན་པོའི་རི་བོའི་ལྷོ་ཞོལ་དུ། འཕྲང་དམར་ལུང་པ་ཞེས་འབོད་པའི་གནས་སུ་ཆགས་ཡོད། སྡེ་འདི་ནི་ང་ཚོ་བོད་ཡུལ་འདིར་འཚོ་སྟངས་ཀྱི་དབང་གིས་རོང་འབྲོག་འཇམ་གསུམ་དུ་འབོད་པའི་རོང་མ་འབྲོག་གི་ས་ཆ་སྟེ་འཇམ་པ་ཞེས་པའི་ཁོངས་སུ་གཏོགས། ཐོན་སྐྱེད་ཀྱི་ལས་སྒོའི་ཆ་ནས་ཞིང་ཕྱུགས་གཉིས་ལས་ཞིང་ལས་གཙོ་བོར་གཉེར་ཞིང་། ཞིང་ས་ཡོད་ཚད་ཆུ་མ་དང་ཁོད་སྙོམས་པའི་གཞོངས་ན་ཆགས་ཤིང་འབྲུ་རིགས་ཀྱི་ཐོན་སྐྱེད་གཙོ་བོ་གྲོ་ནས་སྲན་གསུམ་ཡིན། སྡེ་བའི་ཕྱོགས་བཞིར་ས་འཛིན་གྱི་རི་བོ་ཆེན་པོ་ཚར་དུ་དངར་བར་བསྐོར་ཞིང་། དབྱར་ཁའི་དུས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་རི་བོ་དང་སྤང་ཐང་། ཞིང་ས་སོགས་ལ་སྔོ་ལྗང་གི་རྩི་ཤིང་དང་ལྗང་མདོག་གི་ལོ་ཏོག་གིས་ཀུན་ནས་མཛེས་པར་བྱེད། སྟོན་དུས་སུ་འབྲུ་རིགས་སྣ་ལྔའི་ལོ་ལེགས་ཀྱི་དབུ་ལོ་ལྡེམ་ཞིང་གཡོ། དགུན་དུས་སུ་གནམ་ངོ་སྐྱ་བོར་འགྱུར་ཞིང་གྲང་ངར་རྒོད་ལ། རབ་དཀར་ཁ་བས་ཀུན་ནས་མཛེས་པར་བྱེད་པ་སོགས་སྡེ་འདིའི་རང་བྱུང་གི་བཀོད་པ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན།

 

སྡེ་འདིའི་ཐོག་མའི་མཆེད་ཁུངས་ནི་ལོ་རྒྱུས་ཀྱི་དེབ་ཐེར་དང་སྡེ་འདིའི་མེས་པོ་གོང་མ་དག་གི་ངག་རྒྱུན་རྣམས་གཞི་གཅིག་ཏུ་བསྒྲིལ་ནས་བཤད་ན་འདི་ལྟ་སྟེ། མདོ་སྨད་ཙོང་ཁའི་ཡུལ་གྱི་གདོད་མའི་གཞི་འཛིན་གྱི་མི་རིགས་ནི་བོད་རིགས་ཡིན་པ་ལོ་རྒྱུས་ཀྱི་དེབ་དག་ལས་བཤད་པ་བཞིན། འཕྲང་དམར་ལུང་ཁོག་འདི་ཕྱོགས་སུ་ཡང་སྔོན་མ་ནས་བོད་རིགས་གཞི་སྡོད་བྱས་ཡོད་པ་སྨོས་མེད་རེད། རྗེས་སུ་དུས་རབས་བདུན་པའི་ནང་དུ་སྟོད་དབུས་གཙང་ནས་བོད་བཙན་པོའི་དམག་དཔུང་མང་དུ་བསླེབས་པ་གཞིས་ཆགས་ནས་ཚོ་ཁག་མང་དུ་གྲུབ་པར་བཤད། དེ་ཡང་བྲག་སྒོམ་པའི་《མདོ་སྣད་དེབ་ཐེར་རྒྱ་མཚོ》ལས། “མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་”ཞེས་དང་། མཁས་དབང་དགེ་ཆོས་ཀྱི་《དེབ་དཀར》ལས། “ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་བསླེབས་པ་དག་ལས་མཆེད་པར་མངོན་ཞིང་། གནའ་དུས་ཀྱི་དབུས་གཙང་གི་རུས་རྙིང་སྐྱི་དང་ཉང་དང་ཁྱུང་པོ་ལ་སོགས་པའི་མིང་ཅན་གྱི་མི་སྡེ་ཡང་མང་། ཅོ་ནེ་པ་རྣམས་སྲོང་བཙན་གྱི་དམག་ཡིན་སོགས་ངག་སྒྲོས་ཀྱང་སྣང་”ཞེས་སོགས་ལོ་རྒྱུས་ཀྱི་དེབ་ཐེར་དག་ལས་མདོ་སྨད་ཕྱོགས་ཀྱི་བོད་རྒྱའི་མཐའ་མཚམས་ཀྱི་བོད་མི་མང་པོ་ཞིག་དབུས་གཙང་ནས་བོད་ཀྱི་མཐའ་མཚམས་སྲུང་བའི་དམག་མི་ལས་མཆེད་པའི་ལོ་རྒྱུས་ཡོངས་སུ་གྲགས་པ་དང་། ལྷག་པར་མདོ་སྨད་ཁྲི་ཀའི་ཡུལ་འདིར་ཕྱི་ལོ་དུས་རབས་དགུ་པའི་ནང་བོད་བཙན་པོའི་རྒྱལ་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་ནམ་ཡོངས་གྲགས་ལ་ཁྲི་རལ་བ་ཅན་ཞེས་འབོད་པ་ཁོང་དངོས་སུ་ཕེབས་ཤིང་། ཁྲི་ཀའི་ཡུལ་འདིར་ཁོང་གི་རལ་བ་ནང་བཞུགས་ཀྱི་མི་ཉག་མཆོད་རྟེན་བཞེངས་ཏེ་མཐའ་སྲུང་གི་དམག་དཔུང་གཞིས་ཆགས་པ་དང་། དེང་གི་ཁྲི་ཀའི་ཡུལ་གྱི་བོད་སྡེ་མང་པོ་ཞིག་དུས་སྐབས་དེ་ཙམ་ལ་དབུས་གཙང་ཕྱོགས་ནས་ཡོང་བའི་དམག་རྒྱུད་ཡིན་པར་བཤད་པ་བཞིན། སྡེ་འདིའི་རུས་རྒྱུད་ཀྱི་ཚོ་ཁག་སྔ་ཤོས་ཀྱི་གྲས་སྒྲོམ་ཚོ་བ་ཡང་དེ་དུས་ཤིག་ལ་བོད་ཀྱི་རུས་ཆེན་བཞིའི་ནང་གསེས་སྨུག་པོ་ལྡོང་ལ་རུས་ཆེན་བཅོ་བརྒྱད་དུ་ཕྱེ་བའི་ནང་ཚན་འབྲོམ་གྱི་རུས་རྒྱུད་ཡིན་པའི་དབུས་གཙང་ཕྱོགས་ཀྱི་དམག་དཔོན་ཞིག་ཡུལ་འདིར་ཡོང་ནས་རིམ་གྱིས་གཞིས་ཆགས། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་འཕེལ་འགྱུར་རིང་མོའི་ཁྲོད་དུ་ཡུལ་འདིའི་གདོད་མའི་གཞི་འཛིན་པ་དང་འབྲོམ་གྱི་དམག་རྒྱུད། ཕྱིས་སུ་སྡེ་གཞན་ནས་ཀྱང་ཚོ་ཁག་འགའ་ཤས་འདུས་པ་སོགས་ཀྱི་དབང་གིས་ད་ལྟའི་ཚོ་ཁག་བཅུ་གཉིས་ཅན་གྱི་སྡེ་འདི་གྲུབ་པ་ཡིན་ལ། དམག་དཔོན་དེའི་རུས་མིང་“འབྲོམ”ཞེས་པ་དེ་རིམ་བཞིན་སྡེ་བའི་མིང་“སྒྲོམ”དང་“རྒྱོམ”ཞེས་པའི་མིང་དུ་འགྱུར་ནས་ད་ལྟ་ཡིག་ཐོག་ཏུ་“སྒྲོམ”ཞེས་འབོད་པར་བཤད། སྡེ་འདི་འབྲོམ་གྱི་དམག་རྒྱུད་ནས་མཆེད་ཚུལ་ཡུལ་འདིའི་ས་མིང་དང་ཚོ་ཁག་གི་མིང་སོགས་ཀྱིས་ཀྱང་བདེན་དཔང་བྱེད་ཐུབ་པ་སོགས་འདིར་གླེང་བར་མི་བྱའོ།།

གཉིས་པ། སྡེ་འདིར་དར་བའི་དགྲ་རླུང་གི་བྱུང་རིམ།

དེ་ལྟ་བུའི་སྒྲོམ་སྡེ་བར་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ནས་དར་བའི་རྟ་རྒྱུག་ཅིག་ཡོད་ལ། རྟ་རྒྱུག་དེ་ལ་ཡོངས་གྲགས་སུ་“དགྲ་རླུང་”ཞེས་འབོད། དགྲ་རླུང་ཞེས་པ་འགྲེལ་བཤད་གོ་བདེ་བའི་ངང་བཤད་ན། དགྲ་བོའི་ཁ་རྗེ་དབང་ཐང་རླུང་ལ་བསྐུར་བའམ་མེད་པར་བྱས་པའི་དོན་ཡིན་ལ། དེ་ནི་ཆོས་ལུགས་ཀྱི་ཆོ་གའམ་རྟ་རྒྱུག་འདིའི་བྱེད་ལས་ཀྱི་ཆ་ནས་མིང་དེ་ལྟར་བཏགས་པ་ཞིག་རེད་འདུག དགྲ་རླུང་ཞེས་འབོད་པའི་རྟ་རྒྱུག་དེ་ལ་གདོད་མའི་བོད་ཀྱི་ཆོས་ལུགས་ཀྱི་ཆོ་ག་དང་སྤྱི་ཚོགས་ཀྱི་འཚོ་བ། བསམ་བློའི་རྒྱབ་ལྗོངས་མཚོན་པར་མ་ཟད། གནའ་བོའི་བོད་ཀྱི་ཚོ་ཁག་དང་མི་སྡེ་བར་གྱི་འཁྲུག་རྩོད་ཀྱི་ལོ་རྒྱུས་དང་དགྲ་འདུལ་གཉེན་སྐྱོང་གི་ཆོ་ག བོད་ཀྱི་གདོད་མའི་དམག་རྩལ་རང་བཞིན་མངོན་གསལ་དོད་པོ་ཡོད་པས་བོད་ཁུལ་གྱི་རྟ་རྒྱུག་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་དུ་མས་ཕྱུག་ཡོད།

སྤྱིར་བཏང་རྟ་རྒྱུག་ནི་བོད་མིའི་སྤྱི་ཚོགས་ཐོན་སྐྱེད་དང་འཕེལ་རྒྱས་བྱུང་བར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པར་མ་ཟད། གནའ་མིའི་ངག་རྒྱུན་ན་གྲགས་པའི་ཕོ་རྩེད་སྣ་དགུའི་གྲས་སུ་ཡང་སྐྱ་རྩལ་འདྲེན་པ་སོགས་ཡོད། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་རྟ་རྒྱུག་ཡོད་པར་མ་ཟད་རྟ་ཐོག་སྤོ་ལོ་རྒྱག་སྲོལ་ཡོད་པ་ལ་གཞིགས་ན། རྟ་རྒྱུག་དུས་ཆེན་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་ཤེས་ཐུབ། རྟ་རྒྱུག་གི་ཐོག་མའི་རྣམ་པ་ནི་དམག་འཁྲུག་དང་འབྲེལ་ཞིང་རིམ་གྱིས་རྩེད་མོའི་རྣམ་པར་གྱུར་ཏེ། ལོ་རྒྱུས་ཀྱི་རྒྱུད་ལམ་ཁྲོད་ནས་མི་རིགས་དང་ས་གནས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དུས་ཆེན་ཞིག་ཏུ་གྱུར་བ་ནི་ལོ་རྒྱུས་ཀྱི་ཡིག་ཚགས་དག་ལས་ཤེས་ཐུབ།

དེ་བས་སྡེ་འདིར་དར་བའི་དགྲ་རླུང་ངམ་རྟ་རྒྱུག་འདི་ཡང་ཐོག་མར་དམག་གི་ལས་སུ་ནས་རིམ་གྱིས་རྟ་རྒྱུག་དང་དགྲ་རླུང་གི་ངོ་བོར་འགྱུར་ཏེ་ཆོ་ག་དང་གོ་རིམ་ལྡན་པའི་རྩེད་མོའི་རྣམ་གྲངས་ཤིག་གྲུབ་པ་ཡིན་ཏེ། གོང་དུ་བཤད་པ་བཞིན་འབྲོམ་གྱི་རུས་རྒྱུད་ནས་མཆེད་པའི་དམག་དཔོན་དེ་སྡེ་འདིར་གཞིས་ཆགས་རྗེས། མངའ་འོག་གི་དམག་མི་རྣམས་ཀྱིས་དགྲ་འགོག་ཆེད་དུ་དམག་རྩལ་སྦྱོང་བརྡར་གྱི་བྱེད་སྒོ་མང་དུ་སྤེལ་ཏེ། རྟའི་བང་འགྲན་པ་དང་སྐྱ་རྩལ་འགྲན་པ། རྟས་གོམ་པ་རྒྱག་དུས་ལག་པའི་མཐོ་དམན་དང་འགྲོས་བདེ་མིན་སོགས་དང་། ལྷག་པར་རྟ་ཐོག་ནས་མདའ་འཕེན་པ་དང་། ཕྱིས་མེ་མདའ་དར་རྗེས་རྟ་ཐོག་ནས་མེ་མདའ་འཕེན་པ་སོགས་རྣམ་གྲངས་མང་དུ་བྱུང་བ་དང་མི་རབས་ཕྱི་མ་རྣམས་ཀྱིས་རྒྱུན་འཛིན་བྱས་ཏེ། དུས་ཕྱིས་རིམ་བཞིན་རྩེད་མོ་དང་ལྟད་མོའི་རྣམ་པར་འགྱུར་ཏེ་གཏན་ཁེལ་དང་གོ་རིམ་ལྡན་པའི་རྟ་རྒྱུག་གི་དུས་ཆེན་གྱི་རྣམ་པ་ཞིག་གྲུབ་པ་ནི་ད་ལྟའི་དགྲ་རླུང་གི་ཐོག་མའི་རྨང་གཞི་ཡིན་ཞེས་རྒན་པ་འགའ་ཞིག་གིས་གླེང་། སྡེ་འདི་འབྲོམ་གྱི་དམག་རྒྱུད་ནས་མཆེད་ཚུལ་ཡུལ་འདིའི་ས་མིང་དང་ཚོ་ཁག་གི་མིང་སོགས་ཀྱིས་ཀྱང་བདེན་དཔང་བྱེད་ཐུབ་པ་གཞན་དུ་གླེང་བར་བྱའོ།།

དེ་ལྟར་སྡེ་འདིར་ཐོག་མར་དམག་གི་ལས་སུ་ནས་རིམ་གྱིས་རྟ་རྒྱུག་གི་རྣམ་པར་གྱུར་ནས་ལོ་ངོ་བརྒྱ་ཕྲག་མང་པོ་འགོར་བའི་རྗེས་སུ། སྡེ་འདི་ཡུལ་སྡེ་གཞན་དང་ལན་མང་དུ་སྡེ་འཁྲུག་དང་གྱོད་སྣ་ཁ་མཆུ་བྱུང་བར་མ་ཟད། ལོ་ཕྱུགས་དང་ནད་ཡམས་སོགས་ཀྱང་སྔ་ཕྱིར་འབྱུང་བས་ལྟས་དང་མཚན་མ་ངན་པ་མང་དུ་བྱུང་། དེ་དུས་སྒྲོམ་སྡེ་བའི་ཨུ་རུ་ཚོ་བར་སྐུ་འཁྲུངས་པའི་ཡོངས་གྲགས་ལ་ཨུ་རུ་རྩིས་པ་(༡༨༣༦—༡༩༡༨)ཞེས་པས་བཀྲ་མི་ཤིས་པའི་གནོད་པ་དེ་དག་བཟློག་པའི་ཕྱིར་དུ་སྤྱི་ལོ་༡༨༩༦ལོར་སྔར་གྱི་རྟ་རྒྱུག་གི་རྣམ་པའི་སྟེང་དུ་ཆོས་ལུགས་ཀྱི་ཆོ་ག་དང་འབྲེལ་བའི་དགྲ་རླུང་གི་སྲོལ་འདི་བཙུགས། སྲོལ་འདི་བཙུགས་ནས་ལོ་ངོ་བརྒྱ་དང་ཉི་ཤུའི་སྤྱི་ཚོགས་ཀྱི་འཚོ་བ་དང་ལོ་རྒྱུས་ཀྱི་རྒྱུད་ལམ་རིང་མོའི་ཁྲོད་མེས་པོ་གོང་མ་དག་གིས་རྒྱུན་འཛིན་གྱིས་གནས་ཐུབ་པ་བྱུང་། སྤྱི་ལོ་༡༩༥༨ལོའི་ཆབ་སྲིད་དུས་འགྱུར་གྱི་དབང་གིས་ལོ་ངོ་སུམ་ཅུའི་རིང་རྟ་རྒྱུག་གི་རྒྱུན་གཏིང་ཆད་དུ་གྱུར་ཀྱང་། ཆོས་སྒོ་ཕྱེས་རྗེས་ཀྱི་སྤྱི་ལོ༡༩༨༨ལོར་ཡང་བསྐྱར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་དགྲ་རླུང་གི་ཆོ་ག་ཨུ་རུ་ཚོ་བའི་དཔོན་རི་ལོ་མཆོག་གིས་དབུ་བཟུང་སྟེ་སྒྲོལ་མའི་ཀྭ་འཛུགས་དང་འབྲེལ་བའི་དགྲ་རླུང་གི་རྟ་རྒྱུག་བསྐྱར་འཛུགས་གནང་དུས། ཀྭ་འཛུགས་ཀྱི་འདྲེན་རྒྱག་པ་དང་བུམ་པ་སྒྲུབ་ཚུལ་གྱི་ཕྱག་ལེན་སོགས་ཀྱི་ཐད་སྐུ་འབུམ་དགོན་པའི་རྒྱུད་པ་གྲྭ་ཚང་གི་མཁན་པོ་ཟི་ན་ཚང་ལ་ཞུས་ནས། ཁོང་གི་ཐུགས་བཀོད་ལྟར་སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཨ་ཁུ་ལོ་ལོན་གཉིས་ཕེབས་ཏེ། ཀྭ་འཛུགས་ཀྱི་འདྲེན་དང་བུམ་པ་སོགས་ཇི་ལྟར་སྒྲུབ་ཚུལ་ཐད་མཛུབ་སྟོན་གནང་སྟེ་ཡང་བསྐྱར་སྒྲོལ་མའི་ཀྭ་འཛུགས་ཀྱི་ཆོ་ག་ལེགས་པར་བཙུགས་པའོ།།

 གསུམ་པ། དགྲ་རླུང་གི་ཆོ་ག་དང་རྟ་རྒྱུག་མཚམས་སྦྱོར།

སྡེ་འདིར་དགྲ་རླུང་ལས་གཞན་པའི་དྲུག་པའི་ལབ་རྩེ་དང་དགུ་བའི་སྨྱུང་གནས་ཀྱི་དུས་ཆེན་དང་། ལྔ་བའི་བརྔན་དང་བཅུ་བའི་ལྔ་མཆོད་སོགས་ལོ་གཅིག་ལ་ཆོས་ལུགས་ཀྱི་ཆོ་ག་མང་པོ་ཞིག་ཡོད། དེ་དག་ལས་“དགྲ་རླུང”ནི་ཆེས་གཟབ་རྒྱས་དང་ཆེས་གལ་ཆེ་བར་འཛིན་པའི་སྡེ་འདིའི་ཆོས་ལུགས་ཀྱི་ཆོ་ག་དང་འབྲེལ་བའི་དུས་ཆེན་ཞིག་ཡིན། ཆོས་ལུགས་ཀྱི་ཆོ་ག་དེ་དག་གི་སྦྱིན་བདག་ནི་སྡེ་བ་རང་ཉིད་ཡིན། ལོ་རེ་བཞིན་སྡེ་བའི་ནང་གི་རུ་ཁག་བཞི་ལས་སྐྱེས་པ་གཅིག་རེ་གཉེར་བར་བསྐོས་ཏེ། བསྡོམས་པའི་མི་བཞིས་ལོ་གཅིག་གི་སྟོན་མཇུག་ལ་ཁྱིམ་རེ་རེ་ནས་གྲོ་དང་ནས། སྲན་མ་སོགས་ཁྱིམ་གྱི་མི་གྲངས་ལྟར་བསྡུས་པ་ཆོས་ལུགས་ཀྱི་ཆོ་ག་དེ་དག་གི་མཐུན་རྐྱེན་དུ་འགྲོ་བར་བྱེད་པའི་ལུགས་སྲོལ་སྔོན་མ་ནས་འདུག་ལ་ད་ལྟ་ཡང་དེ་བཞིན་ནོ།།

དེ་ཡང་སྡེ་འདིའི་དགྲ་རླུང་གི་ཆོ་ག་དང་རྟ་རྒྱུགས་གི་དུས་ཚོད་ནི་ལོ་རེའི་ཟླ་དགུ་བའི་ནང་ཡིན། ཐོག་མར་སྡེ་བའི་ལོ་གཅིག་གི་གཉེར་བ་བཞིས་དགྲ་རླུང་ལ་གང་མཁོ་ཡི་མཆོད་རྫས་དང་འཚོ་བའི་མཐུན་རྐྱེན་སོགས་གྲ་སྒྲིག་གང་ལེགས་སྔོན་ནས་བྱས་རྗེས། དགུ་བའི་ཚེས་ཉི་ཤུ་ནས་སྡེ་དཀྱིལ་གྱི་སྔགས་ཁང་དུ་ཇ་ཐབ་བཟུང་སྟེ་མཆོད་པའི་ཡོ་བྱད་རྣམས་གྲ་སྒྲིག་དང་སྔགས་ཁང་གཙང་དག་བྱེད། གང་ཁོམ་དང་བསྟུན་ནས་སྔགས་པ་རེའི་ཁྱིམ་དུ་སོང་ནས་དགྲ་རླུང་གི་ཆོས་ཐོག་ལ་ཕེབས་དགོས་པའི་སྙན་གསན་འབུལ། དེའི་རྗེས་སུ་ཚེས་ཉེར་བཞིའི་ཞོགས་པར་གཉེར་བ་རྣམས་སྔགས་པ་རེའི་ཁྱིམ་དུ་སོང་ནས་གདན་འདྲེན་ཞུས་ཏེ་སྔགས་ཁང་དུ་གདན་འཛོམས་པར་བྱེད། དེ་ནས་སྔགས་པ་རྣམས་ཀྱིས་སྒྲོལ་མའི་ཀྭ་འཛུགས་དང་འབྲེལ་བའི་དགྲ་རླུང་གི་ཆོ་གའི་མཆོད་པ་དང་ལྷ་བཤོས་གཏོར་མ་སོགས་གང་དགོས་ཅི་ཡོད་ཐམས་ཅད་ཚགས་སུ་ཚུད་པར་བྱེད་ལ། དེ་དང་བསྟུན་ནས་ཚེས་ཉེར་བཞི་ནས་ཉེར་བརྒྱད་ཀྱི་སྔ་དྲོའི་བར་སྡེ་འདིའི་ཁྱིམ་རེའི་སྐྱེས་པ་རེ་སྔགས་ཁང་གི་ཁང་ཆེན་དུ་འཛོམས་ནས་སྡེ་བ་དང་དགྲ་རླུང་གི་སྐུ་རིམ་ལ《སྐྱབས་འགྲོ》དང་《དགའ་ལྡན་ལྷ་བརྒྱ་མ》།《གསེར་སྡོང་མ》དང་《མ་རི་ཙེ》དང་བཅས་《སྒྲོལ་མ》ཚར་མང་དུ་འདོན། དགྲ་རླུང་གི་ཉིན་ལྔའི་རིང་སྡེ་བའི་སྔགས་ཁང་དུ་བུད་མེད་རྣམས་ནང་དུ་ཡོང་མི་ཆོག་པའི་ཕྱི་མཚམས་གཅོད།

ཚེས་ཉེར་ལྔའི་ཞོགས་པར་སྔགས་པ་རྣམས་ཀྱིས་དགྲ་རླུང་གི་ཆོ་ག་དངོས་ལ་ཞུགས་པར་བྱེད། ཐོག་མར་སྐྱབས་འགྲོ་ནས་དབུ་བཟུང་སྟེ་《རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་ལས་བྱང་བདུད་དཔུང་འཇོམས་པའི་རྡོ་རྗེ་ཐོ་བ》ཞེས་པའི་དཔལ་རྟ་མཆོག་རོལ་བའི་བཟློག་པའི་ཆོ་གའི་བླ་བརྒྱུད་གསོལ་འདེབས་ནས་སྔགས་འཕྲེང་བར་དང་། དེ་ནས་མཆོད་བསྟོད་གསུངས་རྗེས་《རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་ནས་རླུང་རྟའི་ཀྭ་འཛུགས》ཞེས་པའི་ཆོ་གའི་དབུ་བཟུང་སྟེ་སྔགས་འཕྲེང་བར་དུ་འདོན། སྒྲོལ་མ་ཚར་མང་དུ་བཟློས་རྗེས་སྒྲོལ་མའི་ཀྭ་འཛུགས་ཀྱི་མཆོད་བསྟོད་བྱ། དེ་ནས་རླུང་རྟ་སྡེ་བཞི་དང་འཕྲིན་བཅོལ། སྒྲོལ་མའི་ཀྭ་འཛུགས་ཀྱི་བཟློག་པ། གཡང་འབོད་ནས་བཀྲ་ཤིས་བར་ལེགས་པར་གསུངས་ཏེ་སྒྲོལ་མའི་ཀྭ་འཛུགས་ཀྱི་མཇུག་བསྡུ། ཕྱི་དྲོར་དགྲ་རླུང་གི་ཆོ་ག《དགྲ་ལྷའི་ཀྭ་འཛུགས་རྡོ་རྗེ་ཕ་ལམ》ཞེས་བྱ་བའི་མཆོད་རྫས་བྱིན་རླབས་ནས་འགོ་བཟུང་སྟེ་གཞལ་ཡས་ཁང་དང་ལྷ་རྒྱལ་འཐེན། ལྷ་རྒྱལ་སྐབས་སུ་སྡེ་བའི་སྐྱེས་པ་ཚང་མ་འཛོམས་པར་བྱས་ཏེ་སྔགས་ཁང་གི་སྒོ་མདུན་ནས་གྲལ་ཤར་གཉིས་སུ་བྱས་ནས། གཡས་ཀྱི་གྲལ་མགོ་ནས་རྒན་པ་ཞིག་གིས་སྡེ་བའི་གཡང་མདའ་དང་། གཡོན་གྱི་གྲལ་མགོ་རུ་རྒན་པ་ཞིག་གིས་སྒྲོལ་མའི་ཀྭ་འཛུགས་ཀྱི་མདའ་གཉིས་བསྣམས། དེའི་རྗེས་སུ་སྐྱེས་པ་དུང་འབུད་གཉིས་གཡས་གྲལ་གཡོན་གྲལ་དུ་བསྡད་དེ་དུང་འབུད་ལ། དེར་མཐུད་ནས་སྐྱེས་པ་གཞན་རྣམས་གྲལ་བསྒྲིགས་ཏེ་ལྷ་རྒྱལ་འཐེན། དགྲ་ལྷ་བཅུ་གསུམ་དང་གསང་བདག་བཀའ་སྡོད་བཅས་བཅོ་ལྔ་ལས་དགྲ་ལྷ་དང་པོར། “དབུས་ཀྱི་དགྲ་ལྷ་ཆེན་པོ་ནི།། མི་དཀར་རྟ་དཀར་བ་དན་ཅན།། ཚེ་སྲོག་སྐྱོབ་པའི་དགྲ་ལྷ་སྟེ།། བདག་དང་རྒྱུ་སྦྱོར་ཡོན་བདག་གིས།། གཏོར་མ་བརྒྱད་ལྡན་དམ་པ་དང་།། བདུད་རྩིའི་ཇ་ཆང་སྐྱེམས་ཀྱིས་མཆོད།། དམག་དཔུང་བསྐྱེད་ལ་དགྲ་དཔུང་ཐུལ།། འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས།། ནག་ཕྱོགས་བདུད་སྡེ་ཕམ་པའི་རྒྱལ་རྔ་བརྡུངས།། དཀར་ཕྱོགས་ལྷ་རྣམས་རྒྱལ་བའི་རྒྱལ་མཚན་བསྒྲེངས།། སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ།། ལས་བཞི་གང་འདོད་སྒྲུབ་པའི་འཕྲིན་ལས་མཛོད།། གི་བསྭོ་ཆ་འོ་ལྷ་རྒྱལ་ལོ།།”ཞེས་དགྲ་ལྷ་དང་པོར་གཏོར་མ་ཕུལ་ཏེ་རྔ་སྦུག་གི་ཆོམ་རྡུང་དང་ཟངས་གླིང་བཅས་ཀྱི་རོལ་མོ་དང་མཉམ་དུ་སྒོ་མདུན་ན་གྲལ་བསྒྲིགས་པའི་སྐྱེས་པ་རྣམས་ཀྱིས་ལྷ་རྒྱལ་གྱི་སྒྲ་ཆེན་པོ་སྒྲོག དེ་ནས་དགྲ་ལྷ་རྗེས་མ་རྣམས་ལ་ཡང་དེ་ལྟར་ལྷ་རྒྱལ་འཐེན་རྗེས་དགྲ་སྒྲུབ་དང་གཡང་རྭ་བ་སྒོ་བཞི། ཆོས་སྐྱོང་གི་བསྐང་གསོ་སོགས་བཏོན་རྗེས་རྟ་མགྲིན་བཟློག་པའི་མཇུག་གི་མཆོད་བསྟོད་དང་སྨོན་ལམ་ཤིས་བརྗོད་དང་བཅས་ཉིན་གཅིག་གི་ཆོ་ག་མཇུག་སྡུད།

ཚེས་ཉེར་དྲུག་གི་ཉིན་འདོན་པའི་ཆོ་ག་ཕལ་ཆེར་ཚེས་ཉེར་ལྔ་དང་གཅིག་མཚུངས་ཡིན།ཉིན་འདིར་སྔགས་པ་ཞིག་གིས་“ཚོ་དགྲ”སྟེ་རྩྭ་གཟུགས་ལས་རྗེས་བདུད་པོ་མ་ཊང་རུ་དྲའི་ལིང་སྒམ་དུ་བཅུག་ནས་དགྲ་སྒྲུབ་ཀྱི་ཆོ་ག་བཏོན་རྗེས། རྡོ་རྗེ་སློབ་དཔོན་གྱིས་ཚོ་དགྲའི་མིང་ཡིག་རྩྭ་གཟུགས་ནང་དུ་བཅུག་སྟེ། ཉི་ཤུ་དགུའི་བར་དུ་རྟ་མགྲིན་གསང་སྒྲུབ་ཀྱི་ཟློག་པའི་འོག་ཏུ་མནན་ནས་ཉིན་རེ་བཞིན་དགྲ་སྒྲུབ་བྱེད། ཚོ་དགྲ་ནི་གདོན་གཟུགས་ཀྱི་རྣམ་པ་ཤིང་ཕྲན་གྱིས་བཟོས་བའི་སྟེང་རྩྭས་དཀྲིས་ཤིང་། མགོ་དང་ཁ་སོགས་སུ་སྤུ་ནག་གིས་བརྒྱན་པའི་མིའི་གཟུགས་དབྱིབས་ཅན། ལག་གཉིས་ཞགས་པ་ཁྲ་བོས་རྒྱབ་ནས་བཀྱིགས་པ་ཞིག་ཡིན། ཚོ་དགྲ་ལས་བྱེད་ཀྱི་རྩྭ་དང་རྩི་ཤིང་ནི་གཉེར་བའི་གྲས་ཀྱི་མི་ཞིག་སྡེ་བའི་མཐའ་རུ་སོང་སྟེ། སྡེ་མགོ་མི་མཐོང་བའི་གནས་ཤིག་ནས་ཁྱེར་ཡོང་སྲོལ་ཡོད། དགྲ་རླུང་གི་དངོས་གཞིའི་ཆོ་ག་སྒྲུབ་པའི་ཉིན་ལྔ་ཡི་རིང་སྔགས་པ་རྣམས་ཀྱིས་གདོན་གཟུགས་ཐམས་ཅད་ཚོ་དགྲ་སྟེ་རྩྭ་གཟུགས་ཀྱི་ནང་དུ་འགུགས་པའི་ཐུགས་དམིགས་དྲག་པོ་དང་བཅས་ཆོ་ག་ཡོངས་སུ་རྫོགས་པ་བསྒྲུབས་ནས། ཚེས་ཉེར་དགུའི་རྟ་རྒྱུག་གི་ཉིན་གྱི་ཞོགས་པར་ཚོ་དགྲ་གཏུབ་མཁན་གྱིས་རྟ་བ་རྣམས་རྟ་རྒྱུག་ཐང་ལ་མ་ཐོན་སྔོན་དུ་སོང་ནས་ཚོ་དགྲ་བསླངས་ནས་འཇོག་དགོས། ཚེས་ཉེར་བདུན་དང་ཉེར་བརྒྱད་ཉིན་གྱི་འདོན་པ་ཡང་ཉིན་སྔོན་མ་དག་དང་ཕལ་ཆེར་གཅིག་མཐུན་ཡིན། ཚེས་ཉེར་བརྒྱད་ཀྱི་ཕྱི་དྲོར་སྡེ་བའི་སྐྱེ་བ་རྣམས་སྔགས་ཁང་དུ་འཛོམས་ཏེ་ཚེས་ཉེར་དགུའི་དགྲ་རླུང་གི་རྟ་རྒྱུག་ཉིན་གྱི་དགྲ་ལྷ་བཅུ་གསུམ་གྱི་དར་འཛིན་མཁན་བསྐོ་བཞག་བྱེད། སྒྲོལ་མའི་ཀྭ་འཛུགས་ཀྱི་གཡང་མདའ་སྡེ་དཔོན་དང་། དགྲ་ལྷའི་དར་བཅུ་གསུམ་གྱི་ཐོག་མ་དགྲ་ལྷའི་དར་ཐུག་དཀར་པོ་སྒྲོམ་ཚོ་བའི་རབ་བུ་སྟག་ལོ་བ་ཞིག་གིས་འཛིན། དགྲ་ལྷའི་དར་གཞན་རྣམས་ཚོ་བ་གཞན་གྱི་བུ་སྟག་ལོ་བའམ་མོ་ལོ་བ་མ་ཡིན་པ་དག་གིས་འཛིན་པར་བཀོད་སྒྲིག་བྱེད། དེ་ནས་ཉིན་དེའི་ལྷ་རྒྱལ་འཐེན་པའི་སྐབས་སུ་སྐྱེས་པ་རྣམས་ཀྱིས་རང་རང་གི་དར་བཟུང་སྟེ་སྔགས་ཁང་གི་སྒོའི་གཡས་གཡོན་དུ་གྲལ་བསྒྲིགས་ནས་ཉིན་སྔོན་མ་དག་དང་མཚུངས་པར་ལྷ་རྒྱལ་འཐེན། དགོང་མོའི་ས་སྲོད་ཀྱི་སྐབས་སུ་རྟ་མགྲིན་གྱི་བཟློག་པའི་གཏོར་མ་འཕེན། གཏོར་འོག་ཏུ་སྡེ་བའི་རྒན་གཞོན་ཐམས་ཅད་འོང་བའི་སྲོལ་འདུག་ལ། གཏོར་མའི་རྗེས་སུ་མེ་མདའ་འཕེན་པ་དང་བཟློག་པ་རྒྱག་པའི་སྲོལ་སོགས་མཆིས།

ཚེས་ཉེར་དགུའི་ཉིན་ནི་ཉིན་སྔོན་མ་དག་དང་མི་འདྲ་བར་ཞོགས་པའི་དུས་ཚོད་གསུམ་གྱི་སྟེང་སྔགས་པ་རྣམས་ཡར་ལངས་ཏེ་འདོན་པའི་དབུ་འཛིན། འདོན་པ་ཡང་ཉིན་སྔོནམ་དག་དང་ཕལ་ཆེར་གཅིག་མཐུན་ཡིན། དགྲ་རླུང་གི་ཆོ་གའི་རིམ་པ་ཉི་ཤར་གྱི་བར་དུ་འགྲུབ་པར་བྱེད། ཉིན་འདིའི་ཞོགས་པའི་ལྷ་རྒྱལ་གྱི་སྐབས་སུ་ལོ་དེའི་གཉེར་དཔོན་གྱིས་ལུས་ལ་བོད་ལྭ་དང་མགོ་ལ་ཕྱིང་ཞྭ། རྒྱབ་ཏུ་མེ་མདའ། སྐེད་ལ་ཤང་ལང་དང་བཅས་ཐོགས་ཏེ་ཚོ་དགྲའི་མགོ་པགས་ཀྱིས་བཟུང་ནས་སྔགས་ཁང་གི་སྒོའི་མར་ཞབས་སུ་མནན་ནས། སྔགས་པ་རྣམས་ཀྱིས་ཐུན་རྭ་བཟུང་སྟེ་དགྲ་བགེགས་བྱེད་མའི་ཚོགས་འགུགས་གཞུགས་བྱེད། བླ་རྩྭ་བླ་རྡོ་རྭ་དོང་སོགས་བྱེད། མཇུག་ཏུ། “ཧྰུྃ འཆོར་མེད་ཞགས་པ་ནག་པོ་དགུ་བསྒྲིལ་འདིས།། དགྲ་སྲིའི་རྐེད་མགུལ་ཡན་ལག་དམ་དུ་འཆིངས།། གཡོ་འགུལ་མེད་པར་བཀྱིགས་ལ་རི་རབ་དང་།། རྒྱ་གྲམ་འབར་བ་ཆེན་པོའི་འོག་ཏུ་མནོན།། བྱང་སེམས་མ་སྐྱེས་བར་དུ་བཏང་མི་བྱ།། ནམ་ཡང་མ་ལྡངས་ནན་ནོ་སྟམ་བྷ་ཡ།།”ཞེས་སོགས་དགྲ་སྒྲུབ་ཀྱི་ཆོ་ག་གསུངས་ཏེ་རྩྭ་གཟུགས་སམ་ཚོ་དགྲ་ཕྱིར་གཉེར་དཔོན་གྱི་ལག་ཏུ་གཏོད་པར་བྱེད། གཉེར་དཔོན་དེ་ལོ་དེའི་ཚོ་དགྲ་གཏུབ་མཁན་ཡང་ཡིན་དགོས། དེ་ནས་གཉེར་དཔོན་དེས་ཚོ་དགྲ་སྒྱེ་མོ་ནག་པོའི་ནང་དུ་བཅུག་ནས་བསང་ཁྲིའི་སྒང་དུ་མི་འཁྱེར་བར་འདབས་ཀྱི་གད་འོག་ཅིག་ཏུ་བཞག་ནས་བསང་མཆོད་གྲུབ་རྗེས། སྔར་བཞིན་གཉེར་དཔོན་གྱིས་མགོ་ཐུར་དུ་བསྣམས་ནས་རྟ་རྒྱུག་ཐང་དུ་འཁྱེར་ཏེ་བསླངས་ནས་འཇོག

དེ་ནས་སྔགས་པ་རྣམས་ཀྱིས་སྐྱེས་ལྷ་གསེར་ལྗོངས་མཐོན་པོ་དང་གཉན་ཆེན་ཕོ་བ་རོག་པོའི་བསྐང་གསོལ་བཏོན་ཏེ་སྲུང་ཁ་གསོ། སྡེ་བའི་སྐྱེས་པ་རྒན་དར་གཞོན་གསུམ་སྔགས་ཁང་མདུན་དུ་འཛོམས་ཏེ་སྡེ་གཞུང་གི་ལྷ་ར་ལ་སྲུང་འཐེན། སྲུང་ཐག་འཐེན་མི་ནི་སྡེ་འདིའི་ནང་གི་རྒན་པ་ཁྱིམ་བཟའ་ཚང་སོགས་འཛོམས་པའི་རྒན་པོ་ཞིག་ཡིན་དགོས། སྲུང་ཐག་དང་མནོལ་བསང་། ཁྲུས་དཀར་ཁྲུས་ནག་སོགས་འཛོམས་པར་བྱས་རྗེས་སྲུང་ཐག་འདོགས་མཁན་ཡུལ་མི་རྒན་པ་དེས་ཁྲུས་ནག་ལྷ་རའི་མགོ་ནས་ཐུར་དུ་ལྡུག་བཞིན་སྐད་གསེང་མཐོན་པོའི་ངང་ནས་“ནད་རིམས་ཐམས་ཅད་ཐུར་དུ་ཟློག ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ”ཞེས་ལན་གསུམ་གྱི་བར་དུ་བརྗོད། དེ་ནས་“ཀྱེ་ཉི་མ་ཤར་ཕྱོགས་ན་བཞུགས་པའི་ཨ་མྱེས་གཉན་ཆེན། གཉན་ཆེན་པོ་སྔོ་ལ་གཡུ་རྩེ། གཉན་ཆེན་པོ་ཐང་ལ་གཡུ་རྩེ། གཉན་ཆེན་པོ་མ་མ་ལུ་གུ། ཁྱད་པར་དུ་བཀའ་གཉན་ཁྲག་དང་ལྡན་པའི་གཉན་ཆེན་ཀུན་གྱི་གཙོ་བོ། མདོ་སྨད་ཤར་ཕྱོགས་སྲུང་ཞིང་སྐྱོང་བར་བྱེད་པའི་མི་ནག་རྟ་ནག་ལ་བཅིབས་པའི་སྒྲོམ་སྡེའི་ཕ་མེས་ནས་བརྒྱུད་པའི་སྲུང་མ་ཆེན་པོ་གཉན་རྒོད་ཕོ་བ་རོག་པོ”ཞེས་འབོད་བཞིན་ལག་ཏུ་བཟུང་བའི་སྲུང་ཐག་འདོགས་བཞིན“ཁྱོད་ཀྱི་ན་ནིང་གི་བཙན་ཁ་རྙིང་བ། དོ་ཚིགས་ཀྱི་སྲུང་བཏགས་སོ་མས་གསོས་ན། ཆད་པ་ཡོད་ན་མཐུད་དགོས། ཡོ་བ་ཡོད་ན་བསྲང་དགོས། བཙན་ཁིས་ཁ་ནས་བཟློག་དགོས། གཉན་ལ་འོག་ནས་བཟློག་དགོས། བཤད་གི་ཉིན་མོ་ལྕེ་བྱེད་དགོས། རྒྱུག་གི་ནངས་མོ་བང་བྱེད་དགོས། མགོ་ནག་མི་ཡི་ནད་ཚ་བཟློག་དགོས། རྐང་བཞི་ཕྱུགས་ཀྱི་གོད་ཁ་བཟློག་དགོས། རླུང་རྟའི་ཁ་འཛིན་བྱེད་དགོས། མདུང་མོའི་རྩེ་འཛིན་བྱེད་དགོས། བརྒྱའི་མི་ཁ་ངན་པ་ཡོད་པ་བཟློག་དགོས། སྟོང་གི་བྲམ་ཆུ་ངན་པ་ཡོད་ན་བཟློག་དགོས། སོང་སའི་རླུང་རྟ་དར་དགོས། བསྡད་སའི་བསམ་དོན་འགྲུབ་དགོས། བསམ་དོན་ཡིད་བཞིན་ནོར་བུ་བཞིན་འགྲུབ་དགོས། བསམ་ངན་ཅན་གྱི་འདོད་ཐོག་ལ་འཇོག་མི་ཉན། སྙིང་ཁྱུས་ཅན་གྱི་ཁྱུས་ཐོག་ལ་འཇོག་མི་ཉན། ཨ་་་་་་གཉན་རྒོད་ཕོ་བ་རོག་པོ”ཞེས་འབོད་བཞིན་ཁྲུས་དཀར་ལྷ་རའི་མཇུག་ནས་ཡར་ལ་ལྡུག་བཞིན་དུ“ཕྱི་ཁྲུས་དུང་ལྟར་དཀར་གྱུར་ཅིག ནང་ཁྲུས་ཤེལ་ལྟར་དྭངས་གྱུར་ཅིག རྣམ་རྟོག་གྲིབ་མ་དག་གྱུར་ཅིག”ཅེས་ལྷ་རས་ཁྲུས་ལེན་རག་བར་དུ་ལྷ་འབོད་བྱེད། ལྷ་རས་ཁྲུས་བླངས་རྗེས་མགྲིན་གཅིག་ཏུ་སྡེ་མི་ཚང་མས་“ལྷ་རྒྱལ་ལོ་”ཞེས་སྐད་འབོད་སྒྲོག

དེ་ནས་སྒྲོལ་མའི་ཀྭ་འཛུགས་ཀྱི་གཡང་མདའ་སྡེ་དཔོན་གྱིས་བསྣམས། དེའི་རྗེས་སུ་སྟག་ཤར་བཅུ་གསུམ་གྱིས་འཁོར་གསུམ་ལུས་ལ་སྤྲས་ཏེ་དགྲ་ལྷ་བཅུ་གསུམ་གྱི་དར་བསྣམས། སྔགས་པ་ཞིག་གིས་སྔགས་པའི་གཡང་མདའ་འཛིན། དེ་དག་གི་མཇུག་ཏུ་རྟ་བ་གཞན་རྣམས་ཀྱང་གོ་རིམ་བཞིན་གྲལ་བསྒྲིགས་ཏེ། གནའ་བོའི་དམག་མིའི་རུ་དཔོན་ཞིག་གིས་འཁོར་གསུམ་ལུས་ལ་སྤྲས་ཏེ་རང་གི་མངའ་ཁོངས་ཀྱི་རུ་དཔུང་གི་སྣེ་དྲངས་ནས་གཡུལ་ལ་ཆས་པ་ལྟར་སྡང་དགྲ་བོས་མཐོང་དུས་སྙིང་རྩ་འདར་བ་ཞིག་བྱས་ནས་བསྐྱོད། དགྲ་ལྷ་བཅུ་གསུམ་དང་དེ་དག་གི་གོ་རིམ་ནི༡ཚེ་སྲོག་སྐྱོབ་པའི་དགྲ་ལྷ། ༢བསྟན་པ་རྒྱས་པའི་དགྲ་ལྷ། ༣མི་གྲངས་སྤེལ་བའི་དགྲ་ལྷ། ༤དགྲ་སྡང་འདུལ་བའི་དགྲ་ལྷ། ༥གནོད་བྱེད་འདུལ་བའི་དགྲ་ལྷ། ༦དཀོར་གནོད་སྤེལ་བའི་དགྲ་ལྷ། ༧མི་ཚེ་བསྲིངས་བའི་དགྲ་ལྷ། ༨མཛེས་བརྗིད་རྔམས་པའི་དགྲ་ལྷ། ༩དཔའ་རྩལ་བསྐྱེད་པའི་དགྲ་ལྷ། ༡༠དཔའ་བརྗིད་བཙུན་པའི་དགྲ་ལྷ། ༡༡ཀུན་གྱིས་བཀུར་བའི་དགྲ་ལྷ། ༡༢སྙན་པ་ཐོབ་པའི་དགྲ་ལྷ། ༡༣བསམ་དོན་འགྲུབ་འི་དགྲ་ལྷ་བཅས་ཡིན། དགྲ་ལྷ་བཅུ་གསུམ་གྱི་དར་གྱི་ཐོག་མ་དེའི་ཚོས་གཞི་དཀར་པོ་ཡིན་པས་ཆ་ནས་དགྲ་ལྷའི་དར་ཐུག་དཀར་པོ་ཞེས་ཟེར་ལ་དེ་ནི་ཚོ་བ་གཞན་དག་གི་མིས་བསྣམས་མི་ཆོག དེ་ངེས་པར་སྒྲོམ་ཚོ་བའི་སྟག་ཤར་ཞིག་གིས་རྟ་དཀར་པོ་ཞིག་ལ་ཞོན་ཏེ་འཁོར་གསུམ་ལུས་ལ་སྤྲས་ནས། དགྲ་ལྷའི་དར་ཐུག་བཅུ་གསུམ་གྱི་ཐོག་མ་དང་རྟ་རྒྱུག་གི་འགོ་མར་བསྣམས་ནས་རྒྱུག་དགོས་བའི་གོམས་སྲོལ་ཞིག་སྤྱི་ཚོགས་སྔོན་གྱི་དུས་ནས་ཆགས་ཡོད།

རྟ་བ་རྣམས་གོ་རིམ་བཞིན་བཤར་སྟེ་ཐོག་མར་སྡེ་བའི་འདབས་ཀྱི་“གཡུལ་འགྱེད་བསང་ཁྲི”སྟེ་ཡོངས་གྲགས་ལ་“བསང་ཁྲིའི་སྒང”ཞེས་འབོད་པར་འབྱོར་རྗེས། སྡེ་མི་ཡོངས་ཀྱིས་བསང་མེ་གསོས་ནས་མཉམ་དུ་སྤྱི་བསང་རྒྱ་ཆེན་པོ་ཕུལ་ཏེ་བསང་དུད་དགུང་དང་མཉམ་པར་བྱེད། ཐམས་ཅད་ཀྱིས་བསང་ཁྲི་ལ་སྐོར་བ་རྒྱག་བཞིན་མེས་པོ་ནས་བརྒྱུད་པའི་རང་གི་ཡུལ་ལྷ་གཞི་བདག་གི་བསང་རྩི། བོད་ཀྱི་སྲིད་པའི་ལྷ་ཆེན་དང་། ལྷག་པར་ཁྲི་ཀ་གསེར་མོ་ལྗོངས་ཀྱི་ཡུལ་ལྷ་གཞི་བདག་དང་སྡེ་འདིའི་ཡུལ་ལྷ་གསུམ་གྱི་ནུས་མཐུ་དང་གནས་རིའི་རང་བྱུང་གི་ཁོར་ཡུག་སོགས་ལ་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་དང་བཅས། མཆོད་བཀུར་བྱེད་པ་པོ་སྡེ་འདི་དང་མི་སྒེར་ཁོ་རང་ལ་དུས་དང་རྣམ་པ་ཀུན་ཏུ་སྡོང་གྲོགས་གཡེལ་བ་མེད་པར་མཛད་དགོས་པའི་འབོད་སྐུལ་གྱིས་བསང་རྩི་བར་བྱེད།

བསང་མཆོད་གྲུབ་རྗེས་རྟ་བ་རྣམས་གྲལ་བསྒྲིགས་པའི་མདུན་དུ་སྔགས་པ་རྣམས་ཀྱིས་སྐྱེས་ལྷ་གསེར་ལྗོངས་མཐོན་པོ་དང་ཀླུ་བདུད་བཙན་དམར། གཉན་ཆེན་ཕོ་བ་རོག་པོ་གསུམ་གྱི་བསང་མཆོད་དང་། རླུང་རྟ་སྡེ་བཞི། དགྲ་ལྷ་བཅུ་གསུམ་གྱི་འཕྲིན་བཅོལ་སོགས་འདོན་ལ། དེ་ནས་རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། བདག་པོའི་བེར། ཁྲབ། རྨོག མདུང་། མདའ། གཞུ། རྟ། ཤང་ལང་། རལ་གྲི་སོགས་དགྲ་ལྷའི་བསྲུང་བར་བཀོད་པ་སྟེ། “ཀྱེ་དགྲ་ལྷ་འཁོར་བཅས་སྙན་གསོན་ཅིག། ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས།། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི།། ལུས་ལ་གྱོན་པའི་བེར་ཆེན་གྱི།། གོང་བ་ཕུ་རུང་སྟོད་ཁེབ་ལ།། སྲ་བརྟན་རྡོ་རྗེའི་དགྲ་ལྷ་བཀོད།། བསྲུང་སྐྱོབས་མཛོད་ལ་བསམ་དོན་སྒྲུབས།། རྟག་ཏུ་མེལ་ཚེ་སྡོང་གྲོགས་མཛོད།།”ཅེས་བདག་པོའི་བེར་དང་། “ཀྱེ་དགྲ་ལྷ་འཁོར་བཅས་སྙན་གསོན་ཅིག། ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས།། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི།། གྱོན་པའི་ཁྲབ་ཆེན་དམུ་ལུགས་ཀྱི།། ཁྲབ་སྟོད་གོང་བ་འཕུ་དོང་ལ།། མི་ཕུག་སྲ་བརྟན་དགྲ་ལྷ་བཀོད།། རྐེད་པ་མཐུ་བ་གཤམ་སྐོར་ལ།། མི་ཆོད་མི་བཤིག་དགྲ་ལྷ་བཀོད།། ཕྱི་ནང་བར་གསུམ་ཐམས་ཅད་ལ།། ཚེ་ལྷ་སྲོག་ལྷའི་དགྲ་ལྷ་བཀོད།། སྲོག་སྐྱོབས་ལུས་ནི་སྲུངས་བར་མཛོད།།”ཅེས་བདག་པོའི་ཁྲབ་སོགས་རིམ་བཞིན་བསྲུང་བར་བཀོད་རྗེས། གཡེར་གཤོང་ནོམ་ཆི་མཁན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ(༡༨༨༢—༡༩༥༤)ཚང་གིས་ཕྱིས་སུ་མཛད་པའི་རལ་གྲི་དང་ཤིང་ལང་། མེ་མདའ་གསུམ་དགྲ་ལྷའི་བསྲུང་བར་འགོད་པའི་ཆོ་ག “གསེར་གྱི་མདངས་ལྡན་མུ་ཟི་སེར།། དུང་གི་མདོག་ཅན་ཟེ་ཚྭ་དཀར།། བོང་བའི་དཔལ་འཕྲོག་སོལ་བ་ནག། ཚད་བཞིན་སྦྱར་བའི་འཁྲུལ་འཁོར་གྱི།། སྒྲ་ནི་གཡུ་འབྲུག་ཁེངས་པ་འདྲ།། སྟོབས་ཀྱིས་གནམ་ལྕགས་ངར་ཡང་འཕྲོག། ཕ་རོལ་སྙིང་འགེམས་སྒྲ་ཆེན་ལ།། དགྲ་ལྷ་ཐོག་འབྲུག་གློག་གསུམ་བཀོད།།”ཅེས་སོགས་ཁ་སྣོན་མཛད་ནས་འདོན།

དེ་ནས་མདའ་དང་དགྲ་ལྷའི་དར་འཛིན་པའི་རྟ་བ་རྣམས་རྟ་ཐོག་ཏུ་བུད་ནས་རང་རང་གི་མདའ་དང་དགྲ་ལྷའི་དར་དག་དགུང་དུ་འཕྱར། རྟ་བ་གཞན་རྣམས་ཀྱང་རྟ་ཐོག་ཏུ་བུད་རྗེས་རྟ་ཐོག་ནས་སྔགས་པ་དག་དང་མཉམ་དུ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྒྲོལ་མ་ཚར་གསུམ་འདོན་པར་བྱེད། མཇུག་ཏུ་སྔགས་པ་རྣམས་ཀྱིས་སྐད་གསང་མཐོ་ལ་དྲག་པོ་དང་བཅས།“བསྭོ་མཐུ་ཆེན་དགྲ་འདུལ་མགོན་པོ་ལེགས་ལྡན་སོགས།། རིག་འཛིན་དགྲ་ལྷའི་ཚོགས་རྣམས་སྙན་གསོན་ཅིག། སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་ལ།། གནོད་འཚེ་བྱེད་པའི་བསམ་ངན་དགྲ་སྡེའི་ཚོགས།། ཐུགས་དམ་མ་བསྙེལ་བསྒྲལ་བའི་དུས་ལ་བབས།། རང་ཕྱོགས་ལུས་ལ་མཚོན་ཆའི་གནོད་པ་བཟློག། རྟ་རྒྱུག་འགྱེལ་རྡེབ་ཆད་ལྷོད་མ་བྱེད་ཅིག། མདའ་མདུང་མཚོན་ཆའི་རྣོ་རྩེ་མ་ཆག་ཅིག། རང་གི་བུ་རྟའི་ཁ་འཛིན་རྒྱབ་བརྟེན་མཛོད།། ཀི་བསྭོའི་འབྲུག་སྒྲས་དགྲ་ལྷའི་དམག་བསྐུལ་ཏེ།། ཆར་སྤྲིན་ལྟ་བུར་དམག་གི་དཔུང་བསྐྱེད་ལ།། མཐུ་རྩལ་གནམ་ལྕགས་ཐོག་གི་མདའ་རྒོད་ཀྱིས།། དགྲ་སྡེ་བྲག་རི་འཇོམས་པའི་དུས་ལ་བབས།། མགྱོགས་པའི་རྟར་ཞོན་སྲ་བའི་གོ་གྱོན་ལ།། རྣོན་པོའི་མཚོན་ཐོགས་འཇིགས་པའི་ཆ་ལུགས་ཀྱིས།། རབ་ཁྲོས་རྔམས་པས་དགྲ་བོའི་ཡུལ་དུ་ཆོས།། ཆོས་ཆོས་དགྲ་བོའི་ཡུལ་དུ་ད་ཆོས་ཅིག། རྒྱུགས་རྒྱུགས་དགྲ་བོའི་ཡུལ་དུ་ད་རྒྱུག་ཅིག། དགྲ་བོའི་མི་ནོར་ཐལ་བར་རྡུལ་དུ་རློག། སྐྱེས་པ་དར་མའི་སྲོག་རྩ་དམར་པོ་ཆོད།། འོག་རྟ་བུ་དང་ཆུང་མ་སྒོ་ནོར་ཆོམས།། གནམ་ལྕགས་སེར་བས་ལོ་ཏོག་ཆེམས་ལ་ཕོབས།། ནད་ཡམས་ཐན་ལྟས་དགྲ་བོའི་ཡུལ་ཁམས་ཁོངས།། མིང་ཙམ་མ་བཞག་ཐལ་བའི་རྡུལ་དུ་རློག། སྲ་བའི་གོ་ཆ་རྣོ་བའི་མཚོན་ཆ་དང་།། དཔའ་རྩལ་ལྡན་པའི་མི་ཕོ་གཞོན་པའི་རྟ།། ལས་བྱེད་ཞུབ་ཅན་དམག་གི་དཔུང་ཚོགས་ལ།། དགྲ་ལྷ་ལུས་དང་གྲིབ་མ་ལྟར་འགྲོགས་ཏེ།། དགྲ་སྡེ་ཕམ་པའི་རུ་དར་ས་ལ་བསྙོལ།། རང་ཕྱོགས་རྒྱལ་བའི་བ་དན་དགུང་ལ་སྒྲེངས།། ཕ་རོལ་གཡུལ་ལས་རྒྱལ་བའི་གྲགས་དཀར་གྱིས།། ཕྱོགས་ཀུན་རྣམ་པར་ཁྱབ་པའི་བཀྲ་ཤིས་སྩོལ།།”ཞེས་སོགས་ཌ་དྲིལ་ཀྱི་རོལ་མོ་དང་རབ་ཏུ་འཇིགས་རྔམས་ཀྱི་དབྱངས་རྟ་དང་བཅས་གཡུལ་འགྱེད་ཀྱི་ཆོ་ག་འདོན།

གཡུལ་འགྱེད་ཀྱི་ཆོ་གའི་མཇུག་ཏུ་རྟ་བ་རྣམས་ཀྱིས་དུས་གཅིག་ཏུ་ཀི་བསྭོ་ལྷ་རྒྱལ་ཐེངས་གསུམ་ལ་འཐེན་རྗེས་སྔར་གྱི་གོ་རིམ་བཞིན་སྡེ་སྟོད་ཀྱི་ཀྱི་རྟ་རྒྱུག་ཐང་དུ་བཤར། སྤྱི་ཚོགས་རྙིང་བའི་སྐབས་སུ་བསང་ཁྲིའི་སྒང་དུ་སྡེ་འདིའི་རྒྱ་ཚོ་བའི་རྒྱ་ལྷ་བ་ལ་ལྷ་བབས་ཏེ་མཚོན་ལས་བྱེད་པ་དང་སྡེ་འདིའི་ལོ་གཅིག་གི་བྱ་བ་ལམ་འགྲོ་སོགས་ལ་རིམ་གྲོ་གསུང་སྲོལ་ཡོད།

རྟ་རྒྱུག་ཐང་ལ་ཐོན་རྗེས་རྟ་བ་རྣམས་ཀྱིས་བདུད་རྩི་ཆང་གིས་མཆོད་པ་ལན་གསུམ་འཕངས་རྗེས། དགྲ་རླུང་གི་རྟ་རྒྱུག་གི་དངོས་གཞིའི་ཆོ་གའི་འགོ་འཛིན། ཐོག་མར་སྡེ་དཔོན་གྱིས་སྒྲོལ་མའི་ཀྭ་འཛུགས་ཀྱི་གཡང་མདའ་བསྣམས་ནས་ལྷ་འབོད་དང་ཀི་འབོད་བྱེད་བཞིན་ས་གནོན་གྱི་ཚུལ་དུ་རྟ་རྒྱུག་བྱེད། དེའི་རྗེས་སུ་སྒྲོམ་ཚོ་བའི་སྟག་ཤར་ཞིག་གིས་དགྲ་ལྷའི་དར་ཐུག་དཀར་པོ་རྟའི་བང་ནས་སྐོར་བཞིན་རྒྱུག དེའི་རྗེས་སུ་སྐྱ་རྩལ་ལྡན་པའི་སྔགས་པ་ཞིག་གིས་སྔགས་པའི་གཡང་མདའ་བསྣམས་ནས་ཀུ་འབོད་དང་བཅས་རྒྱུག དེ་ནས་སྟག་ཤར་ཞིག་གིས་རྟའི་བང་ནས་མེ་མདའ་སྐོར་བཞིན་ཚོ་དགྲའི་སྟེང་ལ་མེ་མདའ་འཕེན་བཞིན་རྒྱུག་སྟེ་དགྲ་རླུང་གི་རྟ་རྒྱུག་གི་དབུ་འཛིན་པར་བྱེད། རྟ་རྒྱུག་གི་བར་གསེང་ཁྲོད་ནས་རྟའི་བང་ནས་ཚོ་དགྲའི་སྟེང་ལ་མེ་མདའ་ཕོག་རག་བར་དུ་རྒྱུག ཚོ་དགྲ་ལ་མེ་མདའ་ཕོག་ནས་འགྱེལ་དུས་སྡེ་བའི་སྐྱེས་བ་རྣམས་ཀྱིས་ཀི་བསྭོ་ཆེ་ཆེར་ཐེངས་གསུམ་སྒྲོག་པ་དང་མཉམ་དུ། ལོ་དེའི་གཉེར་དཔོན་གྱིས་ཤང་ལང་འདོམ་ཚད་ཅན་ཞིག་གནམ་ལ་ཕྱར་ནས་ཀི་འབོད་སྒྲོག་བཞིན། གར་མ་འཆམ་གྱི་རྣམ་པ་དང་བཅས་ཚོ་དགྲའི་སྟེང་དུ་རྒྱུག་སྟེ་ཚོ་དགྲ་གཏུབ་པར་བྱེད། ཚོ་དགྲ་གཏུབ་མཁན་གྱིས་ཚོ་དགྲ་གཏུབ་ཞོར་དུ་ངག་ནས་“ལྷ་དང་སྲུང་མའི་བདེན་སྟོབས་ཀྱིས།། རྩྭ་འདི་ཕྱིན་ལོག་གཅུས་པ་ལྟར།། དགྲ་བོའི་ཡན་ལག་རྒྱབ་ཏུ་གཅུས།། རྩྭ་ཡི་རྩེ་མོ་བཅད་པ་ལྟར།། དགྲ་བགེགས་རྣམས་ཀྱི་མགོ་བོ་གཅོད།། རྩྭ་ཡི་རྩ་བ་བཅད་པ་ལྟར།། དགྲ་རྐུན་གདུག་པའི་རིགས་རྒྱུད་གཅོད།། རྩྭ་འབྲུ་རླུང་ལ་བསྐུར་བ་བཞིན།། དགྲ་བོའི་ཁ་རྗེ་རླུང་ལ་སྐུར།། རྩྭ་སྙིང་ཐང་ལ་ཕྱུང་བ་བཞིན།། དགྲ་སྙིང་ཕྱུངས་ལ་སྒྲོལ་བར་མཛོད།།”ཅེས་པ་ངག་ནས་འདོན་བཞིན་ཚོ་དགྲའམ་རྩྭ་གཟུགས་ཤུལ་མེད་དུ་གཏུབ་པར་བྱེད། ཚོ་དགྲ་ལ་མེ་མདའ་འཕང་ནས་རྫོགས་མཁན་དེ་ལ་བརྩི་མཐོང་དང་ལས་ཡག་པོ་ཞིག་ཏུ་ངོས་འཛིན་བྱས་ཏེ་སྡེ་གཞུང་ནས་དགའ་རྟགས་གྱ་ནོམ་པ་སྟེར། ཚོ་དགྲ་གཏུབ་སྟེ་དགྲ་འདུལ་རྗེས་སྡེ་བའི་སྐུ་རིམ་འགྲུབ་པ་ཡིན་ལ། ཚོ་དགྲ་གཏུབ་ཤུལ་དུ་ཡང་དགྲ་བོའི་ཁ་རྗེ་དབང་ཐང་ཤུལ་མེད་རྗེས་མེད་མཚོན་བྱེད་དུ་རྟ་བ་འགས་མེ་མདའ་འཕེན་པར་བྱེད།

དེའི་རྗེས་དགྲ་བགེགས་ཆམ་ལ་ཕབ་པའི་དགའ་སྟོན་གྱི་རྣམ་པ་མཚོན་བྱེད་དུ་རིམ་བཞིན་རྟ་རྒྱུག་འགྲན་བསྡུར་བྱས་ནས། རྟའི་མགྱོགས་ཚད་ཀྱི་ཨང་རིམ་བསྒྲིགས་ཏེ་རིམ་པ་མཐོ་དམའ་ལ་གཞིགས་ནས་སྡེ་གཞུང་ནས་དགའ་རྟགས་སྟེར། དེང་དུས་རྟའི་བང་རྩལ་འགྲན་བསྡུར་ལས་མེད་མོད། སྔོན་སྤྱི་ཚོགས་རྙིང་བའི་ནང་རྟའི་བང་རྒྱུག་འགྲན་པ་ལས་གཞན་རྟའི་གོམ་འགྲོས་འགྲན་པ་དང་རྟའི་བང་ནས་ཁ་བཏགས་ལེན་པ། སྐྱ་རྩལ་ངོམས་པ་སོགས་རྣམ་གྲངས་མང་པོ་འདུག་ཟེར།

རྟ་རྒྱུག་གི་རིམ་པ་མཇུག་རྫོགས་རྗེས་རྟ་བ་རྣམས་སྔར་གྱི་གོ་རིམ་བཞིན་རང་རང་གི་རྟ་ལ་བྱོན། དེ་ནས་སྔགས་པའི་གྲས་ཀྱི་རྡོ་རྗེ་སློབ་དཔོན་གྱིས་དར་ནག་ཚོ་དགྲའི་བེམ་རོའི་ཕྱོགས་སུ་ཕྱར་ནས་གཡུག་པ་དང་། རྟ་བ་གཞན་རྣམས་ཀྱིས་ཀྱང་རང་རང་གི་མཚོན་ཆ་ཚོ་དགྲའི་བེམ་རོའི་ཕྱོགས་སུ་ཕྱར་ནས་གཡུག་པ་སོགས་བྱས་ཏེ། གནོད་བྱེད་ཀྱི་དགྲ་བགེགས་བྱད་མ་ཀུན་དྲུངས་ནས་མེད་པར་བྱས་ཟིན་པའི་དགྲ་མེད་ཤུལ་མེད་ཀྱི་ཆོ་ག་སྤེལ། དེ་ནས་རྟ་བ་རྣམས་བཤར་ཏེ་སྡེ་བའི་སྟོད་ཀྱི་“རྡོ་རྩི་སྒང”ཞེས་པའི་གནས་སུ་འབྱོར་རྗེས་ཐམས་ཅད་ཀྱིས་བསྲུང་འཁོར་བསྒོམས་ཏེ་འགྲོ། སྔགས་ཁང་གི་གཡོན་གྱི་ཐང་ཆེན་དུ་འབྱོར་རྗེས་རྟ་བ་རྣམས་སྔགས་ཁང་ཕྱོགས་སུ་འཁོར་ཏེ་གྲལ་བསྒྲིགས་རྗེས། སྔགས་པ་རྣམས་ཀྱིས་སྔགས་ཁང་གི་ཁང་ཐོག་ཏུ་ནས་དཀར་སོགས་ཀྱིས་དགྲ་ལྷ་མཆོད། ངག་ནས་“བསྭོ་བསྭོ་ཆ་བོ་ལྷ་རྒྱལ་ལོ། བསྭོ་་བསྭོ་ཆ་བོ་ལྷ་རྒྱལ་ལོ། དགྲ་ལྷ་རྣམས་ཀྱི་ངོ་སོ་ཡར་ལ་བསྟོད།”ཞེས་སྔགས་པ་དང་རྟ་བ་རྣམས་ཀྱིས་སྐད་གསེང་མཐོན་པོའི་སྒོ་ནས་བསྒྲགས་རྗེས། སྔགས་པའི་དབུ་མཛད་ཀྱིས་གདངས་སྙན་པ་དང་བཅས། “ཀྱེ་སྔོན་གྱི་བསྐལ་བ་དང་པོ་ལ།། ཡེ་རྔམས་གཉིས་ནི་འཁྲུགས་པ་ལ། །ཡེ་ཡི་ལྷ་ཁམས་ཐམས་ཅད་ཀྱི།། དམག་རྣམས་ཆས་ནས་རྔམས་ཡུལ་སོང་།། རྔམས་ཀྱི་ཐུགས་དམར་བུ་དགུ་བསད།། གཡས་པ་དགུ་ཡིས་ལྷ་ངོ་བསྟོད།། ཀི་སྒྲ་བསྭོ་སྒྲའི་བར་སྣང་གང་།། ཆ་སྒྲ་ལྷ་རྒྱལ་ནམ་མཁར་གྲགས།། སྔོན་བྱུང་སྲིད་པར་དེ་ལྟར་ལགས།། དེ་རིང་བདག་དང་རྒྱུ་སྦྱོར་གྱིས།། དགྲ་བསད་ལག་པས་གཡས་བསྟོད་བཞིན།། དགྲ་ལྷ་གཉན་པོ་མཆོད་བསྐུལ་བྱ།།”ཞེས་སོགས་སྔོན་གྱི་བསྐལ་བ་དང་པོ་ལ་ཡེ་རྔམས་གཉིས་འཁྲུགས་ཏེ་རྔམས་ཀྱི་ཐུགས་དམར་བུ་དགུ་བསད་པའི་དཔང་རྟགས་སུ་ལག་གཡས་བཅད་ནས་ཡོང་བ་བཞིན། དེ་རིང་བདག་དང་རྒྱུ་སྦྱོར་ཡོན་བདག་གི་དགྲ་བོ་བསད་ནས་ལག་གཡས་དཔང་རྟགས་ཀྱི་ཚུལ་དུ་བསྣམས་པའི་མཚོན་བྱེད་དུ་ལུག་ཅིག་གི་ལག་གཡས་སྔགས་པ་ཞིག་གིས་དགུང་ནས་སྐོར་བཞིན། དགྲ་ལྷའི་དཔངས་བསྟོད་དང་བཀྲ་ཤིས་བརྗོད་རྗེས་དགྲ་ལྷ་བཅུ་གསུམ་གྱི་དར་དང་གཡང་མདའ་སོགས་སྔགས་ཁང་དུ་བསྡུ་གསོག་བརྒྱབ་སྟེ་རྟ་བ་རྣམས་རང་ཁྱིམ་དུ་ལོག

རང་ཁྱིམ་ནས་ཕྱིར་འོང་རྗེས་སྔགས་ཁང་གི་སྐུ་མཁར་མདུན་གྱི་ཇ་ཆང་འོ་གསུམ་གྱི་ཕུད་དང་དགྲ་ལྷའི་དཔའ་རྫས་སོགས་དངོས་གྲུབ་ཀྱི་ཚུལ་དུ་རྟ་བ་རྣམས་དང་སྡེ་བའི་རྒན་གཞོན་ཐམས་ཅད་ཀྱིས་ཁ་ལ་རེག་པར་བྱེད། དེ་ནས་སྔགས་ཁང་གི་སྒྲོལ་མའི་སྐུ་མཁར་ལས་དམུ་ཐག་འཐེན་ཏེ་སྡེ་བའི་སྐྱེས་པ་རྣམས་དམུ་ཐག་ལ་འཇུས་ནས་བཀྲ་ཤིས་ལྷ་རྒྱལ་གྱི་ཀི་བསྭོ་སྒྲོག་བཞིན་དགྲ་རླུང་གི་ཆོ་ག་མཇུག་རྫོགས་པར་བྱེད། མཇུག་ཏུ་བཀྲ་ཤིས་ཀྱི་ཚུལ་དུ་གཉེར་བ་ཞིག་གིས།“ངེད་སྐུ་རྒྱལ་བོད་ལ་ཆོས་ཤིག་དར།། ཆོས་མ་དར་གོང་ལ་དུང་ཞིང་དར།། དུང་དཀར་པོ་ཆོས་ཀྱི་སྣ་འདྲེན་རེད།། ཆོས་ཡང་ཡང་དར་གྱི་སྨོན་ལམ་འདེབས།། ངེད་སྐུ་རྒྱལ་བོད་ལ་གླུ་ཞིག་དར།། གླུ་མ་དར་གོང་ལ་ཆང་ཞིག་དར།། ཆང་བདུད་རྩི་གླུ་ཡི་སྣ་འདྲེན་རེད།། གླུ་ཡང་ཡང་ལེན་པའི་སྨོན་ལམ་འདེབས།།”ཞེས་པ་ལྟ་བུའི་བཀྲ་ཤིས་པའི་གླུ་ཞིག་གིས་དགྲ་རླུང་གི་མཇུག་ཡོངས་སུ་བསྡུ་བར་བྱེད། དེ་ནས་ཕྱི་དྲོར་སྡེ་གཞུང་གིས་ཆང་ཁ་བཟུང་སྟེ་སྡེ་འདི་དང་ཕྱོགས་གཞན་ནས་འོང་བའི་ལྟད་མོ་བ་རྣམས་དང་ལྷན་དུ་ནམ་གུང་བར་གླུ་གར་གྱི་རྩེད་འཇོར་རོལ་ནས་རུས་འདའ་བར་བྱེད་དོ།།

མདོ་སྨད་ཁྲི་ཀའི་ཡུལ་གྱི་སྒྲོམ་སྡེ་བའི་དགྲ་རླུང་གི་དར་རིམ་དང་དེའི་ཆོ་གའི་སྐོར་གླེང་བ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Kelzang Tsöndrü
Year published 2018
Subjects
Places
UID mandala-texts-49991
DOI
PDF View | PDF icon Download (149.07 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence