Skip to main content Skip to search
རྐང་ཚ་ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་རིགས་རུས་སྐོར་བཤད་པ།

 

  དང་པོ། རྐང་ཚ་ཞེས་པའི་མིང་གི་བྱུང་ཁུངས་བཤདཔ།

  རྐང་ཚ་འབོད་པའི་རུས་རྒྱུད་འདི་ཡང་བོད་བཙན་པོའི་སྐབས་སུ་མདོ་སྨད་དུ་ས་མཚམས་སྲུང་བའི་དམག་མིའི་རྒྱུད་པ་ཡིན་ལ། གནའ་སྔ་མོའི་དུས་ནས་མདོ་ཁམས་ཡུལ་ན་གནས་གཞི་ཆགས་པའི་ལྡོང་གི་རུས་རྒྱུད་དང་འབྲེལ་བ་ཡོད་པ་དང་། གང་ལྟར། རུས་རྒྱུད་སྔོན་མའི་ཚ་རྒྱུད་དུ་གཏོགས་པ་དང་ད་ལྟའི་བར་དུ་ཚ་བོའི་མིང་ལ་ཐོགས་ནས་བྱུང་བ་གང་ཡིན་རུང་། ཕྱིས་ཀྱི་ཡིག་ཚང་ལས་ལྡོང་གི་རྒྱུད་དུ་གླེང་བ་རྒྱུགས་ཆེ་བར་མངོན་འདུག དེ་ན་རྐང་ཚ་ཞེས་པའི་མིང་འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དམག་ཚ་ཆེན་བཅོ་བརྒྱད་དུ་ཕྱེས་པའི་གྲས་དང་ཡང་ན་དམག་གི་རུ་ཆེན་བདུན་གྱི་གྲས་སུ་བགྲང་ཚུལ་བསྟན་ཡོད་ལ། རྒྱ་བོད་གཉིས་ཀྱི་མཐའ་མཚམས་སུ་གནས་པའི་རྐང་ཚའི་རུ་ཆེན་ལ་ལྷ་དབང་གྲགས་པ་རྡོ་རྗེ་ཟེར་བ་ཞིག་དམག་དཔོན་དུ་བསྐོས་ཚུལ་ལས་བོད་དམག་ཚ་ཆེན་གྱི་ཁོངས་སུ་གཏོགས་པ་གསལ་བོར་བསྟན་ཞིང་། ཚ་ཆེན་བཅོ་བརྒྱད་ནི་བོད་བཙན་པོའི་སྐབས་ཀྱི་དམག་དཔུང་གི་སྒྲིག་འཛུགས་བཅོ་བརྒྱད་ལ་བཤད་པ་རེད། གཞན་ཡང་དབུས་གཙང་ཕྱོགས་ཀྱི་རྐོང་པོའམ་ཀོང་པོའི་དམག་མིའི་རྒྱུད་པ་དེ་མདོ་ཁམས་ཀྱི་ལྡོང་རིགས་དང་གཉེན་བསྲེས་ནས་རྐོང་ངམ་ཀོང་དང་རྐང་བཅས་ཀྱིས་མཚོན་པའི་རུས་རྒྱུད་འདི་ཉིད་ལ་ཚ་བོའི་མིང་བཏགས་ནས་རྐོང་ཚའམ་ཀོང་ཚ་དང་། རྐང་ཚ་ཞེས་འབོད་པའི་མིང་འདི་ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་ཚུལ་འཁོད་ཡོད་ཀྱང་། ཕྱིས་སུ་རྗེ་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》ལས། ལྡོང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པ། ཏོག་ཚ། རྨོག་ཚ། འགོ་ཚ། ཕྱག་ཚ། ཁྲོམ་ཚ། དམུ་ཚ། རྐང་ཚ། ཟམ་ཚ། འཚམ་ཚ། རག་ཚ། ཧུར་ཚ། སྟག་ཚ། གཟི་ཚ། སྦུ་ཚ། སྨྱུག་ཚ། གཡི་ཚ། མཚུར་ཚ། རྐྱང་ཚའམ་ཚང་ཚ་རྣམས་ཡོད་ཅེས་བཀོད་འདུག་པ་དང་། ཡང་《མདོ་སྨད་ཆོས་འབྱུང་》ལས། ཏོག་ཚ། རྨོག་ཚ། འགོ་ཚ། སྦུ་ཚ། རྐང་ཚ་སོགས་ཚ་ཆེན་བཅོ་བརྒྱད་དུ་གྲགས་པ་ཡང་ལྡོང་ཡིན་ནོ་ཞེས་བཀོད་འདུག་པས། རྐང་ཚ་ནི་ཐོག་མར་ས་མིང་སྡེ་ལ་ཐོགས་པ་མིན་པར་རུས་མིང་སྡེ་ལ་ཐོགས་པ་གསལ་བོར་མངོན། དེ་ཡང་《བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང་》དུ། རུས་རིང་འདི་དག་མདོ་སྨད་ཀྱི་ཡུལ་གྲུ་རྣམས་སུ་དེང་དུས་ཀྱང་ལ་ལ་ནི་ཡུལ་མིང་དུ་འབོད་ལ། ལ་ལ་དུད་ཚང་གི་མིང་དུ་འབོད་ཀྱིན་ཡོད་ཅེས་གསལ་ལོ།། གཞན་ཡང་རྐང་ཚའི་མིང་གི་ཐོགས་ཚུལ་ནི་ཚོ་སྡེ་ཕྱི་ནང་གི་ངག་རྒྱུན་ལ་བཤད་ཚུལ་མང་དུ་མཆིས་ཀྱང་དོན་དངོས་ལ་ལྡོང་གི་མི་རྒྱུད་དང་འདྲེས་གྲུབ་བྱུང་བའི་ཚ་ཆེན་བཅོ་བརྒྱད་དུ་གྲགས་པའི་རྐོང་དང་ཀོང་། རྐང་གི་རྒྱུད་ལས་གྱེས་པའི་བུ་ཚའམ་ཡང་ན་དབོན་པོའི་ཆ་ནས་རུས་ཀྱི་འབོད་སྟངས་ཡོད་པར་བརྟེན་ནས་རྐོང་ཚའམ་ཀོང་ཚའི་ཐ་སྙད་འདི་ཉིད་སྒྲ་གདངས་ཀྱི་འགྱུར་རིམ་ཁྲོད་ནས་རྐང་ཚ་ཞེས་ཐོགས་པར་འདོད། ཕྱིས་སུ་རུས་ཀྱི་རྩ་བ་དེ་ཡུལ་འདིའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་ནས་ཚོ་མིང་གི་འབོད་སྟངས་ཤིག་ཏུ་གྱུར་ཅིང་། དེ་གཞིར་བཞག་གིས་རྐང་ཚ་ནང་ཚོ་དྲུག་གམ་ཚོ་སྒོ་དྲུག་དང་། ཚོ་སྐོར་བཅུ་གཉིས། ཚ་ཞང་ཚོ་བ་སོགས་སུ་དབྱེ་བ་དང་། ད་དུང་ཚོ་བ་གཞན་རྣམས་ཀྱང་རྐང་ཚའི་ཚོ་བ་འདིར་འདྲེས་ཤིང་རུས་མིང་འདི་ཉིད་སྡེ་བའི་སྤྱི་མིང་དུ་གྱུར་བ་རེད།

 གཉིས་པ། རྐང་ཚའི་རིགས་རུས་གང་ལ་ངོས་འཛིན་པ་བཤད་པ།

 དེ་ཡང་རྐང་ཚའི་སྐྱེས་ལྷའི་མིང་ལ་གཉན་ཆེན་རྫ་དམར་དང་ཡང་ན་ལྷ་གཉན་རྫ་དམར་ཞེས་འབོད་ཀྱིན་ཡོད་ལ། གཉན་གྱི་རིགས་ཤིག་ཏུ་ངོས་བཟུང་ནས་བོད་ཀྱི་གདོད་མའི་རུས་ཤིག་ཡིན་པར་བཤད་ཆོག་པ་སྟེ།《དབུ་ནག་མིའི་འདྲ་ཆགས》ཞེས་པར། རང་རེ་དབུ་ནག་མི་ཞེས་པ་འདི། དང་པོ་བྱུང་བའི་ཕུག་བཙུན་ཏེ། འོད་གསལ་ལྷའི་གདུང་ལས་གྲོལ། བར་དུ་སྲིད་པའི་བརྒྱུད་འཕེལ་ཏེ། ཕྱྰ་དམུ་གཙུག་གསུམ་གཉན་དང་བཞི། ཡེ་ངམ་གཉིས་དང་དྲུག་དུ་སྲིད། ཅེས་བཀོད་པ་ལྟར་ན། གཉན་ཞེས་པ་འདི་སྲིད་པ་སྔ་མོའི་དུས་ཀྱི་རུས་རྒྱུད་ཅག་ཡིན་པ་དང་། གཉན་རིགས་ཀྱི་མེས་པོ་ཨ་མྱེས་རྨ་རྒྱལ་སྦོམ་ར་ཟེར་བ་ཞིག་བོད་མིའུ་གདུང་དྲུག་གི་ཡར་སྔོན་ནས་རྨ་རུས་སམ་རྨ་རིགས་ཀྱི་ཚོ་བ་ཞིག་གི་རྗེ་བོའམ་རྒྱལ་པོར་བཀུར་ལ། འོད་གསལ་ལྷ་ལས་མཆེད་པས་ལྷ་བཙན་པོར་ཡར་བཀུར་བ། མེས་རུས་གཉན་ཡིན་པས་ལྷ་གཉན་སྤོར་རར་གྲགས་པར་འདོད་པའི་བཤད་ཚུལ་དང་བསྟུན་ན་རྐང་ཚའི་རུས་ཆེས་སྔ་བའི་མིང་ལའང་གཉན་ཞེས་ད་ལྟའང་ཚོ་སྡེ་ཕྱི་ནང་དུ་གཉན་ཆེན་རྫ་དམར་དང་ལྷ་གཉན་རྫ་དམར་ཞེས་དང་། ལྡོང་རེ་གཉན་ཅན་ཞེས་དབུ་འཕང་མཐོ་བ་སོགས་ཀྱི་བཤད་རྒྱུན་དང་འབོད་སྲོལ་ཆགས་ཡོད་པ་ལ་ཞིབ་ཏུ་བསམ་དགོས་སྙམ། དེ་ལྟར་ན་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ཤིག་ཏུ། དབུས་གཙང་ལྷ་དང་དག་ཀོང་བདུད་ལས་ཆད།། ཟེར་བའི་བཤད་སྒྲོས་ཡོད་ཅིང་དོན་དུ་ནི།། ལྷ་ཀླུ་གཉན་དང་བདུད་བཙན་དམུ་སོགས་ཀྱི།།

ཚ་བོར་གྱུར་མང་སྤྱིར་བཏང་གཉན་ཚ་ལས།། ཆད་པའི་རུས་ཆེན་སྡེ་བཞི་ལས་འཕེལ་ཏེ།། བར་སྐབས་མིའུ་གདུང་དྲུག་སོགས་ཟེར་བའི།། རུས་རིགས་མི་འདྲ་བརྒྱ་སྟོང་གྲངས་མང་ལ།། ཞེས་པ་ལ་སོགས་པའི་བཤད་སྒྲོས་རྣམས་ཀྱང་རུས་བླར་ངེས་པའི་འདུ་ཤེས་ཀྱི་འཕེལ་འབྲས་ཡིན་པ་གསལ། ཡིན་ན་ཡང་། བར་སྐབས་ཤིག་ནས་གླེང་ན་རྐང་ཚ་ནི་སྔོན་བོད་རྒྱལ་སྲོང་བཙན་སྒམ་པོས་ས་ཆུ་འཛིན་བཟུང་དང་གཡུལ་དུ་མངགས་པའི་མཐའ་མཚམས་སོ་བའི་དམག་གི་དཔུང་ཆེན་ཞིག་དང་། གཙན་པོ་ཁྲི་སྲོང་ལྡེ་བཙན་དང་དེའི་སྲས་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་བོད་ས་གནས་ཀྱི་ཕྱོགས་འདིའི་མཐའ་སྲུང་དཔུང་སྡེའམ་ས་སྲུང་སོ་དམག་གི་རྒྱུད་དང་། བཙན་པོ་ཁྲི་རལ་བ་ཅན་གྱི་སྐབས་ཀྱི་རྒྱ་བོད་ཀྱི་ས་མཚམས་སོ་དམག་གི་རྒྱུད་དུ་གྲགས་པ་སྟེ། དུས་ཡུན་རིང་མོ་ཞིག་ནས་རང་རེའི་མདོ་སྨད་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དང་། རྨ་ཆུའི་ལྷོ་བྱང་། ཙོང་ཆུའི་འབབ་རྒྱུད་བཅས་སུ་ཡུན་རིང་དུ་གནས་པའི་གནའ་བོའི་གཉན་གྱི་རིགས་དང་བོད་མིའུ་གདུང་དྲུག་གི་རྒྱུད་ལས་གྲོལ་བའི་རུས་ཆེན་ལྡོང་གི་རུས་རྒྱུད་ཚོ་བ་ཞིག་ཡིན་པ་དང་། ཡུལ་ཕྱོགས་འདི་ནི་བོད་བཙན་པོའི་དབང་སྒྱུར་དུས་སྐབས་སུ་རྒྱ་བོད་ཡུལ་རྩོད་ཀྱི་གནས་ཤིག་དང་མདོ་སྨད་ཕྱོགས་ཀྱི་བོད་བཙན་པོའི་ཆབ་སྲིད་ཀྱི་ལྟེ་གནས་ཤིག་ཏུ་གྱུར་པར་གྲགས།

 འོ་ན། རིགས་རུས་གང་ལ་གཏོགས་ཞེ་ན། གོང་སྨྲས་ལྟར་སྤྱིར་བོད་ཀྱི་ལོ་རྒྱུས་རྣམས་ལས་ཕ་སྤྲེའུ་དང་མ་བྲག་སྲིན་མོའི་རྒྱུད་ལས་གྲོལ་བར་བཞེད་པའི་ཕྱིས་ཀྱི་བོད་མིའུ་བུ་གདུང་དྲུག་ལས། སྒ་འབྲི་སྦྲ་ལྡོང་སོགས་བོད་ཀྱི་རྩ་བའི་རུས་བཞིའམ་རུས་དྲུག་སོགས་མང་དུ་བྱུང་སྟེ། ལྡོང་མཆེད་དྲུག་དང་བཙུན་དྲུག ང་ཆེ་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད། རུས་ཆེན་བཅོ་བརྒྱད་སོགས་མང་དུ་གྱེས་ཤིང་། དེ་ལས་ལྡོང་གི་རིགས་ལ་འང་ལྡོང་དཀར་ནག་ཁྲ་གསུམ་སོགས་མང་དུ་ཡོད་ཅེས་བཀོད་པ་དང་། 《རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ》ལས། ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དེའི་རྒྱུད་རིམ་པར་འཕེལ་ཞིང་། རུས་རིགས་བཞི་རུ་དབྱེ་བ་ལ། སེ་དང་། རྨུ་དང་། ལྡོང་དང་། སྟོང་སྟེ་བཞིའོ། དེ་ལས་སོ་སོར་ཕྱེ་བ་ལ། སེ་ལས་བྱུས་ལེགས་བུ་བཞི་སྲིད།། རྨུ་ལས་ཀོད་ལེ་ཁྲ་བརྒྱད་སྲོད།། ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད།། སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད།། ཅེས་སོ་སོར་གྱེས་ཚུལ་བསྟན་ཡོད།《མགོ་ལོག་རུས་མཛོད》དུ་ལྡོང་ཆེ་གཉན་ཅན་ཞེས་དབུ་འཕང་མཐོ་བ་དང་རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ་པ། ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང་བ། ལྡོང་ཞྭ་དམར་ཅན་དེ་བསྒྲིགས་ན་མཛེས་པ་སོགས་ལས་འདི་ལ་དཔེ་ཐོབ་ཀྱི་གླུ་སྟེ། རི་རྩེ་མོ་གསུམ་གྱི་དཔེ་ལྟར་དབུ་འཕང་མཐོ་བ་དང་། གཞན་ཡང་ལྡོང་གི་རིགས་འདི་གྲལ་བསྒྲིགས་ཚེ་གཟི་བརྗིད་ཆེ་ཞིང་མཛེས་པ་ཡིན་པ་སོགས་བཤད་ལ། ཡོངས་གྲགས་སུ་མངའ་ཐང་མཐོ་ཤོས་ཀྱི་རུས་ལ་ལྡོང་གི་རིགས་ལས་མ་འདས་པར་བཤད་པ་དང་། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང་》ལས། མདོ་ཁམས་སྟོད་སྨད་དུ་གནས་པའི་མི་རིགས་འདི་དག་སོ་སོའི་སྤྱོད་པ་དང་། གཤིས་ཀ་བཅས་ལ་བརྟགས་ནས་རིགས་རུས་གང་ཡིན་ཞིབ་ཏུ་དཔྱད་དགོས་ཀྱང་། གལ་སྲིད་གསལ་བོར་མ་རྟོགས་པ་ཡིན་ན། གདོང་གི་ཁོངས་སུ་བསྡུ་ཆོག་སྟེ། མདོ་ཁམས་ཕྱོགས་ཀྱི་མི་ཕལ་ཆེར་གདོང་གི་རུས་རྒྱུད་ཡིན་པས་ན་དེ་ལྟར་དུ་ངོས་འཛིན་བྱེད་ཆོག་ཅེས་བསྟན་ཡོད་པ་དང་། གཞན་ཡང་རུས་མཛོད་ཀྱི་ཡིག་ཚང་རྣམས་སུ་ལྡོང་ང་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད་སོགས་འཁོད་ཡོད་ཅེས་གསལ་བོར་གསུངས་པ་ལྟར་དུ། ང་ཚོའི་ཚ་ཆེན་བཅོ་བརྒྱད་ཀྱི་རུས་འདི་གནའ་མིའི་ཁ་དཔེ་ལ་ཕ་རྒྱུད་རི་ནས་མཆེད་པ་དང་མ་རྒྱུད་མཚོ་ལས་མཆེད་པ་ཅེས་ཆེ་བསྟོད་བྱེད་སྲོལ་ཡོད་པ་དང་། སྔོན་བོད་ཀྱི་ཚོ་བ་རྣམས་ལ་བླ་རི་དང་བླ་མཚོ་ངོས་འཛིན་བྱེད་སྲོལ་ཡོད་པ་ལྟར་ང་ཚོའི་ཡུལ་ཚོ་འདིའི་བླ་རི་ནི་ཨ་མྱེས་རྫ་དམར་དང་བླ་མཚོ་ནི་རྫ་དམར་གཡུ་མཚོ་དེ་ཡིན་ལ། སྔོན་ཆད་ཡུལ་འདི་རུ་ཤྭ་རྭ་ལབ་ཙེ་ཞེས་ཤྭ་མང་པོའི་རྭ་ཅོ་སྤུངས་བའི་ཤུལ་ཡོད་སྟབས་བླ་སྲོག་ཀྱང་ཤྭ་བ་ཡིན་པ་གསལ་ཞིང་《བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》ཞེས་པར། སྒ་ནི་ཤིང་ཁམས་ལུག་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། ལྡོང་ནི་ས་ཁམས་ཤ་བར་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ་ཞེས་པའི་ལྡོང་གི་བླ་ཟོག་ཤྭ་ཡིན་པར་སྨྲས་པས་རྐང་ཚའི་གདུང་རུས་གང་ལས་གྱེས་པའི་ཁུངས་ངོ་འཕྲོད་དོ།། གཞན་ཡང་། བོད་ཀྱི་ལོ་རྒྱུས་རྣམས་སུ་མདོ་སྨད་ཀྱི་ཡུལ་གྲུ་འདིར་ལྡོང་གི་མི་རྒྱུད་ཕོན་ཆེ་བ་ཞིག་ཆགས་པར་འདོད་ཅིང་། དེང་དུས་ཀྱི་དབང་དུ་བཏང་ན། དབུས་གཙང་ཕལ་ཆེར་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན། ཡུན་ནན་རྣམས་སུ་གནས་ཆགས་ཡོད་པའི་མི་སྡེ་རྣམས་ཡིན་པར་བཤད། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མདོ་སྨད་ཀྱི་འབྲོག་སྡེ་རྣམས་ནི་བོད་བཙན་པོའི་དུས་ཀྱི་མཐའ་མཚམས་སྲུང་དམག་གཞིས་ཆགས་པ་ཡིན་ཞེས་དང་། ཡང་ཨ་མདོའི་བོད་རིགས་དེ་ཕལ་ཆེར་ནི་སྔོན་གྱི་བཙན་པོའི་དམག་མི་ཕྱོགས་དེར་སླེབས་བ་ལས་མཆེད་པར་མངོན་ཞེས་གསུངས་ཤིང་། 《སྔ་རབས་བོད་ཀྱི་སྲིད་ཁྲིམས》སུ་དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་ཞེས་པ་ལས་སྨད་ཀྱི་དཔའ་བོའི་དམག་སྡེ་རྨ་རྒྱལ་སྦོམ་ར་མན་ཆད་དང་ཀ་ཐང་ཀླུ་ཚེས་ཡན་ཆད་ན་གནས་པ་ལ། བོད་ཀྱི་མཐའ་མཚམས་སྲུང་བ་དང་ཕྱི་དགྲའི་གནོད་འཚེ་འགོག་པ་མ་ཟད། རྒྱའི་སོ་མཁར་གྱི་ལྕགས་རིའི་སྟེང་དུ་རྟ་པ་དགུ་སྒྲིག་རྒྱུགས་པ་ཅེས་གསལ་བོར་བཀོད་ཡོད་པ་དང་། 《མདོ་སྨད་ཆོས་འབྱུང་》དུ་མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་ཞེས་བཀོད་འདུག རྒྱལ་མོ་འབྲུག་པས་རང་རེ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེར་གྱིས་མདོ་སྨད་དང་སྒོས་སུ་ཤར་ཕྱོགས་རྒྱ་དང་ཉེ་བའི་མཚམས་ཀྱི་བོད་མི་རྣམས་ནི་བོད་ཆེན་པོའི་སྐབས་སུ་དབུས་གཙང་ཕྱོགས་ནས་མཐའ་དམག་ལ་ཡོང་བའི་རྒྱུད་པ་ཤ་སྟག་ཡིན་པར་འདོད་ཅེས་བྱུང་བ་དང་། 《མཚོ་སྔོན་པོ་རྐང་ཚའི་ལོ་རྒྱུས་ཁུངས་བཙུན་ཤེལ་གྱི་མེ་ལོང་》ལས། རིམ་བཞིན་བོད་ཀྱི་རུས་ཆེན་བཞི་ལས་གྱེས་པའི་རིགས་དེ་ཚོ་གཙོ་བོ་མདོ་སྨད་རེབ་གོང་དང་མགོ་ལོག མཛོ་དགེ་སོགས་སུ་མང་བར་བཞེད་པ་དང་། སྒོས་སུ་ལྡོང་གི་རུས་རྒྱུད་མཚོ་སྔོན་པོའི་མཐའ་འཁོར་གཙོ་བྱས་པའི་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་དག་ཏུ་ཁྱབ་ལ། གླེང་གཞིའི་རྐང་ཚ་སོགས་སྦྲ་ནག་ཚོ་བ་ཁ་ཤས་ནི་བཀའ་མ་ལོག་དང་འདྲེས་གྲུབ་བྱུང་བའི་བོད་རིགས་ཤ་སྟག་ཡིན་པ་ལོ་རྒྱུས་དང་ངག་རྒྱུན་གཉིས་སུ་ཡོད་ཅེས་གསུངས་འདུག ཡང་ལྡོང་གི་རིགས་འདི་གནའ་དུས་ནས་དབུས་གཙང་དང་བར་ཁམས་ཨ་མདོ་སོགས་སུ་སྔར་ནས་མང་དུ་བྱུང་།《མགོ་ལོག་རུས་མཛོད་》ལས། ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་རག་ཤུལ་རྣམས་ནི་ཁམས་ཕྱོགས་སོགས་ལ་མང་དུ་ཡོད་ལ། ཕྱག་ཤུལ་ནི་ཕྱག་ཚ་དང་གཅིག་ཟེར་ལ། ལྡོང་ཚ་ཆེན་བཅོ་བརྒྱད་ཀྱང་ཟེར་རོ། ཏོག་ཚ་དང་། རྨོག་ཚ་དང་འགོ་ཚ་སོགས་ཡོད་ཟེར། རྒྱ་ཡིག་གི་དེབ་ཐེར་《མཚོ་སྔོན་གྱི་ལོ་རྒྱུས》ཞེས་པ་ལས། རྐང་ཚ་ཚོ་ཁག་ནི་བོད་རྒྱལ་སྲོང་བཙན་སྒམ་པོས་ས་ཆུ་འཛིན་བཟུང་དང་གཡུལ་དུ་མངགས་པ། མཐའ་མཚམས་སོ་བའི་དམག་གི་དཔུང་ཆེན་ཞིག་ཡིན་པས། མཚོ་སྔོན་པོའི་མཐའ་འཁོར་དུ་གཞི་ཆགས་ཞེས་བཀོད་ཡོད་པ་དང་། དེའི་ཕྱིར་རྐང་ཚ་ནི་བོད་ཀྱི་ལྡོང་གི་རུས་རྒྱུད་འཁྲུལ་མེད་ཅིག་ཡིན་པས། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་ནས་གནས་འདིར་གཞི་བཟུང་ཡོད་པའི་རུས་ཚོ་ཞིག་ཡིན་པ་དང་། དེའི་སྟེང་གནའ་བོའི་བོད་བཙན་པོའི་རུ་དམག་གི་རྒྱུད་མཐའ་མཚམས་སྲུང་བར་ཕྱོགས་འདིར་མཆེད་དེ་དེང་སྐབས་ཀྱི་ཁྲི་ཀའི་རྐང་ཚ་སོགས་ཚོ་སྡེ་གང་སར་མང་དུ་འཕེལ་བ་འདི་དག་ཡིན་ལ། དེ་དག་རིམ་གྱིས་བོད་བཙན་པོའི་མངའ་ཁོངས་སུ་གཅིག་གྱུར་བྱུང་ཚུལ་ཡང་བོད་ཀྱི་ལོ་རྒྱུས་སུ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ། མདོ་སྨད་རྟའི་ཆོལ་ཁར་གྲགས་པ་སུམ་པའི་ལྷོ་ངོས་དང་མི་ཉག་གི་ལྷོ་ནུབ་མཚམས་སུ་ཆགས་ཡོད་པའི་མདོ་ཁམས་ཕྱོགས་འདི་ཉིད་གཅིག་གྱུར་བྱས་པ་དང་། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ཚེ་བོད་ཀྱི་རུས་ཆེན་རྣམས་ལ་ཁྲལ་བསྡུས་ཏེ་ཡུལ་གྲུ་རྒྱ་བསྐྱེད་ཅིང་བཙན་པར་བྱས། མངའ་བདག་ཁྲི་རལ་བ་ཅན་གྱི་དུས་སུ་དེང་གི་ཀན་སུའུ་དང་སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་ཁག་ཏུ་ཁྱབ་པའི་བོད་ཀྱི་ཡུལ་གྲུ་འདི་དག་གི་མཐའ་མཚམས་སྔར་བཞིན་སྲ་བརྟན་ཏུ་བཏང་ཞིང་མཛའ་མཐུན་རྡོ་རིང་བཙུགས། དཔྱའ་ཁྲལ་བར་མེད་དུ་སྡུད་བའི་གནས་ཚུལ་སོགས་ལ་གཞིགས་ཚེ། བོད་བཙན་པོ་རིམ་བྱུང་གི་སྐབས་སུ་རྒྱ་བོད་ས་མཚམས་སུ་མངགས་པའི་སོ་དམག་གམ་བོད་སྲུང་དམག་མིའི་རྒྱུད་མང་དུ་མཆེད་ནས། རྐང་ཚ་སོགས་འབྲོག་སྡེ་སྐོར་ཞིག་མདོ་སྨད་ཀྱི་རྨ་འགྲམ་དང་མཚོ་སྔོན་པོའི་འགྲམ་རྒྱུད་སོགས་སུ་གཞིས་ཆགས་ནས་ད་ལྟའི་ཚོ་སྡེའི་རྨང་གཞི་ཆེ་ཆེར་གྲུབ་པ་སོགས་རྒྱ་ཡིག་གི་《མཚོ་སྔོན་གྱི་ལོ་རྒྱུས》ཞེས་པ་ལས། སྤྱི་ལོ་༦༣༡ལོར་བོད་བཙན་པོས་དམག་དྲངས་ཏེ་མཚོ་སྔོན་གྱི་ཡུལ་ཤུལ་དང་། མགོ་ལོག་ མཚོ་སྔོན་པོའི་མཐའ་འཁོར་དབང་དུ་བཅུག་ཅེས་བཀོད་པ་ལྟར་ན། ད་ལྟའི་གཞིས་གནས་ཁོར་ཡུག་གི་ཚོ་བ་འདི་དག་གྲུབ་པ་གསལ་བོར་བསྟན་པ་མ་ཟད། དེ་དག་གི་མཆེད་ཁུངས་ཀྱང་གསལ་བོར་ཤེས་ཐུབ་པ་རེད།

རྐང་ཚ་ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་རིགས་རུས་སྐོར་བཤད་པ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Kelzang Trashi and Kelzang Drölma
Year published 2018
Subjects
Places
UID mandala-texts-50006
DOI
PDF View | PDF icon Download (83.31 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence