Skip to main content Skip to search
སངས་རྒྱས་ཆོས་ལུགས་དགེ་བ་བཅུའི་ཁྲིམས་ལས་ཐོན་པའི་ཡིད་རྟོན་གྱི་བསམ་བློའི་སྐོར་རགས་ཙམ་དཔྱད་པ།།

དང་པོ།དགེ་བ་བཅུས་ནང་བསྟན་གཞུང་ལུགས་ནང་བཟུང་བའི་གལ་ཆེན་གྱི་གོ་གནས།

         སངས་རྒྱས་ཆོས་ལུགས་ནང་གི་དགེ་བ་བཅུའམ་དགེ་བ་བཅུའི་ཁྲིམས་ནི་བོད་གནའ་བོའི་གསོལ་རྒྱུན་ཁྲིམས་ལུགས་དང་པོ་སྟེ།བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་ལ་ཕབས་པའི་དགེ་བ་བཅུའི་རྒྱལ་ཁྲིམས་ཀྱི་རྩ་འཛིན་པའི་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་མཛུབ་སྟོན་ཡིན་པས་བོད་པའི་སྤྱི་ཚོགས་དང་བོད་བརྒྱུད་ནང་བསྟན་གྱིས་མཐོང་ཆེ་བར་འཛིན་པར་བརྟེན་གནའ་ནས་དེང་བར་དུ་ཤན་ཤུགས་སྟོབས་་ཆེན་པོ་མཆིས་ཤིང་།བོད་རིགས་སྤྱི་ཚོགས་དང་མི་སྒེར་གྱི་ཡིད་རྟོན་བསམ་བློ་བྱུང་པ་དང་འཕེལ་བ།ལྷག་པར་དུ་གསོན་ཤུགས་མ་ཉམས་པར་གནས་ཐུབ་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དང་ལག་བསྟར་འདེབས་ཐུབ་པའི་སྒུལ་ཤུགས་ཡིན་ནོ།།

གཅིག     སངས་རྒྱས་ཆོས་ལུགས་གཞུང་ནང་དུ་གསུངས་པའི་དགེ་བ་བཅུའི་ཆོས།

         སངས་རྒྱས་ཆོས་ལུགས་ཀྱི་གཞུང་དུ་དགེ་བ་ཐམས་ཅད་དགེ་བ་བཅུའི་ཁྲིམས་ནང་དུ་འདུས་ཤིང་དགེ་བ་བཅུའི་ཁྲིམས་ནི་སངས་རྒྱས་བསྟན་པའི་རྩ་བའི་རིན་ཐང་མ་ལག་དང་འདུལ་ཁྲིམས་གཏན་ལ་ཕབས་པའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཡིན་པར་བསམ།

ནང་བའི་འདུལ་ཁྲིམས་ལ་མ་ལག་མང་ཞིང་ནང་དོན་ཕུན་སུམ་ཚོགས་ཤིང་གཏིང་ཧ་ཅང་ཟབ་ཀྱང་དོན་ཐོག་ཏུ་རྩ་བའི་སྡོམ་པ་ལྔ་ནི་རབ་བྱུང་དགེ་སློང་གི་སྡོམ་པ་དང་དགེ་བ་བཅུའི་ཁྲིམས་ནི་གཙོ་བོ་ཁྱིམ་པ་དགེ་བསྙེན་གྱིས་མཚོན་པའི་འགྲོ་བ་ཐམས་ཅད་ལ་གདམས་པ་དང་སྤྱོད་ལམ་དུ་སྲུང་དགོས་པའི་ཚད་གཞི་སྟེ།ང་ཚོའི་རྒྱུན་སྤྱོད་འཚོ་བ་དང་བྱ་བ།འབྲེལ་འདྲིས་ནང་ངེས་པར་དུ་སྲུང་དགོས་པའི་གཞི་རྩ་ཡིན།གསལ་བོར་བརྗོད་ན་སྟོན་པ་ཤཱཀྱ་ཐུབ་པས་ང་ཚོ་སེམས་ཅན་སྐྱེ་པ་མི་ཡི་ཚད་གཞི་གཏན་ལ་ཕབས་པ་ཡིན།

འཇིག་རྟེན་འདིར་རིག་གཞུང་དང་ཆོས་ལུགས་སྣ་ཚོགས་ཡོད་ལ་དེ་དག་རང་རང་གི་སྐྱེ་པ་མིའི་ཀུན་སྤྱོད་ཀྱི་ཚད་གཞི་ཡང་སྣ་ཚོགས་ཡོད་ཀྱང་དགེ་སྐྱོང་སྡུག་སྤོངས་དང་ཐར་བའི་ལམ་སྣ་སྟོན་པ་དང་གཞི་གཏོང་བའི་གོ་བདེ་སྲུང་སླ་བ་དང་ལག་ལྟར་འདེབས་ཐུབ་པ་ནི་དགེ་བ་བཅུའི་ཁྲིམས་ཡིན་ནོ། བོད་བརྒྱུད་ནང་བསྟན་གྱིས་དགེ་བ་བཅུའི་ཁྲིམས་ལ་མཐོང་ཆེན་པོ་གནང་ཡོད་དེ། བོད་རྒྱལ་སྲུང་བཙན་སྒམ་པོའི་སྐུ་རིང་ལ་བློན་ཆེན་ཐོན་མི་སམ་བྷོ་ཌ་རྒྱ་གར་ནས་ཕྱིར་ཕེབས་ནས་བོད་ཡིག་སྐྲུན་རྗེས་བོད་ཡིག་ལ་ཐོག་མར་བསྒྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་དགེ་བ་བཅུའི་ལས་བརྗོད་པའི་མདོ་དང་དགེ་བ་བཅུའི་ཁྲིམས་སོགས་ཆོས་དགེ་བ་བཅུའི་ནང་དོན་འགྲེལ་བ་བཞེད་པའི་གཞུང་མང་པོ་ཡོད་ཅིང། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་དུ་བརྗོད་བྱའི་དམིགས་ཡུལ་དང་འགྲེལ་བའི་ཁྱད་པར་གྱིས་དགེ་བ་བཅུ་དང་།དགེ་བ་བཅུའི་ཁྲིམས།དགེ་བ་བཅུའི་ལས།དགེ་བ་བཅུའི་ལས་བརྗོད་པའི་མདོ་སོགས་བརྗོད་ཚུལ་དང་བརྗོད་བྱའི་དོན་གཙོ་བོ་མི་གཅིག་པ་མང་པོ་མཆིས་ཤིང་།བཀའ་བསྟན་འགྱུར་ནང་དུའང་འགྲེལ་བའི་གཞུང་འབོར་ཆེན་བཞུགས་ཡོད་པ་དཔེར་ན་བཀའ་འགྱུར་འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གསུངས་པའི་སྨོན་ལམ་ལས་ང་ལ་ནོར་དང་ཟས་སྐོམ་དང་།  །གསེར་དང་འབྲུ་རྣམས་དགོས་པ་མེད།  །ཐམས་ཅད་ལྷན་ཅིག་འཐུན་པར་ནི།  །དགེ་བ་བཅུ་ཡི་ལས་ལམ་སྲུངས༑  །སེམས་ཅན་ཀུན་ལ་ཕན་པའི་ཕྱིར།  །བྱང་ཆུབ་སྨོན་ལམ་བརྟན་པ་ཐོབ༑  །ཕན་པའི་དངོས་པོ་ཉིད་ཀྱི་སེམས།  །གཅིག་ལ་གཅིག་ཀྱང་བྱམས་པ་བསྐྱེད༑  །བརྒྱ་བྱིན་ལས་ནི་ཚིག་འདི་ཐོས།  །སེམས་ཅན་དེ་དག་རབ་དགའ་སྟེ༑  །ཤིན་ཏུ་ཡོངས་སུ་དག་པ་ཡི།  །དགེ་བ་བཅུ་ཡི་ལས་ལམ་བླངས།  །ཞི་བའི་བློ་གྲོས་དེ་ལྟར་དེ་ཚུན་ཆད་འཛམ་བུའི་གླིང་ཐམས་ཅད་དུ་སྐྱེས་པ་དང་།བུད་མེད་དང་།  ཁྱེའུ་དང་།  བུ་མོ་དེ་སྙེད་ལས་ཐ་ན།  སེམས་ཅན་གཅིག་ཀྱང་ལོག་པར་ལྟུང་བར་སོང་བ་མི་དྲན་ནོ།  །དེ་ཚུན་ཆད་དེ་དག་ཐམས་ཅད་ཤི་འཕོས་ཏེ་ཤི་བའི་དུས་བྱས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ།  དེ་དག་ཡང་ལྷའི་དབང་པོ་བརྒྱ་བྱིན་དེས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་བྱས།ཡང་དག་པར་འཛིན་དུ་བཅུག  །ཡང་དག་པར་གཟེངས་བསྟོད་ནས།  དེ་ལ་ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།ཞེས་དང་།(1)ཡང་ན་བསྟན་འགྱུར་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ལས་མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་ཞིང་དགེ་བ་བཅུ་ལ་ཡང་དག་པར་གནས་པ་དང་།    ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པས་ང་རྒྱལ་དུ་མི་བྱེད་ཅིང་ལྷག་པར་རློམ་པའི་ཆོས་རྗེས་སུ་མི་མཐོང་བ་དང་།    དགེ་བ་དང་མི་དགེ་བ་བཟློག་པའི་མངོན་པར་ཞེན་པ་སྤོང་ཞིང་དངོས་པོར་དམིགས་པ་འདོར་བ་དང་།    ལོག་པར་ལྟ་བའི་ཁྱད་པར་ཐམས་ཅད་སྤོང་ཞིང་ཐེ་ཚོམ་དང་ཡིད་གཉིས་སུ་མི་འགྱུར་བ་དང་།    འདོད་ཆགས་ལ་སོགས་པ་ལ་ཕྱོགས་པར་མི་བྱེད་ཅིང་ཉོན་མོངས་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ།    དེ་ལྟ་བུའི་ཆོས་བཅུས་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་ལྔ་པ་སྦྱང་དཀའ་བ་གནོན་ཅིང་རྫོགས་པར་བྱེད་པ་ཡིན་ནོ།   (2) རྒྱ་བརྒྱུད་ནང་བསྟན་དུའང་དགེ་བ་བཅུའི་ཆོས་གཞུང་་མང་པོ་བཞུགས་ཤིང་མིང་དུ་གྲགས་པ་ནི་སྟོན་པས་ཀླུའི་རྒྱལ་པོ་ལ་དགེ་བ་བཅུའི་ལས་ཀྱི་ལམ་སྟོན་པའི་མདོ་ཞེས་པ་དེ་ཡིན།གཞུང་དེ་ནི་ཐང་རྒྱལ་རབས་སྐབས་སུ་ལི་ཡུལ་གྱི་ལུང་སྡེ་སྣོད་གསུམ་འཛིན་གྱི་ཧྲི་ཕྲ་ནན་ཐའོ་བྱ་བས་རྒྱ་ཡིག་ཏུ་ཐོག་མར་བསྒྱུར་ཞིང་སྟོན་པ་བཅོམ་ལྡན་འདས་ཀྱིས་་ཧྲྭ་ཅའེ་ལའོ་ཀླུའི་ཕོ་བྲང་དུ་ཀླུའི་རྒྱལ་པོ་ལ་དགེ་བ་བཅུའི་ཆོས་གསུངས་པའི་གཞུང་རྣམ་དག་ཡིན་པར་གྲགས་ལ་དེ་ནི་སྟོན་པ་རིན་པོ་ཆེས་གང་ལ་གང་བསྟུན་དེ་ལ་དེ་འདུལ་གྱིས་མཐའ་ཡས་འགྲོ་བ་ཐམས་ཅད་ལ་དམིགས་ནས་གསུངས་པའི་རྫོགས་པ་ཆེན་པོའི་ཆོས་ཀྱི་བདུད་བརྩི་ཡིན་པས་སངས་རྒྱས་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ཁྲོད་དགེ་བ་བཅུའི་ལས་ཀྱི་ལམ་སྟོན་པའི་མདོ་བླ་ན་མེད་པས་འགྲོ་བ་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་གསུངས་ནས་ཐར་ལམ་སྟོན་པའི་ཐབས་ཤེས་གལ་ཆེན་ཞིག་དང་སངས་རྒྱས་བསྟན་པའི་གཞུང་གི་རྨང་གཞི་ཡིན་ལ་སྟོན་པའི་གསུང་རབ་རྫོགས་པ་ཆེན་པོའི་གཞུང་ཆེན་ཆུ་བོའི་སྙིང་བསྡུས་ཀྱང་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་སྟོན་པའི་མདོའི་ཁ་བྱང་གི་ལས་བྱ་བ་ནི་སྤྱོད་པ་དང་ལམ་བྱ་བ་ནི་གཞུང་ལུགས་ཡིན་པས་དེ་ནི་སྟོན་པས་གང་ལ་གང་བསྟུན་གྱིས་འཇིག་རྟེན་ཁམས་འགྲོ་བ་མིའི་རིགས་ཀྱི་གནས་ཚུལ་དངོས་དང་བདེན་དོན་གྱི་རང་བཞིན་བསྟན་ཡོད་ཅེས་དེང་རབས་མཁས་པའི་བསྟོད་པའི་དབྱངས་སུ་སྒྲོགས་སོ།།

གཉིས།  སངས་རྒྱས་ཆོས་ལུགས་གཞུང་ནང་གསུངས་པའི་དགེ་བ་བཅུའི་ནང་དོན་དངོས་བསྟན་པ།

         དགེ་བ་བཅུ་ཉམས་སུ་ལེན་པ་དང་མི་དགེ་བ་བཅུ་རྣམ་པར་སྤོངས་ནས་རྫོགས་པ་ཆེན་པོའི་མཐར་ཐུག་གི་བདེ་བ་ཆེན་པོ་སྒྲུབ་ནུས་ན་རྨོངས་པ་སངས་པར་འགྱུར་བ་དང་ཕལ་བ་འཕགས་པར་འགྱུར་པའི་བྱིན་རླབས་མཆིས་ཕྱིན་བསྟན་པ་རིན་པོའི་གཞུང་ནང་དུ་གསུངས་པའི་དགེ་བ་བཅུའི་ནང་དོན་དངོས་བརྗོད་པ་ལ་ལུས་ངག་ཡིད་གསུམ་དུ་འགར་ཡོད་དེ།ལུས་ཀྱི་སྤྱོད་པ་        སྲོག་མི་གཅོད་པ།མ་བྱིན་མི་ལེན་པ།ལོག་གཡེམ་མི་བྱེད་པ་དང་གསུམ།ངག་གི་སྤྱོད་པ་ལ་རྫུན་མི་བཤད་པ།ཕྲ་མ་མི་བྱིད་པ།ཚིག་རྩུབ་མི་བཤད་པ།ངག་བཀྱལ་མི་བྱེད་པ་དང་བཞི།ཡིད་ཀྱི་སྤྱོད་པ་ལ་བརྣབ་སེམས་མེད་པ།གནོད་སེམས་མེད་པ།ལོག་ལྟས་མེད་པ་དང་གསུམ།     སྤྱོད་པ་བཅུ་བོ་འདི་ནི་དགེ་བའི་ལས་སུ་གཏོགས་ཤིང་དགེ་བ་བཅུ་ཉམས་སུ་ལེན་པའི་སྤྱོད་པ་ནི་དགེ་བ་བཅུའི་ལམ་གྱི་རིམ་པའོ།།སྟོན་པ་ཤྰཀྱ་ཐུབ་པས་དགེ་བ་བཅུའི་ལས་ཀྱི་ལམ་སྟོན་པའི་མདོ་གསུངས་པའི་དུས་སུ་ཐོག་མར་མི་དགེ་བ་བཅུ་བསགས་པའི་ཉེས་སྐྱོན་བརྗོད་པ་འགོ་བརྩམས་ནས་དགེ་བ་བཅུའི་ཁྲིམས་སྲུང་པ་དང་དགེ་བ་བཅུའི་ལས་ཉམས་སུ་བླངས་པའི་དགེ་རྩ་བརྗོད་པ་སྟེ།༡ཚེ་སྲོག་སྲུང་པ(སྲོག་མི་གཅོད་པ་མ་ཟད་སེམས་ཅན་ཐམས་ཅད་ཐར་བར་སྐྱོབས་པ)། ༢ཟིང་ཟང་ནོར་གྱི་སྤྱིན་པ་གཏོང་པ་(རྐུན་མི་བྱེད་པ་མ་ཟད་སྤྱིན་པ་བཏང་ནས་དགེ་བ་སྒྲུབ་པ)།༣དཀོན་མཆོག་ལ་སྐྱབས་སུ་མཆིས་པ(ལོག་གཡེམ་མི་བྱེད་པ་མ་ཟད་དམ་པའི་ཆོས་ལས་བསྟན་པའི་ལམ་དུ་ཞུགས་པ)།༤དྲང་གཏམ་སྨྲ་བ(རྫུན་མི་བཤད་པ་མ་ཟད་བདེན་གཏམ་དྲང་མོར་བར་བརྗོད་པ)།༥སྙན་པར་སྨྲ་བ(ཕྲ་མ་མི་བརྗོད་པ་མ་ཟད་སྙན་འཇམ་གྱི་གཏམ་སྨྲ་བ) །༦གཞན་གཅེས་སྨྲ་བ(ཚིག་རྩུབ་མི་བརྗོད་པ་མ་ཟད་དྲང་བདེན་སྨྲ་བ)།༧མཐུན་པར་སྨྲ་བ(ངག་བཀྱལ་མེད་པ་མ་ཟད་ཀུན་མཐུན་སྤྲོ་བར་སྨྲ་བ)།༨ཕན་པའི་སེམས་དྲན་པ(བརྣབ་སེམས་མེད་པ་མ་ཟད་སྤྱིན་པའི་དགེ་སེམས་འཛིན་པ)     །༩བྱམས་པའི་སེམས་གཏན་པ(གནོད་སེམས་དོར་བ་མ་ཟད་ཕན་སེམས་རྒྱ་ཆེན་པོ་སྤྱོད་པ)།༡༠ཡང་དག་པའི་ལྟ་བ་འཛིན་པ(ལོག་ལྟས་མི་བྱེད་པ་མ་ཟད་དམ་པའི་ཆོས་ཀྱི་ལས་འབྲས་ཁས་ལེན་པ)         བཅས་སོ།།     དགེ་བ་བཅུའི་ལམ་རིམ་གཞུང་ལུགས་ཀྱི་རྨང་གཞི་ཡིན་པའི་སངས་རྒྱས་ཆོས་ལུགས་དགེ་བ་བཅུའི་ཁྲིམས་སམ་དགེ་བ་བཅུའི་སྡོམ་པ་ནི་ནང་བ་སངས་རྒྱས་པའི་འདུལ་བའི་གཞུང་གི་སྙིང་དོན་དང་རྨང་གཞི་ཡིན་ལ་དད་ལྡན་སྐྱེ་བུའི་ཐོས་བསམ་སྒོམ་པ་དང་ཉམས་ལེན་གྱི་ཚད་རིམ་མི་གཅིག་པའི་རྐྱེན་གྱིས་ཁྱིམ་པ་དགེ་ཚུལ་གྱི་སྡོམ་པ་བཞེས་མཁན་གྱིས་སྲུང་པའི་སྡོམ་པ་ལྔ་དང་དགེ་བ་བཅུ       འམ་སྡོམ་བརྒྱད་དང་རབ་བྱུང་པའི་སྡོམ་བཅུ་དང་དགེ་བསྙེན་དང་དགེ་བསྙེན་མའི་སྡོམ་པ་     །བྱང་ཆུབ་དང་གསང་སྔགས་ཀྱི་སྡོམ་པ་བཅས་གཞུང་ལུགས་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་ཀྱང་།དེ་ཚང་མ་རྩ་བའི་སྡོམ་པ་གསུམ་དང་དགེ་བ་བཅུའི་ཁྲིམས་ཀྱི་རྨང་གཞིའི་ཐོག་ཡར་རྒྱས་དང་འགྲེལ་གསར་ཡིན་པར་སེམས།དེ་བས་རྩ་བའི་སྤང་བྱ་ལྔ་ནི་དགེ་བ་བཅུའི་རྨང་གཞི་ཡིན་ལ་དགེ་བ་བཅུའི་ཁྲིམས་ནི་སྤང་བྱ་ལྔའི་ནང་དོན་རྒྱ་བསྐྱེད་ཡིན་པར་རྩ་བའི་སྤང་བྱ་ལྔ་ནི་གཙོ་བོ་ལུས་ཀྱི་སྤྱོད་པ་འདུལ་བ་དང་དགེ་བཅུའི་ཁྲིམས་ནི་ལུས་དང་སེམས་ཁམས་གཉིས་འདུལ་ཡིན་པ་དཔེར་ན་སྲོག་མི་གཅོད་པ་དང་མ་བྱིན་མི་ལེན་པ།ལོག་གཡེམ་མི་བྱེད་པ།རྫུན་མི་བཤད་པ།ཆང་མི་འཐུང་བ་བཅས་རྩ་སྡོམ་ལྔའི་ནང་གི་རྫུན་མི་བཤད་པ་དེ་དགེ་བ་བཅུའི་ནང་དུ་ཕྲ་མ།ཚིག་རྩུབ།ངག་བཀྱལ།བརྣབ་སེམས་སོགས་སུ་འཕེལ་ལ། ཆང་མི་འཐུང་བ་དེ་གནོད་སེམས།ལོག་ལྟས་སོགས་སུ་འཕེལ་ནས་དགེ་བ་བཅུའི་ཁྲིམས་གཏན་ལ་ཕབས་པ་ལྟ་བུའོ།།       

གསུམ།དགེ་བ་བཅུའི་ཁྲིམས་ཀྱིས་གནའ་བོའི་བོད་སྤྱི་ཚོགས་ལ་ཤན་ཤུགས་འཐེབ་ཚུལ།                  རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་། བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་ཡོད་པའི་ཆེད་དུ། ཐོན་མི་སམྦྷོ་ཊ་རྒྱ་གར་དུ་མངགས་ཤིང་ཕྱིར་བོད་དུ་ལོག་རྗེས་ལེགས་སྦྱར་གྱི་སྐད་ལ་གཞིར་བྱས་ཏེ་བོད་ཡིག་གསར་བཟོ་མཛད་ཅིང་། དགེ་བ་བཅུའི་མདོ་སོགས་བོད་སྐད་དུ་བསྒྱུར། དེ་ལ་བརྟེན་ནས་ལྷ་ཆོས་དགེ་བ་བཅུའི་ཁྲིམས་སམ་མི་དགེ་བ་བཅུ་སྤོངས་པའི་ཁྲིམས་བཅས་པ་སྟེ། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། ངག་འཁྱལ། ཚིག་རྩུབ། རྫུན། ཕྲ་མ། བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་མི་བྱེད་པའོ། །ཁོང་གིས་ནང་པའི་གཞི་རྩའི་རིན་ཐང་དགེ་བ་ལ་བརྟེན་ནས། ཐུ་བྷོད་སྤྱི་ཚོགས་ཀྱི་གཞི་རྩའི་རིན་ཐང་ལྟ་བ་དང་རིན་ཐང་མ་ལག་འཛུགས་པར་འདོད་པ་དང་། ལྷ་ཆོས་དགེ་བ་བཅུའི་ཚུལ་ཁྲིམས་དེ་ཐད་ཀར་མི་ཆོས་སུ་བསྒྱུར་པས། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་མགོའི་ཁྲིམས་ཡིག་ཐོག་མ་བྱུང་། ཡིན་ན་ཡང་། ལྷ་ཆོས་དགེ་བ་བཅུ་ནི་ཁྲིམས་ལུགས་ཞིག་ཡིན་པའི་ངོས་ནས་དེ་འདྲའི་ཆ་ཚང་བ་ཞིག་མིན་ཏེ། དེ་རུ་གན་རྒྱ་དང་། གཉེན་སྒྲིག རྒྱུ་ནོར་གྱི་བགོ་བཤའ་དང་རྒྱུན་འཛིན་ཐད་ཀྱི་ནང་དོན་མེད་པས། མི་རྣམས་ཀྱི་བྱ་བ་སྤྱོད་པ་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྲུང་འཛིན་བྱེད་པ་ལ་དེ་འདྲའི་ནུས་པ་འདོན་མ་ནུས། དེར་མ་ཟད་སྔར་གྱི་རིན་ཐང་ལྟ་བ་དང་བོན་པོའི་སྟོབས་ཤུགས་ཀྱི་ངོ་རྒོལ་གྱི་དབང་གིས་བོད་ཀྱི་སྤྱི་ཚོགས་ནི་ཡམ་ཡོམ་གྱི་གནས་སུ་ལྷུང་། དེ་བས་རྒྱལ་པོ་སྲོང་བཙན་སྒམ་པོས་མི་དགེ་བ་བཅུ་སྤོང་བའི་སྟེང་དུ་མི་ཆོས་ཆེན་མོ་གཙང་མ་བཅུ་དྲུག་དང་། སྤྱིའི་ཁྲིམས་ཆེན་པོ་དྲུག་སོགས་གཏན་འབེབས་བྱས་པས། ནང་ཆོས་གཙོ་བོ་ཡིན་པའི་མི་སྒེར་དང་སྤྱི་ཚོགས་ཀྱི་རིན་ཐང་མ་ལག་རིམ་གྱིས་ཆགས་པར་གྱུར།

ནང་བསྟན་བོད་དུ་སྤེལ་བའི་བརྒྱུད་རིམ་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན། རྒྱལ་པོ་ཁྲི་རལ་པ་ཅན་གསུམ་གྱི་རྒྱབ་སྐྱོར་ཐོབ་ཅིང་། ལྷག་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཆོག་གསུམ་ཆ་ཚང་བའི་དགོན་པ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པས། སངས་རྒྱས་ཆོས་ལུགས་བོད་དུ་རྐང་ཚུགས་པ་ལ་རྨང་གཞི་བཏིང་བ་དང་། ནང་པའི་དགོངས་དོན་དང་རིན་ཐང་གི་ལྟ་བ་ནི་བོད་ཀྱི་འདུ་ཤེས་འཛིན་སྟངས་གཙོ་བོར་གྱུར། དེ་ཡང་ནང་བསྟན་རིག་གནས་ཀྱིས་གདོད་མའི་དད་མོས་དང་བོན་ཆོས་ཀྱི་དད་མོས་ལ་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད་མུ་མཐུད་དུ་རང་ལ་ཕན་པའི་ཆ་རྣམས་སྡུད་ལེན་བྱས་ཤིང་། ནང་པའི་ལྟ་གྲུབ་ཏུ་འདུ་བའི་མི་ཚེའི་ལྟ་བ་དང་། འཇིག་རྟེན་ལྟ་བ། བླང་དོར་གྱི་ལྟ་བ་སོགས་ཀྱིས་ཐད་ཀར་བོད་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཐེབས། ཡིན་ན་ཡང་། ནང་བསྟན་གྱི་ལྟ་གྲུབ་དེ་སྤྱི་ཚོགས་རིན་ཐང་མ་ལག་གི་གཙོ་བོའི་འདུ་ཤེས་སུ་གྱུར་པའི་དུས་ནི་བསྟན་པ་ཕྱི་དར་གྱི་སྐབས་ཡིན་ནོ། །

ནང་བསྟན་གྱི་ཤན་ཤུགས་དང་གཙོ་ཁྲིད་ཀྱི་འོག་ནས་བྱུང་བའི་མི་ཆོས་ཀུན་སྤྱོད་ནི་རིན་ཐང་ལྟ་བ་གྲུབ་པ་དང་སྤྱི་ཚོགས་རིན་ཐང་མ་ལག་ཆགས་པའི་སྒུལ་ཤུགས་དང་འབྱུང་ཁུངས་ཡིན། བསྟན་པ་ཕྱི་དར་སྐབས་སུ་ནང་པའི་གྲུབ་མཐའ་སྣ་ཚོགས་བྱུང་བ་དང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་བ་དང་བསྟུན་ནས་ནང་བསྟན་ནི་བོད་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། འཚོ་བ་སོགས་ཕྱོགས་གང་ཐད་དུ་སིམ་ཞིང་། བསྟན་པ་ཕྱི་དར་སྐབས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མཚན་ཉིད་གཤིས་ལུགས་བརྗོད་པའི་ལེགས་བཤད་དང་མི་ཆོས་ཀུན་སྤྱོད་ཀྱི་བསྟན་བཅོས་རྩོམ་མགོ་ཚུགས་པ་སྟེ། དཔེར་ན། ས་སྐྱ་ལེགས་བཤད་དང་། རྒྱལ་པོ་ལུགས་ཀྱི་བསྟན་བཅོས། ཆུ་ཤིང་གི་བསྟན་བཅོས་བརྩམས་ཏེ་ཆོས་བཞིན་འཇིག་རྟེན་སྐྱོང་བའི་གལ་ཆེན་བརྗོད་ཡོད་ལ། མཁས་དབང་རྣམས་ཀྱིས་ནང་ཆོས་བོད་དུ་བསྒྱུར་བའི་རྨང་གཞིའི་སྟེང་། རིག་གནས་ཆེ་ཆུང་བཅུ་འཛུགས་སྐྲུན་བྱས་པས། ནང་ཆོས་ནི་བོད་ཀྱི་སྤྱི་ཚོགས་རིག་གནས་དང་། སྒྱུ་རྩལ། རང་བྱུང་རིག་ཚན་སོགས་འཕེལ་རྒྱས་འབྱུང་བའི་ནུས་ཤུགས་གཙོ་བོར་གྱུར་པ་མ་ཟད། བོད་ཀྱི་སྤྱི་ཚོགས་ཀྱི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་གཏན་ཁེལ་བྱེད་མཁན་དུའང་གྱུར།།

གཉིས་པ། སངས་རྒྱས་ཆོས་ལུགས་དགེ་བ་བཅུའི་ཁྲིམས་ནང་མཚོན་པའི་ཡིད་རྟོན་གྱི་བསམ་བློ།

གཅིག   དགེ་བ་བཅུའི་ཁྲིམས་ཉམས་སུ་ལེན་པའི་དམིགས་འདུན།

                  ནང་བ་སངས་རྒྱས་པའི་འདུལ་ཁྲིམས་ཀྱི་དགོངས་གཞི་གཙོ་བོ་ནི་སྡིག་པ་ཅི་ཡང་མི་བྱ་ཞིང་།དགེ་བ་ཕུན་སུམ་ཚོགས་པར་བྱ།རང་གི་སེམས་ནིཡོངས་སུ་འདུལ།འདི་ནི་སངས་རྒྱས་བསྟན་པ་ཡིན(3)ཞེས་པ་དེ་ཡིན་ཞིང་ནང་བསྟན་འདུལ་བའི་མཐར་མཇུག་གི་དམིགས་ཡུལ་ནི་ཞིབ་འཇུག་མཁས་པ་ཁ་ཤས་ཀྱིས་རིམ་པ་བཞི་རུ་བཀར་ཡོད་དེ།མི་སྒེར་ཐར་བ་ཐོབ་པ་དང་དགེ་འདུན་པའི་ནང་མཐུན་པ།སངས་རྒྱས་ལ་སྐྱབས་སུ་མཆིས་པ།བསྟན་པ་ཡུན་རིང་དུ་གནས་པ་བཅས་སོ།ནང་བསྟན་འདུལ་བའི་རྩ་བའི་དགོངས་དོན་ཐོག་སྟོན་པ་བཅོམ་ལྡན་འདས་སྐུ་དངོས་ཀྱིས་གཏན་ལ་ཕབས་པའི་དགེ་བ་བཅུའི་ཁྲིམས་ནི་འདུལ་ཁྲིམས་ཡོངས་ཀྱི་འབྱུང་ཁུངས་དང་བྱང་ཆུབ་སྡོམ་པའི་རྩ་བ་ཡིན་ནོ།དེ་བས་བོད་བརྒྱུད་ནང་བསྟན་གྱི་དགེ་བ་བཅུའི་ཁྲིམས་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཚད་ལྡན་ཅན་དུ་བསྒྱུར་བའི་འདུལ་ཁྲིམས་་ཀྱི་ནུས་པ་ཁོ་ན་མ་ཡིན་པར་དམ་པའི་ཆོས་ཀྱི་སྙིང་དོན་རིན་ཐང་མཚོན་བྱེད་དང་སེམས་ཅན་ཐམས་ཅད་སྟོན་པའི་བླ་ན་མེད་པའི་སློབ་སྟོན་གྱི་རྗེས་སུ་འབྲངས་ནས་མཐར་མཇུག་གི་ཐར་བའི་ལམ་དུ་འདྲེན་པའི་ཕྱོགས་སྟོན་འཁོར་ལོ་ཡིན་པར་བརྟེན་དགེ་བ་བཅུའི་ཁྲིམས་སྲུང་པ་དང་ཉམས་སུ་ལེན་པར་སེམས་ཀྱི་འདུན་པ་གཙང་དགོས་པ་སྟེ། སྲོག་མི་གཅོད་པ་ལ་སེམས་ཅན་གྱི་སྲོག་མི་གཅོད་པ་མ་ཟད་སེམས་ཅན་སྲོག་ཐར་གཏོང་བ་དང་ནད་པ་སྲོག་ཉེན་ཆེ་བ་བདེ་ཞིང་ཚེ་རིང་བའི་སྨོན་ལམ་འདེབས་པ་སོགས་གཞན་གྱི་སྲོག་སྲུང་བ།མ་བྱིན་མི་ལེན་པ་ལ་གཞན་གྱི་ཟིང་ཟང་ནོར་སོགས་མི་རྐུ་བ་མ་ཟད་སྦྱིན་པ་ཆེན་པོ་བཏང་ནས་སེར་སྣའི་བསམ་པ་བཅོམ་ཞིང་ཉམས་ངན་དབུལ་བོ་ལ་རོགས་སྐྱོར་དང་ཚེ་སྲོག་དང་དམ་པའི་ཆོས་ཕྱོགས་སུ་དགེ་བ་སྒྲུབ་པ།ལོག་གཡེམ་མེད་པ་ལ་སྤྱི་ཚོགས་སྲོལ་རྒྱུན་དང་ཁྲིམས་མཐུན་གྱི་བཟའ་ཟླའི་འཚོ་བ་ལས་ལོག་གཡེམ་མེད་པ་མ་ཟད་ད་དུང་རང་སེམས་འདུལ་ནས་ཁས་བླངས་ཀྱི་སྡོམ་པ་དམ་པར་སྲུང་བ། རྫུན་མི་སྨྲ་པ་ལ་གཏམ་བདེན་པར་བརྗོད་པ་དང་མི་གཞུང་དྲང་རང་གཞན་གཉིས་ལ་བློས་ཐུབ་པ།ཕྲ་མ་མི་བྱེད་པ་ལ་མིའི་བར་དང་བྱ་བའི་བར་གནོད་པའི་ཕྲ་མ་མི་བྱེད་པ་མ་ཟད་གཞན་ལ་ཕན་པ་དང་མཐུན་པའི་གཏམ་སྨྲ་བ་དང་དགོན་སྡེ་དང་དགོན་སྡེ་བར།གྲུབ་མཐའ་དང་གྲུབ་མཐའ་བར།རྒྱལ་ཁབ་དང་རྒྱལ་ཁབ་བར་འཆམ་མཐུན་སྒྲུབ་ཐུབ་པ་ན་དེ་ནི་དགེ་བ་ཆེན་པོའོ།ཚིག་རྩུབ་མི་བཤད་པ་ལ་མི་གཞན་ལ་སེམས་པ་སྐྱོ་བ་དང་གནོད་པའི་ཚིག་རྩུབ་མི་བཤད་པ་མ་ཟད་བསྟོད་པ་དང་སྙན་པ་སྨྲས་ཏེ་སྤྲོ་བར་བྱེད་པའོ།ངག་བཀྱལ་མི་བྱེད་པ་ལ་ཁ་བདེ་ངག་བཀྱལ་མི་བྱེད་པར་མི་གཞན་ལ་བརྩེ་བའི་སྙན་གཏམ་དང་སྨོན་འདུན་ཡག་པོ་འདེབས་པའོ།བརྣབ་སེམས་མེད་པ་ལ་མི་རྣམས་ཀྱི་བདེ་སྐྱིད་མེད་པའི་སྣང་བ་ནི་བརྣབ་སེམས་ལས་ཐོན་པ་ཡིན་པས་བརྣབ་སེམས་དོར་ནས་ཆོག་ཤེས་བསམ་པ་ཡོད་ན་ད་བཟོད་རང་ལ་བདེ་སྣང་དང་སྐྱིད་སྣང་ཐོབ་བོ།གནོད་སེམས་མེད་པ་ལ་ཉེ་རིང་ཆགས་སྡང་ཐམས་ཅད་མི་རྟག་པའི་གནས་ལུགས་རྟོགས་ནས་དགའ་བ་དང་སྡང་བ་མེད་པར་གཞན་གྱི་སྐྱོན་ལ་དྲིན་གྱིས་མཇལ་ནས་སེམས་ཁམས་དེ་བྱམས་དང་སྙིང་རྗེ་ཡི་ཞིང་ས་རུ་འཛིན་པའོ།ལོག་ལྟས་མེད་པ་ལ་བདེན་དོན་མི་རྟོགས་པའི་ཤེས་རིག་གི་རྨོངས་ལམ་དུ་འཆུད་པས་ཡང་དག་གི་བསམ་པ་དང་སྤྱོད་པ་མི་མཐོང་བའི་སྐྱོན་ཤེས་ནས་དམ་པའི་ཆོས་ཀྱི་ཐར་ལམ་དུ་ཞུགས་པའོ།།   བཀའ་འགྱུར་ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བའི་རྒྱུད་ལས་མི་དགེའི་ལས་བཅུ་སྤངས་ནས་སུ།  །དགེ་བ་བཅུ་པོ་བསྟེན་བགྱིས་ལ།  །ས་བཅུ་ལ་ནི་བདག་གནས་ཤིང་།  །སྟོབས་བཅུ་མཆོག་ཏུ་འགྱུར་བར་ཤོག  །བདག་གིས་སྡིག་པའི་ལས་གང་དག  །མི་འདོད་འབྲས་བུ་ཐོབ་བགྱིད་པ།  །སངས་རྒྱས་སྤྱན་སྔར་མཆིས་ནས་ནི།  །དེ་དག་ཐམས་ཅད་བཤགས་པར་བགྱི།  །འཛམ་བུའི་གླིང་འདིར་གང་དག་དང་།  །འཇིག་རྟེན་ཁམས་ནི་གཞན་དག་ཏུ།  །གང་རྣམས་དགེ་བའི་ལས་བགྱིད་པ།  །དེ་དག་ཀུན་ལ་ཡིད་རང་ངོ་(4)ཞེས་གསུངས་སོ།།

     དགེ་བ་བཅུའི་ཁྲིམས་ཀྱི་ནང་དོན་དང་དེ་སྲུང་པ་དང་ཉམས་སུ་ལེན་པའི་དམིགས་འདུན་བརྗོད་པ་ལས་མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རིམ་ནང་སྐྱིད་པའི་འཚོ་བ་རོལ་ཞིང་རིག་པའི་དཔལ་ཡོན་རྒྱས་པར་བརྩོན་པའི་ཕུགས་འདུན་མཚོན་ཡོད་ལ།སྤྱི་ཚོགས་འཕེལ་རིམ་ནང་མིའི་རིགས་རང་ཉིད་ཀྱི་བསམ་བློ་དང་སྤྱོད་པ་ཚད་ལྡན་ཅན་དུ་འཛིན་པའི་ཡིད་རྟོན་རིན་ཐང་མ་ལག་ཀྱང་མཚོན་ཡོད།  དེར་བརྟེན་དགེ་བ་བཅུའི་བསམ་བློ་དང་དགེ་བ་བཅུའི་ཁྲིམས།དགེ་བ་བཅུའི་ལས་སོགས་བསམ་བློའི་རིག་པའི་གཞུང་ལུགས་ཀྱི་ནང་དོན་ཡོངས་རྫོགས་ནི་ནང་བ་སངས་རྒྱས་པའི་གསར་གཏོད་ཁོ་ན་མ་ཡིན་པར་མིའི་རིགས་འཕེལ་རིམ་ལོ་རྒྱུས་ནང་བསྐྲུན་པའི་རིག་པའི་དཔལ་ཡོན་གྱི་བླ་མེད་འབྲས་བཟང་དེ་སྟོན་པ་བཅོམ་ལྡན་འདས་མཆོག་གིས་བྱམས་སྙིང་རྗེ་དང་ཤེས་རབ་ཀྱིས་སྤྱི་བསྡོམས་མཛད་དེ་དགེ་བའི་བསམ་བློ་དང་རིག་པའི་གཞུང་ལུགས་ཀྱིས་མ་འོངས་པའི་ལམ་སྟོན་མཛད་དེ་འགྲོ་བ་མིའི་རིགས་དགེ་བའི་ཕྱོགས་སུ་སྐྱོད་ནས་སྡུག་བསྔལ་ལས་ཐར་བའི་ཟམ་པ་བཙུགས་པའོ།།

གཉིས།མི་དགེ་བ་བཅུའི་ལས་སྒྲུབ་པའི་ཉེས་དམིགས།

         འཕགས་པ་སའི་སྙིང་པོའི་སྨོན་འདུན་ལས་། ལས་དབང་གི་ལས་ཀྱི་ཤུགས་ནི་ཧ་ཅང་སྟོབས་ཆེ་སྟེ།རི་རྒྱལ་ལས་མཐོ་ཞིང་རྒྱ་མཚོ་ལས་ཟབ་པས་དམ་པའི་ཆོས་སྒྲུབ་པའི་ལམ་འགོག་ནུས་ཞེས་གསུངས། དེ་བས་ང་ཚོས་མི་དགེ་བ་བཅུའི་ལས་སྒྲུབ་པའི་ཉེས་དམིགས་ཀྱིས་འགྲོ་བ་རིགས་དྲུག་གི་ཐར་ལམ་གྱི་་སྒོ་མོ་འགོག་ཐུབ་པ་རྟོགས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་མཆིས་ན་འགྲོ་བ་རིགས་དྲུག་གི་ལམ་ནས་ཅི་སྲིད་བར་དུ་ཐར་མི་ཐུབ་པའོ།།དེ་ཡང་བསྟན་འགྱུར་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་མི་དགེ་བ་བཅུ་སྤྱད་པའི་རྣམ་པར་སྨིན་པ་ཅིར་འགྱུར་ཞེ་ན།    རིན་པོ་ཆེའི་ཕྲེང་བ་ལས།    གསོད་པ་ཡིས་ནི་ཚེ་ཐུང་ཞིང་།    །དམྱལ་བའི་གནས་སུ་ཡུན་རིང་འགྱུར།    །རྣམ་པར་འཚེ་བས་གནོད་པ་མང་།    །ཚེ་རབས་ཀུན་དུ་སྡུག་བསྔལ་འགྱུར།    །རྐུ་བ་ཡིས་ནི་ལོངས་སྤྱོད་ཉམས།    །ཚེ་རབས་ཀུན་དུ་ཡི་དྭགས་སྐྱེ།    །བྱི་པོ་བྱེད་པས་དགྲ་དང་བཅས།    །ཆུང་མ་སྙིང་ནི་རིང་བར་འགྱུར།།་བརྫུན་དུ་སྨྲ་བས་སྐུར་པ་མང་།    །ཚིག་ནི་ནམ་དུའང་མི་བཙུན་འགྱུར།    །ཕྲ་མ་ཡིས་ནི་བཤེས་དང་འབྲལ།    །བདག་ལ་སླུ་བ་བྱེད་པ་མང་།    །ཚིག་རྩུབ་ཀྱིས་ནི་མི་སྙན་ཐོས།    །མང་པོའང་ངན་པ་སྨྲ་བར་འགྱུར།    །འཁྱལ་པ་ཡིས་ནི་དོན་མི་རྙེད།    །བདག་ལའང་རྐྱལ་པ་བྱེད་པར་འགྱུར།    །བརྣབ་སེམས་ཡིད་ཀྱི་རེ་བ་འཇོམས།    །གནོད་སེམས་འཇིགས་པ་སྦྱིན་པར་བྱེད།    །ལོག་པར་ལྟ་བས་ལྟ་ངན་ཉིད།    །ཆང་གིས་འཇིག་རྟེན་མྱོས་འགྱུར་ཏེ།    །ནོར་ཤོར་དོན་རྣམས་ཡལ་བ་དང་།    །བྱ་བ་མ་ཡིན་ཐམས་ཅད་བྱེད།    །དེས་ན་ཆང་ནི་ཚོད་ཟིན་བྱ།།ཞེས་འབྱུང་ངོ་།ཞེས་གསུངས་སོ།(5)

    སྟོན་པ་བཅོམ་ལྡན་འདས་ནས་མིའི་འགྲོ་བའི་རིགས་ཀྱི་སྤྱི་ཚོགས་ཐོག་མི་དགེ་བ་བཅུའི་ངན་ཤུགས་དར་ཆེ་བའི་སྡུག་བསྔལ་ལ་གཟིགས་ནས་དེ་ནས་ཐར་བའི་སློབ་གསོའི་ཤེས་རབས་ཀྱི་ཐབས་མཛད་དེ་མི་དགེ་བ་བཅུའི་ལས་ཀྱི་ཉེས་དམིགས་སམ་འབྲས་བུ་གསུངས་པ་ལ།   མི་དགེ་བ་བཅུ་བསགས་པའི་ཉེས་དམིགས་སམ་འབྲས་བུ་རྣམ་པ་གསུམ་ཏེ།རྣམ་སྨིན་གྱི་འབྲས་བུ་དང་རྒྱུ་མཐུན་གྱི་འབྲས་བུ།བདག་པོའི་འབྲས་བུ་བཅས་པ་དེ་ནི་འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་སྟེང་ནས་འགར་བ་ཡིན་ཏེ།དང་པོ་རྣམ་སྨིན་གྱི་འབྲས་བུ་ལ་སྲོག་གཅོད་སོགས་ཆེན་པོ་བཅུ་བོ་རེ་རེས་དམྱལ་བར་འགྲོ་བ། འབྲིང་བ་རྫུན་བཤད་པ་སོགས་བཅུ་བོ་རེ་རེས་ཡི་དྭགས་ཀྱི་ཁམས་སུ་སྐྱེ་པ།བརྣབ་སེམས་སོགས་ཆུང་ངུ་བཅུ་བོ་རེ་རེས་དུད་འགྲོར་སྐྱེའོ།།

གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ།༡སྲོག་གཅོད་བྱས་པས་ཚེ་ཐུང་ཞིང་ནད་མང་བ།༢མ་བྱིན་ལེན་པས་ལོངས་སྤྱོད་ལག་ཏུ་ཡོང་དཀའ་ཞིང་།ཡོང་ནའང་གཞན་ལག་ཏུ་ཤོར་བའི་ཉེན་ཁ་ཡོད་པ།༣ལོག་གཡེམ་གྱིས་ཡིད་ཆེས་མི་རུང་པའི་གྲོགས་ལ་བརྟེན་དགོས་ཤིང་ཆུང་མ་གཞན་གྱིས་སྤྱོད་པ་མང་བ།༤རྫུན་བཤད་པས་རང་ལ་གླེང་ལོག་མང་པོ་འཁོར་ཞིང་གཞན་གྱི་མགོ་སྐོར་འཐེབ་པ་མང་བ།༥ཕྲ་མས་མི་མཐུན་པའི་འཁོར་ངན་མང་པོ་འདུ་བ།༦ཚིག་རྩུབ་ཀྱིས་སེམས་ལ་མི་མཐུན་པའི་སྐད་ཆ་མང་པོ་གོ་ཞིང་རང་གི་བཤད་པའི་སྐད་ཆ་དེ་འཐབ་རྩོད་འཁྲུག་ལོང་གི་རྒྱུ་རུ་འགྱུར་སླ་བ།༧ངག་བཀྱལ་གྱིས་རང་གིས་བཤད་པའི་སྐད་ཆ་ལ་རིན་ཐང་མེད་ཅིང་གཞན་གྱིས་ཆ་འཇོག་མི་བྱེད་པ།༨བརྣབ་སེམས་ཀྱིས་འདོད་པ་ཆེ་ཞིང་ཆོག་ཤེས་མེད་ལ་རང་ལ་གང་མཁོ་མི་འཚོལ་ལ་མི་ཕན་པ་འཚོལ་བ།༩གནོད་སེམས་ཀྱིས་གཞན་ལ་གནོད་པ་བྱེད་པར་འདོད་ཅིང་གཞན་གྱི་ཀྱང་རང་ལ་གནོད་པར་འགྱུར་བ།༡༠ལོག་ལྟས་གནས་ལུགས་དང་མི་མཐུན་པའི་དྲན་ཚུལ་མང་ཞིང་གཡོ་སྒྱུ་མང་བའོ།།

གསུམ་པ་བདག་པོའི་འབྲས་བུ་ལ།༡སྲོག་གཅོད་ཀྱིས་བཟའ་བཏུང་དང་སྨན་སོགས་ལ་ནུས་པ་ཆུང་ཞིང་།དེ་ཡང་འཇུ་དཀའ་ལ་ནད་བསྐྱེད་པ་མང་བས་ཕལ་ཆེར་ཚེ་ཚད་མ་ཐོན་བར་དུ་འཆི་བ་མང་།༢མ་བྱིན་ལེན་གྱིས་ལོགཏོག་སོགས་འབྲས་བུ་མི་འཁྱོངས་པ་དང་ཡང་ན་འབབ་ཞོད་ཆེ་བའམ་ཐན་པ་ཆེ་བས་འབྲས་བུ་བསྐམས་པར་འགྱུར།༣ལོག་གཡེམ་གྱིས་བཤང་གཅི་སོགས་དྲི་མ་མི་ཞིམ་པ་དང་མི་གཙང་བའི་འདམ་རྫབ་མང་པོ་ཡོད་ས་རུ་སྐྱེ་པ།༤རྫུན་བཤད་པས་རྒྱུ་ནོར་སོགས་ཡོང་སྒོ་ལག་ཏུ་མི་ཡོང་ཞིང་གཞན་གྱི་བསླུ་བྲིད་ཆེ་ལ།འཇིགས་སུ་རུང་བའི་གནས་སུ་སྐྱེ་བ།༥ཕྲ་མས་ས་ཕྱོགས་འབར་འབུར་མང་ལ་བགྲོད་དཀའ་བའི་གནས་སུ་སྐྱེ་བ།༦ཚིག་རྩུབ་ཀྱིས་ས་ཕྱོགས་ལ་རྡོ་སྲེག་མང་ཞིང་མཚོ་རྫིང་མེད་ལ།འཇིགས་སུ་རུང་རྒྱུ་མང་པོ་ཡོད་སར་སྐྱེ་བ།༧ངག་བཀྱལ་གྱིས་འབྲས་བུ་དུས་སུ་མི་ཆགས་པ་དང་ཆགས་ནའང་མི་སྨིན་པ་དང་གླིང་ཀ་སོགས་མེད་སར་སྐྱེ་བ།༨བརྣབ་སེམས་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ལོ་ཟླ་ཞག་མ་རེར་ཉམས་ནས་འགྲོ་བ།༩གནོད་སེམས་ཀྱིས་ནད་ཡམས་འབྱུང་བ་དང་འཁྲུག་རྩོད་མང་བ།སྲོག་ཆགས་སྡིག་པ་ཅན་དང་ཆོམ་རྐུན་མང་བའི་ཕྱོགས་སུ་སྐྱེ་བ།༡༠ལོག་ལྟས་གཏེར་ཁ་སོགས་ཀྱི་འབྱུང་ཁུངས་མེད་པ་དང་མི་གཙང་བ་ཡང་གཙང་བདེར་སྣང་བ་དང་མགོན་དང་སྐྱབས་སོགས་མེད་པར་སྐྱེ་བའོ།།

       ལོ་རྒྱུས་སྨྲ་རིག་པའི་དཔྱད་ན།འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་བ་དང་འཕེལ་ནས་དཔལ་འབྱོར་རིག་གནས་ཀྱི་དཔལ་ཡོན་རྒྱས་པའི་ཚད་དུ་ཐོན་པ་ལ་ཡ་ཐོག་སྤྱི་ཚོགས་དང་གདོལ་མའི་སྤྱི་ཚོགས།སྲོག་ཆགས་རིགས་མཐོ་དམན་བར་གྱི་འཚོ་གནས་འཕྲོག་རྩོད།འགྲོ་བ་མིའི་ནང་ཁུལ་གྱི་འཐབ་རྩོད་སོགས་བརྒྱུད་པའི་རིམ་པ་ཡོད་ལ།བརྒྱུད་རིམ་དེ་ནི་འགྲོ་བ་མིས་རང་ཉིད་བཅོས་བསྒྱུར་བྱས་ཏེ་རང་གི་རྒྱུད་དུ་ཆགས་པའི་ངན་གཤིས་དང་ངན་སྲོལ་ལ་ངེས་ཤེས་སྐྱེས་ནས་རང་གི་བྱ་སྤྱོད་བཟང་བ་སྤྱི་བསྡོམས་དང་ངན་པ་དོར་ནས་མ་འོངས་པའི་འཇིག་རྟེན་ལ་རྟོགས་དཔྱད་དང་ངོས་འཛིན་ཐོབ་པའི་བརྒྱུད་རིམ་ཡིན་པ་མ་ཟད་མི་དགེ་བ་བཅུའི་ལས་དོར་ནས་དགེ་བའི་ལས་ཀྱི་ཕྱགས་སུ་སྐྱོད་པའི་བརྒྱུད་རིམ་ཀྱང་ཡིན།དེ་བས་ནང་བ་སངས་རྒྱས་པའི་ཆོས་ཁེ་ལེན་མིན་ཀྱང་འགྲོ་བ་མི་ཞིག་ཡིན་པ་དང་དུད་འགྲོ་སོགས་འགྲོ་བ་རིགས་དྲུག་གང་ཡིན་པས་བཟང་སྒྲུབ་ན་དགེ་བ་དང་ངན་སྒྲུབ་ན་སྡིག་པ་ཡིན།འདི་ནི་སྤྱིར་བཏང་གི་རང་བཞིན་ལྡན་པའི་གནས་ལུགས་དང་ལས་དང་འབྲས་བུ་གཞི་འཛིན་པའི་རྩ་བའི་ཆོས་ཉིད་ཡིན། དེར་བརྟེན་སྟོན་པ་སངས་རྒྱས་མཆོག་གིས་ཡང་དང་ཡང་དུ་སྡིག་པ་ཅི་ཡང་མི་བྱ་ཞིང་དགེ་བ་ཅི་ཡོད་སྒྲུབ་པར་བྱ་ཞེས་པའི་བཀའ་སློབ་ནི་དམ་པའི་ཆོས་ཀྱི་བྱིན་རླབས་དང་མི་ཚེ་དགེ་ཕྱོགས་སུ་སྐྱོད་པར་གདམས་པའི་རིན་ཆེན་ལེགས་བཤད་དོ།།

གསུམ།   དགེ་བ་བཅུའི་ཁྲིམས་ནི་སྲོལ་རྒྱུན་སྤྱི་ཚོགས་ཡིད་རྟོན་བསམ་བློའི་འབྱུང་ཁུངས་ཡིན།

སངས་རྒྱས་བསྟན་པའི་དགེ་བ་བཅུའི་ཁྲིམས་ནི་བྱམས་སྙིང་རྗེ་དང་གཞན་གཅེས་བདག་མེད་ཀྱི་གཞུང་ལུགས་ཆེན་མོའི་སྲོག་ཤིང་གི་རིན་ཐང་ལྟ་བའི་རྩ་འཛིན་ས་དང་ནང་བའི་འདུལ་ཁྲིམས་ཀྱི་རྨང་གཞི་ཡིན།  དེ་ལྟ་ནའང་དགེ་བ་བཅུའི་ཁྲིམས་ཀྱི་ནང་དོན་ལ་འགྲོ་བ་མིའི་རིག་པའི་དཔལ་ཡོན་སྤྱིར་བཏང་གི་རང་བཞིན་དང་འཛམ་གླིང་སྤྱི་མཐུན་རིན་ཐང་གི་ཁྱད་ཆོས་ལྡན་སྟེ། དགེ་བ་བཅུ་ནི་འགྲོ་བ་མི་འཕེལ་རྒྱས་ཀྱི་གོ་རིམ་ནང་རང་ཉིད་མདུན་དུ་སྐྱོད་པའི་སྒུལ་ཤུགས་གཙོ་བོ་ཀུན་སྤྱོད་ཀྱི་སྲོག་ཤིང་དང་ལག་ལེན་ཚད་གཞི་ཡིན་པ་མ་ཟད།འགྲོ་བ་མི་དང་སྲོག་ཆགས་གཞན་མི་མཚུངས་ས་དང་དེ་ལས་ཤེས་ཡོན་གྱི་དཔལ་མཐོ་བའི་མཚོན་བྱེད།མིའི་རིགས་སྤྱི་ཚོགས་ཀྱིས་རིག་པའི་དཔལ་ཡོན་སྐྲུན་པའི་གོ་རིམ་དང་དེ་ལས་ཐོབ་པའི་འབྲས་བུ་ཡིན།དེར་བརྟེན།ནང་བསྟན་འདུལ་ཁྲིམས་རིག་པ་བྱ་བའི་རྩོམ་པ་པོས་ནང་བསྟན་གྱི་འདུལ་ཁྲིམས་དེ་ཐོག་མར་རྒྱ་གར་དུ་བྱུང་བ་དང་འཕེལ་བའི་སྐོར་དཔྱད་དུས་ཀྲུང་གོའི་ནང་བ་སངས་རྒྱས་པའི་སྡོམ་ཁྲིམས་ཤེས་དགོས་ན་ངེས་པར་དུ་རྒྱ་གར་གནའ་རབས་ཀྱི་ནང་བ་སངས་རྒྱས་པའི་འདུལ་ཁྲིམས་ཤེས་དགོས།གནའ་རབས་ཀྱི་ནང་བ་སངས་རྒྱས་པའི་འདུལ་ཁྲིམས་ཤེས་དགོས་ན་ངེས་པར་དུ་ཐོག་མར་བྱུང་སའི་རྒྱ་གར་གནའ་རབས་སྤྱི་ཚོགས་གནས་ཚུལ་དང་ཕྱི་རོལ་པའི་སྡོམ་ཁྲིམས་ལ་ཞིབ་འཇུག་བྱེད་དགོས།དེ་ནི་ཁྲིམས་གཏན་ལ་ཕབ་པའི་ལོ་རྒྱུས་ཀྱི་ཚད་ནས་ཞིབ་འཇུག་བྱེད་ངེས་ཅན་ཞིག་ཡིན་པས་འབྱུང་སའི་གནས་ལ་གཏུགས་ཐུབ་ན་འགྱུར་ལྡོག་བྱུང་བ་ཤེས་ཐུབ་ལ་མ་འོངས་ཕྱོགས་ཀྱང་ཤེས་ནུས་ཟེར་བ་ནི་བདེན་ནོ་བྱ་བ་ལ་གནས་ལུགས་འདུག་ཅེས་གསུངས་པའོ།(6)དེ་ལས་ཤེས་ཐུབ་པ་ནི་དགེ་བ་བཅུའི་ནང་དོན་ཁ་ཤས་དང་སྤྱོད་ལམ་གྱི་རེ་འདུན་བྱུང་བ་དང་ལག་ཏུ་བསྟར་བའི་ལོ་རྒྱུས་ནི་ནང་བ་སངས་རྒྱས་པ་ལས་ཧ་ཅང་སྔ་ཞིང་རིང་ངོ་། ཕལ་ཆེར་སྤྱི་ལོ་འི་སྔོན་གྱི་དུས་རབས་གསུམ་པར་བྱུང་བར་གྲགས་པའི་རྒྱ་གར་གྱིམཱའོ་ནོལ་ཁྲིམས་གཞུང་ནི(7)སྐབས་དེའི་བྲམ་ཟེ་ཆོས་ལུགས་ཀྱི་གཞུང་དོན་དང་ཆོས་ཁྲིམས་ཀྱི་རྨང་གཞིའི་སྟེང་བྱུང་བ་ཞིག་ཡིན་པར་བཤད་ལ། དེའི་ཁྱད་ཆོས་ནི་ཆོས་ཀྱི་གཞུང་དོན་དང་ཁྲིམས་ལུགས་གཉིས་དབྱེར་མེད་ངོ་བོ་གཅིག་ཏུ་འདྲེས་ཡོད་པ་དེའོ།། དེ་ཡང་ཐོག་མར་ཁྲིམས་ལུགས་ཀྱི་ནང་དོན་རྣམས་སྤྱིར་བཏང་མཐའ་གཅིག་ཏུ་ཆོས་ལུགས་ཀྱི་གཞུང་དོན་ཡིན་ཞིང་། བར་དུ་ཁྲིམས་ལུགས་ལག་བསྟར་བྱེད་པའི་བྱ་བ་ཐམས་ཅད་ཆོ་ག་བས་དབང་འཛིན་ཞིང་། ཐ་མར་ཁྲིམས་ལུགས་ཀྱི་གཞུང་འགྲེལ་ཚང་མ་ཆོས་ལུགས་ཀྱི་གཞུང་འགྲེལ་དང་ཧ་ཅང་མཐུན་པར་བྱས་ཡོད་ཅེས་གསུངས་ཡོད། ནང་བསྟན་ཆོས་ལུགས་ཀྱི་གཞུང་དོན་དང་བཅའ་ཁྲིམས། ཚུལ་ཁྲིམས། འཛེམ་སྲུང་སོགས་ཀྱི་སྐོར་ནས་རྒྱ་གར་གྱིམཱའོ་ནོལ་ཁྲིམས་གཞུང གི་ཤན་ཤུགས་ཆེ་ཆེར་ཐེབས་ཡོད་པ་དཔེར་ན འདོད་པ་ཆེ་ན་ཉེས་དམིགས་གནས་སུ་ལྷུང་པ་དང་ཆོག་ཤེས་ནི་མཐར་མཇུག་གི་ཐར་བའི་ལམ་ཡིན་ཞེས་པ་དང་དྲང་གཏམ་བརྗོད་དགོས་་རང་གི་ཁེ་ཕན་གྱི་དོན་དུ་རྫུན་བཤད་མི་རུང་འདི་ནི་གཏན་ནས་འགལགཐབས་མེད་པའི་ཁྲིམས་ཡིན་ཞེས་པ།གོམས་སྲོལ་ཡག་ལ་དད་པ་གཙང་དགོས།གཞན་ལ་གནོད་འཚེ་གཏོང་མི་རུང་།དེ་ལ་མྱུར་དུ་ཤེས་མིསྲིད་ཀྱང་རྒྱུ་འབྲས་འཁོར་བ་ཐག་གཅོད་ཡིན།ཤ་ཟ་བའི་དོན་དུ་སྲོག་ཆགས་བསད་ན་ཐར་བའི་སྒོ་གཏན་ཞེས་པ།བཟོད་པ་དང་བརྣབ་སེམས་མེད་པ།ཆོག་ཤེས།གཞུང་དྲང་།ལྷུན་ཆགས།རྒྱུ་བཟང་།ཆོས་ཀྱི་འཁོར་ལོ་ངོས་ཟིན་པ།རང་ངོ་མ་སྟེ་མཐར་ཐུག་གི་རང་ཉིད་ངོས་ཟིན་པ།བདེན་འཚོལ།ཁོང་ཁྲོ་བཟོད་པ་བཅས་ཀྱིས་ཀུན་སྤྱོད་རྣམ་པ་བཅུ་གྲུབ་སྟེ།དེ་ལ་སྤྲོ་བའི་ཀུན་སྤྱོད་དང་གསང་བའི་ཀུན་སྤྱོད།ཉེན་པའི་ཀུན་སྤྱོད་གསུམ་དུ་འགར་ཞིང་།སྤྲོ་བ་ནི་ཤེས་རབ་དང་གསང་བ་ནི་གཏི་མུག ཉེན་པ་ནི་འདོད་ཆགས་དང་སེམས་མི་སྐྱིད་པ་བཅས་མཚོན་ལ་སྤྲོ་བ་ལྷ་རུ་སྐྱེ་ཞིང་གསང་བ་མི་རུ་སྐྱེ་པ།ཉེན་པ་དུད་འགྲོར་སྐྱེ་བ་ཡིན་པ་འདི་ནི་འཁོར་བ་གཙོ་བོ་རྣམ་གསུམ་ཡིན་ནོ་ཞེས་པ་སོགས་མང་པོ་མཆིས་ཤིང་དེ་བས་ནང་བ་སངས་རྒྱས་པས་གནའ་རབས་རྒྱ་གར་གྱི་མི་ལ་ལེགས་པར་གདམས་པའི་རིག་གཞུང་དང་སྤྱོད་པའི་ཚོད་སྡོམ་གང་མང་མཆིས་པར་སྤྱི་བསྡོམས་དང་ལེགས་འདེམས་བྱས་ཏེ་རང་གི་གཞུང་དང་འདུལ་ཁྲིམས་ནང་དུ་བསྡུ་ལེན་བྱས་ནས་རྩ་བའི་འདུལ་ཁྲིམས་ལྔ་དང་དགེ་བ་བཅུའི་ཁྲིམས་ཀྱི་རྨང་གཞི་སྲ་ཞིང་བརྟན་པར་བཟོས་པ་དེས་ནང་བ་སངས་རྒྱས་པའི་ཀུན་སྤྱོད་དབང་ཐང་ནུས་ལྡུན་ཅན་དུ་འགྱུར་ཐུབ་པ་བྱུང་པའི་མཚུངས་སུ་དགེ་བ་བཅུའི་རིག་པའི་གཞུང་ལུགས་འབྱུང་པའི་ཁུངས་སུ་གྱུར་བའི་ནང་བ་སངས་རྒྱས་པའི་ཡིད་རྟོན་བསམ་བློ་དང་ཡིད་རྟོན་རིན་ཐང་གི་མ་ལག་གསར་གཏོད་དང་འཕེལ་རྒྱས་སུ་བཏང་བ་ལགས་སོ།།

གསུམ་པ།དགེ་བ་བཅུའི་ཁྲིམས་ལས་ཐོན་པའི་ཡིད་རྟོན་གྱི་བསམ་བློས་སྤྱི་དམངས་ཀྱི་བདེ་ཐང་མི་ཚེ་སྐྲུན་པའི་ཤུགས་རྐྱེན་བཟང་པོ།

གཅིག  དེང་རབས་ཡིད་རྟོན་རིན་ཐང་མ་ལག་ཐད་གནས་པའི་གནད་དོན།

སྟོན་པ་ཤྰཀྱ་ཐུབ་པས་འདུལ་བ་ནི་བླ་མེད་ཐེག་པའི་རྩ་བ་ཡིན་པས་དགེ་རྩ་ཀུན་གསོ་བའི་རྒྱུ་ཡིན་ཞེས་གསུངས་པ་བཞིན་རྩ་བའི་སྡོམ་པ་ལྔ་དང་དགེ་བ་བཅུ་ནི་ནང་བསྟན་དགེ་བའི་རིག་གནས་སམ་ཡིད་རྟོན་བསམ་བློའི་མ་ལག་ནང་གལ་ཆེ་བའི་གོ་ས་བཟུང་ཡོད་དེ་རབ་བྱུང་དགེ་འདུན་པ་དང་དད་ལྡན་སྐྱེ་བུས་སྟོན་པའི་དགོངས་པ་སློབ་སྦྱོང་དང་ཉམས་ལེན།ལག་བསྟར་འདེབས་པར་མེད་དུ་མི་རུང་བའི་སྒུལ་ཤུགས་ཀྱི་ནུས་པ་འདོན་ཐུབ།སྟོན་པ་མཆོག་གིས་ སྡིག་པ་ཅི་ཡང་མི་བྱ་ཞིང་།དགེ་བ་ཕུན་སུམ་ཚོགས་པར་བྱ།ཞེས་པའི་ཀུན་སྤྱོད་ལེགས་པར་གདམས་པའི་བསླབ་བྱ་གནངས་པ་དེས་མི་སེམས་དང་མི་ཁྱིམ།སྤྱི་ཚོགས་དང་རྒྱལ་ཁབ།དེ་ལས་འགྲོ་བ་མིའི་རིགས་ལ་ཕན་པ་རྒྱ་ཆེན་པོ་ཐོབ་ལ།མི་སེམས་ཀྱི་བདེ་བ་དང་སྤྱི་ཚོགས་ཀྱི་བདེ་འཇགས།འགྲོ་བ་མིའི་ཤེས་རིག་གི་དཔལ་ཡོན་ཡར་ཐོན་བཅས་ལ་བྱས་རྗེས་རླབས་ཆེན་པོ་བཞག་ཡོད།ལོ་རྒྱུས་ཀྱི་འཕེལ་རིམ་གསར་བ་སྟེ།སྤྱི་ཚོགས་རིང་ལུགས་ཚོང་རྭའི་དཔལ་འབྱོར་ལག་ཏུ་བསྟར་བའི་དེང་རབས་སུ་རང་རྒྱལ་གྱི་རྒྱལ་ཤུགས་སྟོབས་འབྱོར་དྲག་ཏུ་རྒྱས་ནས་མི་རྣམས་ཀྱི་འཚོ་བ་ལ་ཚད་མི་མཐུན་པའི་འགྱུར་བ་བཟང་པོ་ཐོབ་པ་དང་བསྟུན་མི་ཁ་ཤས་ཀྱི་བསམ་པའི་ལྟ་བའང་འགྱུར་ལྡོག་ཆེན་པོ་བྱུང་སྟེ།ཀུན་སྤྱོད་བཟང་པོ་དང་ཡ་རབས་སྤྱོད་པ་དོར་ནས་མི་སྒེར་གྱི་ཡིད་རྟོན་བསམ་བློ་དང་སྤྱོད་པར་སྐྱོན་བྱུང་ནས་སྤྱི་ཚོགས་སྤྱིའི་ཀུན་སྤྱོད་ལ་རྒྱབ་འགལ་གྱིས་བདེན་རྫུན་དང་བཟང་ངན།ལེགས་ཉེས་ཀྱི་ཁྱད་པར་འབྱེད་དཀའ་བ་དང་།ཟང་ཟིང་ནོར་གྱི་དོན་དུ་མི་གསོད་པ།ཇག་དང་རྐུན་ལ་འབད་པ།མགོ་གཡོག་མགོ་བསྐོར་གཏོང་བའི་གྱོད་དོན་སྣ་ཚོགས་བྱུང་བ།དབང་ལ་བརྟེན་ནས་རང་དོན་སྒྲུབ་པ་དང་ལྐོག་བརྔན་ཟ་བའི་སྣང་ཚུལ་གང་མང་ཡོད་པ།ཅ་ལག་རྫུན་མས་ཚོང་རྭ་ཁེངས་ཤིང་ཉོ་ཚོང་འབྲེལ་བའི་ནང་གན་རགྱ་སྣང་མེད་དུ་འཇོག་པ་རྒྱུན་ལྡན་ཡིན་པ།ལྷག་པར་དུ་བོད་ཁུལ་ལུང་པ་ཁ་ཤས་སུ་དགོན་སྡེ་དང་གྲྭ་བཙུན་ཉུང་ཤས་ཀྱིས་ནང་བ་སངས་རྒྱས་པའོ་སྲོག་མི་གཅོད་པ་སོགས་པའི་་འདུལ་ཁྲིམས་ཀྱི་དགོངས་དོན་སྙིང་པོའི་གོ་བ་ལེན་མ་ཐུབ་འམ་འགྲེལ་ལོག་བརྒྱབ་ནས་དྲག་ཤུགས་ཀྱིས་འབྲོག་པའི་འཚོ་རྟེན་ཕྱུགས་ཟོག་འབོར་ཆེན་ཚེ་ཐར་གཏོང་བ་དང་ཕྱུགས་ཟོག་གི་ཚོང་བྱེད་མི་ཆོག་ལ་བཙན་གྱིས་དམར་ཟས་གཅོད་པ།གནམ་གཤིས་དང་འཁོར་ཡུག་ལ་མི་བརྟག་པར་ཉ་སོགས་ཚེ་ཐར་བཏང་ནས་གྲངས་འབོར་ཆེན་པོ་ཤི་རུ་བཅུག་པས་ཡུལ་ཁོར་བཙོག་གྱུར་དང་རྒྱུ་ནོར་ཆུད་ཟོས་སུ་བཏང་ནས་ས་ཁུལ་དེའི་སྤྱི་ཙོགས་ཐོན་སྐྱེད་དང་འཚོ་བ་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་སོགས་དོན་རྐྱེན་མང་པོ་བྱུང་དང་བྱུང་བཞིན་ཡོད་པ་རེད།གནས་ཚུལ་འདི་རིགས་དང་གནད་དོན་འདི་དག་ནི་དགེ་བ་བཅུ་ལ་སོགས་པའི་སྲོལ་རྒྱུན་སྤྱི་ཚོགས་ཀུན་སྤྱོད་དང་ཡིད་རྟོན་རིག་པའི་དགོངས་དོན་དང་རྒྱབ་འགལ་བྱུང་པ་མ་ཟད།བོད་ཁུལ་སྤྱ་ཚོགས་ནང་དུ་སྲོལ་རྒྱུན་དགེ་བ་བཅུའི་ཁྲིམས་ཀྱི་ནུས་འདོན་པར་དཀའ་ཁག་དང་གནད་དོན་མི་ཉུང་བ་ཞིག་ལ་འཕྲད་ཡོད་པ་མཚོན་ལ་དགེ་བ་བཅུའི་ཡིད་རྟོན་གྱི་བསམ་བློ་འདུས་པའི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བ་འཛུགས་སྐྲུན་བྱེད་དགོས་པའི་མགྱོག་མྱུརགྱི་རང་བཞིན་དང་ངེས་པར་གྱི་རང་བཞིན།གལ་ཆེ་བའི་རང་བཞིན་བཅས་གསལ་བོར་མཚོན་ཡོད།།

གཉིས།དགེ་བ་བཅུའི་ཁྲིམས་ཀྱི་ཕན་ཡོན་དང་དེང་རབས་རིན་ཐང་།

ནང་བ་སངས་རྒྱས་པའི་ལྟ་བ་ལ་གལ་སྲིད་མི་རྣམས་ཀྱིས་སྐྱེ་བ་ཕྱི་མ་ཡོད་པར་ཡིད་མཆིས་པས་ན་ཁོ་ཚོའི་མི་ཚེའི་ལྟ་བ་ལ་འགྱུར་ལྡོག་བྱུང་ངེས་སྟེ་མི་སྒེར་གྱི་འོས་འགན་དང་ཀུན་སྤྱོད་ཀྱང་སེམས་ཏུ་གསལ་ལ།གལ་ཏེ་མི་རྣམས་ཀྱིས་ཚེ་འདི་ལས་ཕྱི་མ་ཟེར་བ་ཞིག་མེད་པར་འདོད་ན་ངེས་པར་དུ་མིག་རྒྱ་ཐུང་བའི་ཁེ་ཕན་བསམ་པའི་སྤྱི་ཚོགས་ཤིག་སྐྲུན་ནས་རང་གི་སྤྱོད་པའི་རྗེས་འབྲས་ལ་བསམ་བློ་མི་གཏོང་བས་དམ་པའི་ཆོས་དགེ་བ་བཅུའི་ཁྲིམས་ཀྱི་ནུས་པ་དང་ཤན་ཤུགས་ཟད་འགྲོ་ལ་སྤྱི་དམངས་ཀྱི་ཡིད་རྟོན་བསམ་བློའི་སྲོག་ཤིང་དུ་གྱུར་བའི་ཀུན་སྤྱོད་བཟང་པོའི་སྤྱི་ཚོགས་ཀྱང་འཛུགས་སྐྲུན་བྱེད་དཀའ་བ་རེད།དེ་བས་དགེ་བ་བཅུའི་ཁྲིམས་སྲུང་བ་དང་དགེ་བ་བཅུའི་ལས་ཉམས་ལེན་བྱེད་པར་ཆོས་དང་འཇིག་རྟེན་གང་གི་ཐད་དུ་ཡང་ཕན་ཡོན་རྒྱ་ཆེན་པོ་མཆིས་པ་ཤེས་དགོས་པ་དཔེར་ན་བཀའ་འགྱུར་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་དེ་ལྟར་ལས་དེའི་ངེས་པར་རྣམ་པར་སྨིན་པ་མྱོང་བའི་གནས་ཡོད་དེ།  དཔེར་ན་མི་དགེ་བ་བཅུ་བྱས་ན།  ངེས་པར་སེམས་ཅན་དམྱལ་བ་དང་།  བྱོལ་སོང་གི་སྐྱེ་གནས་དང་།ཡི་དགས་སུ་སྐྱེ་ལ།  དགེ་བ་བཅུ་བྱས་ན།  ངེས་པར་ལྷ་དང་མིར་སྐྱེའོ།  །མི་དགེ་བ་བཅུའི་ལས་ལ་རབ་དང་འབྲིང་དང་ཐ་མ་ཡོད་དེ།  རབ་བྱས་པ་ནི་སེམས་ཅན་དམྱལ་བའི་ལུས་མྱོང་ངོ་།  །འབྲིང་བྱས་པ་ནི་བྱོལ་སོང་གི་ལུས་མྱོང་ངོ་།  །ཐ་མ་བྱས་པ་ནི་ཡི་དགས་ཀྱི་ལུས་མྱོང་ངོ་།  །མིའི་ལས་ཀྱི་ནང་དུ་དགེ་བ་བཅུ་ལ་ཡང་རྣམ་པ་བཞི་སྟེ།  རབ་དང་།  འབྲིང་དང་།  ཐ་མ་དང་།  རབ་ཀྱི་ཡང་རབ་བོ།  །དེ་ལ་ཐ་མ་ནི་བྱང་གི་སྒྲ་མི་སྙན་དུ་སྐྱེའོ།  །འབྲིང་ནི་ཤར་གྱི་ལུས་འཕགས་གླིང་དུ་སྐྱེའོ།  །རབ་ནི་ནུབ་ཀྱི་བན་གླང་སྤྱོད་དུ་སྐྱེའོ།  །རབ་ཀྱི་ཡང་རབ་ནི་འཛམ་བུའི་གླིང་དུ་སྐྱེ་སྟེ།  མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་རྟོགས་ནས༑  འདི་སྙམ་དུ་བདག་གིས་འབྲས་བུ་རྣམ་པར་སྨིན་པ་དེ་ཇི་ལྟར་གཅད་པར་བྱ་སྙམ་བསམས་ནས།  ཡང་འདི་སྙམ་དུ་ལས་དེའི་རྒྱུ་དང་རྐྱེན་ནི་མ་རིག་པ་དང་རེག་པ་སྟེ།  གལ་ཏེ་བདག་གིས་མ་རིག་པ་དང་།  རེག་པ་ཡོངས་སུ་བཅད་ན་ལས་ཀྱི་འབྲས་བུ་དེ་དག་འགོག་ཅིང་མི་སྐྱེ་བར་འགྱུར་རོ་སྙམ་སེམས་སོ་(8)ཞེས་དང་འབྲོམ་སྟོན་གྱིས།ཡོན་ཏན་ཀུན་གྱི་རྩ་བ་མི་ཆོས་སྤྱོད་པར་རགས་བྱ་བ་ལས།དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་སྐྱེ་བ་རྣམ་པ་བཞི།རབ་ནི་ནུབ་བ་གླང་སྤྱོད་དུ་སྐྱེའོ།འབྲིང་ནི་ཤར་ལུས་འཕགས་གླིང་དུ་སྐྱེའོ།ཐ་མ་ནི་བྱང་སྒྲ་མི་སྙན་དུ་སྐྱེའོ།རབ་ཀྱིའང་རབ་ནི་ཛམྦུའི་གླིང་དུ་སྐྱེའོ་ཞེས་གསུངས་པ་བཞིན་ནོ།  ལྟ་བ་ཡང་དག་པའི་སྒོ་ནས་དགེ་བ་བཅུའི་ལས་སྒྲུབ་པ་དང་དགེ་བ་བཅུའི་ཁྲིམས་སྲུང་བའི་ཕན་ཡོན་སློབ་སྦྱོང་དང་དེ་ཉམས་སུ་ལེན་མཁན་གྱིས་བརྩོན་འགྲུས་ཆེན་པོས་བྱང་ཆུབ་ལམ་སྦྱང་པ་དང་བྱང་ཆུབ་ལམ་སྒོམ་པ།བྱང་ཆུབ་ལམ་གྱི་འབྲས་བུ་ཐོབ་ནས་མཐར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕུགས་འདུན་མངོན་དུ་འགྱུར་བ་ནི་དད་ལྡན་སྐྱེ་བུའི་ཕུགས་བསམ་ཡིན་ལ།བོད་ཀྱི་སྤྱི་ཚོགས་ལ་དགོས་པའི་ཡིད་རྟོན་ཀུན་སྤྱོད་ཀྱི་རིན་ཐང་ཡང་ཡིན།བོད་བརྒྱུད་ནང་བསྟན་ནི་དར་བ་དང་འཕེལ་བའི་གོ་རིམ་ནང་རྙིང་སྲོལ་མཁྲེགས་བཟུང་མི་བྱེད་པར་མི་རིགས་ཅན་དང་ས་གནས་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་བཅོས་བསྒྱུར་དང་གསར་གཏོད།འཚམ་མཐུན་ཅན་དུ་འགྱུར་བར་འབད་ནས་ཀུན་སྤྱོད་ཀྱི་དབང་ཐང་ནུས་ཤུགས་དང་ཡིད་རྟོན་བསམ་བློ་མཐོ་རུ་བཏགས་ནས་རང་གནས་པའི་སྤྱི་ཚོགས་ཡིད་རྟོན་འཆམ་མཐུན་ཅན་དུ་འགྱུར་བར་ཐུགས་སྣང་ཆེན་པོ་མཛད་ལ།ནང་བསྟན་སྤྱིའི་ཐོག་ནས་བརྗོད་ན་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་རོལ་དུ་དགེ་འདུན་གྱི་སྡེ་མཉམ་དུ་འཚོ་བ་རོལ་བ་དང་ཞི་བདེ་མཉམ་གནས་རྩ་འཛིན་གཏན་ལ་ཕབ་ཚར་པ་དཔེར་ན་འདུལ་བ་བསྡུས་པ་ལས་བསྟན་པའི་རྟགས་མཐུན་པ།ལས་མཐུན་པ།ཚུལ་ཁྲིམས་མཐུན་པ།ལྟ་བ་མཐུན་པ།འཚོ་བ་མཐུན་པ།རྣམ་པ་མཐུན་པ་སྟེ་མཐུན་པ་དྲུག་དང་བསྡུ་དངོས་བཞི།ཕར་ཕྱིན་དྲུག འཕགས་ལམ་ཡན་ལག་བརྒྱད་སོགས།ལྷག་པར་དུ་དགེ་བ་བཅུའི་ཁྲིམསཀྱིས་ང་ཚོ་དེང་རབས་སྤྱི་ཚོགས་འཆམ་མཐུན་མཉམ་གནས་ཐུབ་པར་ཉམས་མྱོང་དང་བློ་རིགས་མཁོ་འདོན་བནཡེད་ཐུབ།སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་པའི་ཆོས་ནི་ད་གཟོད་ནང་བསྟན་ཆོས་ལུགས་ཀྱི་གཞུང་དང་མཐུན་ཞིང་།ནང་བ་སངས་རྒྱས་ཆོས་ཀྱི་རྩ་བའི་ཕུགས་འདུན་ནི་སེམས་ཅན་ལ་བདེ་སྐྱིད་ཐོབ་པ་དེ་ཡིན། སྡོམ་ལྔ་དགེ་བཅུ་སྲོག་ཤིང་ཡིན་པའི་བོད་བརྒྱུད་ནང་བསྟན་འདུལ་ཁྲིམས་ཡན་ལག་དང་བྱམས་སྙིང་རྗེ་དང་ཡིད་རྟོན་རྨང་གཞི་ཡིན་པའི་ནང་བསྟན་འཆམ་མཐུན་བསམ་བློ་ཡིས་མི་རྣམས་བར་གྱི་འཆམ་མཐུན་འབྲེལ་བ་དང་ཀུན་སྤྱོད་དག་པའི་སྤྱི་ཚོགས་སྐྲུན་པ།མི་དང་རང་བྱུང་ཁམས་བར་འཆམ་མཐུན་བྱུང་བ་བཅས་ལ་རམ་འདེགས་བྱེད་ནུས།དེ་ནི་ནང་བསྟན་གཞུང་ལུགས་སུ་མི་དང་མིའི་བར་གྱི་འཆམ་མཐུན་དང་མི་དང་སྤྱི་ཚོགས་བར་གྱི་འཆམ་མཐུན།མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་ནང་ཆེས་རྩ་བའི་གནད་འཛིན་ས་ནི་མི་དང་མིའི་བར་གྱི་ཡིད་རྟོན་འཆམ་མཐུན་ཡིན་པར་འདོད།གཞུང་ལུགས་དེའི་སློབ་སྟོན་མཛད་པའི་སྲོལ་རྒྱུན་ཀུན་སྤྱོད་བསྐོ་འདོན་བྱས་ཏེ་མི་རིགས་རིག་གནས་དར་སྤེལ་དགོས་ཡིད་རྟོན་འཆམ་མཐུན་གྱི་བསམ་བློ་དང་ཡིད་རྟོན་འཆམ་མཐུན་གྱི་སྙིང་སྟོབས།ཡིད་རྟོན་འཆམ་མཐུན་གྱི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ན་ད་གཟོད་བོད་ཁུལ་སྤྱི་ཚོགས་ཀྱི་ཡིད་རྟོན་འཆམ་མཐུན་བསམ་བློའི་ཀུན་སྤྱོད་ཀྱི་རྨང་གཞི་སྲ་བརྟན་ཐུབ་ལ་མདོ་དབུས་མཐོ་སྒང་གི་སྐྱེས་དངོས་འཁོར་ཡུག་སྲུང་སྐྱོབ་ལའང་ཕན་ནུས་མཆིས་རྐྱེན་ཚན་རིག་དང་མཐུན་པའི་སྒོ་ནས་དར་རྒྱས་ཐོན་པ་དང་ཡུལ་འཁོར་སྲུང་སྐྱོང་།བོད་ཁུལ་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ནུས་པ་ཤུགས་ཆེན་འདོན་ཐུབ་བོ།།

གསུམ།དགེ་བ་བཅུའི་ཁྲིམས་ལས་ཐོནཔའི་ཡིད་རྟོན་བསམ་བློས་སྤྱི་དམངས་བདེ་ཐང་མི་ཚེ་ལ་ཐོན་པའི་ནུས་པ།

ནང་བ་སངས་རྒྱས་པའི་དགེ་བ་བཅུའི་ལས་ཀྱི་རྩ་བའི་ནང་དོན་དང་རིན་ཐང་དེ་ཚད་རིམ་མཐོན་པའི་སྒོ་ནས་གནམ་འོག་ཏུ་སྐད་གྲགས་ཆེ་བའི་དམ་ཆོས་ཚད་མེད་བཞིའི་ནང་དུ་འདུས་ཤིང་།སེམས་ཅན་ཐམས་ཅད་བདེ་བ་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག  སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག  སེམས་ཅན་ཐམས་ཅད་ཉེ་རིང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་བྱ་བ་དེ་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཞི་ནི་ནང་བསྟན་གྱི་རིག་པའི་གཞུང་ལུགས་ཀྱི་སྙིང་བསྡུས་དང་དགེ་བ་བཅུའི་ཁྲིམས་ནི་འདུལ་བའི་མ་ལག་གི་རྨང་གཞི་ཡིན།ཆོས་དང་དགོན་སྡེ་འདུལ་ཁྲིམས་ནི་དོ་དམ་ལག་ལུགས་ཀྱི་ཁག་ཐག་ཡིན་ཕྱིན་བསམ་བློའི་སློབ་གསོ་དང་འདུལ་ཁྲིམས་དེ་གོམ་སྟབས་གཅིག་མཐུན་གྱིས་འཛུགས་སྐྲུན་བྱས་ན་ད་གཟོད་ཆོས་ལུགས་བདེ་ཐང་དང་ཚད་ལྡན་ཅན་གྱི་ལམ་དུ་སྐྱོད་ནས་སྟོན་པ་རིན་པོ་ཆེའི་དགོངས་པ་དང་དམིགས་འདུན།འདུལ་པར་བྱ་བའི་ཡུལ་བཅས་མངོན་དུ་འགྱུར་བར་ཐག་གཅོད་ཀྱི་ནུས་པ་འདོན་ཐུབ།བོད་ཁུལ་དུ་ཡིད་རྟོན་བསམ་བློ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་ཤན་ཤུགས་ཀྱང་དེ་བཞིན་ཡིན་ལ།སྤྱི་དམངས་སྒེར་གྱི་བདེ་ཐང་མི་ཚེའི་ཀུན་སྤྱོད་འཚུགས་སྐྲུན་ལ་དེ་ལས་ཧ་ཅང་གལ་ཆེའོ། དེང་དུས་ཁྲིམས་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཀུན་སྤྱོད་ཀྱིས་མི་ཡི་ལས་འགན་འདུ་ཤེས་དང་རང་རྟོགས་འདུ་ཤེས།གཟི་བརྗིད་དང་ངོ་ཚའི་སེམས་ལ་ཤུགས་སྣོན་བྱེད་ནུས།དེ་བས་མི་རྣམས་ཀྱིས་དཔལ་འབྱོར་བྱེད་སྒོ་དང་མིའི་འབྲེལ་བའི་ནང་རང་རྟོགས་ཀྱིས་ཁྲིམས་སྲུང་བར་ནུས་པ་འདོན་ཐུབ།ཁྲིམས་ལུགས་གྱི་ཚད་འཛིན་ལ་རྗེས་ལུས་ཀྱི་རང་བཞིན་དང་བཙན་དྲག་གི་རང་བཞིན།གཞན་གྱིས་སྲུང་དགོས་པའི་རང་བཞིན་མཆིས་པས་ཀུན་སྤྱོད་ཀྱི་སྔོན་དུ་བརྒལ་བའི་རང་བཞིན་དང་འགྱོད་སེམས་གསོ་བའི་རང་བཞིན།རང་གིས་སྲུང་དགོས་པའི་རང་བཞིན་བཅས་ཀྱིས་རམ་འདེགས་བྱེད་མཁོ་ཡོད་ཕྱིན་ཁྲིམས་དང་ཀུན་སྤྱོད་གཉིས་གཅིག་རོགས་གཅིག་མཐུན་ཡིན།དེང་རབས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་ཡིད་རྟོན་ནི་མི་རྣམས་ཀྱི་ལུས་རྟེན་རང་ཚུགས་དང་གྲོགས་སྒྲིག་འཚོ་སྤྱོད་སྤྱིར་བཏང་གི་ཀུན་སྤྱོད་ཚད་གཞི་ཡིན་ལ།སྤྱི་དམངས་ཀྱི་ལག་ཁྱེར་ཐོབ་ཐང་གཉིས་པ་ཡིན་ཞིང་ནང་དོན་གཙོ་བོ་གཉིས་འཛོམས་ཏེ།གཅིག་ནི་མི་གཤིས་དང་སྤྱོད་པ་བློ་དཀར་སེམས་བཟང་དང་བདེན་དོན་དངོས་ལ་བརྩི་འཇོག་བྱེད་པ།གཉིས་ནི་ཁས་བླངས་དང་དུ་ལེན་ཐུབ་པ་ལ་ཟེར།དེ་ཡང་སྲིད་གཞུང་གིས་གཏན་ལ་ཕབ་པའི་ཡིད་རྟོན་གྱི་མཚན་ཉིད་ནིསྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དེ་མི་སྒེར་གྱི་རིམ་པའི་སྤྱིར་བཏང་གི་ཚད་གཞི་ཡིན་ལ་རང་མགོ་མི་གཡོག་དང་གཞན་མགོ་མི་བསྐོར་བར་ཁས་བླངས་དང་དུ་ལེན་ཞིང་བློས་ཐུབ་ཆོག་པ་ཞིག་ལ་ཟེར་བའོ།འདིའི་ནང་དོན་ནང་དུ་མི་སྒེར་རང་ལ་བརྩི་འཇོག་བྱེད་པ་མཚོན་ལ་མི་གཞན་ལ་བརྩི་འཇོག་བྱ་དགོས་པའི་མི་ཆོས་ཤེས་རིག་འདུས་པས་མི་ཀུན་ལ་གཅེས་སྲུང་དང་བརྩི་འཇོག་བྱེད་པ་མཚོན་ཡོད།དོན་དངོས་ཐོག་སྲོལ་རྒྱུན་ཡིད་རྟོན་ནས་དེང་རབས་ཡིད་རྟོན་ལ་འགྱུར་བ་དེ་ལམ་ལུགས་བཅོས་བསྒྱུར་གྱི་ཆེད་དུ་བྱས་པའི་བསྐྱར་འཛུགས་ཤིག་ཡིན་ཞེས་བརྗོད་ཀྱང་ཆོག་པར་སྙམ།སྲོལ་རྒྱུན་ཡིད་རྟོན་བསམ་བློའི་དེང་རབས་ཀྱི་རིན་ཐང་ཡང་བསྐྱར་སྐྲུན་པ་མངོན་དུ་འགྱུར་དགོས་ན་ངེས་པར་དུ་ཡིད་རྟོན་ཀུན་སྤྱོད་ཁྲིམས་ལུགས་དང་མཐུན་པའི་གོ་རིམ་བརྒྱུད་ནས་ཡིད་རྟོན་ཀུན་སྤྱོད་ལ་དེང་རབས་སྤྱི་ཚོགས་ལམ་ལུགས་གསར་བའི་རྨང་གཞི་ཐོབ་དགོས་ལ།རྣམ་པ་དང་སྒུལ་ཤུགས་གསར་བ་ཐོབ་ནས་མི་རྣམས་ལ་ཀུན་སྤྱོད་རང་འདུལ་མཆིས་ལ་ཁྲིམས་དང་མཐུན་པའི་གཞན་འདུལ་དང་དམ་ཆོས་དགེ་བ་བཅུའི་ཁྲིམས་ལས་ཐོན་པའི་རང་རྟོགས་ལག་ལེན་གྱི་ཀུན་སྤྱོད་ཚད་འཛིན་དུ་འགྱུར་དགོས།། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་མཆོག་གི་ཡིད་རྟོན་བསམ་བློ་ནི་རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་མི་ལ་བློས་གཏད་མེད་པའི་གནད་དོན་མ་པོ་བྱུང་དང་འབྱུང་བཞིན་ཡོད་ཐག་གཅོད་བྱ་བའི་ཆེད་དུ་བཏོན་ཞིང་སྤྱི་དམངས་བདེ་ཐང་མི་ཚེ་དང་རིན་ཐང་ལྟ་བ་འཛུགས་སྐྲུན་བྱ་བའི་ཆེད་བཏོན་པའི་བསམ་བློ་གལ་ཆེན་པོ་ཞིག་ཡིན།།     བོད་བརྒྱུད་ནང་བསྟན་དགེ་བ་བཅུའི་ཁྲིམས་རྨང་གཞིའི་ཐོག་གཏན་ལ་ཕབས་པའི་བོད་ལོ་རྒྱུས་སྟེང་གི་ཁྲིམས་ལུགས་དང་པོ་་དམ་ཆོས་དགེ་བཅུའི་ཁྲིམས་དང་དེ་ལས་དར་བའི་མི་ཆོས་གཙང་མ་བཅུ་དྲུག་ནི་བོད་བརྒྱུད་ནང་བསྟན་དང་བོད་མི་དམངས་ཀྱི་ཡིད་རྟོན་བསམ་བློ་དང་ཡིད་རྟོན་རིན་ཐང་ལྟ་བའི་གཞུང་ལུགས་འབྱུང་ཁུངས་དང་ཀུན་སྤྱོད་ལག་ཏུ་བསྟར་བའི་ཚད་གཞི་ཡིན་ལ།ནང་བ་སངས་རྒྱས་བ་ཀྲུང་གོ་ཆན་དུ་འགྱུར་བའི་བརྒྱུད་རིམ་གཙོ་བོ་དང་དེ་ལས་ནུས་པ་ཐོན་པའི་འབྲས་བུ་གལ་ཆེན་ཞིག་ཡིན་པ་མ་ཟད།བོད་བརྒྱུད་ནང་བསྟན་རང་རྟོགས་སྒོས་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ཐུབ་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པས་བོད་ཁུལ་ཡིད་རྟོན་སྤྱི་ཚོགས་དང་སྤྱི་དམངས་བདེ་ཐང་མི་ཚེ།ཡིད་རྟོན་རིན་ཐང་ལྟ་བ་བཅས་འཛུགས་སྐྲུན་བྱེད་པར་ཐུན་མོང་མ་ཡིན་པའི་ནུས་ཤུགས་དང་ཤན་ཤུགས་འདོན་ཐུབ།བདེ་ཐང་ཡར་ཐོན་གྱི་མི་ཚེ་ལྟ་བ་དང་རིན་ཐང་ལྟ་བ་ནི་འཆམ་མཐུན་དཔལ་ཡོན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་རྐྱེན་གལ་ཆེན་ཞིག་ཡིན་ཞིང་བདེ་ཐང་ཁྲིམས་མཐུན་དང་ཏིད་རྟོན་གྱི་སྤྱི་ཚོགས་ཞིག་ནི་རྒྱལ་ཁབ་འབྱོར་ཕྱུག་ལྡན་པའི་རྒྱུ་གཙོ་བོ་ཞིག་ཡིན།དེ་བས་བོད་བརྒྱུད་ནང་བསྟན་དགེ་བ་བཅུའི་ཁྲིམས་ནང་མཚོན་པའི་ཡིད་རྟོན་བསམ་བློ་བསྐོ་འདོན་དང་དག་བསྒྲིགས།བེད་སྤྱོད་ཡག་པོ་བྱ་རྒྱུ་ནི་རྒྱལགཁབ་དང་མི་རིགས།ཆོས་ལུགས་ཀུན་ལ་དོན་སྙིང་གལ་ཆེན་ཡོད་པ་ཞིག་རེད་དོ།།

 

དཔྱད་གཞིའི་ཡིག་ཆ།

(1) [ བཀའ་འགྱུར།  འདུལ་བ།  པ  ༡༣ འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གསུངས་པའི་སྨོན་ལམ།  དེབ།13-ལྡེབ།901 ]

(2) [ བསྟན་འགྱུར།  སྤྲིང་ཡིག  ངེ    ༡༨༨ དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ།  དེབ།96-ལྡེབ།632 ]

(3) [ བསྟན་འགྱུར།    འདུལ་བ།  དུ    ༡༦༥ སོ་སོར་ཐར་པའི་མདོའི་གཞུང་འགྲེལ།  དེབ།84-ལྡེབ།92 ]བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཆུ་བུར་མ་བྱུང་བའི་ཚེ་ན།    དེའི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་པས།བཅོམ་ལྡན་འདས་ཀྱིས་དེ་དག་ལ་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ།ཚིགས་སུ་བཅད་པ་གསུམ་གྱིས་བཏོན་པར་གྱུར་ཏེ།    སྡིག་པ་ཐམས་ཅད་མི་བྱ་སྟེ།།དགེ་བ་ཕུན་སུམ་ཚོགས་པར་བྱ།    །རང་གི་སེམས་ནི་ཡོངས་སུ་གདུལ།    །འདི་ནི་སངས་རྒྱས་བསྟན་པ་ཡིན།    །ལུས་ཀྱི་སྡོམ་པ་ལེགས་པ་སྟེ།    །ངག་གི་སྡོམ་པའང་ལེགས་པ་ཡིན།    །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ།    །ཐམས་ཅད་དུ་ནི་སྡོམ་པ་ལེགས།    །ཀུན་དུ་བསྡམས་པའི་དགེ་སློང་ནི།    །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།    །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ།    །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་།    །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ཏེ།    །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།    །ཞེས་བྱ་བའོ།    །

(4) [ བཀའ་འགྱུར།  རྙིང་རྒྱུད།  ག  ༡༠༣ ལྷ་མོ་སྒྱུ་འཕྲུལ་དྲ་བ་ཆེན་མོ་ཞེས་བྱ་བའི་རྒྱུད།  དེབ།103-ལྡེབ།16 ]

(5)[བསྟན་འགྱུར།སེམས་ཙམ།མི༡༤༠མདོ་སྡེ་རྒྱན་གྱི་འགྲེལ་བཤད།  དེབ།71-ལྡེབ།1318 ]

(6)劳政武《佛教戒律学》之佛教戒律在印度的形成与发展,53页。

(7)《摩奴法典》马秀雪汉译,1982年商务印书馆出版。

(8) [ བཀའ་འགྱུར།  མདོ་སྡེ།  ཏ  ༥༣ འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ།  དེབ།53-ལྡེབ།117 ]

སངས་རྒྱས་ཆོས་ལུགས་དགེ་བ་བཅུའི་ཁྲིམས་ལས་ཐོན་པའི་ཡིད་རྟོན་གྱི་བསམ་བློའི་སྐོར་རགས་ཙམ་དཔྱད་པ།།
Collection Modern Writing from Qinghai Province
Visibility Public - accessible to all site users
Author གདུགས་དཀར་ཚེ་རིང་།
Year published 2019
Original year published 2019
Language Tibetan
Subjects
Places
UID mandala-texts-51011
DOI
PDF View | PDF icon Download (134.36 KB)
Creative Commons Licence