ཕྲེང་བ་དམར་པོ་རྩོམ་སྒྲིག་ཁང་གིས།
དེ་ཡང་མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོ་སྐྱབས་རྗེ་བློ་བཟང་ཉི་མའི་གདན་ས་དམ་པ་འདི་ཉིད། རྨ་ཀློང་དལ་འབབ་རིང་མོའི་ འགྲམ་ངོགས་ནས་ཤར་ཕྱོགས་སུ་ལེ་དབར་སུམ་ཅུ་ལྷག་གིས་ཆོད་པའི་སར། དགེ་ལྡན་གྲུབ་སྡེ་སྲུང་པའི་གནས་བདག་ཆེན་པོ་དགེ་ བསྙེན་བློ་བཟང་བསྟན་སྐྱོང་གི་ཕོ་བྲང་རྡོ་རྗེ་འབར་བའི་གླང་ཆེན་འགྱིང་བ་ལྟ་བུ་རྒྱབ་རིའི་ཚུལ་དུ་ལྷུན་ཆགས་ཤིང་། དེའི་གཡས་སུ་ གནོད་སྦྱིན་དྲེགས་པ་ལྕམ་སྲིང་དངོས་སུ་འཁོར་ཞིང་བྲག་དམར་པོ་མཆོང་ལྡིང་ལྟ་བུའི་འདབས་རོལ་སུ་ཆགས་ཡོད་ལ། མཚན་ལ་ ཐིས་བ་བཀྲ་ཤིས་ཆོས་རྫོང་ངམ་དགའ་ལྡན་བཀྲ་ཤིས་གསུང་རབ་གླིང་་ཟེར་ཞིང་ཁྲི་ཀའི་དགོན་མ་ལག་ཉེར་ལྔའི་ཡ་གྱལ་དགེ་ལུགས་པའི་དགོན་པ་ཞིག་ཡིན།
དགོན་པ་འདི་ཉིད་སྔོན་སྟག་རི་བླ་མ་ཟེར་པས་རྐ་མགོ་ནང་དུ་རབ་ཕྱོགས་མེ་འབྲུག་༡༦༡༦་ཙམ་ལ་སྟག་རི་གྲྭ་ཚང་བཏབ་པ་ལ། དུས་ཕྱིས་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་སྒྱུ་མའི་རོལ་གར་ལྷོ་བྲག་སེང་གེ་རྒྱལ་མཚན་ཡུལ་འདིར་ཕྱག་ཕེབས་པས། སྟག་རི་བླ་མས་དགོན་གྲོང་བླ་གྲྭ་དང་བཅས་པ་རྗེ་འདིའི་ཕྱག་ཏུ་ཕུལ། མཐར་རབ་དྲག་མེ་གླང་༡༦༣༧ལོར་གནས་འདིར་གཟུགས་སྐུའི་བཀོད་པ་བསྡུས། དེ་ཉིད་ཀྱི་སྐུ་ཕྲེང་གཉིས་པ་རྗེ་བཙུན་དམ་པ་བློ་བཟང་ཉི་མ་མཆོག་ནི། ས་སྟག་ལོར་(༡༦༣༨)སྟག་རི་ཐིས་བ་ཚང་དུ་
འཁྲུངས་བར་བརྟེན། སྐུ་སྐྱེས་ཕྱི་མ་རྣམས་ལ་ཐིས་བ་ཞེས་པའི་མིང་ཆགས། རབ་དྲག་ཆུ་ཡོས་༡༦༦༣ལོར་ད་ལྟའི་དགོན་གནས་འདིར་གནས་སྤོས་ཏེ། ཐིས་བ་བཀྲ་ཤིས་ཆོས་རྫོང་ཕྱག་འདེབས་མཛད་ཅིང་བཅའ་ཡིག་ཆེན་མོ་མཛད། གནམ་བསྐོས་སའི་དབང་ཕྱུག་ཁང་ཞི་བདེ་སྐྱིད་རྒྱལ་བོས་ཨེར་ཏི་ནི་བློ་བཟང་ཉི་མ་ཞེས་མཛན་གྱིས་གཟེངས་བསྟོད། ལྕང་སྐྱ་རིན་པོ་ཆེས་དགོན་པའི་མཚན་ལ་དགའ་ལྡན་བཀྲ་ཤིས་གསུང་རབ་གླིང་ཞེས་གསོལ་ཞིང་གཟིགས་སྐྱོང་ཚད་མེད་གནང་།
བློ་བཟང་ཐུབ་བསྟན་གསལ་བྱེད་ཆོས་ཀྱི་ཉི་མ་མཆོག་ནི་སྐུ་གོང་མའི་ཚ་བོར་འཁྲུངས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་གཟིགས་ཤིང་། གྲུབ་པའི་གོ་འཕང་མཐོན་པོར་མངའ་བརྙེས། ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོས་འདི་བའི་ཞབས་ལ་གཏུགས་ཤིང་། ཁྲི་ཆེན་བསོད་ནམས་གྲགས་པ་ནས་བརྒྱུད་པའི་གཅོད་དབང་གསན། རྗེ་འདིའི་རིང་ལ་རྙེ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་ཉི་མས་བསྟན་འགྲོ་སྤྱི་ལ་སྨན་པར་དགོངས་ནས་བསྟན་སྲུང་དམག་ཟོར་མའི་གཏོར་སྒྲུབ་དང་འཆམ་པ་གྲྭ་ཚང་བཙུགས་གནང་མཛད་དོ། དེ་ལས་སྐུ་ཕྲེང་རིམ་བྱོན་མུ་ཏིག་གི་བསྟར་ལ་བརྒྱུས་འདྲར་བྱོན་པ་འདི་ལྟ་སྟེ།
སྐུ་ཕྲེང་བཞི་བ། རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན།
སྐུ་ཕྲེང་ལྔ་བ། དགེ་འདུན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན།
སྐུ་ཕྲེང་དྲུག་པ། དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ།
སྐུ་ཕྲེང་བདུན་པ། བློ་བཟང་ཐུབ་བསྟན་ཉི་མ།
འདི་འདྲའི་སྐྱེས་ཆེན་དམ་པ་དག་གི་གདན་ས་ཁྱད་པར་ཅན་འདིའི་ལྷ་རྟེན་འགངས་ཆེན་དང་གནས་ཀྱི་ཆེ་བ་སོགས་མཛད་འཕྲིན་རེ་རེ་ལོ་རྒྱུས་སུ་གསལ་ལ་མང་འགྲོ་བས་འདིར་བཀོད་མེད། སྡེ་འདིར་ད་དུང་ཐིས་བ་བླ་བྲང་དང་ཀུན་བཟང་བླ་བྲང་། སྒོ་མང་བླ་བྲང་། ཐར་ཤུལ་རིན་པོ་ཆེའི་གཟིམ་ཤག་སོགས་བླ་བྲང་དུ་མ་མཆིས་ཤིང་། བླ་མ་ཡང་ཐིས་བ་ཚང་དང་ཀུན་བཟང་ཚང་། གཅན་ཆ་ཚང་སོགས་ཡོད་ལ། སྡེ་འདི་ཕྱག་འདེབས་མཛད་ནས་ད་ལྟའི་བར་ལོ་༣༤༤ཙམ་སོང་ཡོད་་པ་དང་། ཆོས་སྐྱོང་རྣམས་ཀྱི་ལྷ་འཆམ་བཙུགས་ནས་ལོ་ངོ་ཉིས་བརྒྱ་སུམ་བཅུ་ཙམ་ཕྱིན་ཏོ།།