Skip to main content Skip to search
སྟག་རིག་གི་གཞོན་ནུ་མ་ཚོའི་ཁྲོང་ཙེ།

 ཁྲོང་ཙེ་ཞེས་པའི་ཐ་སྙད་འདི་ཐོག་མར་ལོ་ལོན་ཚོའི་ངག་ནས་ཐོས་ཤིང་། བར་དུ་རང་མཉམ་གྱི་ན་གཞོན་ཚོས་རྒྱུན་དུ་གླེང་། ད་ལྟ་ལོ་རྒྱུས་ཀྱི་གཏིང་རིམ་ལ་རིམ་གྱིས་ཡལ་བཞིན་པའི་ཐ་སྙད་གཞན་དག་དང་མཚུངས་པར་འཇིག་རྟེན་ཆེ་བས་འདིར་མི་གླེང་ཀ་མེད་བྱུང་།

  དེ་ཡང་རང་ཉིད་བྱིས་པའི་དུས། དྲིན་ཆེན་ཕ་མས་དབྱངས་རྟ་རུ་དྲངས་པའི་གཉིད་འགུག་གླུ་དབྱངས་ཀྱི་འགྱུར་ཁུག་རེ་རེ་ཁྲོད་ན་ཁྲོང་ཙེ་ཞེས་པའི་ཐ་སྙད་འདི་དྲོད་ལམ་ལམ་གྱིས་ཉལ་ཡོད་ཅིང་། བདེ་ལྷོད་ལྷོད་ཀྱིས་འཁྱིལ་ཡོད་ནའང་དེའི་གོ་དོན་ཅི་ཞིག་ཡིན་པ་ཡུན་རིང་མོ་ཞིག་ལ་རྟོགས་མ་ཐུབ། “ལོ་ལོ་ཡིན་ན་གཉིད་ལ་སྡོད།། གཉིད་ལ་སྡོད་དང་རྟ་ཞིག་སྟེར།། རྟ་ལ་སྒ་ཞིག་བསྟོད་ལ་སྟེར།། གནམ་གྱི་སྐར་མ་འཛིན་ལ་སྟེར།། ས་ཡི་མེ་ཏོག་འབལ་ལ་སྟེར།། ཙི་གུའི་རྔ་མ་གཅོད་ལ་སྟེར།། ར་ཐོང་རྒྱ་རིས་བཤའ་ལ་སྟེར།། མཁལ་མ་ཚིལ་གྱིས་བཏུམས་ལ་སྟེར།། ཁ་རྟེའུ་གོ་རྟེའུ་བསྲེགས་ལ་སྟེར།། གོ་རྟེའུ་བུ་ག་ཕུག་ལ་སྟེར།། མགར་བ་ཡོང་ན་གྲི་ཞིག་རྡུང་།། གྲིལ་གྲི་ཤུབས་བརྡུངས་ལ་སྟེར།། ཤིང་བཟོ་ཡོང་ན་ཁྲོང་ཙེ་ཕུབ།། ཁྲོང་ཙེ་གྲུ་བཞི་སྒོ་གཅིག་ལས།། སྒོ་དང་དྲ་མ་ཤིང་གིས་ལས།། ཟྭ་དང་ལྡེ་མིག་ལྕགས་ཀྱིས་ལས།།”དེ་དུས་ཁྲོང་ཙེ་ཞེས་པ་དེ་ཁང་བ་ཞིག་ཡིན་པ་ཤེས་པ་ལས། ཁང་བ་དེ་སུ་ཞིག་གི་ཡིན་པ་དང་ཅི་ཞིག་གི་ཆེད་དུ་ཡིན་པ་སོགས་གཏན་ནས་མ་ཤེས་པས། དུས་རྒྱུན་དུ་ཕ་མ་ལ་ང་ཡང་ལག་ཆགས་ན་ཁྲོང་ཙེ་ཡག་པོ་ཞིག་དགོས་ཞེས་ངན་ལང་ཐེངས་མ་བྱས།

   ད་ལྟ་བལྟས་ན། ཁྱིམ་ཚང་སུ་ཞིག་ལ་བུ་མོ་ཞིག་སྐྱེས་མ་ཐག་དེ་ལ་ཁྲོང་ཙེ་ཞེས་པའི་བུ་མོའི་གཟིམ་ཤག་ཅིག་གི་བཀོད་སྒྲིག་ཡོད་པ་དང་། བུ་མོ་དེ་རང་ལོ་བཅོ་ལྔ་སོན་རྗེས་ཁྲོང་ཙེ་དེ་ནི་འཇིག་རྟེན་གྱི་ཕོ་མོའི་བརྩེ་དུང་རུམ་སའི་གནས་མཆོག་དང་པོ་ཡིན་པ་དང་། འཇིག་རྟེན་སྣང་བའི་ས་བོན་གསང་བའི་སྒོ་ནས་འདེབས་སའི་ཞིང་ས་གཤིན་པོའང་དེ་ཡིན། དེ་བས། ཡར་སྔོན་གྱི་སྟག་རིག་སྡེ་བ་འདིར། ཁྱིམ་ཚང་རེ་ལ་བུ་མོ་རེ། བུ་མོ་རེ་ལ་ཁྲོང་ཙེ་རེ་མེད་པ་དཔེ་མི་སྲིད། ཁྱིམ་ཚང་ལ་ལར་བུ་མོ་གནས་འགྲོ་མ་གཉིས་གསུམ་རེ་ཡོད་ཚེ། དགོས་མཁོ་ལྟར་ཁྲོང་ཙེའང་གཉིས་གསུམ་རེ་ཡོད་པ་དང་། ཁྱིམ་ཚང་ལ་ལར་བུ་མོ་ཆེ་ཆུང་འགའ་རེ་ཡོད་ཀྱང་། སྔ་མ་སྔ་མའི་ཁྲོང་ཙེ་དེ་རྗེས་མ་རྗེས་མས་བེད་སྤྱོད་གཏོང་བཞིན་པའི་གནས་ཚུལ་ཀྱང་གང་མང་མཐོང་།

  དང་པོ། གཞོན་ནུ་མའི་ཁྲོང་ཙེའི་བཟོ་བཀོད།

ལོ་འདི་དག་གི་རིང་ལ་སྟག་རིག་གི་ཁང་བ་གསར་བཟོ་བྱེད་ཚུལ་ནི་འགྲན་རྩོད་རང་བཞིན་གྱིས་གཅིག་ལས་གཅིག་ལྷག་དང་གང་ལས་གང་ཆེ་འགྲན་བཞིན་གནའ་ཁང་ཐམས་ཅད་ཞིག་ནས་དེང་རབས་ཀྱི་ཁང་གསར་དང་ཐོག་ཁང་ཉིས་བརྩེགས་ཅན་དག་དག་བཟོ་བཞིན་ཡོད་པས། གཞོན་ནུ་མའི་ཁྲོང་ཙེ་དེ་དག་གང་ཞིག་ཏུ་བཀོད་སྒྲིག་བྱས་ཡོད་པ་དང་། ཇི་ལྟར་བཟོ་སྐྲུན་བྱེད་བཞིན་ཡོད་པའང་གསལ་བོར་ཤེས་མ་བྱུང་། དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས། ན་གཞོན་ཚོའི་ངག་ནས་ཁྲོང་ཙེ་ཞེས་པའི་ཐ་སྙད་འདི་གླེང་རྒྱུ་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་པར་བལྟས་ན། སྟག་རིག་གི་ཡུལ་མི་ཚོའི་འཚོ་བའི་ཁྲོད་ན་ཁྲོང་ཙེ་ཡི་གོ་ས་ཤོར་བཞིན་པ་དང་ཁྲོང་ཙེ་ཡི་བྱེད་ནུས་ཉམས་བཞིན་པའང་ཟུར་ནས་རྟོགས་ཐུབ། དེ་བས་རང་ཉིད་ན་གཞོན་དུས་ཀྱི་ཁྲོང་ཙེ་དེ་དག་གི་བཟོ་བཀོད་ཕྱིར་དྲན་ཙམ་སྨྲས་ན་འདི་ལྟ་སྟེ།

  ཁྲོང་ཙེ་ཕལ་ཆེར་རྒྱལ་སྒོའི་ནང་རོལ་གྱི་གཡས་གཡོན་དུ་བཟོས་ཡོད་པ་དང་། ཕ་མ་འདུག་སའི་ཉལ་ཁང་དང་འགྲུལ་བ་ཡོང་སའི་འགྲུལ་ཁང་དང་བར་ཐག་ཅུང་བཀྱེད་ནས་བཟོས་ཡོད། ཁྲོང་ཙེའི་ཕྱིའི་རྣམ་པ་ལ་འབུར་དུ་ཐོན་པའི་ཁྱད་ཆོས་ཆེར་མེད་ནའང་རྒྱལ་སྒོའི་ནང་རོལ་གྱི་གཡས་གཡོན་གང་རུང་ན་ཡོད་པའི་ཁང་བ་གྱན་གཅིག་སྒོ་གཅིག་མ་ཞིག་ཡིན་ཚེ། ཕལ་ཆེར་གཞོན་ནུ་མ་ཞིག་གི་ཁྲོང་ཙེར་ངོས་བཟུང་ཆོག་པ་རེད། ཁྲོང་ཙེ་ནི་ན་ཆུང་བུ་མོ་ཞིག་གི་གསང་བ་ཡོད་ཚད་སྦས་སྐུང་བྱེད་སའི་གནས་ཉག་གཅིག་པུ་ཡིན་པས། དོན་མེད་ཀྱི་མི་སུ་ཞིག་ཡིན་ཡང་དེའི་ནང་དུ་འགྲོ་མི་ཆོག ཁྱིམ་ཚང་གཅིག་གི་མི་ཡིན་ཡང་ཕ་མ་གཉིས་ལས་མ་སོང་ཆོག་པ་ལས་མིང་པོ་འགྲོ་མི་ཆོག་པའི་སྲོལ་ཡོད་དེ། ང་དང་ང་ལྟ་བུའི་གྲོགས་པོ་སྐོར་ཞིག་ཁྲོང་ཙེ་དྲོན་པོའི་ནང་ནས་གཉིད་ལ་ཤོར་ཏེ་ཕྱི་ཉིན་གྱི་ཉིན་གུང་བར་དུ་སྒོར་འབུད་མ་ཐུབ་པའི་ལོ་རྒྱུས་ཡོད་པས་གལ་ཏེ་སུ་ཡིན་གང་ཡིན་མེད་པར་ཁྲོང་ཙེ་ནང་དུ་སོང་ཆོག་པ་ཡིན་ཚེ། གཉིད་ཤོར་གྱི་གསང་བ་འདི་ད་བར་དུ་གསང་ག་ལ་ཐུབ།

  ང་རང་ན་གཞོན་ཡིན་པའི་སྐབས་དེ་དག་ཏུ། སྟག་རིག་སྡེ་བ་ཧྲིལ་བོའི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་པས། གཞོན་ནུ་མ་ཚོའི་ཁྲོང་ཙེའང་ཕལ་ཆེར་འདྲ་འདྲ་རེད། མང་ཆེ་བའི་ཁྲོང་ཙེ་ནང་དུ་སྲོལ་རྒྱུན་ལྟར་ཚ་ཐབ་རེ་ལས་ཏེ་རྫོང་ཁུང་ཕྱི་རུ་ཕུད་ཡོད་པ་དང་དུད་ཁུང་གྱང་ཁར་ཕུད་ཡོད། སྡེ་བའི་མི་རྣམས་ཀྱིས་དེ་ལ་ཧུ་ཙེ་ཟེར་བ་དང་། ཧུ་ཙེ་ཁོག་ཏུ་རུས་ལུད་དང་རྩྭ་ཆག་བརྫངས་ནས་མེ་སྒྲོན་རྗེས་ཞག་གང་བོར་ཚ་ལམ་ལམ་གྱི་དྲོད་ཁོལ་དེ་ནི་མི་ཚེ་གང་བོར་བརྗེད་ཐབས་མེད་པའི་བརྩེ་དུང་ཤིག་དང་མཚུངས། ཧུ་ཙེ་ལྟེ་མའི་ནང་དུ་གོན་རྒྱུ་འཇོག་བྱེད་ཀྱི་ཤིང་སྒམ་ཉིས་སྒོ་མ་རེ་བསྒྲིགས་རྒྱུ་ཡོད་མཁན་ནི་ཁྱིམ་ཚང་བཟང་ཤོས་ཡིན་པ་དང་། འགའ་རེས་གྱང་ངོ་ལ་ས་ཁུང་བརྐོས་ཏེ་འདམ་གཡུས་ཞིབ་མོ་བརྒྱབ་ནས་དེའི་ནང་དུ་ཉལ་གོས་དང་གོན་རྒྱུ་འཇོག་པ་རེད། ཧུ་ཙེ་སྟེང་དུ་བཏིང་བའི་གདན་ཆ་ལའང་འདྲ་མིན་སྣ་ཚོགས་ཡོད་དེ། འགའ་རེས་ཚ་ཐབ་སྟེང་དུ་ཐད་ཀར་དུ་གདན་ནག་རེ་བཏིང་ཡོད་པ་དང་དེའི་སྟེང་དུ་རས་གདན་ཡོད་མེད་གཉིས་ཀ་ཡོད། འགའ་རེས་གདན་ནག་སྟེང་དུ་གདན་དཀར་རེ་དང་དེའི་སྟེང་དུ་རས་གདན་ཡོད་མེད་གཉིས་ཀ་རེད། འབྲོག་པའི་བལ་གདན་སྟེང་དུ་ས་གདན་རེ་གཏོང་རྒྱུ་ཡོད་མཁན་ནི་ཁྱིམ་ཚང་བཟང་ཤོས་ཡིན་པར་མ་ཟད། གཞོན་ནུ་མ་ཞིག་གིས་ཁྱོད་ལ་བཤམས་པའི་ཆེས་གཟབ་རྒྱས་ཆེ་བའི་སྟོན་མོ་ཞིག་ཀྱང་ཡིན་པ་རེད།

  གཉིས་པ། གཞོན་ནུ་མའི་ཁྲོང་ཙེའི་བྱེད་ནུས།

 ཁྲོང་ཙེ་ཁང་བ་གྱན་གཅིག་ཡིན་ཡང་འཇིག་རྟེན་སྣང་བ་གང་མང་ཞིག་དེའི་ནང་དུ་སྦས་ཡོད། སྟག་རིག་གི་མེས་པོ་རྣམས་ཀྱིས་བུ་མོ་རེ་ལ་ཁྲོང་ཙེ་རེ་དང་ཁྲོང་ཙེ་རེ་ལ་གསང་བ་རེ་བསྐྲུན་ཡོད་པ་འདི་ནི་ཡབ་མེས་ཚོས་ང་ཚོར་བཞག་པའི་མི་ཡུལ་གྱི་གསང་བ་ཐོག་མར་སྒོམ་པའི་གཞོན་ནུ་མ་ཞིག་གི་གཏམ་རྒྱུད་ཡིན་ལ། གཏམ་རྒྱུད་ལས་འཕྲོས་པའི་མི་ཡུལ་གྱི་སྲོལ་བཟང་ཉམས་དགའ་བ་ཞིག་འདི་ལྟར་གསོན་ཉམས་ལྡན་པའི་ངང་ནས་མི་རབས་ནས་མི་རབས་ལ་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཀྱང་ཡིན་པ་རེད།

  སྟག་རིག་གི་བུ་མོ་རྣམས་རང་ལོ་བཅོ་ལྔ་ལ་བུད་མ་ཐག བློ་ཕ་ལ་མི་འདྲི་ཞིང་བྲོ་མ་ལ་མི་སློང་བའི་དུས་སུ་ཐོན་པར་ངོས་འཛིན་གྱིན་ཡོད་ལ། རང་ལོ་བཅོ་ལྔའི་སྟེང་ནས་བག་མགོ་བསླེས་ཏེ་བག་སྟོན་བྱེད་པའི་སྲོལ་ཡོད། དེ་ནི་བུ་མོ་འདི་རང་ལོ་བཅོ་ལྔར་ཐོན་བཞག་ཅེས་ཀུན་ལ་ཁྱབ་སྒྲོག་བྱེད་པའི་བྱ་ཐབས་ཤིག་ཡིན་པར་མ་ཟད། བུ་མོ་ནར་སོན་པ་དང་བག་ལ་འགྲོ་དགོས་པའི་དུས་སུ་བསླེབས་པ་སྟོན་པའི་དུས་སྟོན་ཞིག་ཀྱང་ཡིན་པས། འགའ་ཞིག་གིས་བུ་མོའི་སྐྲ་སྟོན་ཟེར་བ་དང་། ལ་ལས་བག་སྟོན་ཡང་ཟེར། གང་ལྟར་སྤྱི་ཚོགས་རྙིང་བའི་ནང་དུ་སྐྲ་སྟོན་མ་བྱས་པའི་བུ་མོ་ཞིག་ལོངས་སུ་སྤྱད་ན་ནག་ཉེས་སམ་མ་རུང་བར་བརྩི་བ་དང་། སྐྲ་སྟོན་བྱས་ཟིན་པའི་བུ་མོ་ཆུང་ཆུང་ཞིག་ལ་བཙན་གཡེམ་བྱས་ཀྱང་ནག་ཉེས་ལ་བརྩི་སྲོལ་མེད། དེ་བས་རང་ལོ་བཅོ་ལྔར་བུད་པའི་བུ་མོ་རྣམས་ལ་སྐྲ་སྟོན་ནམ་བག་སྟོན་བྱས་རྗེས། དགོང་མོ་ཉལ་ཁར་རིམ་གྱིས་ཕ་མ་དང་ཁ་བཀར་ནས་རང་རང་གི་ཁྲོང་ཙེ་ནང་དུ་ཉལ་དུ་འགྲོ་དགོས་པ་དང་། ཁྱིམ་གཅིག་ལ་བུ་མོ་ཆེ་ཆུང་གཉིས་རེ་ཡོད་ཚེ། བུ་མོ་ཆེ་བས་ཆུང་བ་དེ་ཁྲིད་ནས་ཁྲོང་ཙེ་ནང་དུ་ཉལ་ཏེ་བུ་མོ་ཁེར་ཉལ་བྱེད་སྲོལ་ལོབས་སུ་འཇོག་དགོས། འོན་ཀྱང་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་བུ་མོར་སྐྲ་སྟོན་བྱེད་སྲོལ་ཀྱང་འགྱུར་བཞིན་ཡོད་ལ། ཁྱིམ་ཚང་ལ་ལས་སྟབས་བདེ་ཡོང་ཆེད། བུ་མོ་ཆེ་བ་དེ་རང་ལོ་བཅོ་ལྔ་བུད་མ་ཐག ཆུང་བ་དེ་རང་ལོ་ལྔ་དྲུག་ཙམ་མ་གཏོགས་མེད་ཀྱང་གཅིག་སྐེ་གཅིག་ལ་སྦྱར་ནས་བུ་མོ་གཉིས་ཀ་ལྷན་དུ་སྐྲ་སྟོན་བྱེད་སྲོལ་ཞིག་དར་བཞིན་ཡོད། ཡང་ཁྱིམ་ཚང་འགའ་ཤས་ཀྱིས་བུ་མོ་རང་ལོ་དགུའམ་བཅུ་གཅིག་གམ་བཅུ་གསུམ། བཅོ་ལྔ་གང་རུང་དུ་སྐྲ་སྟོན་བྱེད་བཞིན་ཡོད་ལ། བཅུ་བདུན་ནམ་བཅུ་དགུའི་སྟེང་དུ་ཁ་གསབ་སྐྲ་སྟོན་བྱེད་པའང་ཡོད། དེ་དག་ནི་སྲོལ་རྒྱུན་བཟང་བོའི་བསྟན་བྱ་མ་གོ་བའམ་གོམས་སྲོལ་ལ་དོ་སྣང་མི་བྱེད་པར་རང་ཉིད་གཅིག་པུའི་དགོས་མཁོ་ལ་དམིགས་ནས་རང་སྣང་གང་ཤར་གྱིས་བྱས་པ་ཞིག་ཡིན་པ་ལས། སྡེ་བ་ཞིག་གི་ཡུལ་སྲོལ་མིན་ལ་མེས་པོ་རྣམས་ཀྱིས་བཞག་པའི་སྲོལ་རྒྱུན་དེ་བས་ཀྱང་མིན་པར་འདོད།

ཁྲོང་ཙེ་ཡིས་བུ་མོ་གཞོན་ནུ་མ་ཞིག་གི་ཕྱི་ལུས་ཀྱི་འབྱུང་གཞིའི་ཐད་ནས་ནར་སོན་ཏེ་རང་ཉིད་ཁེར་ཉལ་བྱེད་ཐུབ་པ་མཚོན་ཡོད་པར་མ་ཟད། ནང་སེམས་ཀྱི་འགྱུ་བག་ཁྲོད་ནས་གདམ་གསེས་བྱས་ཏེ་རང་མཉམ་གྱི་ཕོ་གསར་སུ་ཞིག་ལ་སྣང་བ་མཐུན་མིན་ཉམས་སད་བྱེད་ཐུབ་པའང་མཚོན་ཡོད།

  ཁྱིམ་ཚང་སུ་ཚང་གི་བུ་མོ་གང་ཞིག་ཁྲོང་ཙེ་ནང་དུ་ཉལ་བཞིན་ཡོད་མེད་དེ་སུ་ཡིས་མ་བསྒྲགས་གང་ལ་མ་བཤད་ཀྱང་། སྟག་རིག་ཕོ་གསར་ཚོའི་སེམས་སུ་ཁྲ་ཁྲིགས་སེ་ཡིན་པས། དགུང་ཕྱི་དྲོ་ཉི་མ་ནུབ་ཁ། ཆུ་ལེན་སའི་རྡོ་ཕྲེང་བར་མ་ནི་གཞོན་ནུ་ཕོ་མོ་ཚོས་ཕན་ཚུན་ལ་ཆུ་རྩེད་བྱས་ནས་དུངས་སེམས་སྟོན་པ་དང་འཆལ་རྟགས་བླངས་ནས་འཆལ་ཐིག་འཇོག་པའི་གནས་གལ་ཆེན་ཞིག་ཡིན། ད་རུང་ཟོག་བཙལ་སའི་ཞིང་ཚུགས་བར་དང་། གློག་བརྙན་བལྟ་སའི་གྲིབ་བསིལ་འོག་བཅས་ནི་གཞོན་ནུ་ཕོ་མོ་ཚོ་ལ་མཚོན་ན་ཆེས་བཟང་བའི་འཆལ་གཏམ་བཤད་ས་དང་འཆལ་ཐིག་འཇོག་ས་ཡིན་པས། གོ་སྐབས་འདི་སུས་ཀྱང་ཤོར་དུ་མི་འཇུག་པར་དེ་དགོང་སུ་ཚང་གི་ཁྲོང་ཙེ་ནང་དུ་འཛུལ་ནས་སུ་ཞིག་གི་རུམ་ཁ་དྲོན་མོ་དེ་ཇི་ལྟར་འབྱེད་དགོས་པའི་ཕྱོགས་སུ་སྔ་མོ་ནས་སྔོན་རྩིས་རབ་དང་རིམ་པ་མང་པོ་བརྒྱབ་ཡོད་པ་རེད། ཡིན་ན་ཡང་། ཉིན་དཀར་འཆལ་རྟགས་ལག་ནས་བརྗེ་རུང་། དགོང་མོ་འཆལ་ལན་གཏམ་གྱིས་འཇལ་དགོས་ཞེས་པའི་དཔེ་ལྟར། བུ་མོ་གཞོན་ནུ་མ་ཞིག་གི་མགོ་ནས་མགོ་དཀྲིས་འཕྲོག་པ་དང་ལག་ནས་གདུ་བུའམ་མཛུབ་དཀྲིས་འཕྲོག་སྟེ་འཆལ་རྟགས་ཙམ་ལེན་པ་ནི་སླ་མོ་ཞིག་ཡིན་ཡང་། འཆལ་རྟགས་དེ་ཕྱིར་བརྗེ་རྒྱུ་དང་བུ་མོ་གང་ཞིག་གི་སེམས་ཀྱི་སྒོ་གླེགས་རྡུང་ནས་སྣང་བ་མཐུར་མེད་ཀྱི་རྟ་ཕོ་བློ་ཡན་པོ་དེ་འཛིན་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། ཁྱོད་ཀྱི་བརྩེ་དུང་གི་མདའ་མོ་དེ་མེ་ཏོག་གི་གཞུ་རྒྱུད་ལ་དྲངས་ནས་བུ་མོ་སུ་ཞིག་གི་སྙིང་ཁོང་རུས་པའི་སྟེང་དུ་འཕངས་ཤིང་ཕོག་ཡོད་པ་ཞིག་ཡིན་ཚེ། ཁྱོད་ནམ་སོང་ཡང་ཤིང་ཁྲོང་ཙེའི་སྒོ་མོ་རང་ཕྱེས་དང་རུམ་དྲོན་མོའི་རུམ་ཁ་རང་འབྱེད་ཡིན་མོད། དེ་ལས་ལྡོག་སྟེ། ཁྱོད་རང་བུ་མོ་དེར་གསལ་ཆ་ཆེར་མེད་པའམ་ཡང་ན་བུ་མོ་དེར་ཡིད་མཐུན་གྱི་འགྲོག་བཟང་གཞན་པ་ཡོད་པ་ཞིག་ཡོད་ཚེ། ཁྲོང་ཙེ་སྒོ་བཙན་གྱིས་ཕྱེས་ས་གཏན་ནས་མི་འགྲོའོ།།

དེ་ཡང་བུ་མོ་གཞོན་ནུ་མ་ཞིག་གི་སེམས་ཀྱི་རྒོད་པོ་ནང་ལ་བཀུག་ནས་ཁྲོང་ཙེ་སྒོ་མོ་རང་ཤུགས་ཀྱིས་འབྱེད་བྱེད་ཀྱི་ཐབས་ལམ་བདུན་ཡོད་དེ། རྒྱང་རིང་ནས་འཕྲེད་གླིང་འབུད་པ། ཉེ་གམ་དུ་ལ་གཞས་ལེན་པ། སྒོ་ཁར་བཅར་ནས་སྒོ་གཏག་པ། ཁྲོང་ཙེ་སྟེང་དུ་རྡེའུ་འཕེན་པ། སྣ་ཚོགས་གཏམ་གྱིས་ཡིད་འཕྲུལ་དུ་འཇུག་པ། ཁྲ་ཁྲ་རིག་རིག་གིས་མིག་འཕྲུལ་དུ་འཇུག་པ། ཞིམ་པོ་མངར་མོ་བྱིན་ནས་སེམས་འཕྲུལ་དུ་འཇུག་ཐུབ་པ་ཞིག་ཡིན་དགོས་ཤིང་། ཐབས་ལམ་བདུན་པོ་དེ་རེ་རེ་བཞིན་སྤྱོད་ཡུལ་དུ་གྱུར་བའི་བུ་མོ་གཞོན་ནུ་མ་གང་ཞིག་ཇི་འདྲའི་བརྟན་ཚིགས་ཅན་ཞིག་ཡིན་རུང་། མཐའ་མར་བརྟན་ཚིགས་གངས་རི་འདྲ་བོ་ཉི་མས་ཞི་བ་དང་དམ་བཅའ་བྲག་རི་འདྲ་བོར་ས་ཡོམ་རྒྱུགས་པ་ལྟར་རྨེག་མེད་དུ་གྱུར་ནས། རང་འགུལ་གྱིས་རྒྱལ་སྒོའི་ལྕགས་ལུང་ཐགས་སེ་ཕྱེས་པ་དང་ཁྲོང་ཙེ་སྒོ་ལུང་ལྷོད་སེ་ཕྱེས་ཏེ་ཁྱོད་ལ་རུམ་ཁ་དྲོན་མོ་ཞིག་དང་སེམས་པ་སྙི་མོ་ཞིག་སྟེར་བ་ཁོ་ཐག་ཡིན།

 ཁྲོང་ཙེ་ནི་ན་གཞོན་ཕོ་མོ་ཚོར་ཁོ་ནར་དབང་བའི་སེམས་ཀྱི་གཏམ་བརྗེ་ས། ལུས་ཀྱི་དྲོད་བརྗེ་ས། མ་འོངས་པའི་འཚོ་བ་ལ་སྔོན་བཀོད་བྱེད་ས། ལྷད་མེད་ཀྱི་བརྩེ་དུང་གི་རི་མོ་འབྲི་ས་བཅས་ཡིན་པར་མ་ཟད། འཇིག་རྟེན་སྣང་བ་བརྩད་ནས་རྒྱག་རེས་བྱེད་ས། ཧྲི་སྡེ་ཞི་ལི་བདའ་ན་སྦས་སྐུང་བྱེད་ས། རང་སྡེ་ཞི་ལི་ཆ་བོས་ཆང་མཚང་བརྟོལ་ས་ཞིག་ཀྱང་ཡིན་པས། ཁྲོང་ཙེ་ནི་བརྡ་རྙིང་ཞིག་ཡིན་ལ། ཁྲོང་ཙེ་ནི་གཏམ་རྒྱུད་ཅིག་གི་ཁ་བྱང་ཡང་ཡིན། སྨྲས་པ།

 སྟག་རིག་སྡེ་བ་ཧྲིལ་བོར་ཁྲོང་ཙེ་བརྒྱ་དང་བརྒྱད་ཅུ་ཡོད་ན་འགྲིག་ཅིང་།། ཁྲོང་ཙེ་བརྒྱ་དང་བརྒྱད་ཅུར་མེད་རུང་བརྒྱད་ཅུ་ཐམ་པ་ངེས་པར་ཚང་དགོས།། ཁྲོང་ཙེ་བརྒྱད་ཅུ་ཐམ་པའི་ནང་ན་བུ་མོ་བརྒྱད་ཅུ་ཡོད་ན་འགྲིག་ཅིང་།། བུ་མོ་བརྒྱད་ཅུ་ཐམ་པའི་སེམས་ན་ཕོ་གསར་བརྒྱད་ཅུ་ངེས་པར་ཡོད་དགོས།། ཡར་རྩིས་མར་རྩིས་བྱས་ན་ལོ་ངོ་སུམ་ཅུ་ཐམ་པའི་སྔོན་རེད།། ཕར་འདེད་ཚུར་འདེད་བྱས་བྱས་ན་མི་ཚེ་ཐུང་ཐུང་ཞིག་གི་ནང་རེད།། མི་ཚེ་འགྱུར་ལྡོག་ཆེ་བ་ཕོ་རོག་གྲམ་པའི་ནང་གི་ཆུ་རེད།། འགྱུར་རྒྱུ་ཅི་ཡང་མེད་པ་ཁྲོང་ཙེ་ཆུང་ཆུང་ནང་གི་འདང་རེད།། ཁྲོང་ཙེ་ཆུང་ཆུང་ཞིག་ནས་གཏོར་བ་མི་ཚེའི་རྨུ་ཐག་གཅོད་པའི་རྟགས་རེད།། འདང་དང་ཞེ་བརྩེ་བརྩི་མཐོང་མེད་པ་དེང་རབས་བཟའ་ཟླ་ཀུན་གྱི་དཔེ་རེད།། གཞུག་མ་གཞུག་མའི་བདེ་སྡུག་བསམ་ན་སྔུན་མ་སྔུན་མའི་ཉམས་མྱོང་གླེང་དགོས།། སྔོན་མ་སྔོ་མའི་ཉམས་མྱོང་ནང་ན་གཞུག་མ་གཞུག་མའི་རྒྱགས་ཕྱེ་སྐུང་ཡོད།། ཁྲོང་ཙེ་ཆུང་ཆུང་དེ་དག་ནང་དུ་ན་ཆུང་བུ་མོའི་རྨི་ལམ་བཏབས་ཡོད།། རྨི་ལམ་འདེབས་སའི་ཞིང་སའང་མེད་ཚེ་ཡ་རབས་བུ་མོ་ཇི་ལྟར་སྨིན་དགོས།། ཁྲོང་ཙེ་ཆུང་ཆུང་འདང་མེད་པོ།། ན་ཆུང་གཞོན་ནུའི་རྩེད་ར་ཡིན།། རྩེད་ར་མེད་པའི་ན་ཆུང་ལ།། འདང་ལག་རྒྱས་རུང་ཕྱིར་ཆགས་མེད།། ཕྱིར་ཆགས་མེད་པའི་མི་བུ་དེ།། ནམ་འཕང་གཅོད་པའི་བྱ་རྒོད་བཞིན།། གཞན་གྱི་ཡུལ་དུ་འཕུར་འགྲོ་བས།། ཕྱིར་ཆགས་བརྩེ་སེམས་ཤིན་ཏུ་གལ།།

 

སྟག་རིག་གི་གཞོན་ནུ་མ་ཚོའི་ཁྲོང་ཙེ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Trashi Tsering
Year published 2018
Subjects
Places
UID mandala-texts-49941
DOI
PDF View | PDF icon Download (85.62 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence