Skip to main content Skip to search
སྟག་རིག་གི་འཁྱིག་གི་རིག་གནས་ལ་ཐོག་མར་དཔྱད་པ་བྱིས་པའི་རྩེད་འཇོ།

བརྗོད་བྱ་གཙོ་བོ། འཁྱིག་ནི་ཁྲིམས་ཀྱི་བརྡ་རྙིང་ཡིན་ལ།  སྒྲིག་ལམ་བཅའ་བ་དང་ཆད་པ་གཅོད་པའི་དོན་ལ་འཇུག      དེ་བས་སྟག་རིག་གི་འཁྱིག་འཇོག་པའི་རིག་གནས་འདི་ལའང་བོད་ཀྱི་ཡུལ་ཁྲིམས་དང་ཡུལ་སྲོལ་གཞན་དག་དང་མཚུངས་པར་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པ་མ་ཡིན་པར།   ས་གནས་དེའི་དམངས་ཁྲོད་ནས་དར་ཞིང་ས་གནས་དེ་གའི་མི་དམངས་མང་ཚོགས་ལ་ཞབས་འདེགས་སྒྲུབ་བཞིན་པའི་ཁྱད་ཆོས་འབུར་ཐོན་ཡོད།

བརྡ་ཆད་གཙོ་བོ།   སྟག་རིག       འཁྱིག        དཔྱད་པ།   

         སྟག་རིག་ནི་བོད་ཁམས་ཀྱི་ལུང་བ་གཞན་དག་ཏུ་རྒྱུགས་ཆེ་བའི་ཡུལ་སྲོལ་གོམས་གཤིས་སྣ་ཚོགས་འདུ་སའི་གཞོངས་པ་ཞིག་ཡིན་ལ།    སྲོལ་རྒྱུན་རིག་གནས་ཀྱི་དཔངས་མཐོ་ཞིང་དེང་རབས་རིག་གནས་ཀྱི་བང་མགྱོགས་པའི་སྡེ་བ་ཡ་རབས་ཤིག་ཀྱང་ཡིན།   ཡ་རབས་སྡེ་བ་ཞིག་ལ་མཚོན་ན།   ཡ་རབས་ཀྱི་རྒྱུན་མ་ཆད་ཟོ་ཆུན་འཁྱུད་མོ་བཞིན་སྐྱོང་བའི་ཐབས་དམ་པ་སྣ་ཚོགས་ཡོད་མོད་ཀྱང་།  ཡབ་མེས་གོང་མ་རྣམས་ཀྱིས་བཞག་པའི་སྟག་རིག་གི་འཁྱིག་གི་རིག་གནས་འདི་ནི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཏུ་བརྩི་དགོས་སྙམ།    དེ་བས་འདིར་བརྗོད་པར་བྱ་བ་ལ་འཁྱིག་གི་མཚན་ཉིད་དང་ཁྱད་ཆོས།  དབྱེ་བ།   གནས་བབས་བཅས་བཤད་པ་ལས།

དང་བོ།    འཁྱིག་གི་མཚན་ཉིད་བཤད་པ།

      ཚིག་ངོས་ནས་བལྟས་ན་འཁྱིག་ནི་མི་ཕྱུགས་ཀྱི་རྐང་ལག་ཐག་པས་བསྡམས་པའི་དོན་ཏེ།    བྱེད་འབྲེལ་ལས་ཚིག་ད་ལྟ་བའི་ཡི་གེ་ཡིན།  འདས་པ་ལ་བཀྱིགས་དང་སྐུལ་ཚིག་ལ་ཁྱིགས་འབྲི་སྲོལ་ཡང་ཡོད།  《སྔ་རབས་བོད་ཀྱི་སྲིད་ཁྲིམས་》ཞེས་པའི་ཡིག་ཚང་ལས་ཀྱང་“བཟུང་བཀྱིགས་བཅད་ཀྱི་ཞལ་ལྕེ།  ” ཞེས་“བཀྱིགས་”ཀྱི་ཡི་གེ་དེ་བྱུང་མྱོང་བ་དང་།    ཏུང་ཧོང་ཡིག་རྙིང་ལས་“གྲིམས་”དང་“ཁྲིམས་”ཞེས་པའི་ཡི་གེ་ཐེངས་མང་འབྱུང་བཞིན་ཡོད།   དེར་བལྟས་ན།   བཀྱིགས་དང་འཁྱིག     གྲིམས་དང་ཁྲིམས་ལས་སོགས་པའི་ཡི་གེ་དེ་དག་ནི་དུས་རབས་མི་འདྲ་བ་དང་ས་གནས་མི་འདྲ་བའི་ནང་བོད་ཀྱི་ཐ་སྙད་མི་འདྲ་བ་རྣམ་པ་སྣ་ཚོགས་བྱུང་ཡོད་པ་དང་།  དོན་གཅིག་མིང་གི་གྲངས་ཙམ་ཡིན་པ་མཚོན་ཐུབ།    འདིར་བཤད་པ་ནི་ཡི་གེ་དེའི་ཤུགས་བསྟན་གྱི་དོན་དེ་མིའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་པ་དང་སྒྲིག་ལམ་བཅའ་བའི་དོན་ལའང་འཇུག                                                                                                                    

སྟག་རིག་གི་རྒན་པ་ཚོས་རྩྭ་སར་དོ་དམ་བྱེད་པའི་བྱ་སྤྱོད་ལ་རྩྭ་འཁྱིག་ཟེར་བ་དང་།   ཞིང་སར་དོ་དམ་བྱེད་པའི་བྱ་སྤྱོད་ལ་ཞིང་འཁྱིག་ཟེར།  ད་རུང་ཡུར་ཆུ་འདྲེན་པའི་སྒྲིག་ལམ་ལ་ཆུ་འཁྱིག་དང་ངག་འཁྱལ་འགོག་པའི་སྒྲིག་ལམ་ལ་ཁ་འཁྱིག་ཟེར་བའང་ཡོད་པས།   འདིའི་སྐབས་ཀྱི་འཁྱིག་ནི་ཁྲིམས་དང་སྒྲིག་ལམ་ལ་འཇུག་པ་གསལ་བོར་མཚོན་ཡོད།  བོད་ཀྱི་ཁ་དཔེར་ཡང་ལུང་རེ་ན་ཆུ་རེ།  སྡེ་བ་རེ་ལ་དཔེ་རེ་ཟེར་བ་ལྟར།  སྟག་རིག་གི་དཔེ་ལྟར་ན།  འཁྱིག་ནི་ཁྲིམས་དང་སྒྲིག་ལམ་བཅའ་བའི་དོན་ཡིན་ནོ། 

གཉིས་པ།     འཁྱིག་གི་ཁྱད་ཆོས་བཤད་པ། 

        སྟག་རིག་གི་འཁྱིག་ནི་མེས་པོ་གོང་མ་ཚོས་བཞག་པའི་སྲོལ་རྒྱུན་གྱི་ཤུལ་ནོར་ཡིན་པས།   ལོ་རྒྱུས་རིང་ཞིང་གསོན་ཤུགས་རྒྱས་པ།   མགོ་རྔ་ཚང་ཞིང་ལག་ལེན་བྱེད་བདེ་བ། གནའ་དེང་རིག་གནས་ཀུན་ལ་མཐུན་པ་བཅས་ཀྱི་ཁྱད་ཆོས་ཡོད་དོ།

      གཅིག     སྟག་རིག་གི་འཁྱིག་ལ་ལོ་རྒྱུས་རིང་ཞིང་གསོན་ཤུགས་རྒྱས་པའི་ཁྱད་ཆོས་ཡོད་དེ།   སྟག་རིག་གི་དགོན་འགབ་མ་ཐིས་པ་བློ་བཟང་ཆོས་ཀྱི་ཉི་མའི་གདན་ས་སྟེ་ཐིས་པ་ཆོས་རྫོང་གི་གདན་རབས་ལོ་རྒྱུས་ལྟར་ན།   མ་མཐའ་ཡང་ལོ་ངོ་སུམ་བརྒྱ་ཡར་སྔོན་དུ་སྟག་རིག་སྡེ་བ་འདི་ཆགས་ཡོད་པ་དང་།   མེས་པོ་རྣམས་ཀྱིས་སྔ་མོ་ནས་རི་ལ་ཕྱུགས་འཚོས།  ཞིང་ལ་ས་བོན་བཏབས་ནས་རོང་འབྲོག་གཉིས་ཀའི་ལས་ཀ་བྱེད་བཞིན་ཡོད་པས། འཁྱིག་གི་རིག་གནས་འདི་དེ་དུས་ནས་དར་ཡོད་པ་ཤེས་ཐུབ།  བཅིངས་གྲོལ་བྱས་རྗེས།    ཏང་གི་མི་རིགས་སྲིད་ཇུས་ཀྱི་དྲོད་འཁོལ་གྱི་ཆབ་རྒྱུན་རིང་མོས་མཐོ་སྒང་གི་རི་ལུང་ཐམས་ཅད་ཡང་དང་ཡང་དུ་བརླན་པར་བྱེད་པའི་སྐབས་སུའང་།  སྟག་རིག་གིས་ཤར་ནས་ཤར་གདོང་དང་རེ་ལུང་།  ལྷོ་ནས་དཀར་འཇམ་དང་ནགས་གདོང་།    ནུབ་ནས་ཀ་ཙེ་ཐང་དང་སྒམ་ལུང་མཐིལ།   བྱང་ནས་ར་སྡུག་ནང་དང་ཨ་སྐོང་ལབ་རྩེ་བར་བཅས་ཀྱི་ས་མཚམས་དང་ཆུ་མཚམས་ལ་ཐོ་བསླངས་ནས་ཆུ་ལ་ཁ་བདག་དང་ས་ལ་རང་བདག་བྱེད་པའི་ཡུལ་སྲོལ་མ་ཉམས་གསོན་པོར་ཡོད།    བོད་ཀྱི་ཁ་དཔེར།   ས་རྒྱལ་བོའི་ས་དང་ཆུ་བཙུན་མོའི་ཆུ་ཞེས་ས་དང་ཆུ་ནི་མི་སྒེར་ལ་མི་དབང་བར་གཞུང་ལ་དབང་བ་སྔ་མོ་ནས་བཤད་ཡོད།    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུའང་ས་དང་ཆུ་ནི་རྒྱལ་ཁབ་དང་ཐུན་མོང་ལ་དབང་བ་ལས་མི་སྒེར་སུའང་མི་དབང་ཞེས་ཐག་གཅོད་བྱས་ཡོད་པ་རེད།   དེས་ན་སྟག་རིག་གིས་རང་གི་སྡེ་བ་སྤྱི་ལ་དབང་བའི་ཐུན་མོང་གི་ས་དང་ཆུ་ལ་ཇི་ལྟར་སྲུང་སྐྱོབ་བྱེད་པ་ཡིན་ནམ་ཞེ་ན།  སྟག་རིག་གི་མེས་པོ་ཚོས་གནའ་སྔ་མོ་ནས་རྩྭ་འཁྱིག་ཆུ་འཁྱིག་ཞིང་འཁྱིག་ཟེར་བའི་ཡུལ་ཁྲིམས་གཞན་དྲིང་མི་འཇོག་པ་ལ་བརྟེན་ནས།  རང་ས་རང་གིས་བདག་སྐྱོང་བྱེད་བཞིན་ཡོད་དོ། 

གཉིས།   སྟག་རིག་གི་འཁྱིག་ལ་མགོ་རྔ་ཚང་ཞིང་ལག་བསྟར་བྱེད་བདེ་བའི་ཁྱད་ཆོས་ཡོད་དེ།   ལོ་རེའི་ཧོར་ཟླ5ཚེས5ཉིན་ནི་སྟག་རིག་གིས་འཁྱིག་སྣ་ཚོགས་དག་སྒྲིག་བྱེད་པའི་ཉིན་མོ་ཡིན་ལ།  ཉིན་དེར་སྟག་རིག་སྡེ་བ་ཡོངས་ཀྱི་སྐྱེ་ཕོ་མོ་རྒན་དར་གཞོན་གསུམ་ཚང་མ་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་ལྷ་ཁང་དུ་སོང་ནས་ར་མགོ་དང་ར་སྙིང་།   ར་ཁྲག   ར་ཚིལ་བཅས་ཀྱིས་བསུར་མཆོད་བྱེད་ཅིང་།   ནས་དང་ཤིག་པ།   རྩམ་པ།   བུ་རུམ་བཅས་ཀྱིས་བསངས་མཆོད་འབུལ།  དགེ་སློང་ཞིག་གིས་ཡུལ་ལྷའི་བསྐང་བཤགས་འདོན་པ་དང་སྡེ་མི་ཡོངས་ཀྱིས་བསངས་མཆོད་དང་།   སྐྱབས་འཇུག་རྒྱ་ཆེན་པོ་ཞུས་ཏེ།   ཉིན་དེ་རིང་ནས་བཟུང་སྟེ་སྟག་རིག་གི་མི་ལ་ན་ཚ་མི་ཡོང་རྒྱུ།  ཕྱུགས་ལ་གོད་ཁ་མི་འོང་རྒྱུ།    ཞིང་ལ་ཐན་པ་མི་འབྱུང་རྒྱུ།    སད་དང་སེར་བས་མི་བཅོམ་རྒྱུ།    ལྷ་རྒན་ཁྱེད་ལ་བསྟད་པ་ཡིན་ཞེས་ཡང་དང་ཡང་དུ་བཟློས་བརྗོད་ཀྱིས་ཡུལ་ལྷའི་ལྷ་ཁང་ལ་བསྐོར་བ་ལན་གསུམ་བྱས་རྗེས།   བཟུར་མཆོད་ལ་ཕུལ་བའི་ར་དེའི་སུག་ཏི་བཞི་བོ་སྔགས་སྒྲུབ་གང་ལེགས་བྱས་ཡོད་པ་དེ།   བྱ་མ་རྟ་ཡི་འཕྲུལ་རྟའི་ཕོངས་ནས་འཁྱེར་ཏེ།  སྡེ་བའི་ཤར་ཕྱོགས་ཀྱི་སེར་ཐོ་སློང་སའི་སྒང་ལ་བསླངས་ཡོད་པའི་སེར་ཐོའི་རྒྱབ་ཏུ་བཏགས་ནས།  བསང་མཆོད་དང་བསྟད་གཉེར་གང་ལེགས་བྱེད་སྲོལ་ཡོད།   ཉིན་དེར།   སྡེ་བའི་རྒན་གསུམ་དང་འགོ་བ།  གཉེར་བ།    སྡེ་དམངས་ཨུ་ཡོན་ལྷན་ཁང་གྱི་ཁོངས་མི་བཅས་ཚང་མ་ལྷན་དུ་འཛོམས་ནས་ལོ་དེའི་དུས་ཆེན་དང་བྱ་འགུལ་སྣ་ཚོགས།   འཁྱིག་བདག་དང་ཆུ་དཔོན།   ལས་སྣེ།    ཡར་གྱི་འབུལ་ཟོག་དང་མར་གྱི་ཆད་པ་ལ་སོགས་པ་གང་ལ་ཅི་མཚམས་ཀྱི་གྲོས་བྱས་ཏེ་ཐག་གཅོད་བྱེད་པ་དང་།   གྲོས་ཐོག་ནས་ཐག་བཅད་པ་རྣམས་གཡོ་ཟོལ་མེད་པར་ལག་བསྟར་བྱ་དགོས་ཟེར།  

     ཉིན་དེ་ནས་བཟུང་སྟོན་ཟླ་ར་བའི་བར་དུ།    སྟག་རིག་གི་སྐྱེ་ཕོ་མོ་རྒན་དར་གཞོན་གསུམ་སུ་ཡིན་རུང་ཞིང་ཁར་ཟོར་བ་ཁྱེར་མི་ཆོག་པ་དང་།   ཞིང་ཁ་ནས་རྩྭ་བྲེག་མི་ཆོག་པ་ལ།   སྒོ་ཕྱུགས་གང་ཡང་ཞིང་ཁར་ཁྲིད་མི་ཆོག

གཞན་གྱི་འགྲུལ་བ་མགྲོན་པོ་དང་བཤས་ཟོག་དང་ཚོང་ཟོག་ཅི་རིགས་ལམ་དུ་བགྲོད་སྐབས་ཀྱང་སྟག་རིག་གི་ཞིང་ནང་གི་ལོ་ཏོག     རི་མགོའི་རྩྭ་ཏོག་ལ་གནོད་པ་ཅི་ཡང་བྱས་མི་ཆོག     གལ་ཏེ་སྒོ་ཕྱུགས་དང་ཆིབས་རྟ།   ཁལ་མ་བཅས་ལ་བདག་སྐྱོང་ལེགས་པོ་མ་བྱས་པར་སྟག་རིག་གི་ལོ་ཏོག་དང་རྩྭ་བཀག་ལ་གནོད་སྐྱོན་བཏང་ཚེ།   ཞིང་ལ་“ཞིང་ཁྲིམས་”དང་རྩྭ་ལ་“རྩྭ་འཁྱིག་”འཛིན་པའི་དཔེ་ཡོད།  

གསུམ།   སྟག་རིག་གི་འཁྱིག་ལ་གནའ་དེང་རིག་གནས་ཀུན་ལ་མཐུན་པའི་ཁྱད་ཆོས་ཡོད་དེ།   འཁྱིག་དང་བཀྱིགས་ལ་སོགས་པ་ནི་བོད་ཀྱི་སྲོལ་རྒྱུན་ཡུལ་ཁྲིམས་ལས་བྱུང་བའི་ཐ་སྙད་ཡིན་ཡང་།  ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་བཞུར་རྒྱུན་ལས་དུས་རབས་ཀྱི་འགྲོས་དང་བསྟུན་ནས།   ཐ་སྙད་དེ་དག་གི་མཚན་ཉིད་དང་གོ་དོན་ལའང་གང་ལ་གང་འཚམས་ཀྱི་འགྱུར་ལྡོག་རེ་བྱུང་ནས།   ད་ལྟའི་གནས་བབས་དང་མཐུན་པའི་ས་གནས་ག་གེ་མོ་ཞིག་གི་ཡུལ་སྲོལ་ལམ་དམངས་སྲོལ་གྱི་གོ་དོན་ཞིག་ཆགས་འདུག      དམངས་སྲོལ་ཞིག་ཡིན་པའི་ཆ་ནས་བཤད་ན།   སྟག་རིག་གི་འཁྱིག་གི་སྐོར་ནི་མི་རིགས་ཤིག་གི་རིག་གནས་དང་དཔལ་འབྱོར།  སྤྱི་ཚོགས་ཀྱི་གནས་བབས་དང་ཚོགས་པ་གང་ཞིག་གི་སེམས་ཁམས་བཅས་གསལ་བོར་མཚོན་པའི་མེ་ལོང་ཞིག་ཅི་ལ་མ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》་ཀྱི་དོན་ཚན་བཞི་བར་“མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་དར་སྤེལ་བྱེད་པའི་རང་དབང་ཡོད་ལ།   རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་བཅོས་དང་རྒྱུད་འཛིན་བྱེད་པའི་རང་དབང་ཡང་ཡོད་”ཅེས་གཏན་འབེབས་བྱས་ཡོད་པ་དེས་སྟག་རིག་གི་ཡུལ་སྲོལ་གོམས་གཤིས་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་པ་མཚོན་ཡོད།   ཡུལ་སྲོལ་གོམས་གཤིས་ཡིན་ཕྱིན་རང་གིས་རང་ལ་བསྒྱུར་བཅོས་མ་བྱས་ན་གཞན་པས་བཙན་གྱིས་བསྒྱུར་བཅོས་མི་བྱེད་པ་ནི་རྩ་ཁྲིམས་ཀྱི་བསྟན་སྙིང་ཡིན།   དེ་བཞིན་དུ་2017ལོའི་ཟླ3པའི་ཚེས་15ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་ཞིང་།  ལོ་དེའི་ཟླ10བའི་ཚེས1ཉིན་དངོས་སུ་ལག་ལེན་བྱས་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ་》གྱི་དོན་ཚན་བཅུ་བ“དམངས་དོན་རྩོད་གཞི་ཐག་གཅོད་བྱེད་སྐབས་ངེས་པར་དུ་བཅའ་ཁྲིམས་གཞིར་འཛིན་དགོས་ཤིང་།   བཅའ་ཁྲིམས་ནང་དུ་གཏན་འབེབས་བྱས་མེད་ཚེ།  ཡུལ་སྲོལ་གོམས་གཤིས་ལྟར་ཐག་གཅོད་བྱེད་དགོས།   འོན་ཀྱང་མི་ཆོས་རྒྱུ་འབྲས་དང་འགལ་མི་ཆོག་”ཅེས་གཏན་འབེབས་བྱས་ཡོད་པ་ལྟར་ན   རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་དུ་ད་རུང་ཚུད་མེད་པའི་སྟག་རིག་གི་འཁྱིག་དང་དེ་འབྲེལ་གྱི་ཡུལ་སྲོལ་གོམས་གཤིས་དག་ནི་མི་ཆོས་དང་མ་འགལ་ཞིང་རྒྱུ་འབྲས་དང་མཐུན་ཚེ།  ས་གནས་ཀྱི་ཁ་མཆུ་རྩོད་གླེང་ཐག་གཅོད་བྱེད་པའི་གཞི་འཛིན་ས་རུ་དྲངས་ཆོག་པས།  དེ་དང་དེ་ལྟ་བུའི་ཡུལ་སྲོལ་ནི་ཁྲིམས་མཐུན་དང་ལུགས་མཐུན་ཡིན་པ་གསལ་བོར་བསྟན་ཡོད། 

གསུམ་པ།   འཁྱིག་གི་དབྱེ་བ་བཤད་པ། 

སྟག་རིག་གི་འཁྱིག་ལ་དབྱེ་ན་རྩྭ་འཁྱིག་དང་ཞིང་འཁྱིག     ཆུ་འཁྱིག    ཁ་འཁྱིག    རྐུས་འཁྱིག་སོགས་རིགས་སྣ་ཚོགས་ཡོད། 

  གཅིག    རྩྭ་འཁྱིག  

    སྟག་རིག་གི་ཡུལ་སྲོལ་ལྟར་ན།    ལོ་རེའི་ཧོར་ཟླ5བའི་ཚེས15ཉིན་ནས་བཟུང་དངོས་སུ་རྩྭ་འཁྱིག་སྡོམ་མགོ་རྩོམ་པ་དང་།   རྩྭ་འཁྱིག་ལ་ཕྱི་ནང་གཉིས་ཀྱི་དབྱེ་བ་ཡོད།   ཕྱིའི་རྩྭ་འཁྱིག་ནི་སྡེ་བ་གཞན་པའི་ཕྱུགས་ཟོག་རང་སྡེའི་རྩྭ་སའི་ནང་དུ་བླུགས་པ་དང་དེ་ལ་ཆད་པ་གཅོད་པའི་སྒྲིག་ལམ་ཞིག་ལ་ཟེར། རྩྭ་བཀག་སྐབས་སུ།   སྡེ་བ་གཞན་པའི་ནོར་ལུག་སྟག་རིག་གི་རྩྭ་རའི་ནང་དུ་ཤོར་ཡོང་ཚེ།  ནོར་ཁྱུ་རེ་ནས་འབྲུ་རེ་དང་ལུག་ཁྱུ་རེ་ནས་ཤབ་གཟན་རེ་བཟུང་ནས་རྩྭ་འཁྱིག་གི་ཆད་པ་ལ་བཤའ་བའི་དཔེ་ཡོད་པ་དང་།  ད་ལྟ་ས་གནས་སྲིད་གཞུང་གི་བླང་བྱ་ལྟར་རྩྭ་འཁྱིག་ལ་བཟུང་བའི་ཟོག་དེ་དག་ཐད་ཀར་དུ་མི་བཤའ་བར།   རྒྱུ་བདག་ལ་སྐད་བཏང་ནས་བླུ་རུ་ཡོང་དགོས་ཟེར།   འཁྱིག་ཟོག་གི་བླུ་ཡོན་ནི་ཆེ་ཟོག་རེ་ལ་ཤོག་སྒོར་སྟོང་རེ་དང་ཆུང་ཟོག་རེ་ལ་ཤོག་སྒོར་ལྔ་བརྒྱ་རེ་འཇལ་དགོས།

གཉིས།  ཞིང་འཁྱིག

     ཞིང་འཁྱིག་ནི་ཞིང་ལ་ལོ་ཏོག་སྐྱེས་པ་དང་མཉམ་དུ་ཞིང་ནང་དུ་ཕྱུགས་ཟོག་སོང་མི་ཆོག་པ་དང་མི་སུས་ཀྱང་ཞིང་ཁ་ན་རྩྭ་བྲེག་མི་ཆོག་པའི་སྒྲིག་ལམ་ཞིག་ཡིན།

སྟག་རིག་གི་ཡུལ་སྲོལ་ལྟར་ན།  ཁྱིམ་ཚང་སུ་ཞིག་གི་སྒོ་ཕྱུགས་ཞིང་ནང་དུ་ཤོར་ན་ལོ་ཏོག་ལ་གནོད་སྐྱོན་བཏང་ཚེ། "ཞིང་ཁྲིམས་པ"ཡིས་བཟུང་ནས་"ཞིང་ཁྲིམས"འཇུག་པ་དང་སྔོན་ཆད་སྡེ་བའི་ནང་དུ་"ཞིང་ཁྲིམས་ར་བ་"ཞེས་ལོ་ཏོག་ལ་གནོད་སྐྱོན་བཟོས་པའི་ཕྱུགས་ཟོག་འཇུག་སའི་ར་སྟོང་ཞིག་ཡོད། ར་སྟོང་དེའི་ནང་དུ་ཞིང་ནང་དུ་ཤོར་བའི་སྒོ་ཕྱུགས་སྣ་ཚོགས་བཅུག་ཡོད་པ་ལ་འཁྱིག་ཟོག་ཟེར།  དེང་སང་སྟག་རིག་གི་ཕྱུགས་ཟོག་ཇེ་ཉུང་དུ་སོང་ཡོད་པས། "ཞིང་ཁྲིམས་ར་བ"ཡང་མེད་པར་བྱས་ཏེ།  ཞིང་ཁྲིམས་པ་སུ་ཡིན་པ་དེས་ཞིང་ཁྲིམས་ལ་ཐོག་པའི་ཕྱིགས་ཟོག་རྣམས་རང་ཁྱིམ་དང་ཡང་ན་གཞུང་ཁང་གང་རུང་ཞིག་ཏུ་འཇུག་བཞིན་ཡོད།  སྔོན་ཆད་ཟོག་གི་ཆེ་ཆུང་ལ་མ་བལྟོས་པར་འཁྱིག་ཟོག་གཅིག་ལ་ཆད་པ་འབྲུ་རིགས་རྒྱ་མ་བཅུ་ཐམ་པ་ནས་ཉི་ཤུ་ཐམ་པ་ལེན་སྲོལ་ཡོད་པ་དང་། ད་ལྟ་འཁྱིག་ཟོག་རེར་སྒོར་50ཆད་པ་གཅོད་བཞིན་ཡོད།

གསུམ།  ཆུ་འཁྱིག

     ཆུ་འཁྱིག་ནི་ས་ཞིང་ལ་ཆུ་གཏོང་སྐབས་སྒྲིག་ལམ་དང་་འགལ་ནས་ཆུ་གཏོང་སར་མ་སོང་བའམ་ཞིང་ཆུ་རྐུས་གཏོང་བྱེད་པ་སོགས་ལ་ཆད་པ་གཅོད་པའི་སྒྲིག་ལམ་ལ་ཟེར།   

    སྟག་རིག་གི་ས་ཞིང་ཚང་མ་ཆུ་མ་ཡིན་ནའང་།  ས་བབས་ཀྱི་དབང་གིས་རྐ་གོང་མ་དང་རྐ་འོག་མ་གཉིས་སུ་ཆགས་ཡོད་ལ།   རྐ་འོག་མ་ནི་རྒྱལ་རོལ་གཞུང་ཆུས་གཏོང་བ་ཡིན་པས་ཞིང་ཆུ་ནམ་གཏོང་ཡང་དཀའ་ཁག་ཅི་ཡང་མི་འདུག      འོན་ཀྱང་།  རྐ་གོང་མ་ནི་འཕྲང་དམར་འགྱིགས་ཆུས་གཏོང་བ་ཡིན།  འགྱིག་ཆུ་ཆུང་ཡང་སྟག་རིག་དང་སྒྲོམ།   དམེ་ཀྱ།   ཨོལ་རོང་བཅས་སྡེབ་བ་བཞི་བོས་རེས་སྐོར་ནས་ཞིང་ཆུ་གཏོང་བཞིན་ཡོད་པས།   སྡེ་བ་རེ་ལ་ཉིན་ཞག་བརྒྱད་རེ་མ་གཏོགས་ཆུ་གཏོང་བའི་དུས་ཚོད་མེད་པ་དང་།   སྡེ་བ་རེ་རེ་ནས་ཆུ་དཔོན་དང་ཆུ་གཏོང་པ།   རྐ་སྲུང་པ་བཅས་མི་སྣ་རྩ་འཛུགས་བྱས་ཏེ་རང་རང་གི་ཞིང་ཆུ་གཏོང་བའི་དུས་ཚོད་དམ་འཛིན་བྱེད་དགོས།  སྟག་རིག་ལ་མཚོན་ན།  དཔྱིད་ཆུ།  དབྱར་ཆུ།   སྟོན་ཆུ་ཞེས་གཏོང་སྲོལ་ཡོད་ཀྱང་།   དོན་དམ་དུ་ལོ་རེར་ཆེས་མང་ནའང་སྐྱ་ཆུ་དང་རྡུལ་ཆུ།  ཡུར་ཆུ།  ཉིས་ཆུ།   སུམ་ཆུ་བཅས་ཐེངས་ལྔ་རེ་མ་གཏོགས་གཏོང་ཐུབ་ཀྱིན་མེད།   ས་ཞིང་སྐོར་ཞིག་ལ་རྡུལ་ཆུ་དང་ཡུར་ཆུ།   ཉིས་ཆུ་མ་གཏོགས་གཏོང་གི་མེད་པས།  ལོ་ཏོག་དང་འབྲུ་རིགས་ཐོན་ཚད་ཚང་མ་དེ་འདྲ་བཟང་རྒྱུ་མེད།  དེ་བསདབྱར་དུས་ཞིང་ལ་ཆུ་གཏོང་རྒྱུ་ནི་སྟག་རིག་གི་དོན་དག་གལ་ཆེན་ནང་གི་ཡང་ཆེན་ཞིག་ཡིན་པ་དང་།   ཆུ་གཏོང་དུས་ཕལ་ཆེར་ཁྱིམ་རེ་ནས་མི་རེ་མངགས་དགོས།   གལ་ཏེ་མི་རེ་མངག་རྒྱུ་མེད་ཚེ་ཆད་པ་ལ་སྒོར་ས་མུའུ་རེར་སྒོར་200རེ་སྟེར་དགོས་ཟེར། 

བཞི།  ཁ་འཁྱིག

      ཁ་འཁྱིག་ནི་ཁ་འབུར་གཏམ་ངན་གང་བྱུང་དུ་བཤད་པའམ་ཕྲ་མ་དབྱེན་སྦྱོར་གང་འདོད་དུ་བྱས་ཏེ་སྡེ་བར་ནང་བཀྲུགས་བྱས་པའམ་ནང་མིའི་མཐུན་སྒྲིལ་ལ་གནོད་པ་བཏང་བར་ཆད་པ་གཅོད་པའི་སྒྲིག་ལམ་ཞིག་ལ་ཟེར། དེ་ཡང་དུས་རབས་ཉི་ཤུ་ཐམ་པའི་དུས་མཇུག་ཏུ།  སྡེ་བ་གཞན་པའི་ན་གཞོན་སྐོར་ཞིག་གིས་ནམ་མཁའ་ལས་བབས་པའི་"གནམ་ཡིག"ལས་དུག་སྦྲུལ་ཆེན་པོ་ཁང་བའི་གདུང་མ་ལྟར་སྦོམ་ཞིང་གདུག་རྩུབ་ཆེ་བ་ཞིག་འཇིག་རྟེན་ལ་ཐོན་ཡོད་ཚུལ་དང་དེས་འཇིག་རྟེན་གྱི་སྣང་སྲིད་ཐམས་ཅད་འཇོམས་འགྲོ་ཚུལ་གྱི་དཀྲོགས་གཏམ་བསྒྲགས་པས།  མི་སྐོར་ཞིག་ལ་ཤུགས་རྐྱེན་ངན་པ་ཐེབས་ཏེ་ནང་གི་ཐོན་སྐྱེད་ལ་མི་བརྩོན། ཕྱིའི་ཞོར་ལས་ལ་མི་འགྲོ་བར་སེམས་སྐྱོ་ཞིང་ཡིད་ཕམ་ནས་ཆང་དག་དག་འཐུང་སྟེ་སྡོད་པ་ན།  སྲིད་གཞུང་གིས་ཤེས་རྟོགས་བྱུང་ནས་དཀྲོགས་གཏམ་སྒྲོག་མཁན་སྐོར་ཞིག་འཛིན་བཟུང་བྱས་ཤིང་ཁྲིམས་ཆད་བཅད་པས་། མི་སེམས་བདེ་ལ་བཀོད། དེ་ནས་སྟག་རིག་སྡེ་དམངས་ཨུད་ལྷན་གྱིས་དེང་ཕྱིན་ཀྱང་སྡེ་བའི་ནང་ནས་ཁ་འབུར་གཏམ་ངན་དེ་འདྲ་སྒྲོག་མི་ཆོག་པའི་ཁ་འཁྱིག་བཞག   ད་རུང་ནང་མིའི་མཐུན་སྒྲིལ་ལ་མ་ལྟོས་པར་ཕྲ་མ་དབྱེན་སྦྱོར་བྱེད་པ་དང་ཡིན་མིན་གོ་ལྡོག་གི་སྐད་ཆ་བཤད་ནས་གཞན་སེམས་དཀྲུགས་པ་ལ་ཁ་འཁྱིག་གི་ཆད་པ་ལྕི་མོ་གཅིད་སྲོལ་ཡོད་པར་བཤད།  དེ་བས་སྟག་རིག་ནི་ཕྱི་ནང་གཉིས་ཀའི་མཐུན་སྒྲིལ་ཡང་ཐོད་ཀྱི་མིག་ལྟར་གཅེས་ཤིང་།  རྒན་བཀུར་གཞོན་བྱམས་ཀྱི་སྲོལ་རྒྱུན་བཟང་པོ་རང་གི་སྲོག་ལྟར་གཅེས་པའི་ཡ་རབས་སྡེ་བ་ཞིག་ཏུ་ཆགས་ཡོད།

ལྔ།  རྐུས་འཁྱིག

   རྐུས་འཁྱིག་ནི་མ་བྱིན་པ་ལེན་པ་སོགས་པའི་བྱ་སྤྱོད་ལ་ཆད་པ་གཅོད་པའི་སྒྲིག་ལམ་ཞིག་ཡིན།   དེ་ལ་ཡང་ཕྱི་རྐུས་དང་ནང་རྐུས་གཉིས་ཀྱི་དབྱེ་བ་ཡོད་དེ།   ཕྱི་རྐུས་ནི་སྡེ་བ་གཞན་པའི་རྒྱུ་ནོར་ལ་རྐུ་ཁྱེར་བྱེད་པའི་བྱ་སྤྱོད་ལ་ཟེར་བ་དང་།  སྤྱི་ཚོགས་རྙིང་བར་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་དམའ་བའི་རྐྱེན་གྱིས་རྐང་བདེ་ལག་བདེ་དང་སྙིང་སྟོབས་ཅན་གྱི་གསར་བུ་རྣམས་གཞན་སྡེ་རུ་རྐུ་བྱེད་དུ་འགྲོ་སྲོལ་ཡོད།

དེའི་སྐབས་སུ་"གྱོད་པར་འགེལ་བའི་ཕོ་རོག་མདའ་འཁུར་དང་། གྱོད་ཚུལ་འགེལ་དགེ་འདུན་སྤྱི་འཁུར་"གྱི་དཔེ་ལྟར།  གཞན་ལ་རྐུས་བྱས་ཏེ་རྐུན་མ་མ་བུད་ཚེ་རྐུན་མའི་རྒྱན་ཡིན་པ་དང་།  གལ་ཏེ་རྐུན་མ་བུད་བཏང་ཚེ།  "དགེ་འདུན་སྤྱི་འཁུར"གྱི་ལུགས་ལྟར་སྡེ་བར་ཧྲིལ་བོས་འཇལ་དགོས་པ་ཡིན་པས།  གཞན་ལ་རྐུས་བྱེད་པའི་སྲོལ་དེ་འབྲོག་པའི་ས་ཆ་རུ་ཡུན་རིང་ལ་གནས་ཡོད།  བཅིངས་འགྲོལ་བྱས་རྗེས།  རྐུས་བྱེད་པའི་སྲོལ་དེ་ཇེ་ཉུང་དུ་སོང་ཡོད་ནའང་། སྡེ་བ་གཞན་པའི་གསར་བུ་ཚོས་སྟག་རིག་གི་རི་མགོའི་ལུག་རྐུ་བ་དང་ལྷས་ཀྱི་ནོར་རྐུ་བ།  གདང་གི་མཛོ་རྐུ་བ་དང་ཁྱིམ་གྱི་ར་མ་རེའུ་རྐུ་བ་སོགས་རྐུན་མ་དར་ཆེ་བའི་དུས་སྐབས་ཤིག་ལ།  གསར་བུ་འགའ་རེས་རྐུས་སྐྱིན་ལ་རྐུས་ཀྱི་ཚུལ་དུ་ནོར་ལུག་འགའ་རེ་ཕར་རྐུས་ཚུར་རྐུས་བྱས་སྐད།  དེ་རྗེས་སྟག་རིག་གིས་སྡེ་བ་གཞན་པའི་རྐུན་མ་ཞིག་བཟུང་ནས་རྐུས་འཁྱིག་བཅད་པ་དང་།  སྤྱི་ཚོགས་རྙིང་བའི་ལས་སྲོལ་ལྟར།  རྐུན་མ་ཐག་པས་བཀྱིགས་ཤིང་འབྲེང་བས་བསྡམས།  ཁང་བའི་གདུང་མར་བཏེགས་ཤིང་བར་སྣང་ལ་དཔྱངས་ནས་ཚ་འདྲི་ནན་མོ་བྱས་ཏེ་རྐུས་བྱས་བྱས་ཚང་མ་ཁས་ལེན་དུ་བཅུག་ནས།  ཕྱི་ཉིན་སྤྱི་བདེ་ལས་ཁུངས་ལ་སྤྲད་པ་ན།  རྐུན་མ་གློ་བུར་དུ་བློ་ལོག་སྟེ་ད་སྔ་རྐུས་བྱས་པ་ཅི་ཡང་ཁས་མི་ལེན་པར་མ་ཟད།  ཚ་འདྲི་དང་མནར་གཅོད་བྱས་པའི་ངན་ཁག་ཚང་མ་སྟག་རིག་གི་མགོར་དཀྲིས་ཏེ།  གསར་བུ་བརྒྱད་སྐྱོན་ལ་ཐོག   དེ་ནས་བཟུང་སྟག་རིག་གིས་ཕྱི་རྐུས་མི་བྱེད་པར་དམ་བཅས་ཤིང་ནང་རྐུས་མི་བྱེད་པར་མནའ་བསྒགས་ནས།  ད་བར་དུ་ཁྱིམ་ཚང་སུ་ཡིན་ཡང་ཕྱི་སྒོར་ལྕགས་ཟྭ་མི་རྒྱག་ཅིང་ནང་སྒོར་ཤིང་ཟྭ་མི་བསྐོན་པར་“རྒན་མོ་གསེར་འཁུར་”གྱི་ལོ་རྒྱུས་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་གདའ་འོ། །

བཞི་བ།  འཁྱིག་གི་གནས་བབས་བཤད་པ།

སྟག་རིག་གི་འཁྱིག་གི་རིག་གནས་འདི་ཡང་འོད་སྟོང་འབར་བའི་བོད་ཀྱི་ཡུལ་སྲོལ་རིག་གནས་ཆུན་པོའི་ནང་གི་མེ་ཏོག་རྐང་གཅིག་ཡིན་པ་དང་།  འདིས་ཀྱང་བོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྲོལ་རིག་གནས་ཀྱི་སྣུམ་ཚོན་རི་མོའི་སྟེང་དུ་གཞན་དྲིང་མི་འཇོག་པའི་ཁྱད་ཆོས་འབུར་དུ་ཐོན་པའི་སྨྱུག་ཁ་ཞིག་བསྒྱུར་ཡོད་པ་ཁོ་ཐག་ཡིན།  རྒྱུ་མཚན་ནི།  ད་སྔ་དཔར་སྐྲུན་བྱས་ཟིན་པའི་བོད་ཀྱི་ཡུལ་སྲོལ་རིག་གནས་བསླབ་དེབ་དང་དེའི་སྐོར་གྱི་དཔྱད་ཡིག་ནང་དུ་འཁྱིག་གི་མཚན་ཉིད་དང་འགྲེལ་བཤད།  ཁྱད་ཆོས།  དེས་སྤྱི་ཚོགས་ལ་ཐོན་པའི་རིན་ཐང་སོགས་དཔྱད་མྱོང་མེད་ལ།  འཁྱིག་ཅེས་པ་དེ་ཁྲིམས་ཀྱི་བརྡ་རྙིང་ཡིན་པ་དང་ད་ཡོད་འཚོ་བའི་ནང་ནས་མུ་མཐུད་དུ་གསོན་ཤུགས་རྒྱས་བཞིན་ཡོད་པ་དེ་བས་ཀྱང་གླེང་མྱོང་མེད་པས་འདི་ལ་ཤེས་རིག་ཞིབ་འཇུག་གི་རིན་ཐང་ལྡན་པ་དང་གཅིག   སྔ་རབས་བོད་ཀྱི་སྲིད་ཁྲིམས་ཡིག་ཚགས་དང་ལོ་རྒྱུས་ཡིག་ཚང་ལས་“འཁྱིག་”ཅེས་པའི་ཁྲིམས་ཀྱི་ཐ་སྙད་རྐྱང་བ་ཞིག་མཐོང་མ་མྱོང་ཡང་།  དེ་དང་དེའི་བྱེད་ལས་མཚོན་པའི་ཡི་གེ་ཆ་འདྲ་བ་རེ་མཐོང་རྒྱུ་ཡོད་པ་དང་།  དཔེར་ན་“བཀྱིགས་”དང་“གྲིམས་”ལྟ་བུ་སྔ་མོ་ནས་བོད་ཀྱི་སྤྱི་ཚོགས་སྟེང་ཁྱབ་བརྡལ་དུ་སོང་ཡོད་པས།  སྟག་རིག་གི་ཡུལ་སྲོལ་གོམས་གཤིས་ཁྲོད་ཀྱི་འཁྱིག་འཇོག་པའི་རིག་གནས་དེ་ཡང་བོད་སྤྱིའི་ཡུལ་ཁྲིམས་དང་འབྲེལ་བ་ཡོད་པ་ཁོ་ཐག་ཡིན་པས་ལོ་རྒྱུས་ཀྱི་རྨང་སྟུག་པ་དང་གཉིས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ།  མི་རིགས་གྲངས་ཉུང་ཁག་སོ་སོས་རང་གི་ཡུལ་སྲོལ་གོམས་གཤིས་བསྒྱུར་ན་རང་དབང་དང་མི་བསྒྱུར་ན་རང་དབང་ཡིན་པ་གཏན་འབེབས་བྱས་ཡོད་པ་དང་།  དམངས་ཁྲིམས་སྤྱི་སྲོལ་ནང་དུའང་མི་རིགས་གྲངས་ཉུང་ས་ཁུལ་ནས་གྱོད་སྣ་ཁ་མཆུ་ཐག་གཅོད་བྱེད་སྐབས་ངེས་པར་དུ་ཁྲིམས་དང་བསྟུན་དགོས་པ་དང་།  ཁྲིམས་ནང་དུ་བཀོད་མེད་པའི་སྐོར་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལྟར་ཐག་གཅོད་དགོས་ཚུལ་གཏན་འབེབས་བྱས་ཡོད་པས།  སྟག་རིག་གི་འཁྱིག་འཇོག་པའི་ཡུལ་སྲོལ་འདི་ནི་ཁྲིམས་མཐུན་ཡིན་པ་དང་གསུམ།  སྟག་རིག་གི་འཁྱིག་འཇོག་པའི་ཡུལ་སྲོལ་འདི་ནི་སྡེ་བ་དེའི་《སྡེ་ཆིངས་དམངས་སྲོལ་》ནང་གི་ཆ་ཤས་ཤིག་ཡིན་པར་མ་ཟད།  གཡས་གཡོན་གྱི་སྡེ་བ་དང་ཡུལ་མི་ཚང་མས་མགྲིན་གཅིག་ཏུ་བརྩི་སྲུང་བྱེད་བཞིན་ཡོད་པས་ཡ་རབས་ཚུལ་མཐུན་གྱི་ཡུལ་སྲོལ་བཟང་ཤོས་ཤིག་ཡིན་པ་དང་བཞི་བཅས་ཀྱི་སྒོ་ནས་བལྟས་ན།  སྟག་རིག་གི་འཁྱིག་འཇོག་པའི་ཡུལ་སྲོལ་འདི་ནི་ཡུལ་སྲོལ་རྐྱང་བ་ཙམ་ཞིག་མ་ཡིན་པར་རིག་གནས་ཀྱི་རྒྱབ་ལྗོངས་མཐུག་ཅིང་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ།  ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་གྲུབ་བྱེད་པ་བཅས་ཀྱི་ཕྱོགས་སུ་ཐུན་མོང་མ་ཡིན་པའི་ནུས་པ་འདོན་བཞིན་ཡོད་པར་མ་ཟད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་ཧྲིལ་བོའི་སྒྲོམ་གཞི་དང་མ་ལག་ཆ་ཚང་བར་ཆགས་སྐབས་སུ།  མི་རིགས་གྲངས་ཉུང་ས་ཁུལ་གྱི་ཡུལ་གྲུ་སྐྱོང་ཐབས་ཉམས་དགའ་བ་ཞིག་གི་དཔེ་རུ་མི་འགྱུར་ཐེ་ཚོམ་ཅི།  དེ་བས་རང་ཅག་གི་ཡུལ་སྲོལ་འདི་དང་འདི་ལྟ་བུ་ནི་རིག་གཞུང་ཞིབ་འཇུག་དང་མི་ཆོས་ཞིབ་འཇུག་ལའང་མེད་དུ་མི་རུང་བའི་བརྗོད་བྱ་ཕུན་སུམ་ཚོགས་པ་ཞིག་མ་ཡིན་ནམ་སྙམ་མོ། །

 

སྟག་རིག་གི་འཁྱིག་གི་རིག་གནས་ལ་ཐོག་མར་དཔྱད་པ་བྱིས་པའི་རྩེད་འཇོ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཤཀྱཱ་བཀྲ་ཤིས་ཚེ་རིང་།
Year published 2019
Original year published 2019
Language Tibetan , Amdo Group
Subjects
Places
UID mandala-texts-51021
DOI
PDF View | PDF icon Download (69.22 KB)
Creative Commons Licence