༄༅། །སྨད་ཀྱི་ཕྱོགས་སུ་གནས་ཆེན་ཉེར་ལྔ་སྟེ་མདོ་བྱང་རབ་ཏུ་བསྟན་ཏེ་འདིར་བཤད་བྱ། བོད་ཀྱི་ས་ཕྱོགས་ལྷོ་ཟླ་ཞེས་བྱ་རུ༔ སྐྱོ་ཞེས་བྱ་བ་དུང་སེང་གནམ་མཆོངས་འདྲ༔ གནས་ཀྱི་ལྟེ་བ་སེང་གེ་རྫོང་ཞེས་བྱ༔ ཨོ་རྒྱན་པདྨ་བདག་གིས་ཟླ་གསུམ་བསྒྲུབ༔ ཕུག་པའི་སྒོ་རུ་གྲུབ་རྟགས་ཞབས་རྗེས་ཡོད༔ གཡས་ཀྱི་བྲག་ལ་ཐུགས་རྗེ་ཆེན་པོ་དང༔ གཡོན་གྱི་བྲག་ལ་རྡོ་རྗེ་ཕག་མོ་བཞུགས༔ གཡས་གཡོན་དབུས་གསུམ་ཨོཾ་གྱི་ཚུལ་དུ་གནས༔ བོད་ཡུལ་སྤྱི་ལ་དགོས་པའི་གཏེར་གསུམ་སྦས༔ སོ་སོར་དབང་བའི་གཏེར་ཁ་ཉི་ཤུ་སྦས༔ གང་འདོད་འདོན་པར་རུང་བའི་གཏེར་བཅུ་སྦས༔
༄༅། །དེ་ལ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཐོག་མ་སྐུའི་གནས་ཀྱི་གཙོ་བོ་སྐྱོ་ཞེས་བྱ་བ་རྫ་ཆུ་ཕ་རི་སྐྱོ་བྲག་སེང་གེ་རྫོང་ཡོངས་གྲགས།
༄༅།།ན་མོ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ།དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་རྣམ་པར་འཕྲུལ་བ་དཔལ་ལྡན་སངས་རྒྱས་པདྨ་ལས་འཁྲུངས་པ་དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ཞིང་ཉེ་བར་སྐྱབས་སུ་མཆིའོ། །དུས་རྣམས་ཀུན་ཏུ་ཐུགས་བརྩེ་ཆེན་པོས་སྐྱོང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་བའི་རྒྱལ་ཚབ་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་རིག་འཛིན་མི་འགྱུར་རྡོ་རྗེ་ཡི། །ཁམས་ཀྱི་སྤྱི་འབྱམས་གནས་ཀྱི་ཞལ་གཟིགས་རྣམས། །དུས་ལས་མ་ཡོལ་རྟེན་འབྲེལ་འཛོམས་པས་བཀོད། །གནས་སྲུང་དགེ་བསྙེན་ཆེན་པོས་རྒྱ་གྲོལ་མཛོད། །དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས་ས་གཞི་རྟ་རྨིག་ཙམ་མ་ལུས་པ་ཞབས་ཀྱིས་བཅགས། ཁྱད་པར་དུ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཕྱོགས་བཞིར་སྦས་པའི་ཡུལ་ཆེན་པོ་བཞི། གངས་ཆེན་ཉི་ཤུ་རྩ་གཅིག་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་ལ་སོགས་པ་རྣམས་སུ་སྒྲུབ་པ་མཛད་པའི་རབས་ནི། བཀའ་ཐང་རྣམས་ལས་གསལ་བར་འབྱུང་ལ། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི། །ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན། །དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད། །ཕྱོགས་ནི་མ་ངེས་ཕྱོགས་མཚམས་ཀུན་ལ་སོགས། །ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར། །དེ་བཞིན་དུས་ནི་མ་ངེས་འབྱོན་པར་འགྱུར། །ཡུལ་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་གསེར་གྱི་ཕྲེང་བ་རཏྣ་གླིང་པའི་གཏེར་མ་ལས། མཆིམས་ཕུས་སྣ་དྲངས་བོད་ཀྱི་ཡུལ་གནས་མ་ལུས་པ། གངས་ཏི་སེ་མན་ཆད། ཁམས་གཙང་བ། ལྕིན་བྲག རྒྱ་ནག་རི་བོ་རྩེ་ལྔ། གན། འཇང་། ཧུ་དང་། མི་ཉག ཧོར། ལི་ཡུལ། གྲུ་གུ། ཀོང་པོ། རྒྱ་ལ། མོན་སྟག་སྒོ། བུམ་ཐང་། སྤ་གྲོ་ལ་སོགས་ཐམས་ཅད་དུ་སྒྲུབ་གནས། གཏེར་ཁ་ས་གཞི་ཐམས་ཅད་བྱིན་གྱིས་བརླབས་ཤིང་འགྲོ་བ་ཐམས་ཅད་སྨིན་གྲོལ་ལ་བཀོད་དོ། །ཞེས་སོགས་གསུངས་པའི་ཕྱིར། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི་ལུང་པ་ལྔ། ལྗོངས་གསུམ། གླིང་བཞི། གངས་ཆེན་ཉི་ཤུ་རྩ་གཅིག གྲུབ་པའི་གནས་བརྒྱད། ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔ། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་ཡོད། དེ་རྣམས་སུ་སྐུ་ཚབ་བྱིན་བརླབས་ཅན་རྣམས། གསུང་ཚབ་ཤོག་སེར། ཐུགས་རྟེན་མཆོད་རྟེན་དང་རིང་བསྲེལ། ཡོན་ཏན་གྱི་རྟེན་ནོར་བུའི་རིགས་བྱེད། ཕྲིན་ལས་མྱོང་གྲོལ་དམ་རྫས་ཀྱི་གཏེར་ཁ་མང་དུ་སྦས་ནས་ཡོད་དོ། །གནས་དེ་རྣམས་ཀྱིས་ནང་ནས་ཁྱད་པར་མཆོག་ཏུ་གྱུར་པ། གྲུབ་པའི་གནས་བརྒྱད་ཀྱི་ཡ་གྱལ་ཟླ་སྤྱི་འབྱམས་ཀྱི་གཡས་ཕྱོགས། བྲག་སེང་གེ་གནམ་མཆོངས་ཞེས་ཀྱང་བྱ། རི་བོ་གར་མཛད་ཅེས་ཀྱང་བྱ་བ་དེའི་གནས་སྒོ་ཇི་ལྟར་ཕྱེས་པའི་ལོ་རྒྱུས་ནི། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཞེས། གཏེར་ཁ་དུ་མ་ནས་ལུང་བསྟན་ཅིང་། བྱང་བར་བཀའ་ཐང་འབྲིང་པོ་ལས། རྡོ་རྗེ་ནང་དམེ་དམག་འཁྲུག་བྱེད་པའི་ཡུལ། །གཙུག་གི་བླ་མཆོད་སྤྱི་ཡི་དཔོན་དུ་འགྱུར། །མཐུ་དང་དུག་ནད་ནང་འཁྲུགས་དར་བའི་དུས། །རྟེན་མཆོད་རང་བྱོན་སྤྱི་འབྱམས་ཞེས་བྱའི་གནས། །གཡས་རི་བྲག་དཀར་གནམ་མཆོངས་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་། །གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱོན། །ཁམས་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །ཞེས་དང་། རཏྣ་གླིང་བའི་ལུང་བསྟན་ལས། ཁམས་ཀྱི་སྤྱི་འབྱམས་ཞེས་བྱ་དེར། །གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན། །གནས་མཆོག་དེ་ཡི་གཏེར་རྣམས་འདོན། །ཁམས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །གནས་མཆོག་དེ་ཡི་གཡས་ཕྱོགས་ན། །ཐང་ཆེན་མཎྜལ་ཕུབ་པ་འདྲ། །དབུས་སུ་རི་རྒྱལ་ལྷུན་པོ་ནི། །དུང་དཀར་གཡས་སུ་འཁྱིལ་འདྲ་ཡོད། །རྒྱ་གར་བྱ་རྒོད་སྤུངས་པ་འདྲ། །པདྨ་ང་ཡི་གནས་མཆོག་ཡིན། །ཞེས་དང་། རིག་འཛིན་གཏེར་བཞེད་སྙིང་པོའི་བསམ་ཡས་རྡོ་རྗེའི་ཀློང་སྒྲོམ་གྱི་ལུང་བྱང་ལས། ཆེ་མཆོག་ཤུད་བུ་དཔལ་སེང་ཁྱོད། །ཤར་གྱི་ཕྱོགས་ནས་བདུད་འདུལ་རོལ་རྩལ་ཞེས། །སྤྱི་འབྱམས་སེང་གེའི་རྫོང་ནས་གཏེར་སྒོ་འབྱིན། །དམ་སྲི་འབྱུང་པོའི་བར་ཆད་མ་བྱུང་ན། །ཟབ་ཆོས་འདི་འཕྲོད་ཉམས་སུ་བླངས་པ་ན། །སྐུ་ཚེ་མཛད་ཕྲིན་ནམ་མཁའི་མཐའ་མཉམ་འཕེལ། །ཞེས་སོགས་དང་། ཉིད་ཀྱི་གནམ་ཆོས་ལས། རིག་འཛིན་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྤྲུལ་པར་ལུང་བསྟན་ཅིང་སྐྱེ་བ་ཉིས་བརྒྱ་ཙམ་ཐོགས་མེད་དུ་དྲན་པ་དང་། ཞེས་དང་། གཞན་ཡང་ལུང་བྱང་ལ་ལ་ནས། མཐོང་ཐོས་སྐྱེ་འགྲོ་ངན་སོང་མེད་པར་འགྱུར། གནས་གཏེར་སྒོ་འབྱེད་ཇིང་དུར་བཟློག །ང་ཉིད་དངོས་སྤྲུལ་མི་འགྱུར་རྡོ་རྗེ་དང་། །ཞེས་སོགས་གསུངས། སྤྲུལ་སྐུ་ཉིད་དགུང་ལོ་བཅུ་དྲུག ཀུན་ལྡན་གྱི་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ལ་ཚོགས་འཁོར་དང་བསང་མཆོད་རྣམས་ལེགས་པར་བགྱིས་ཏེ་བཀའ་སྩལ་པ་ནི། གནས་ཉིད་ཡི་གེ་ཨོཾ་གྱི་ཆགས་ཚུལ་མདུན་དུ་ཧཱུྃ། གཡས་སུ་ཏྲཾ། རྒྱབ་ཏུ་ཧྲཱིཿ གཡོན་དུ་ཨཱཿ སྟེ་རྒྱལ་བ་རིགས་ལྔའི་ས་བོན་གྱི་ཚུལ་དུ་བཞུགས་སོ། །གནས་འདི་བྱིན་རླབས་ཆེ་ཞིང་དངོས་གྲུབ་མྱུར་བའི་གནས་མཆོག་ཡིན། དེའི་རྟགས་ལ་རྡོ་རྗེ་ཕག་མོའི་སྐུ་རང་བྱོན་ཡོད། དེའི་གཉའ་དེར་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ཡོད། རིན་ཆེན་གསེར་གྱི་ཕ་ཝཾ་ཡོད། སྐུ་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ཡིན། གནས་རྣམས་ཀུན་གྱི་མགོ་བོ་ཡིན། དེ་ཡི་རྟགས་ལ་ཡིག་མགོ་དང་ཨོཾ་གསལ་བར་ཡོད། བདུད་དང་མུ་སྟེགས་འདུལ་བའི་གནས་མཆོག་ཡིན། དེ་ཡི་རྟགས་ལ་སེང་གེས་ཉི་ཟླ་ཕྲག་ལ་ཁུར་བ་ཡོད། མཁའ་འགྲོ་མ་རྣམས་ཀྱིས་གར་མཛད་རྗེས་ཡོད། དེའི་མཆན་དེར་རྗེ་འབངས་ལང་གྲོ་ལོ་ཙཱའི་ཞབས་རྗེས་ཡོད། དམ་ཅན་མགར་བ་ཕྱག་བཞི་པའི་སྐུ་རྗེས་ཡོད། ཨོ་རྒྱན་རིན་པོ་ཆེའི་ཕྱག་རྗེས། སྲིན་པོ་བསྒྲལ་བའི་ཁོག་པ་ན། ཞི་ཁྲོ་དམ་པ་རིགས་བརྒྱ་བཞུགས། དེ་ཡི་གཡས་སུ་རྡོ་རྗེ་བྱ་བའི་ཡི་གེ་གསལ་བར་ཡོད། ལུང་བསྟན་ཡི་གེ་ངོ་མཚར་ཆེ། མཁའ་འགྲོ་མའི་ཚོགས་གཞོང་། གུ་རུ་རིན་པོ་ཆེའི་ཕྱག་མཛུབ་ཀྱིས་བྲིས་པའི་གཟུངས་སྔགས་གསལ་བར་ཡོད། ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་བྲག་ལ་ཐིམ་མལ་དུ་སྐུ་གསུང་ཐུགས་མཚོན་པ་དེ་ལ་སྨོན་ལམ་གང་བཏབ་འགྲུབ། ཡི་གེ་ཨོཾ་གསལ་པོ། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། མཁའ་འགྲོ་སུ་ཀ་སིདྡྷིའི་ཞབས་རྗེས་གཤིན་རྗེས་བདག་ཏུ་བཟུང་ཕྱིར་ཤིན་ཏུ་གཉེན། དེ་ཡི་རྟགས་ལ་གཤིན་རྗེ་འཆར་ཁ་ནག་པོ་སྲིད་གསུམ་ལྟོ་བར་གསལ་བ་ཡོད། སྲིན་པོའི་མགོ་རྗེས། གནས་ལ་ཞལ་ཟས་ཕུལ་བ། སྟོབས་ལྡན་སྡིག་པ་ནག་པོ་རྣམས་ཡོད། ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་མཛུབ་ཀྱིས་བྲིས་པའི་ཡི་གེ་འབྲུ་གསུམ། མཁའ་འགྲོའི་འཕྲུལ་ཡིག་ཡོད། གནས་མཆོག་དེ་ཡི་ཤར་ཕྱོགས་ན། བཻ་རོ་ཙ་ནའི་ཞབས་རྗེས། སྲིན་པོའི་ཀླད་པས་བྲིས་པའི་འབྲུ་གསུམ་དང་། ཐུགས་རྗེ་ཆེན་པོའི་སྙིང་པོ་ཡིག་བདུན་ཡོད། མཁའ་འགྲོ་མ་རྣམས་བྱོན་པའི་ཞབས་རྗེས། བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱི་སྲིན་པོ་འདུལ་བའི་ཆེད་དུ། གཟུངས་སྔགས་བྲག་ལ་བྲིས་པ། འདི་ལས་ལྷག་པའི་གནས་གཞན་ན་མེད། དེའི་རྟགས་ལ་ཡི་གེ་ཨོཾ་རང་བྱོན་ཡོད། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། སྲིན་པོ་ཐུར་དུ་དེད་མལ། རྗེ་འབངས་ཤུད་བུ་དཔལ་སེང་གི་ཞབས་རྗེས། སྲིན་པོ་དམ་ལ་བཏགས་དུས་བྲག་ལ་གྲུ་གསུམ་ཤར། ལྷོ་ཕྱོགས་པོ་ཏ་ལ་དང་བྱིན་རླབས་མཉམ། དེའི་རྟགས་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ། སྲིན་པོ་ཕོ་མོ་མང་དུ་དེད་ནས་གཙོ་བོ་གཉིས་གབ་པ། དེ་གཉིས་བསྒྲལ་ནས་ཁོག་སྟོད་སྨད་ཕར་ཁ་ཚུར་ཁར་འཕངས་པ། དེའི་ཤར་ཕྱོགས་ན་མཁའ་འགྲོ་མའི་བྲོ་ར་གསལ་བར་ཡོད། རྗེ་འབངས་སྣ་ནམ་ཡེ་ཤེས་ཀྱི་ཞབས་རྗེས། མཁའ་འགྲོ་དང་ཕྱོགས་སྐྱོང་ཐམས་ཅད་འཚོགས་པའི་གནས་ཡིན། དེའི་རྟགས་དུར་ཁྲོད་བརྒྱད་ཀྱི་ཆགས་ཚུལ། བཅུ་གཅིག་ཞལ་གྱི་སྤྱི་བླུགས་རྗེས། ཅོག་རོ་ཀླུའི་རྒྱལ་མཚན་གྱི་ཞབས་རྗེས། ཡི་གེ་ཨོཾ་རང་བྱོན་ཡོད། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གནས་ཡིན། དེའི་རྟགས་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་རྗེས། དགེ་སློང་ནམ་མཁའི་སྙིང་པོའི་ཞབས་རྗེས། རྒྱལ་བ་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་གནས་ཡིན། དེའི་རྟགས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཡོད། གུ་རུ་རྡོ་རྗེ་གྲོ་ལོད་དྲག་ཏུ་ཁྲོས་པའི་ཞབས་རྗེས། དག་པ་མཁའ་སྤྱོད་གནས་དང་བྱིན་བརླབས་མཉམ། དེའི་རྟགས་ལ་མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་ཞབས་རྗེས་ཡོད། གཤིན་རྗེ་གཤེད་དམར་གྱི་སྐུ་རང་བྱོན། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ཀྱི་གནས་ཡིན། དེའི་རྟགས་ལ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་ཞབས་རྗེས། རྟ་མགྲིན་དང་རྡོ་རྗེ་གྲོ་ལོད་གཉིས་ཀྱི་ཞབས་རྗེས་དང་སྲིན་པོ་དེད་རྗེས། རྒྱལ་འགོང་མཆེ་བ་ཡ་གཅིག་ཅན་དམ་ལ་བཏགས་པའི་གནས་ཡིན། དེའི་རྟགས་ལ་ཡི་གེ་ཙ་དམར་པོ་རང་བྱོན། གུ་རུ་པདྨ་རྒྱལ་པོའི་ཞབས་རྗེས། རྗེ་འབངས་སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས། ཨོ་རྒྱན་རིན་པོ་ཆེ་སེང་གེར་བཅིབས་ནས་བྲོ་བརྡུངས་རྗེས། བཻ་རོ་ཙ་ནའི་ཞབས་རྗེས། བློ་ལྡན་མཆོག་སྲེད་ཀྱི་ཞབས་རྗེས། རྗེ་འབངས་ཁྱེའུ་ཆུང་ལོ་ཙཱའི་ཞབས་རྗེས། དེའི་སྟེང་དུ་མཆོད་རྟེན་རང་བྱོན། གཡོན་དུ་ལྷ་འདྲེ་རྣམས་དམ་ལ་བཏགས་པའི་སྣ་ལུང་དང་། ས་མ་ཡའི་ཡི་གེ་གསལ་བར་ཡོད། དེའི་གཡས་ཕྱོགས་སུ་བདུད་སྡིག་ཅན་དུག་སྦྲུལ་མགོ་གསུམ་པར་སྤྲུལ་ནས་སོང་བ། གུ་རུ་དྲག་པོས་དེད་ནས་མགོ་དབུས་མ་བཅད་པས་བྲག་ནང་དུ་བྲོས། ཕྱག་གི་མགོ་གཅིག་ལ་ཁ་ཊྭཱཾ་བརྒྱབ་ནས་བཅད་པ། ཤཱཀྱ་སེང་གེས་བདུད་བཏུལ་བའི་ཞབས་རྗེས། ཉི་མ་འོད་ཟེར་གྱི་ཞབས་རྗེས། སྲིན་པོ་ཕོ་མོ་མགོ་མཇུག་ལྡོག་པའི་གཟུགས། རྡོ་རྗེ་གྲོ་ལོད་ཀྱི་ཕྱག་གཡོན་པའི་རྗེས། རྗེ་འབངས་དྲན་པ་ནམ་མཁའི་ཞབས་རྗེས། ཨོ་རྒྱན་རིན་པོ་ཆེས་མུ་སྟེགས་པ་དང་རྫུ་འཕྲུལ་ཚད་དུས་ཀྱི་སེང་གེའི་རྗེས་དང་མུ་སྟེགས་པ་རྦབ་ལ་བཏང་མལ། མཁའ་འགྲོ་རྣམས་ཀྱིས་གནས་ལ་བསྐོར་བ་བྱེད་དུས་ཀྱི་བཞུགས་ས་ཉི་ཟླ་ཕུག སེང་གེ་སྒྲ་སྒྲོགས་ཀྱི་ཞབས་རྗེས། གུ་རུ་རིན་པོ་ཆེའི་ཞབས་རྗེས། སོག་པོ་དཔལ་གྱི་ཡེ་ཤེས་ཀྱི་ཞབས་རྗེས། ཚེའི་ལྷ་མོ་མགྱོགས་མ་བཞིའི་ཞབས་རྗེས། འོ་བྲན་དཔལ་གྱི་དབང་ཕྱུག་གི་ཞབས་རྗེས། རྨ་ཐོག་རིན་ཆེན་གྱི་ཕྱག་ཞབས་རྗེས་རྣམས་ཡོད་དོ། །གཉག་སྟོན་དབང་གི་རྒྱལ་པོའི་སྐུ་གཟུགས་དང་ཞབས་རྗེས། དེའི་གོང་དུ་ཁྲི་སྲོང་ལྡེའུ་བཙན་གྱི་ཞབས་རྗེས། རྒྱལ་བ་མཆོག་དབྱངས་ཀྱི་ཞབས་རྗེས། གླང་ཆེན་དཔལ་གྱི་སེང་གེའི་ཞབས་རྗེས། འབྲོག་བན་ལོ་ཙཱའི་ཞབས་རྗེས། རྡོ་རྗེ་གྲོ་ལོད་ཀྱིས་སྲིན་པོ་དེད་རྗེས། རྗེས་དེའི་གོང་ན་རིགས་གསུམ་མགོན་པོའི་ཞབས་རྗེས། དེའི་གོང་ན་ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། དེའི་གོང་དུ་རྗེ་འབངས་ལྡན་མ་རྩེ་མང་གི་ཞབས་རྗེས། དེའི་གོང་ན་མཁའ་འགྲོ་བཀྲ་ཤིས་ཁྱེའུ་འདྲེན་གྱི་ཞབས་རྗེས་ཆ་གཅིག འདི་ན་ཨོ་རྒྱན་རིན་པོ་ཆེས་ལྷ་འདྲེ་ལ་ཆོས་གསུངས་མལ་ཆོས་ཁྲི་ཕུག་ཅེས་བྱའོ། །དེའི་གོང་དུ་བྱ་རྒོད་ཀྱི་གཟུགས། དེའི་གོང་དུ་གཡུ་འབྲུག་གི་གཟུགས། དཔལ་མགོན་མ་ནིང་གི་ཕྱག་མཚན་སྙིང་གི་རྗེས། རྗེ་འབངས་ཤྲཱི་བཛྲའི་ཞབས་རྗེས། ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་གཡས་པའི་རྗེས་དང་ཡང་ཕྱག་རྗེས། གུ་རུ་རིན་པོ་ཆེའི་སེང་གེ་ཁྲིད་པའི་རྗེས་དང་ཞབས་རྗེས། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པའི་རྫུ་འཕྲུལ་གྱི་ཞབས་རྗེས། མཆོད་རྟེན་ཉིན་བྱེད་རང་བྱོན། ཨོ་རྒྱན་རིན་པོ་ཆེས་བྲག་ལ་ཕུར་པ་བརྒྱབ་པའི་རྗེས། དེའི་གཡས་ཕྱོགས་སུ་མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ་གསལ་བར་བཞུགས། དེའི་འགོ་རུ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར། ལྕང་ལོ་ཅན་གྱི་ཕོ་བྲང་ན་ཕྱག་ན་རྡོ་རྗེ་བཞུགས་པའི་ཚུལ། ལྷ་ལྕམ་མནྡ་ར་བའི་རྫུ་འཕྲུལ་གྱི་ཞབས་རྗེས། མགོན་པོ་འཇམ་དབྱངས་ཀྱི་སྐུ་གཟུགས་ཉི་ཟླའི་རྗེས། སྲིན་པོ་འདུལ་བའི་ཆེད་དུ་ཨོ་རྒྱན་རིན་པོ་ཆེས་སྲིན་པོའི་ཚུལ་དང་མཐུན་པར་ཁྱུང་ཆིབས་པའི་སྐུ་རྗེས། ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཞབས་རྗེས། དེའི་གཡོན་ཕྱོགས་སུ་དུག་སྦྲུལ་ཐུར་དུ་རྒྱུགས་པ་འདྲ་བ་ཡོད། དེ་ཨོ་རྒྱན་རིན་པོ་ཆེ་ཉི་ཟེར་ལ་ཆིབས་པའི་བྱོན་རྗེས་ཡིན། ཨོ་རྒྱན་རིན་པོ་ཆེས་སྲིན་པོ་དེད་ནས་རྗེས་སུ་རྡོ་རྗེ་འཕངས་པའི་རྗེས། དེའི་གོང་དེར་མཆོད་རྟེན་རྗེས་ཡོད། སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ་ལ། བཻ་རོ་ཙ་ནའི་ཞབས་རྗེས་ཆ་གཅིག ཤུད་བུ་དཔལ་སེང་གི་ཞབས་རྗེས། དཔལ་ལྷ་ལས་བབས་པའི་མཆོད་རྟེན་གསལ་བ་ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། ཁྱུང་གི་སྤྱི་གཙུག་ན་བུམ་པ་དང་ཉི་ཟླས་མཚོན་པའི་རྗེས་ཡོད། དེའི་གཡས་སུ་རིག་འཛིན་གུ་རུ་མཚོ་འབུམ་གྱིས་མཚན་བརྒྱད་ཞལ་གཟིགས་པ་བྲག་ལ་ཐིམ་མལ་དུ་མཚན་བརྒྱད་ཀྱི་སྐུ་དང་གུ་རུ་མཚན་འབུམ་གྱི་ཞབས་རྗེས་ཡོད། མཚན་བརྒྱད་ཕུག་ཅེས་བྱ་བ་ཡིན། དེའི་གཡས་སུ་མཚོ་རྒྱལ་གྱི་སྒྲུབ་ཕུག་ཉི་ཟླ་ཕུག་ཡོད། དེ་ན་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། དེའི་སྟེང་མཚོ་རྒྱལ་གྱི་ཕྱག་རྗེས། མཁའ་འགྲོ་ཀ་ལ་སིདྡྷིའི་ཞབས་རྗེས་ཆ་གཅིག ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། དེའི་འོག་མཚོ་རྒྱལ་གྱི་གསོལ་ཞལ་བཞག་རྗེས། ཅོག་རོ་ཀླུའི་རྒྱལ་མཚན་གྱི་ཞབས་རྗེས། མཚོ་རྒྱལ་གྱི་ཞབས་རྗེས། གནས་འདི་རྒྱ་གར་རྡོ་རྗེ་གདན་དང་བཀོད་པ་མཉམ། དེའི་རྟགས་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ། དེ་ལས་ཕན་དུ་མགོན་པོ་ཚེ་དཔག་མེད་ཀྱི་སྐུ། དེའི་གཉའ་ན་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱི་སྐུ་གསལ་བ་ཡོད། དེ་གོང་ཨཱཿརང་བྱོན། དེའི་གཡས་སུ་འཇམ་དབྱངས་སེང་གེ་ཆིབས་པ་དང་ཡི་གེ་དྷིཿརང་བྱོན་ཡོད། གྲུབ་ཆེན་པདྨ་བཛྲའི་ཞབས་རྗེས། ཤཱཀྱ་སེང་གེའི་སྐུ་གཟུགས་གཙུག་ཏུ་པཎ་ཞྭ་ཅན། པདྨ་འབྱུང་གནས་བེར་མཐིང་ནག་མནབས་པ། གྲུབ་ཆེན་ཉ་ལྟོ་བའི་ཞབས་རྗེས། གནས་འདི་རྟ་ཕག་ཡབ་ཡུམ་གྱི་གནས་ཡིན། དེའི་རྟགས་ལ་རྟ་ཞལ་དང་ཕག་ཞལ་གསལ་བ་ཡོད། བྱང་ཆུབ་སེམས་དཔའ་པདྨ་སིདྡྷིའི་ཞབས་རྗེས། གཡས་ཀྱི་བྲག་ལ་དུང་དཀར་གྱི་རྗེས། དེ་ན་རྒྱ་ནག་བཀྲ་ཤིས་ཀྱི་ཡི་གེ རྒྱལ་ཆེན་རྣམ་སྲས་ཀྱི་ཕྱག་མཚན་ནེའུ་ལེའི་ལུས་པོའི་རྗེས། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གཟུགས། མནྡ་ར་བ་བཞེངས་ནས་ཚེ་བུམ་བསྣམས་པའི་གཟུགས། གནས་བརྟན་དྷརྨ་ཏ་ལའི་སྐུ་གཟུགས། སློབ་དཔོན་ཨཱརྱ་དེ་ཝའི་རྫུ་འཕྲུལ་གྱི་ཞབས་རྗེས། རྗེ་འབངས་ཤྲཱི་བཛྲའི་ཞབས་རྗེས། དེ་གོང་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་རྫུ་འཕྲུལ་གྱི་ཞབས་རྗེས། དེའི་གོང་ན་ཛམ་བྷ་ལ་རང་བྱོན་ཡོད། དངོས་གྲུབ་ཕུག་ཅེས་བྱ་བ་ཡིན། བྱང་ཆུབ་སེམས་དཔའ་ཀུན་འཕགས་ཀྱི་ཞབས་རྗེས། དེའི་གོང་དུ་བླ་མ་སྐུ་གསུམ་གྱི་ཞབས་རྗེས་ངོ་མཚར་ཅན་ཡོད། གནས་འདིར་མཇལ་ན་ངན་སོང་གི་སྐྱེ་སྒོ་ཆོད། དེའི་རྟགས་ལ་ཆོས་ཀྱི་རྒྱལ་པོའི་སྐུ་ཡོད། སློབ་དཔོན་དབྱིག་གཉེན་གྱི་རྫུ་འཕྲུལ་གྱི་ཞབས་རྗེས། དེའི་གཡས་སུ་མཚལ་གྱིས་བྲིས་པའི་ཡི་གེ་ཨཱཿཡོད། དེའི་འོག་ཏུ་གནས་བརྟན་མི་ཕྱེད་པའི་སྐུ་གཟུགས། དེའི་འོག་གནས་བརྟན་ཡན་ལག་འབྱུང་གི་སྐུ་རྗེས། རྒྱལ་པོ་ཡུལ་འཁོར་སྲུང་གི་སྐུ་གཟུགས། དེའི་སྟེང་གནས་བརྟན་རྡོ་རྗེ་མོ་བུའི་སྐུ་གཟུགས། དེའི་སྟེང་རྒྱལ་པོ་ཧྭ་ཤང་གི་སྐུ་གཟུགས། རྡོ་རྗེ་དྲིལ་བུའི་རྫུ་འཕྲུལ་གྱི་ཞབས་རྗེས། སློབ་དཔོན་ཐོགས་མེད་པའི་རྫུ་འཕྲུལ་གྱི་ཞབས་རྗེས། སློབ་དཔོན་ཡོན་ཏན་འོད་ཀྱི་ཞབས་རྗེས། པདྨ་སཾབྷའི་རྫུ་འཕྲུལ་གྱི་ཞབས་རྗེས། གྲུབ་ཐོབ་རལ་གྲི་པའི་རྫུ་འཕྲུལ་ཞབས་རྗེས། སློབ་དཔོན་ཤཱཀྱ་འོད་ཀྱི་ཞབས་རྗེས། གནས་བརྟན་བ་ཀུ་ལའི་སྐུ་གཟུགས། ཕྱོགས་ཀྱི་གླང་པོའི་སྐུ་གཟུགས། གནས་བརྟན་སྦེད་བྱེད་ཀྱི་སྐུ། གྲུབ་ཆེན་ཌོམ་བིའི་ཞབས་རྗེས། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞབས་རྗེས། འབིར་བ་པའི་ཞབས་རྗེས། ཨིནྡྲ་བོ་དྷིའི་ཞབས་རྗེས། གྲུབ་ཆེན་ཤ་བ་རི་པའི་ཞབས་རྗེས། ཏཻ་ལོ་ན་རོའི་རྫུ་འཕྲུལ་གྱི་ཞབས་རྗེས། གནས་བརྟན་ལམ་ཕྲན་བསྟན་གྱི་སྐུ། ཀུ་ཀུ་རི་བའི་རྫུ་འཕྲུལ་གྱི་ཞབས་རྗེས། མཁའ་འགྲོ་མས་ཚོགས་ལ་བྲོ་བརྡུང་མལ། དེའི་ནང་ན་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། རྒྱལ་བ་མཆོག་དབྱངས་ཀྱི་ཞབས་རྗེས། གྲུབ་ཆེན་ས་ར་ཧའི་ཞབས་རྗེས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ཞབས་རྗེས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་ཡུལ་ན་དད་རྟེན་རྡོ་བཀོག་ནས་ཁྱེར་མལ། དུང་དཀར་གཡས་འཁྱིལ་གྱི་རྗེས། རིག་འཛིན་གུ་རུ་མཚོ་འབུམ་གྱི་ཞབས་རྗེས། གྲུབ་ཆེན་ཡེ་ཤེས་རྡོ་རྗེའི་ཞབས་རྗེས། གནས་བརྟན་ལམ་བརྟན་གྱི་སྐུ། དེའི་གོང་དུ་ཕུག་པ་རྫ་རྔ་ལྟ་བུ་ནས་མཁའ་འགྲོ་མ་རྣམས་ཉིན་བཞིན་གནས་གཞན་དུ་ཁྱེར་ཞིང་། མཚན་མོ་ཚོགས་འཁོར་བསྐོར་བའི་གནས་ཕྲན་ལྷ་བཤོས་ལྟ་བུ། གྲུབ་ཆེན་གཡི་དྷ་རའི་ཞབས་རྗེས། གྲུབ་ཆེན་ཨ་ཝ་དྷུ་ཏའི་རྫུ་འཕྲུལ་གྱི་ཞབས་རྗེས། ཨོ་རྒྱན་རིན་པོ་ཆེའི་ཕྱག་མཁར་རྗེས་ལ་ཡི་གེ་ཨཿས་མཚན་པ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཞབས་རྗེས། ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་རང་བྱོན། དེའི་གཡས་སུ་རིན་ཆེན་དུང་ཞལ་དཀར་པོ་ལ། འཆི་མེད་ཚེའི་ལྷ་ཚོགས་གསལ་བར་བཞུགས། པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེའི་ཞབས་རྗེས། ཇོ་བོ་ཚོགས་བདག་གི་སྐུ་གསལ་པོ། སྤྲིན་ནག་འཁྲུགས་པའི་ཀློང་ནས་མགར་བ་དམར་པོའི་སྐུ་རང་བྱོན། མཁའ་འགྲོ་ཤཱཀྱ་དེ་ཝའི་ཞབས་རྗེས། གུ་རུ་པདྨ་སཾ་བྷའི་ཞབས་རྗེས། རིང་བསྲེལ་གྱིས་མཚན་པ། ལྷ་ལྕམ་མནྡ་ར་བའི་རྫུ་འཕྲུལ་གྱི་ཞབས་རྗེས། རིག་འཛིན་དགའ་རབ་རྡོ་རྗེའི་ཞབས་རྗེས། དེའི་གཡས་སུ་རྟ་ཕག་ཡབ་ཡུམ་གྱི་སྐུ། གནས་བརྟན་གསེར་དེའུའི་སྐུ། ཝརྡྷ་ནའི་ཡི་གེ་ཨཱོཾ། གུ་རུ་རིན་པོ་ཆེའི་ཕྱག་མཁར་རྗེས། བློ་ལྡན་མཆོག་སྲེད་ཀྱི་ཞབས་རྗེས། གནས་འདི་ལྷོ་ནུབ་པདྨ་འོད་དང་བྱིན་རླབས་མཉམ། དེའི་རྟགས་ལ་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་རང་བྱོན། རིན་ཆེན་དུང་གི་མཆོད་རྟེན་རང་བྱོན། རྒྱ་ནག་གི་ཡི་གེ་ཧྲཱིཿབྱི་རུའི་མཆོད་རྟེན་རང་བྱོན། རྡོ་རྗེ་ཕག་མོའི་སྐུ་རང་བྱོན། གྲུབ་ཆེན་མཻ་ཏྲི་པའི་ཞབས་རྗེས། ཕག་མོ་དབུ་ཅན་མའི་སྐུ། གྲུབ་ཆེན་ཆུ་བོ་རི་པའི་ཞབས་རྗེས། གྲུབ་ཆེན་ཨོ་རྒྱན་པའི་སྐུ་རང་བྱོན། དེའི་གཡས་སུ་ཨོ་རྒྱན་གྱི་སྐུ་དང་། ཞབས་རྗེས། དེའི་གཡས་སུ་ཐུགས་མཚོན་པའི་ཡི་གེ་ཧཱུྃ། དེའི་འོག་ཏུ་གསུང་མཚོན་པའི་ཡི་གེ་ཨཱཿ དེའི་འོག་ཏུ་སྐུ་མཚོན་པའི་ཡི་གེ་ཨོཾ། ཨོ་རྒྱན་རིན་པོ་ཆེའི་ཕྱག་མཚན་རྡོ་རྗེའི་གཟུགས། གནས་བརྟན་མ་ཕམ་པའི་སྐུ། གྲུབ་ཆེན་ཨ་ཡིག་དོན་རྟོགས་ཀྱི་རྗེས། མར་པ་ལོ་ཙཱའི་སྐུ། རྟ་མགྲིན་ལྕགས་རལ་ཅན་གྱི་སྐུ། འཇམ་དབྱངས་ཀྱི་རྫུ་འཕྲུལ་གྱི་ཞབས་རྗེས་སྐུ་རྣམས་གསལ་བར་བཞུགས། གྲུབ་ཐོབ་ཕྱག་ཆེན་པའི་ཞབས་རྗེས། རིག་འཛིན་ཤྲཱི་སེང་ཧའི་ཞབས་རྗེས། ཨོ་རྒྱན་པའི་ཞབས་གཡོན་པའི་རྗེས། གནས་མཆོག་དེ་ཡི་ཤར་ལྷོ་ན། རྒྱལ་ཆེན་སྤྱན་མི་བཟང་གི་སྐུ་རང་བྱོན། ཀླུའི་ནོར་བུ་དུང་དཀར་གཡས་འཁྱིལ་རྗེས། གནོད་སྦྱིན་ཤན་པ་དམར་ནག་གི་སྐུ། ཐོད་རྒལ་ཡེ་ཤེས་དང་། རྡོར་སེམས་དངོས་གྲུབ་དང་། ཟླ་བའི་བློ་གྲོས་གསུམ་གྱི་ཞབས་རྗེས་བཞུགས། རྡོ་རྗེ་སེམས་དཔའ། འོད་དཔག་མེད། ཚེ་དཔག་མེད་གསུམ་གྱི་སྐུ་གསལ་པོ། གྲུབ་ཐོབ་འབར་བའི་དབང་པོའི་ཞབས་རྗེས། ཕྱག་ན་རྡོ་རྗེའི་སྐུ་རང་བྱོན། གྲུབ་ཐོབ་ཆོས་རྔ་ཅན་གྱི་ཞབས་རྗེས། ཨེ་ཝཾ་དབུ་ཅན་རང་བྱོན་གྱི་སྟེང་དུ་འཇམ་དབྱངས་རང་བྱོན། གྲུབ་ཐོབ་ཡེ་ཤེས་ཀྱི་ཞབས་རྗེས། གསུང་མཆོག་ཚངས་དབྱངས་མཆོག་གི་ཞབས་རྗེས། གྲུབ་ཐོབ་དཔལ་དཔེ་མཆོག་གི་ཞབས་རྗེས། གྲུབ་ཆེན་བསྐོ་རེ་བའི་ཞབས་རྗེས། གྲུབ་ཐོབ་ཡོན་ཏན་སྨན་མཛད་ཀྱི་ཞབས་རྗེས། བྱང་སེམས་རྡོ་རྗེ་སེམས་དཔའི་ཞབས་རྗེས། གྲུབ་ཐོབ་ཕྲིན་ལས་འགྲོ་འདུལ་ཀྱི་ཞབས་རྗེས། གྲུབ་ཐོབ་ཡེ་ཤེས་མཆོག་གི་ཞབས་རྗེས། དུང་དཀར་རང་བྱོན། གྲུབ་ཐོབ་རྡོ་རྗེ་འབྱུང་གནས་ཀྱི་ཞབས་རྗེས། རྫོགས་ཆེན་གྲུབ་ཐོབ་དྷརྨ་དྷ་རའི་ཞབས་རྗེས། མགོན་པོ་ཚེ་གཏེར་གྱི་ཞབས་རྗེས། གྲུབ་ཐོབ་ཨ་འགའ་རའི་ཞབས་རྗེས། མ་གཅིག་ཁྲོས་མ་ནག་མོ་རང་བྱོན། ཡི་གེ་ཧྲཱིཿརང་བྱོན། རྟ་མགྲིན་དམར་པོའི་སྐུ། ལེགས་པའི་དངོས་གྲུབ་ཞབས་རྗེས། རྒྱ་གར་གྱི་ཤིང་ཐོག་གི་གཟུགས། སྐྱོ་ཁོག་འགག་མཇུག་ཏུ་སྲིན་པོ་བཏགས་པའི་སྣ་ལུང་། སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ་དྲུག ཨཿརང་བྱོན། པཎ་ཆེན་ཤཱཀྱ་ཤྲཱིའི་ཞབས་རྗེས། སྲིན་ཀླད་ཀྱི་བྲིས་པའི་ཧཱུྃ། ཨོ་རྒྱན་རིན་པོ་ཆེས་རྫུ་འཕྲུལ་གྱི་ཞབས་ཀྱིས་བཅགས་པའི་རྗེས། ཤཱཀྱ་དྷེ་ཝས་ཕྱག་མཛུབ་ཀྱིས་བྲིས་པའི་ཡིག་དྲུག ཨོ་རྒྱན་རིན་པོ་ཆེས་ཆུ་འདྲེ་དམ་ལ་བཏགས་པའི་ཞབས་རྗེས། བྲག་སྲིན་མོ་དམ་ལ་བཏགས་པའི་ཞབས་རྗེས། གསང་སྔགས་ཀུན་གྱི་མགོ་བོ་ཡི་གེ་ཨོཾ། སྐུ་གསུང་ཐུགས་ཀྱི་སྙིང་པོ། དེའི་གཉའ་ན་ཧྲཱིཿརང་བྱོན་ཡོད། སྐུའི་རིག་འཛིན་རྡོ་རྗེ་འབྱུང་གནས་ཀྱི་ཞབས་རྗེས། རྡོ་རྗེ་དྲག་རྩལ་གྱི་སྲིན་པོ་དམ་ལ་བཏགས་པའི་ཞབས་རྗེས་ཆུ་ནང་དུ་ཡོད། སྲིན་ཀླད་ཀྱིས་བྲིས་པའི་ཡི་གེ་ཨ་དང་ས་དང་ཡིག་དྲུག་མང་པོ་ཡོད། གོང་ཡ་ཀིར་ཡེ་ཤེས་སེམས་དཔའི་ཞབས་རྗེས། དེའི་གོང་རྒྱ་གར་གྲུབ་ཐོབ་སྙན་པའི་ཞབས་རྗེས། དེ་གོང་ཕུག་པར་ཤཱཀྱ་ཐུབ་པ་དང་ཨོ་རྒྱན་གྱི་སྐུ། ཨོ་རྒྱན་གྱི་བཞུགས་ཁྲི་དང་ཞབས་རྗེས། སྐྱོ་བྲག་ཆོས་རྗེའི་ཞབས་རྗེས། ཡི་གེའི་མགོ་ཀ་རང་བྱོན། ལུང་བསྟན་དང་ཡི་གེ་ཆ། སྲིན་པོའི་ཀླད་པས་བྲིས་པའི་ཡིག་དྲུག་དང་གཟུངས་སྔགས་མང་པོ། ཧྲཱིཿདང་ཨོཾ་རང་བྱོན། ཨོ་རྒྱན་གྱི་རྫུ་འཕྲུལ་ཞབས་རྗེས། ཨ་དང་མ་དང་གཡུང་དྲུང་རང་བྱོན། སྲིན་ཀླད་ཀྱིས་བྲིས་པའི་བཛྲ་གུ་རུ། ཡང་ཨ་རང་བྱོན། བོན་སྐུ་སྣང་བ་ཀུན་ཁྱབ་དང་བོན་ཡིག་མང་པོ་རང་བྱོན། དམ་ཅན་གྱི་ཆིབས་པ་ར་ཡི་རྗེས། རྒྱ་གར་གྱི་རིག་འཛིན་བརྒྱད་ཀྱི་ཞབས་རྗེས། ཡང་ཆུད་ཨ་རང་བྱོན་ཆེན་པོ། གནས་བསྟན་བཟང་པོའི་སྐུ། མཚོ་རྒྱལ་ཞབས་རྗེས་ཆ་གཅིག བཻ་རོ་ཙཱ་ནའི་ཕྱག་བྲིས་ཝཾ་གཱི་ཤྭ་ར། བྲག་འགག་དེར་ཡི་གེ་རང་བྱོན་དཔག་མེད། དགོས་འདོད་ཀུན་འབྱུང་ཡི་གེ་ཨཱཿསྨོན་ལམ་གང་བཏབ་འགྲུབ་པར་འགྱུར། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གནས་བརྟན་བ་ཀུ་ལ་ཞག་ལྔ་ལ་བསྒྲུབ་པའི་ཕུག་པ། ཞབས་རྗེས་ཆ་གཅིག ཨ་རང་བྱོན། གྲུབ་ཐོབ་ཆོས་དཔལ་གྱི་ཞབས་རྗེས། ཡི་གེ་ཨ་དང་རིང་བསྲེལ་གྱི་མཚན་པ། ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་ཞབས་རྗེས། ཨོ་རྒྱན་ཆིབས་པ་ཤིང་བྱ་ལྟར་མཛེས་ཀྱི་ཞབས་རྗེས། གྲུབ་ཐོབ་སེ་བོ་པའི་ཞབས་རྗེས། དེའི་ཡན་དུ་ཡི་གེ་ཧཱུྃ་དང་གྲུབ་ཐོབ་རལ་གྲི་པའི་ཞབས་རྗེས། དེའི་གོང་རྡོ་རྗེ་གྲོ་ལོད་ཀྱི་སྐུ་དང་པདྨ་སཾ་བྷའི་ཞབས་རྗེས། ཨོཾ་རང་བྱོན། ཕྱག་ན་རྡོ་རྗེའི་སྐུ་རང་བྱོན། གྲུབ་ཆེན་ཏཻ་ལོ་པའི་ཞབས་རྗེས། ཨོ་རྒྱན་བརྡའི་ཡི་གེ་མ་རང་བྱོན། གྲུབ་ཆེན་མགར་བ་པའི་ཞབས་རྗེས། རྣམ་བཅུ་དབང་ལྡན་གསལ་པོ་རང་བྱོན། རྡོ་རྗེ་རང་བྱོན། རྗེ་འབངས་ཉེར་ལྔས་བྲིས་པའི་མཁའ་འགྲོའི་བརྡ་ཡིག་ཉེར་ལྔ། ཨོ་རྒྱན་གྱི་བྷནྡྷའི་རྗེས། འབྲུ་གསུམ་རང་བྱོན། ས་མ་ཏི་རང་བྱོན། ཨོ་རྒྱན་གྱི་ཕྱག་མཁར་རྗེས། ཧཱུྃ་བཛྲ་ཕཊཿརང་བྱོན། བློ་ལྡན་མཆོག་སྲེད་ཀྱི་ཞབས་རྗེས། ཨ་རང་བྱོན། གྲུབ་ཐོབ་པཀྴི་མཆོག་དང་མདུང་མགོ་པ་གཉིས་ཀྱི་ཞབས་རྗེས། ཨོ་རྒྱན་གྱིས་ཕྱག་དམ་བརྒྱབ་རྗེས་ཀརྨ་པའི་ཞབས་རྗེས། རྟེན་འབྲེལ་གྱི་ཆ་ལ་ཨོཾ་བྲག་སྲུབ་ཏུ་དོད་པ། གྲུབ་ཐོབ་རྟོགས་ལྡན་པའི་ཞབས་རྗེས། ཀོང་བྲག་པའི་ཞབས་རྗེས། ཆོས་སྐུ་མགོན་པོའི་ཞབས་རྗེས། སྲིན་ཀླད་ཀྱིས་བྲིས་པའི་ཡིག་དྲུག་ནོར་བུ་རང་བྱོན། དབང་དེ་ཕུག་ཏུ་ཨོ་རྒྱན་གྱི་སྒྲུབ་ཕུག ནང་དུ་ཨོ་རྒྱན་རིན་པོ་ཆེས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བསྒྲུབ་པའི་གནས་དེའི་སྟེང་ཕྱོགས་ན་པདྨ་དཀར་པོ་ཁ་ཐུར་དུ་སྦུབས་པ་འདྲ་བ་ཡོད། དེ་སྤྱི་གཙུག་བདེ་ཆེན་འཁོར་ལོའི་གནས་ཡིན། དེ་འོག་ལུང་པ་ཟངས་མའི་སྦུ་གུ་འདྲ་བ་ཡོད། དེ་མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡིན། དེ་ལ་བྱང་ཆུབ་མཆོད་རྟེན་རང་བྱོན་ཡོད། རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་རང་བྱོན་ཡོད། རིགས་གསུམ་མགོན་པོའི་སྐུ་རང་བྱོན་ཡོད། རྡོ་གཏེར་གྱི་སྒྲོམ་བུ་འདྲ་བ་ཡོད། དེའི་ངོས་ལ་གུ་རུ་རིན་པོ་ཆེའི་སྐུ་ཡི་ཡེ་གེ་ཨ་རང་བྱོན། བཀའ་བརྒྱད་ཀྱི་ལྷ་ཚོགས་ཐམས་ཅད་བཞུགས། དེའི་འོག་ཏུ་འཁོར་ལོ་རྩིབས་བཞི་ཁ་གྱེན་དུ་བསླངས་པ་འདྲ་བ་ཡོད། དེ་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་ཡིན། དེར་རྡོ་རྗེ་ཕག་མོའི་སྐུ་དང་ཨ་རང་བྱོན། སློབ་དཔོན་བ་རུ་ཎ་ཡི་སྐུ་རྣམས་གསལ་བར་བཞུགས། ཚེ་བུམ་རང་བྱོན། ཨ་རང་བྱོན། སེང་གེའི་གཟུགས། ཨཾ་ཡིག་རྣམས་བཞུགས། དེའི་སྟེང་དུ་དཔལ་ཕྱག་ན་རྡོ་རྗེའི་སྐུ་གསལ་བར་བཞུགས། ཇོ་བོ་སྤྱན་རས་གཟིགས་ཀྱི་སྐུ་དང་། ཛཾ་བྷ་ལ་ནག་པོའི་སྐུ། དུང་དཀར་རང་བྱོན། སྒྲོལ་མ་དཀར་མོའི་སྐུ་དང་། རྡོ་རྗེ་ཕག་མོའི་གསང་བ་བཞུགས། གྲུབ་ཆེན་ཨིནྟྲ་བྷོ་དྷིའི་སྐུ། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ། མཁའ་འགྲོ་རིགས་བཞིའི་སྐུ་དང་། ཨ་དང་པ་རྣམས་གསལ་བར་བཞུགས། དེའི་འོག་ཏུ་ཕུག་པ་ཡངས་ལ་སྤྲོ་བ་གཞལ་ཡས་ཁང་ལྟ་བུ་ཡོད། དེ་ལྟེ་བ་སྤྲུལ་པའི་འཁོར་ལོའི་གནས་ཡིན། དེ་ན་ཟངས་མདོག་དཔལ་རིའི་བཀོད་པ་དང་ཡི་གེ་ཧཱུྃ་ཡོད། མཁའ་འགྲོ་སེང་གདོང་མའི་སྐུ་ཡོད། མགོན་པོ་གུར་གྱི་སྐུ། མ་གཅིག་ལབ་སྒྲོན་གྱི་སྐུ། ཡི་གེ་འབྲུ་གསུམ། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། རྗེ་འབངས་ཤུད་བུ་དཔལ་སེང་གི་ཞབས་རྗེས། དྲན་པ་ནམ་མཁའི་ཞབས་རྗེས་དང་། ཉི་ཟླ་རྣམས་གསལ་བར་བཞུགས། མ་དང་ཨ་དང་ཨེ་རི་གསལ་བར་བཞུགས། དེའི་སྟེང་དུ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་སྤྲིན་འཁྲིགས་པ་ལྟར་བཞུགས། རྡོ་རྗེ་སེམས་དཔའི་སྐུ་དང་། བཀའ་བརྒྱད་ཆེ་མཆོག་གི་སྐུ། རིན་ཆེན་བྲག་གི་ཕུང་པོ་ན། ཐབས་དང་ཤེས་རབ་མཚོན་ཕྱིར་གྱེན་དང་ཐུར་དུ་ཡོད། ཨ་ཡིག དེ་འོག་ཏུ་ཕུག་པ་གྲུ་གསུམ་ཁ་བྱང་དུ་བསྟན་པ་ཡོད། དེ་གསང་གནས་བདེ་སྐྱོང་གི་འཁོར་ལོ་ཡིན། དེ་ན་མགོན་པོ་ཤིང་བྱ་ལ་ཆིབས་པའི་སྐུ་གཟུགས། གླང་ཆེན་ཞོན་པའི་མགོན་པོ་དང་། མགོན་པོ་འཇམ་དབྱངས་དང་། ཨོ་རྒྱན་ཡི་གེ་མ་དང་། རིན་པོ་ཆེའི་ཕུང་པོ་རྒྱབ་མལ་ཡོད། དེ་འོག་ན་སྲིན་ཀླད་ཀྱིས་བྲིས་པའི་ཡིག་དྲུག་དང་། ཕྱག་རྡོར་སྙིང་པོ་དང་། བཀྲ་ཤིས་རྟགས་བརྒྱད་ཡོད། ཨོ་རྒྱན་གྱི་སེང་གེ་ཆིབས་པའི་ཆིབས་རྗེས། མཆོད་རྟེན་ཨཿས་མཚན་པ། ལ་ཁ་དེར་གྲུབ་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། མནྡ་རའི་རྫུ་འཕྲུལ་གྱི་ཞབས་རྗེས་ཆ་གཅིག དེའི་སྟེང་ཡི་གེ་ཧཱུྃ། གྲུབ་ཆེན་ཆུ་བོ་རི་བའི་ཕྱག་རྗེས། འབར་བའི་དབང་པོའི་ཞབས་རྗེས། ཨོ་རྒྱན་གྱི་ཕྱག་མཁར་རྗེས་ལ་ཨོཾ་གྱིས་མཚན་པ། ཨ་རང་བྱོན། མ་རང་བྱོན། མཆོག་སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས། ཨོ་རྒྱན་གྱི་བསྒྲུབ་པའི་གསང་ཕུག ཨ་རང་བྱོན། རྒྱ་ཡིག་ཧཱུྃ། ཡིག་དྲུག་རང་བྱོན། ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། ཡིག་དྲུག་རང་བྱོན། པཎྜི་ཏ་འཇིགས་མེད་སྦས་པའི་ཞབས་རྗེས། གནས་འདི་དགེ་འདུན་ཀུན་གྱི་སྲོག་ཤིང་ལྟ་བུའི་གནས་ཡིན། དེའི་རྟགས་སུ་ཡི་གེ་སཾ་རང་བྱོན། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྟགས་ཡི་གེ་ཨཿདམར་པོ་རང་བྱོན། གུ་རུ་རི་པའི་ཞབས་རྗེས། ཀུ་ཀུ་རཱ་ཙའི་རྗེས། ཨོཾ་དང་ཨཱཿརང་བྱོན། རྒྱ་ཡིག་ལཉྩའི་ཧཱུྃ་རང་བྱོན། ཡང་ཧཱུྃ་རང་བྱོན། ཨརྱ་དེ་ཝའི་རྫུ་འཕྲུལ་གྱི་ཞབས་རྗེས། ཙ་མེ་སངས་རྒྱས་གྲགས་པའི་རྫུ་འཕྲུལ་གྱི་ཞབས་རྗེས། ཨཱཿརང་བྱོན། སྲིན་ཀླད་ཀྱིས་བྲིས་པའི་ཡིག་དྲུག ཨོཾ་དང་ཧཱུྃ་རང་བྱོན། ལྡན་མ་རྩེ་མང་གི་ཕྱག་ཞབས་ཀྱི་རྗེས། བཻ་རོ་ཙ་ནའི་ཞབས་རྗེས། ཨཱཿརང་བྱོན། རྗེ་འབངས་ཉི་ཤུ་རྩ་ལྔའི་ཕྱག་བྲིས། ཨཱཿཉེར་ལྔ་ཡོད་པའི་ཀ་ཅོག་གཉིས་ཀྱི་ཕྱག་བྲིས། སྲིན་ཀླད་ཀྱིས་བྲིས་པའི་ཨཱཿབྷ་ར་དྷཱ་ཛའི་སྐུ། སྒྲོལ་མ་སྔོན་མོའི་སྐུ། རྒྱ་གར་གྲུབ་ཆེན་རྡོ་རྗེ་དཔལ་གྱི་ཞབས་རྗེས། རྗེ་འབངས་ཁྱེའུ་ཆུང་གི་ཕྱག་བྲིས། ཤུད་བུ་དཔལ་གྱི་སེང་གེའི་ཕྱག་བྲིས་ཨཱཿ ཕག་མོ་ཕྱག་བཞི་མའི་སྐུ། སྲིན་པོ་བསྒྲལ་བའི་ཁོག་པ། ཐུབ་པ་དང་ཨོ་རྒྱན་གྱི་སྐུ། རྡོ་རྗེ་ཐོད་ཕྲེང་རྩལ་གྱི་རྗེས། མཆོད་རྟེན་མཐོང་གྲོལ། སྲིན་ཀླད་ཀྱིས་བྲིས་པའི་ཨཱཿདང་གཡུང་དྲུང་། ཧྲཱི༔རང་བྱོན། ཨོ་རྒྱན་གྱི་ཕྱག་བྲིས་རིགས་གསུམ་མགོན་པོའི་སྙིང་པོ། གསང་སྔགས་མགོ་བོ་ཡི་གེ་ཨོཾ། འབྲུ་གསུམ་རང་བྱོན། ཨ་ཙཱརྱ་ས་ལའི་ཞབས་རྗེས། རི་ཁྲོད་མ་ཡི་ས་བོན་བཾ་རང་བྱོན། ཡིག་དྲུག་རང་བྱོན། དཀོན་མཆོག་འབྱུང་གནས་ཀྱི་ཞབས་རྗེས། པདྨ་སཾ་བྷའི་སྐུ། པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེའི་རྫུ་འཕྲུལ་གྱི་ཞབས་རྗེས། ཨོ་རྒྱན་རིན་པོ་ཆེས་སྲིན་ཀླད་ཀྱིས་བྲིས་པའི་ཡི་གེ་མང་པོ། ཨཱཿ རང་བྱོན་གཉིས། མ་རང་བྱོན། མཚོ་རྒྱལ་གྱི་ཞབས་རྗེས། ཡིག་དྲུག་རང་བྱོན། བཀྲ་ཤིས་སྐྱེ་མེད་ཕུག མཆོད་རྟེན་རང་བྱོན། འོད་ཟེར་ཅན་དང་ཨོ་རྒྱན་རང་བྱོན། ཁྲོ་བོ་མི་གཡོ་བ་རང་བྱོན། སྐྱོ་བྲག་པའི་ཕྱག་རྗེས། སྤུ་གྲི་རང་བྱོན། ཚེ་དཔག་མེད་རང་བྱོན། པཎྜི་ཏ་བདེ་བའི་རྡོ་རྗེའི་ཞབས་རྗེས། སྐུ་འབུམ་སར་ཨཱཿ དང་མཆོད་རྟེན་རང་བྱོན། སངས་རྒྱས་ཀྱི་རིང་བསྲེལ་རང་བྱོན། ཨཱཿརིང་བསྲེལ་ལས་གྲུབ་པ། སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་རང་བྱོན། ལཉྩའི་ཧཱུྃ་དང་རྡོ་རྗེ་འཆང་རང་བྱོན། གཉེན་སྟོང་ཞབས་རྗེས། མཚོ་རྒྱལ་གྱི་རྫུ་འཕྲུལ་གྱིས་བྲིས་པའི་ཨཱཿ སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ་མང་པོ། གཡུང་དྲུང་གཡས་འཁྱིལ། ཨོ་རྒྱན་གྱི་ཕྱག་མཛུབ་ཀྱི་རྗེས། ཨོ་རྒྱན་གྱི་སྲིན་ཚོགས་དམ་ལ་བཏགས་དུས་རྫུ་འཕྲུལ་གྱི་ཞབས་རྗེས། མཚོ་རྒྱལ་གྱི་ཤངས་མཚལ་གྱིས་བྲིས་པའི་ཨཱཿ བིར་ཝ་པའི་སྐུ་གཟུགས། སེང་གེ་གནམ་དུ་བལྟས་པའི་གཟུགས་ལ་ཉི་ཟླས་མཚན་པ། པདྨ་རྒྱལ་པོའི་ཞབས་རྗེས། རྡོ་རྗེ་གྲོ་ལོད་ཀྱི་སྐུ། མེ་ཏོག་དང་ཨེ་ཝཾ་མ་ཡ་རང་བྱོན། ཡེ་ཤེས་རྡོ་རྗེའི་ཞབས་རྗེས། མཁའ་འགྲོ་བདེ་བའི་རྡོ་རྗེའི་ཞབས་རྗེས། དབང་ཕྱུག་གི་ཞབས་རྗེས། ཡེ་ཤེས་མཆོག་གི་ཞབས་རྗེས། སྲོག་བདུད་ཀྱི་ཕྱག་མཚན་ལྕགས་གཞུ་ལྕགས་མདའ་རང་བྱོན། ཧཱུྃ་བཛྲ་ཕཊ་རང་བྱོན། སྲིན་པོའི་མཆེ་བས་བྲིས་པའི་ཨཱཿ གྲུབ་ཆེན་བློ་གྲོས་རིན་ཆེན་གྱི་ཞབས་རྗེས། ཨོཾ་ཡིག་ཐིག་ལེ་དཀར་པོས་མཚན་པ། གྲུབ་ཆེན་ཕག་མོ་དངོས་གྲུབ་ཀྱི་ཞབས་རྗེས། དུང་དཀར་ཧཱུྃ་གིས་མཚན་པ། མཁའ་འགྲོ་ཚོགས་དཔོན་ཞབས་རྗེས། རི་རབ་རང་བྱོན། རྡོ་རྗེ་འོད་ཀྱི་ཞབས་རྗེས། གྲུབ་ཆེན་དཔལ་གྱི་ཞབས་རྗེས། དུང་དཀར་རྗེས། གྲུབ་ཆེན་ཤྲཱི་བཛྲའི་ཞབས་རྗེས། རྟ་མགྲིན་གྱི་སྐུ། རྒྱ་གར་མཁའ་འགྲོ་ཤིང་གི་རལ་པ་ཅན་གྱི་རྫུ་འཕྲུལ་གྱི་ཞབས་རྗེས་གནས་འདིའི་བཀའ་སྲུང་གཟའ་ཡི་རྒྱལ་པོ་རཱ་ཧུ་ལ་ཡིན། དེའི་རྟགས་ལ་ཡི་གེ་རཱ་གསལ་བར་ཡོད། དཔལ་བེའུ་རང་བྱོན། སྲིན་ཀླད་ཀྱིས་བྲིས་པའི་ཡི་གེ་འབྲུ་བདུན། ཨོ་རྒྱན་གྱི་ཞབས་རྗེས་ལམ་དུ་ཡི་གེ་ཨཱཿདང་བྱང་ཆུབ་མཆོད་རྟེན་རྗེས། གྲུབ་ཆེན་ག་ཡ་དྷ་རའི་ཞབས་རྗེས། ཨོ་རྒྱན་གྱི་ཆིབས་པའི་རྗེས་དང་ཡི་གེ་ཨཱཿཨོ་རྒྱན་གྱི་ཞབས་རྗེས། ཕག་མོའི་ཕྱག་མཚན་ཐོད་ཁྲག་གི་རྗེས། རྡོ་རྗེ་གྲོ་ལོད་ཞབས་རྗེས། རིང་བསྲེལ་གསུམ་མཚམས་ཡི་གེ་ཧཱུྃ་རང་བྱོན། ཡང་འབྲུ་གསུམ་རང་བྱོན། སྒོ་བ་བཞིའི་ཞབས་རྗེས། སྲིན་ཀླད་ཀྱིས་བྲིས་པའི་བཛྲ་གུ་རུ། ཨོཾ་ལྔ་ཚོམ། གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས། རྗེ་འབངས་ཉེར་ལྔའི་ཞབས་རྗེས། འདིའི་བྲག་སྐོར་འདིར་གནས་བརྟན་བཅུ་དྲུག་གི་སྐུ་ཐམས་ཅད་བཞུགས། ཇོ་བོ་ཁ་སར་པཱ་ཎི། ཨོ་རྒྱན་སྐུ། ཨོ་རྒྱན་གྱི་སྲིན་པོ་ཕོ་མོ་དམ་ལ་བཏགས་ནས་ཞབས་ཀྱིས་ཡི་གེ་བྲིས་པ། སྲིན་པོ་མགོ་དགུ་ལག་པ་བཅོ་བརྒྱད་དུ་སྤྲུལ་ནས་བསྡད་པས་ཨོ་རྒྱན་གྱིས་དྲུད་རྗེས་དང་མནན་རྗེས་ཡོད། ཨོ་རྒྱན་གྱི་སྐུ། ཆོས་སྐུ་འོད་དཔག་མེད། ལོངས་སྐུ་ཐུགས་རྗེ་ཆེན་པོ། རྡོ་རྗེ་རྣམ་འཇོམས་དཔག་བསམ་ལྗོན་པའི་ལྷ། ཨོ་རྒྱན་པདྨ་ཞི་བ་དུང་ཁྲབ་ཅན་སྨོན་ལམ་གང་བཏབ་འགྲུབ། ཨཱཿརང་བྱོན། རྣམ་སྲས་ལུས་ངན་པོ། བྱམས་པ་མེ་ཏྲིའི་སྐུ། ཚེ་བུམ་རང་བྱོན། མགོན་པོ་རྒྱུད་གུར། འཇམ་པའི་རྡོ་རྗེ། ཨོ་རྒྱན་རིན་པོ་ཆེ། དུད་སོལ་མའི་སྐུ། རྡོ་རྗེ་ཕག་མོའི་སྐུ། འཇིགས་བྱེད་མེའི་སྤུ་གྲི། གནོད་སྦྱིན་ལྔས་ཙན། རྡོ་རྗེའི་ཞགས་པ། ཨཱཿརང་བྱོན། བྲམ་ཟེ་ཟླ་བའི་སྒྲོན་མའི་ཞབས་རྗེས། པདྨ་གིང་གི་སྐུ། ཚེ་དཔག་མེད་གཙོ་འཁོར་གསུམ། ཨོ་རྒྱན་གཙོ་འཁོར་གསུམ། སྲིན་པོ་བསྒྲལ་རྗེས་ཨཾ། ཨོ་རྒྱན་གྱི་ཆིབས་པའི་རྗེས་རྣམས་བཞུགས། དེ་རྣམས་ཐོ་རམ་པའོ། །སེང་གེ་གནམ་མཆོངས་སུ་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེ་དང་བྷནྡྷའི་ཕྲེད་དུ་བརྐྱངས་ནས་བཟུང་བ་རྡོ་རྗེའི་སྣེ་ལ་ཨ་དཀར་པོ་ཡོད་པ་སྤྲིན་ནང་དུ་ཞལ་གཟིགས་སོ། །ཕན་ཚུན་གཉིས་ཀ་ལ་ཕྱི་སྐོར་བྱེད་པའི་བསྐོར་བ་བཞི། དེའི་ཚེ་ཡི་གེ་དྲུག་གམ་བཛྲ་གུ་རུ་དུ་ཐོན་དང་བརྒྱ་ཕྱག་གཅིག་བྱའོ། །དེ་དུང་ཕྱུར་དུ་འགྱུར་བར་ཐེ་ཚོམ་མེད། མངྒལཾ། །
མཆན། ༡.གནས་ཡིག་འདི་ནི་གནམ་ཆོས་མི་འགྱུར་རྡོ་རྗེའི་བཀའ་འབུམ་ཝཾ་པོད་ལས་ཞལ་བཤུས་པའོ། །
༄༅། །གནས་སེང་གེ་གནམ་མཆོང་མཚན་གསོལ་ནས། །ཡུལ་སྤྱི་འབྱམས་ཟུང་འབྲེལ་གནས་མཆོག་འདི། །བྲག་དཀར་གསལ་དར་དཀར་ཡོལ་བྲེས་འདྲ། །རྩེ་ལ་ལྷོ་སྤྲིན་འཇའ་སྤྲིན་འཁྲིགས། །ཕ་བརྒྱུད་པ་སུམ་ལྡན་བླ་མ་བཞུགས། །ལོགས་ལ་རྩི་ཤིང་ནགས་ཚལ་བརྗིད། །རྒྱུད་སྡེ་ལྷ་ཚོགས་ཐེམ་མེར་བཞུགས། །ཉིན་བཞིན་དུ་རོལ་མོའི་སྒྲ་དབྱངས་སྒྲོགས། །མ་གནས་གསུམ་མཁའ་འགྲོའི་ཚོགས་འཁོར་སྐོར། །བྲག་ཆུ་ཤིང་གྲམ་ཁྲོད་དུར་ཁྲོད་གནས། །མགོན་ཆོས་སྐྱོང་སྲུང་མ་ཁྲོམ་ལྟར་ཚོགས། །གནས་གཡས་ལོགས་གསང་སྔགས་རྙིང་མའི་རྫོང་། །དཔལ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་བཞུགས། །རི་དཀྱིལ་རྫོང་གསང་སྔགས་གསར་མའི་རྫོང་། །ལྷ་བདེ་དགྱེས་གསང་དུས་ཡང་དག་བཞུགས། །གནས་གཡོན་ལོགས་ལྕང་ལོ་ཅན་གྱི་གནས། །དཔལ་ཕྱག་རྡོར་དང་རྡོ་རྗེ་ཕུར་པ་བཞུགས། །གནས་སྤྱི་འབྱམས་ཉི་ཟླ་གསལ་ཡངས་ལ། །རྗེ་པད་འབྱུང་གྲུབ་ཆེན་བརྒྱད་ཅུས་བསྐོར། །གནས་ས་སྤྱོད་དག་པ་མཁའ་སྤྱོད་ལ། །ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ། །བྲག་སེང་གེ་གནམ་ལ་མཆོང་འདྲ་ལ། །གྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་བཞུགས། །བྲག་གདུགས་དཀར་འདྲ་བའི་གཞལ་ཡས་ན། །ལྷ་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་། །བྲག་པདྨ་བརྩེགས་འདྲའི་ནང་ཤེད་ན། །ཡུམ་སྒྲོལ་མ་དཀར་སྔོན་ཌཱཀི་དུང་། །རི་གསེར་བུམ་འདྲ་བའི་ནང་ལོགས་ན། །དཔལ་དགོངས་པ་འདུས་པའི་ལྷ་ཚོགས་བཞུགས། །བྲག་འཁོར་ལོ་འདྲ་བའི་རྩིབས་སྟོང་ལ། །སྐལ་བཟང་གི་སངས་རྒྱས་སྟོང་རྩ་བཞུགས། །རི་རྩེ་ལ་དུང་དཀར་འཕྱར་འདྲ་ལ། །མགོན་རྒྱལ་བ་རིགས་ལྔ་ཡུམ་བཅས་བཞུགས། །བྲག་རྒྱལ་མཚན་བསྒྲེངས་འདྲའི་ཕོ་བྲང་ན། །དཔལ་འཁོར་སྡོམ་དྲུག་ཅུ་རྩ་གཉིས་བཞུགས། །སྤང་གསེར་ཉ་འཁྱུག་འདྲའི་རི་ལོགས་ན། །ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ། །གཡའ་དཔལ་བེའུ་འདྲ་བའི་རེའུ་མིག་ལ། །སྐྱབས་ཉེ་བའི་སྲས་ཆེན་བརྒྱད་པོ་ཡོད། །བྲག་རི་ལོགས་ནོར་བུ་འབར་འདྲ་ལ། །མགོན་རྒྱལ་བ་རིགས་གསུམ་མགོན་པོ་བཞུགས། །དེ་ཆ་ལུགས་བཀྲ་ཤིས་རྟགས་བརྒྱད་ཚུལ། །རི་རྩེ་མོ་བྱ་ཁྱུང་ལྡིང་འདྲའི་གནས། །ཕ་བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །བྲག་གཡུ་འབྲུག་ཚང་ནས་ལང་འདྲ་ལ། །རྗེ་ཨོ་རྒྱན་རྗེ་འབངས་ཉེར་ལྔ་བཞུགས། །ས་སེང་གེ་འདྲ་བའི་རི་ལོགས་ལ། །དཔལ་ཐུབ་པའི་གནས་བརྟན་ཉན་རང་འཁོར། །ཕྱི་བྲག་དཀར་རྩི་ཤིང་སྟུག་པོའི་ཚུལ། །ནང་རྩ་གསུམ་ལྷ་ཚོགས་ཁྲ་ཐིམ་གསལ། །ཕྱི་གཡའ་སྤང་བྲག་རོང་ན་བུན་འཐིབས། །ནང་རྒྱུད་སྡེ་བཞི་དྲུག་ཐོམ་མེར་གང་། །ཕྱི་བྲག་རི་རླུང་ནག་འུར་སྒྲ་སྒྲོགས། །ནང་དུར་ཁྲོད་རབ་འཇིགས་ཆོས་སྐྱོང་ཚོགས། །ཕྱི་སྤང་ལྗོངས་རྩི་ཤིང་མེ་ཏོག་བཀྲ། །དཔལ་ཆེན་པོའི་བཀའ་ཉན་རི་རབ་རྡུལ། །རྡོ་ཐེ་བོང་ཙམ་ལ་དཔའ་བོ་རེ། །ཤིང་གཡག་རྔ་ཙམ་ལ་མཁའ་འགྲོ་རེ། །གནས་ས་སྤྱོད་དག་པ་མཁའ་སྤྱོད་ལ། །སྐུ་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཕ་རྩ་གསུམ་འཇའ་བཞིན་འཁྲིགས་པའི་རྫོང་། །མ་གནས་གསུམ་སྤྲིན་ལྟར་འདུ་བའི་གནས། །མགོན་ཆོས་སྐྱོང་ཁྲོམ་ལྟར་འཁྲིགས་པའི་གུར། །བྲན་སྡེ་བརྒྱད་རྡུལ་བཞིན་འཚུབ་པའི་མཁར། །མི་ལས་དག་ངོ་མཚར་སྐྱེ་བའི་གནས། །བུ་དད་ལྡན་ཉམས་རྟོགས་འཁྲུངས་པའི་ཡུལ། །དཔལ་ཕུན་ཚོགས་ལྔ་ལྡན་རྒྱལ་བའི་ཞིང་། །སྐུ་རང་བྱོན་དང་ཞབས་རྗེས་ཕྱག་མཚན་བཀྲ། །གསུང་ཡིག་འབྲུ་དང་གཟུངས་སྔགས་སྙིང་པོ་ཤར། །ཐུགས་རིང་བསྲེལ་དང་མཆོད་རྟེན་རྟེན་གྱི་གཟུགས། །བྱ་འདབ་ཆགས་ཐམས་ཅད་དཔའ་བོ་སྟེ། །དེ་རི་དྭགས་སྣ་ཚོགས་དཔའ་མོ་སྟེ། །གྲོགས་གཅན་གཟན་སྣ་ཚོགས་གནས་སྲུང་ཡིན། །གནས་འབྲེལ་བ་ཐོབ་ཚད་བྱང་ཆུབ་བགྲོད། །ཡུལ་དེར་སྐྱེས་སྐྱེ་འགྲོ་ཚོགས་རེ་བསགས། །དོན་ངེས་པ་ལྔ་ལྡན་མཁའ་སྤྱོད་གནས། །གནས་གཞན་གྱི་འགྲན་ཟླ་ཡེ་ནས་མེད། །མི་ང་ཡི་སྣང་སེམས་ཤིན་ཏུ་སྐྱོ། །ཤར་རི་བོ་པོ་ཏའི་ཕོ་བྲང་དང་། །ལྷོ་དཔལ་གྱི་རི་དང་ཙ་རི་ཏྲ། །ནུབ་གངས་དཀར་ཏི་སེའི་གནས་མཆོག་དང་། །བྱང་ལ་ཕྱི་ཆུ་དབལ་དབེན་གནས་དང་། །དོན་ཁྱད་པར་མེད་པ་ངོ་བོ་གཅིག །གནས་འདི་ལ་འབྲེལ་བ་ཕྱག་བསྐོར་དང་། །ངག་དད་འདུན་གྱིས་གསོལ་འདེབས་བསྟོད་གསོལ་དང་། །ཡིད་མ་གཡེང་རྩེ་གཅིག་མོས་གུས་དང་། །མ་ཎི་དང་ཚྭ་ཚྭ་དར་ལྕོག་དང་། །རེ་རེ་ལ་བྱེ་བ་འབུམ་འགྱུར་ཡོད། །བུ་དད་ལྡན་འདུན་པའི་རྟེན་མཆོག་ཡིན། །རབ་དག་པ་མཁའ་སྤྱོད་ཞིང་ཁམས་བགྲོད། །འབྲིང་མི་ལུས་རྟེན་བཟང་ངེས་པར་འཐོབ། །ཐ་མ་ངན་སོང་གི་སྐྱེ་སྒོ་ཆོད་པར་ངེས། །ཚིག་འདི་སྐད་ཀུན་གྱི་རྣ་བར་ཤོད། །དཔལ་བཀྲ་ཤིས་ཟླ་བ་ཡར་རྒྱས་ངོས། །གནས་ཁམས་གསུམ་ཡོངས་ལ་ཁྱབ་པར་ཤོག །གནས་དག་པ་རབ་འབྱམས་ཆེན་མོ་ཡི། །མ་འགྲོ་དྲུག་མཁའ་མཉམ་འབྲེལ་ཐོག་ཀུན། །དོན་འགྲོ་དོན་ཕྱོགས་མེད་འབྱུང་བར་ཤོག །ཅེས་ཚིག་རྐང་བརྒྱ་དང་བརྒྱད་ཀྱི་མགུར་མ་རྡོ་རྗེའི་ཤོ་ལོ་ཀ་ཉེར་བདུན་གྱི་སྨྲས་པ་འདི་ཉམས་དང་རྨི་ལམ་འདྲེས་པའི་མཚམས་ནས་འདི་ལྟར་ཐོལ་བྱུང་དུ་སྨྲ་བའི་ཌཱཀྐི་ནི་འཇའ་ཡལ་བ་བཞིན་མི་སྣང་བར་གྱུར་ཏོ། །དེའི་སྐབས་རང་ཅག་ཀྱང་ཉིན་དུས་དང་མི་འདྲ་བའི་སེམས་ལ་དགའ་སྤྲོ་ཆེན་པོ་བྱུང་ཞིང་། དེ་ལོ་དབྱར་མཐར་ཚེས་བཅུ་ལ་གནས་འབྲེལ་དུ་མི་འགྲོ་བའི་ཐབས་མེད་སྙམ་ནས་བྱོན་སྐབས། གོང་གི་ཚིག་གི་ནང་ལས་ལྷག་པའི་མཐོང་སྣང་དཔག་ཏུ་མེད་པར་བྱུང་ཞིང་། ནམ་མཁའ་ཐམས་ཅད་ནི་འཇའ་ཟེར་ཁྲ་ལམ་མེ། རི་བྲག་ས་རྡོ་ཐམས་ཅད་ནི་ཡི་དམ་དཔའ་བོ་མཁའ་འགྲོ་ཉི་ཟེར་གྱི་རྡུལ་བཞིན། ས་གཞི་ཐམས་ཅད་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མ་མགོན་ལྕམ་དྲལ་འགྲོ་བའི་ལམ་མི་རྙེད་པའི་ཁྲོམ་བཞིན་ཚོགས་ཤིང་། བྲག་ས་རྡོ་རྩྭ་ཕོ་ཐུར་མོ་ཐུར་རེ་རེ་ལའང་སངས་རྒྱས་ཡི་དམ་ཞི་ཁྲོའི་སྐུ་གཟུགས་དེ་དང་ཡིག་འབྲུ་གཟུངས་སྔགས་མཆོད་རྟེན་རིང་བསྲེལ་གྲངས་དང་བརྗོད་ལས་འདས་པར་སྣང་ཞིང་། སྒྲ་ཐམས་ཅད་མ་ཎི་བཛྲའི་རང་སྒྲ་འུ་རུ་རུ་དགེ་འདུན་སྟོང་གིས་ཚོགས་པ་འདྲ་བའི་སྒྲ་སྒྲོགས་ཤིང་གོམ་པ་བགྲོད་པ་ལ་རྡོག་པ་སྤོ་ཐབས་མེད་པ་བྱུང་ཞིང་། ཉམས་སྤྲོ་ཤེས་པ་འཕྱོ་ཞིང་དགའ་སྤྲོ་དེ་སྔོན་ཡོང་མ་མྱོང་བ་བྱུང་ཞིང་དེའི་ནུབ་མོ་ཚེས་བཅོ་ལྔ་རང་ཉལ་བའི་བསམ་གཞིགས་བྱས་ནས། གནས་འདི་བདག་ཏུ་བཟུང་བའི་ལས་ཅན་སུ་ཡིན་ཨང་སྙམ་ཚེ། རྐྱེན་མེད་པའི་ནམ་མཁའ་ནས། སྒྲ་གཅིག་བྱུང་སྣང་ཐོབ་པར། གནས་འདི་ཡི་སྲུང་མ་གྲངས་མང་སྟེ། གསང་སྔགས་རྙིང་མའི་ཚུལ་དུ་ནང་གི་བཀའ་སྲུང་ཨེ་ཀ་ཙ་ཏྲི། ཕྱི་ཡི་སྲུང་མ་དམ་ཅན་རྡོར་ལེགས། གསང་བའི་བཀའ་སྲུང་མཁའ་འགྲོ་སེང་གདོང་མ། གསང་སྔགས་གསར་མའི་དཀྱིལ་འཁོར་ཡིན་པས། ནང་གི་སྲུང་མ་མགོན་པོ་ཕྱག་བཞི། ཕྱི་ཡི་བཀའ་སྲུང་ཀེང་རུས་དུར་བདག གསང་བའི་སྲུང་མ་མགོན་པོ་བྱ་རོག་མཚན་ཅན། ཆེ་མཆོག་ཧེ་རུ་ཀའི་ཕོ་བྲང་ཡིན་ཕྱིར། ཕྱི་ཡི་བཀའ་སྲུང་དབང་ཕྱུག་ཉེར་བརྒྱད། ནང་གི་བཀའ་སྲུང་དཔལ་མགོན་མ་ནིང་། གསང་བའི་བཀའ་སྲུང་ཏྲཀྴད་ནག་པོ། སྤྱི་ཁྱབ་གནས་ཀྱི་སྲུང་མ་ཕྱི་ཡི་སྲུང་མ་དགེ་བསྙེན་སྦ་བ་ནག་པོ། ནང་གི་བཀའ་སྲུང་ཞིང་སྐྱོང་མེ་ལོང་སེང་ཕྲུག གསང་བའི་བཀའ་སྲུང་གཟའ་བདུད་རཱ་ཧུ་ལ་ཡིན་ཕྱིར་དྲག་རྩལ་ཤིན་ཏུ་ཆེ། དམ་ལྡན་རྣམས་བུ་བཞིན་སྐྱོང་དཀར་པོ་གནས་འཁོར་སྲུང་མ། ཀླུ་བདུད་རི་དམར་ལྕམ་བདུད་དེ། བཀའ་སྲུང་སྤུ་གྲི་མཆེད་གསུམ་རྣོ་མྱུར་ཐོག་ལྟར་འབེབས་ནུས་པ་ཡིན།
མཆན། གནས་ཡིག་འདི་ནི་སྐྱོ་བྲག་དགོན་པས་འདོན་སྤྲོད་གནང་བའི་རྣམ་ཐར་སྒོ་གཉིས་མ་ལས་ཞལ་བཤུས་པའོ། །
༄༅། །ན་མོ་པདྨ་བཛྲ་ཡེ། སྐྱབས་གནས་ཨོ་རྒྱན་པདྨ་འབྱུང་། །རིག་འཛིན་མཁའ་འགྲོའི་ཚོགས་ལ་འདུད། །གནས་མཁའ་སྤྱོད་དག་པའི་སེང་ཧ་རྫོང་། །མི་བདག་གིས་མཇལ་བའི་འཁྲུལ་སྣང་ངོར། །ཉམས་ཤར་ཚུལ་བརྗོད་ལ་བཀའ་གནང་རྩོལ། །གནས་སེང་རྫོང་ཀེའུ་ཚང་ཕུག་པའི་ནང་། །བདག་མཉམ་བཞག་ཅུང་ཟད་འདུག་པའི་དུས། །རྗེ་པད་འབྱུང་གྲུབ་ཐོབ་མི་གཟུགས་ཚུལ། །བྱིན་གཟི་བྱིན་འབར་བ་དངོས་སུ་མཐོང་། །སྐུ་གཡས་གཡོན་ཕུག་པའི་ངོས་ལོག་ལ། །རྒྱ་ཡིག་དང་བོད་ཡིག་བརྡ་ཡིག་སོགས། །སྒྲ་གྲགས་སྟོང་ཡི་གེར་སྣང་སྟོང་ཤར། །ཕྱག་གསེར་གྱིས་རྡོ་རྗེ་རྩེ་ལྔ་དང་། །གཡོན་དངུལ་གྱིས་དྲིལ་བུ་ཡུམ་གྱིས་ཚུལ། །མི་འགྱུར་བའི་ཐིག་ལེ་དགའ་བ་འཁྱིལ། །རྟ་ཕག་དགོས་སྒྲུབ་ཀྱིས་སྤོ་ཏི་བཞུགས། །ཟབ་ཆོས་ཀྱིས་གཏེར་ཁ་འགའ་ཡང་མཐོང་། །ཨོཾ་པདྨ་བཛྲ་ཧཱུྃ་གི་སྒྲ། །དུས་རྒྱུན་ཆད་མེད་པར་རང་སྒྲ་ཐོས། །བྲག་ཤེལ་གྱིས་མཆོད་སྡོང་ལྟ་བུ་ལ། །བཀའ་རྒྱུད་སྡེ་བཞི་ཡིས་ལྷ་ཚོགས་བཞུགས། །དཔའ་བོ་དང་མཁའ་འགྲོ་སྤྲིན་ལྟར་འཁྲིགས། །སྟེང་ནམ་མཁའི་ཁམས་ལ་ཡར་བལྟས་པས། །སྤྲིན་འཇའ་ཚོན་འོད་གུར་འཁྱིལ་བའི་དབུས། །རྗེ་རིག་འཛིན་པདྨ་འབྱུང་གནས་དང་། །འཁོར་གྲུབ་ཐོབ་རྒྱ་མཚོ་དངོས་སུ་མཇལ། །ཡིད་མོས་གུས་གསོལ་བ་ཡང་ཡང་བཏབ། །ལེགས་ཉེས་ཀྱིས་རྟེན་འབྲེལ་སྨོན་འབྲས་འགྲུབ། །དོན་བདེན་གཉིས་ཚོགས་ཀྱིས་འཁོར་ལོ་བསྐོར། །དོན་གཉིས་ལྷུན་གྲུབ་ཀྱི་འབྲས་བུ་སྨིན། །སྐུ་གསུམ་མངོན་གྱུར་གྱིས་རྟོགས་པ་ཤར། །རིག་འཛིན་གྲུབ་ཐོབ་ཀྱི་ཚོགས་གྲལ་འགྲིགས། །མགོན་བྱ་རོག་གདོང་གིས་དཀར་གཏོར་ཁྱེར། །བཀའ་རྒྱུད་ཀྱི་རྒྱལ་མཚན་རྩེ་མོར་རོལ། །ཡ་མཚན་རྨད་བྱུང་གིས་ལྟད་མོ་མཐོང་། །བར་སྣང་གི་དབྱིངས་སུ་ཕར་བལྟས་པས། །མ་མཁའ་འགྲོ་རྣམ་གཉིས་བྱ་རྒོད་སྤྲུལ། །སྐྱེ་མེད་ཨ་ཡིག་གི་དཀྱིལ་འཁོར་བསྟན། །འཁོར་འདས་མཉམ་ཉིད་ནམ་མཁའི་ཚུལ། །མཐའ་དབུས་མེད་པའི་བརྡ་ཆོས་བསྟན། །ང་རྣལ་འབྱོར་ས་གཞིའི་སྟེང་དུ་འདུག །ཁོང་ཌཀྐི་རྣམ་གཉིས་དབྱིངས་སུ་འཕྱོ། །ལར་ནམ་མཁའ་ས་གཞི་ཐབས་ཤེས་ཚུལ། །ཁོང་དཔའ་བོ་དང་མཁའ་འགྲོ་འབྲལ་མེད་རྟགས། །མདུན་ནམ་མཁའི་དབྱིངས་སུ་ཡང་ཡང་མཇལ། །བདག་སྐྱོ་ཤས་ཀྱི་མཆི་མ་ཁོང་ནས་འཁྲུགས། །སྔོན་ཕ་མའི་འདུ་བྱེད་སྐྱེས་ཚུལ་ཤར། །དུས་ད་ལྟ་མིག་གིས་བལྟས་དང་མཚུངས། །སྐྱོ་བ་དང་མཚར་བ་འདྲ་འདྲ་བྱུང་། །ཁོང་དཔལ་འདྲེན་མ་ཡིས་འདི་སྐད་ཟེར། །ཁྱེད་ང་དང་འབྲལ་མེད་འདུག་ས་ལ། །བྱུང་ཚུལ་དང་སྐྱེས་ཚུལ་ཡི་གེར་ཐོབ། །ལོ་དྲུག་ཅུ་ཡན་མན་ཅི་འདྲ་ཨཾ། །དེ་ཚུན་ལ་ཡང་ཅི་ཡོང་ཅི་ཆ་མེད། །ཁོ་རྡོ་རྗེ་མན་ཆད་ལུས་ཀྱི་བུ། །ཧ་ཧ་ཧ། །དེ་མིན་གནས་བསིལ་བ་ཚལ་ནས་འོང་། །ཁོང་གྲུབ་པའི་དཔལ་མོས་འདི་སྐད་ཟེར། །ཁྱོད་གཉིས་ལས་མཚར་བའི་མི་མི་འདུག །གོ་ཆེན་པོ་ཆོད་ས་ང་ཡིས་ཤེས། །ང་འབྲལ་མེད་ཡོད་རྟེན་ལྟ་བ་ལས། །སེམས་སྐྱོ་ཤས་ཀྱི་ངོ་ཤེས་ད་ལྟ་ཙམ། །ང་བྱ་ཐུལ་གྱོན་ཚེ་ངོ་མཚར་མཐོང་། །གོས་ཧྲུལ་པོ་གྱོན་ནས་བྲན་གཡོག་བྱེད། །མི་ལས་ཅན་བདེ་ཆེན་མཚན་མས་འདྲེན། །མི་སྐལ་མེད་དམ་ལོག་མཚན་མས་འདུལ། །མི་དད་ལྡན་གྱི་ཉམས་ཆགས་མཚན་མས་བསྐང་། །མི་དྲིན་ཅན་མ་བྱུར་རྟོགས་པས་འདྲེན། །ཉམས་རྩ་རླུང་ཐུགས་རྗེའི་ཉམས་རྟོགས་སྤེལ། །ཡུལ་ས་བཅུད་བསོད་ནམས་གཡང་གིས་བདག །ཆོས་ཟབ་རྒྱས་འཁོར་ལོ་རྣལ་འབྱོར་མ། །ང་གཉིས་ཉི་ཟླ་ལྟར་འགྲོ་བའི་མགོན། །ཡུམ་ཆོས་སྐུ་ཀུན་ཏུ་བཟང་མོ་ཡིན། །ཁྱེད་འཁོར་བ་མེ་འོབས་ཀྱི་གྲོང་ཁྱེར་ལ། །ཁྱེད་འགྲོ་འདྲེན་ཆུ་ཤེལ་ཟླ་བ་ཤར། །ཐུགས་རྗེས་བསིལ་བའི་ཆུ་རྒྱུན་ཕོབས། །གྲོགས་ཨུ་དུམྺ་རའི་མེ་ཏོག་ཁྱོད། །ལམ་རྒྱ་ལམ་དུ་འདུག་ས་ང་རེ་སྐྱིད། །ཞེས་མི་མོ་མཛེས་མའི་གཟུགས་སུ་བསྟན། །ཞལ་མཛེས་པའི་འཛུམ་མདངས་བསྟན་ནས་སུ། །མགྲིན་གཅིག་ཏུ་བསྡད་དབྱངས་འདི་སྐད་ཟེར། །ཨ་ཧམ། ལུས་འདི་ལྟར་སྤྲུལ་རྒྱུར་མ་ནུས་ན། །མིང་འཇའ་ལུས་ཟེར་ཡང་སྒྱུ་ལུས་ཡིན། །ལུས་འབྱུང་བཞི་མི་རྟག་ཆུ་བུར་ཟེར། །རྐྱེན་གློ་བུར་ཟེར་མའི་རླུང་དང་འདྲ། །ཚེ་ཡད་ཡུད་པ་ལ་བློ་གཏད་ཆུང་། །ནོར་དངོས་རྫས་རྟག་པ་མེད་ལགས་ཀྱང་། །མཆོག་རྣམ་གཉིས་ཀྱི་དངོས་གྲུབ་ཡིན་ནོ་སྙམ། །ང་ཀོ་ལོང་དམ་པས་བཏང་སྙོམས་བཞག །ཚོགས་རྫོགས་པ་མ་གཏོགས་སྤང་མི་འཚལ། །སེམས་ཏིང་འཛིན་ཡིད་བཞིན་ནོར་བུ་དེ། །བྷ་གའི་ཆོས་དབྱིངས་མཁའ་ལ་གནས། །དེ་ཕྱིར་ཀུན་ཏུ་བཟང་མོ་ཡིན། །ཁྱོད་ངེས་མེད་འགྲོ་དོན་ཕྱོགས་བཅུར་སྤེལ། །རིགས་དྲུག་གི་སེམས་ཅན་ལམ་སྣ་དྲོངས། །ང་རང་སེམས་ཡངས་པ་མཁའ་སྤྱོད་ཞིང་། །རང་རིག་ཆོས་སྐུ་རྡོ་རྗེ་འཆང་། །ད་སངས་རྒྱས་ཟེར་བ་དེ་ཀ་ཡིན། །དེ་གཞན་ནས་འཚོལ་བ་འཁྲུལ་པའི་རྒྱུ། །ད་ཐེ་ཚོམ་སྤངས་ལ་འགྲོ་དོན་སྤྱོད། །གནས་འདི་ལ་ལན་གཅིག་ཕྱག་བསྐོར་བྱས། །ལས་མཚམས་མེད་སྤྱད་པའི་སྡིག་སྒྲིབ་བྱང་། །ཚོགས་འཁོར་ལོ་སོགས་ལ་བརྩོན་བྱས་ན། །ང་རང་དེར་འབྲལ་མེད་འོང་གསུངས་སོ། །དེ་ལྟར་མདོར་བསྡུས་སུ། རིག་འཛིན་བླ་མ་དམ་པ་པདྨ་ལྷུན་གྲུབ་གང་གིས་དགོངས་བཞེད་ལྟར་བྲིས་པ་དགེ་ལེགས་འཕེལ། འབྲུག་པ་རྟོགས་ལྡན་གྱི་རྫུན་གཏམ་ལགས་སོ། །
མཆན། ༡.གནས་ཡིག་འདི་གཏེར་ཆེན་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་རང་རྣམ་བཀའ་འབུམ་ལས་ཞལ་བཤུས་པའོ། །
༢.གནས་འདི་བཞུགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྐྱོ་བྲག་ཞང་སྐྱོ་བྲག་དགོན་པའི་མདུན་ཕྱོགས་ཀྱི་རྫ་ཆུའི་ཕ་རོལ་ཏུ་ཡོད་ཅིང་། རྫོང་ཐོག་ནས་ནུབ་བྱང་ཕྱོགས་སུ་རྫ་ཆུ་བརྒྱུད་དེ་སྤྱི་ལེ༦༠ཙམ་གྱི་མཚམས་སུ་བསྐྱོད་ན་སླེབས་ཤིང་། ཉིན་གཅིག་ལ་མི་ཕལ་བས་མཐའ་བསྐོར་གཅིག་དང་རྩེ་བསྐོར་གཅིག་བསྐོར་ཚེ་རང་བྱོན་རྣམས་ཞིབ་ཏུ་མཇལ་ཐུབ།
༄༅། །སྐུ་ཡིས་སྐུ་ཡི་གནས་མཆོག་བསྟན་པ་ནི༔ སྐྱི་ཞེས་བྱ་བ་བྲག་དེ་ཆད་པ་རུ༔ བདག་གིས་ལོ་གཅིག་སྒྲུབ་གནས་ཉི་ཟླ་ཕུག༔ ཀླུ་བདུད་ནག་པོའི་ཕོ་བྲང་སྟེང་དུ་ཡོད༔ མ་འོངས་དུས་སུ་གནས་མཆོག་འདི་ཉིད་དུ༔ གྲགས་པའི་མིང་འབྱུང་དེ་དུས་བཀུར་སྟི་བྱེད༔བདག་གིས་བཞེངས་པའི་མཆོད་རྟེན་ནག་པོ་དེ༔ རལ་ཞིང་འོག་ནས་རིལ་བུ་ནག་པོ་འབྱུང༔ བོད་ཁམས་ཕུང་བའི་མགོ་བོ་དེ་ནས་ཚུགས༔ དེ་ལ་ཕན་ཕྱིར་དེ་ནས་མདའ་རྒྱངས་བརྒྱད༔ ཕ་ཝང་ནག་པོར་རྫ་ཡི་མཆོད་རྟེན་སྦས༔ དེ་ཉིད་ཐོན་ནས་མཆོད་རྟེན་ཞིག་གསོ་བྱ༔ འདོན་པའི་སྐྱེས་བུ་གྲུབ་ཅེས་བྱ་བ་འབྱུང༔
༄༅། །སྐུའི་སྐུ་གནས་སྐྱི་ཞེས་བྱ་བ། རྫ་ཆུ་ཚུ་རི་སྤྱི་འབྱམས་ཉི་ཟླ་ཕུག །དེ་རུ་གྲགས་པའི་མིང་འབྱུང་སོགས་ཀྱི་དོན། །གྲགས་པའི་མིང་ནི་སྐྱོ་གྲགས་བླ་མར་གྲགས། །དེས་གནས་དེ་ལ་བསྐུར་སྟི་ཆེན་པོ་བྱེད། །དེ་རྗེས་མི་རབས་ལྔ་ཙམ་གྱི་མཚམས་ནས་ཨོ་རྒྱན་གྱིས་བཞེངས་པའི་རྡོ་ནག་པོའི་མཆོད་རྟེན་དེ་ཞིག་པའི་འོག་ནས་རྡོའི་རིལ་བུ་ནག་པོ་ཞིག་བྱུང་བའི་དུས་སུ་སོག་དམག་གི་ཡོ་ལངས་སོགས་བོད་ཁམས་སྡུག་པའི་དུས་ཡིན་ཅེས་པར་གསུངས། མཆོད་རྟེན་ཞིག་གསོ་བྱེད་མཁན་གྲུབ་ཅེས་བྱ་བ་ནི་ལྷུན་གྲུབ་རབ་བརྟན་ནམ་རྣམ་རྒྱལ་རྡོ་རྗེ་ཡིན་པར་གསུངས། གནམ་ཆོས་མི་འགྱུར་རྡོ་རྗེས་སྐྱོ་བྲག་གི་གནས་སྒོ་ཐོག་མར་ཕྱེས། དེ་རྗེས་ཡོང་དགེ་མི་འགྱུར་རྡོ་རྗེས་སྤྱི་འབྱམས་ནས་ཚེ་སྒྲུབ་སོགས་གཏེར་ནས་སྤྱན་དྲངས། གནས་ཡིག་ཀྱང་ཡོད།
༄༅། །གུ་རུ་རིན་པོ་ཆེ་ལ་ན་མོ། སྤྱི་འབྱམས་ཉི་མ་ཕུག་གི་གནས་འདི་ལ། ཨོ་རྒྱན་རིན་པོ་ཆེས་རྫོགས་ཆེན་ཉི་མའི་ཁྲིད་མཛད་ནས་བཞུགས་པའི་ཕུག་པ། སྒོ་གདོང་གཡོན་དུ་ཨོ་རྒྱན་གྱི་སྐུ་རྒྱབ་མཆོད་རྟེན་གྱིས་མཚན་པ་བཞུགས། དེའི་འོག་རྡོ་རྗེ་ཕག་མོའི་སྐུ། དེའི་སྟེང་ནོར་བུ་མིག་གསུམ་པ། རྒྱ་ནག་གི་ཡི་གེ་ཨེ་ཝཾ། སྒོ་གདོང་གཡས་སུ་པདྨ་སཾ་བྷའི་སྐུ། བདུད་ཧ་ལའི་གདོང་པ་ཅན་འདུལ་བའི་ཆེད་དུ་ཨོ་རྒྱན་རིན་པོ་ཆེ་འཇིགས་བྱེད་མའི་སྤུ་གྲི་སྤྲུལ་པའི་སྐུ། བྱང་ཆུབ་མཆོད་རྟེན། ཕག་མོ་ལྷན་ཅིག་སྐྱེས་མའི་སྐུ། སྲིན་པོའི་བྲ་ཟོས་པ་ལ་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་འོད་ཟེར་འཕྲོས་པས་སྲིན་པོ་བརྒྱལ། བརྒྱལ་དུས་ཕྱག་འཚལ་བའི་གནས་ལྔ་བཙུག་རྗེས། ཨོ་རྒྱན་རིན་པོ་ཆེའི་དབུ་སྐྲ་སྲིན་པོའི་ཀླད་པ་ལ་བསྒྲེས་ནས་བྲིས་པའི་ཡི་གེ་འབྲུ་གསུམ། ཡེ་ཤེས་ཀྱི་བྱ་ཁྱུང་སྙིང་གར་ཡི་གེ་ཨཿས་བརྒྱན་པ་ཡོད། གུ་རུ་དྲག་པོ་དམར་ནག་མེ་ཕྲེང་ཅན་གྱི་སྐུ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་གི་སྐུ་དང་། བཅུ་གཅིག་ཞལ་གྱི་སྐུ། རྡོ་རྗེ་ཕག་མོའི་སྐུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྐུ། དེའི་གོང་དུ་མགོན་པོ་ཕྱག་བཞི་པའི་སྐུ། ཨོ་རྒྱན་གྱི་སྐུ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུ། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྐུ། དེ་རྣམས་གསལ་བར་བཞུགས། གནས་འདིར་མཇལ་ན་ཚེ་གཅིག་ལ་སངས་རྒྱས་པ་ཡིན་གསུངས་ནས་ཨོ་རྒྱན་ཡབ་ཡུམ་གྱི་ཕྱག་དམ་ཡོད། གནས་བདག་སྦལ་པ་ལ་སྤྲུལ་ནས་འོང་བས་ཨོ་རྒྱན་གྱིས་དེད་རྗེས། རྡོ་རྗེ་ཆེན་པོའི་སྐུ། ཨོ་རྒྱན་གྱི་སྐུ། མཁའ་འགྲོ་ལེགས་པ་ཡེ་ཤེས་ཀྱི་སྐུ། བྱང་ཆུབ་མཆོད་རྟེན། རྟ་ཕག་ཡབ་ཡུམ་གྱི་སྐུ་རང་བྱོན། ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ། པཎ་ཆེན་བི་མ་ལ་མི་ཏྲའི་སྐུ། བེར་ནག་ཅན་གྱི་སྐུ། མཚོ་བདག་སྦྲུལ་ལ་སྤྲུལ་ནས་འོངས་པ་ཨོ་རྒྱན་གྱིས་དེད་རྗེས་དང་བསྒྲལ་རྗེས་རྣམས་ཡོད། ཨོ་རྒྱན་རིན་པོ་ཆེས་རྡོ་རྗེ་གྲོ་ལོད་དུ་སྤྲུལ་ནས་དེའི་སྔགས་བཟླས་ཏེ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་ཏིང་འཛིན་ཕུག་ཅེས་བྱ། ཕྱག་ན་རྡོ་རྗེ་རང་བྱོན། སྒྲོལ་མ་དཀར་མོ་རང་བྱོན། གྲོ་ལོད་ཕུར་ཤམ་ཅན། དྲག་པོ་མཐིང་ག་རིགས་བདག་འོད་དཔག་མེད་ཀྱིས་བརྒྱན་པ། བདུད་རྩི་འཁྱིལ་པ། སྒྲོལ་མ་སྔོན་མོའི་སྐུ། དཔག་བསམ་རྩེར་ག་རུ་ཊ་རང་བྱོན། གུ་རུ་པདྨས་བདུད་ཐུལ་ནས་ཧོམ་ཁུང་གྲུ་གསུམ་ནང་དུ་བདུད་ཀྱི་རྣམ་ཤེས་བཀུག་པའི་ཧོམ་ཁུང་། དགེ་བསྙེན་གྱི་ཀླུ་ཆུང་ངུ་སྦྲུལ་དུ་བསྒྱུར་ནས་བཏང་བ་ཨོ་རྒྱན་གྱིས་བྲག་ལ་བསྒྱུར་བ། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་སྐུ་རང་བྱོན། ཉི་ཟླ་རང་བྱོན། ཚེ་དཔག་མཚོ་སྐྱེས་རྡོ་རྗེ་པད་སྡོང་ལས་འཁྲུངས་པ། ཨོ་རྒྱན་རིན་པོ་ཆེ་ཧེ་རུ་ཀའི་ཆ་བྱད་རིགས་གསུམ་མགོན་པོ་བཞེངས་སྟབས་ཀྱིས་བསྐོར་བ། མཚོ་རྒྱལ་སྐུ་རང་བྱོན། གུར་དྲག་དང་ཕག་མོ་རང་བྱོན། བྲག་འོག་གི་ཤུག་པ་གཉིས་ཀླུས་མཆོད་སྡོང་ཕུལ་བ་གཅིག་སྲིན་པོས་ཟོས། གཅིག་ལ་སོ་བཏབ་དུས་ཨོ་རྒྱན་གྱིས་རྡོ་རྗེས་བརྒྱབ་པ། ཨོ་རྒྱན་གྱིས་ལྷ་འདྲེར་ཆོས་གསུང་དུས་སྲིན་པོ་ཧ་ལའི་གདོང་ཅན་འོངས་པ་ཆུ་ནང་ལ་འཕང་མལ། ཨོ་རྒྱན་གྱི་ཞབས་རྗེས། ཨོ་རྒྱན་ཆེན་པོས་སྲིན་པོ་སྦྲུལ་གྱི་གདོང་བསྒྲལ་བའི་ཀླད་པས་བྲིས་པའི་ཨོཾ་དང་ཡིག་དྲུག་རྡོ་རྗེ་གྲོ་ལོད་ཀྱི་སྐུའི་ཚུལ། ཧཱུྃ་རང་བྱོན། བྲག་ཐམས་ཅད་ཡིག་དྲུག དེའི་སྟེང་ཡིག་དྲུག་ཡིག་མགོའི་ཚུལ། རྟ་མཆོག་ངང་པ་གསེར་ལྡན་གྱི་ཚུལ། སྲིན་པོ་ཀ་བུ་ཕོ་མོ་བསྒྲལ་མལ། ཧོམ་ཁུང་ཆེ་ཆུང་གཉིས། ཨོ་རྒྱན་གྱི་གསང་རྡོར་རྗེས་ཨཱཿས་མཚན་པ། མཚོ་རྒྱལ་ཞབས་རྗེས། ཀ་བུའི་ཀླད་པས་བྲིས་པའི་ཡིག་དྲུག ཨོ་རྒྱན་གྱི་ཞབས་རྗེས། ཡེ་ཤེས་མཚོ་རྒྱལ་གྱིས་སྲིན་པོ་དུག་གི་ཁ་རླངས་ཅན་བཀུག་ནས་ཇ་ཤིང་ལོ་མར་བསྒྱུར་ནས་བརྡུངས་རྗེས། ཨོ་རྒྱན་གྱིས་རྟ་བྲོ་བརྡུངས་པའི་འོག་ཏུ་ཁྱུང་གི་སྐུ། ཡེ་ཤེས་མཚོ་རྒྱལ་གྱི་པུས་མོའི་རྗེས། ཞབས་རྗེས། གཏུན་ཤིང་གི་རྗེས། གུ་རུ་རིན་པོ་ཆེ་ཁྱུང་དུ་སྤྲུལ་ནས་ཀླུ་བཟུང་རྗེས། སྲིན་པོའི་ནང་ཆ་དྲུད་མལ། ཨོ་རྒྱན་གྱི་པུས་མོའི་རྗེས། མཚོ་རྒྱལ་གྱི་ཞབས་རྗེས། ཨོ་རྒྱན་དབུ་དོམ་བཞག་རྗེས། མཚོ་རྒྱལ་གྱི་ཞབས་རྗེས་གཉིས་དང་ན་བཟའི་རྗེས། ཨོ་རྒྱན་གྱི་ཞབས་རྗེས། སྲིན་པོའི་རྒྱུ་མ་དྲུད་རྗེས། གུ་རུ་དྲག་པོའི་སྐུ། རྡོ་རྗེ་གྲོ་ལོད་ཀྱི་སྐུ། པད་འབྱུང་ཡེ་ཤེས་སེམས་དཔའི་རྫུ་འཕྲུལ་གྱི་ཞབས་རྗེས། ཨོ་རྒྱན་གྱི་ཞབས་རྗེས། དྷཱུཿདམར་སེར་རང་བྱོན། མཚོ་རྒྱལ་གྱི་ཞབས་རྗེས། མཚོ་རྒྱལ་གྱིས་སྲིན་པོ་དུག་གི་ཁ་རླངས་ཅན་གྱི་གློ་སྙིང་བརྒྱབ་རྗེས། དཔའ་བོ་མཁའ་འགྲོའི་བྲོ་བརྡུངས་རྗེས། ཕྱག་མཚན་རྡོ་རྗེའི་རྗེས། རིག་འཛིན་པདྨ་ཐོད་ཕྲེང་རྩལ་གྱི་ཞབས་རྗེས། ཐེའུ་རང་གི་རྗེས། རླུང་ལྷ་དམ་ལ་བཏགས་པའི་ཡི་གེ་ཡ་རང་བྱོན། ཉི་ཟླ་ཐང་ལ་བབས་རྗེས། ཨོ་རྒྱན་གྱི་སྐུ། མཁའ་འགྲོ་མ་ཚོགས་བྲོ་བརྡུངས་པའི་རྗེས། སྲིན་པོའི་སྙིང་བརྒྱབ་རྗེས། སྤྱན་རས་གཟིགས་ནམ་མཁའ་རྒྱལ་པོའི་སྐུ། རྒྱ་གར་རྡོ་རྗེ་གདན་གྱི་བཀོད་པ། ཨོ་རྒྱན་གྱི་སྐུ་རྗེས། མཁའ་འགྲོའི་ཡི་གེ གདུགས་དཀར་ལྷ་མོ་དང་ཕྱག་རྡོར་གྱི་སྐུ། མཚོ་རྒྱལ་གྱི་སྲིན་པོ་བསྒྲལ་བའི་བཤགས་པ་སྲིན་ཀླད་ལ་ཛམ་བུ་ཆུ་བོའི་གསེར་བསྲེས་ནས་མཆོད་རྟེན་བྲིས་པ། ཨོ་རྒྱན་གྱི་རྫུ་འཕྲུལ་གྱིས་ཞབས་རྗེས་ཆ་གཅིག སྐུ་རྗེས། མཚོ་རྒྱལ་གྱི་སྐུ་རྗེས། ཚེ་དཔག་མེད་ཀྱི་སྐུ་ཡོད། རྡོ་རྗེ་ཕག་མོའི་ཞབས་རྗེས། རིང་བསྲེལ་ཅན། བཅུ་གཅིག་ཞལ་སྐུ། རྡོ་རྗེ་འཆང་གི་སྐུ་རང་བྱོན། ཕུག་དྲྭ་བ་མ་ན་ཨོ་རྒྱན་གྱིས་མུན་ཁྲིད་གནང་ནས་རྗེ་འབངས་ཉེར་ལྔ་འཕུར་རྗེས། སྔགས་ཆེན་ཧཱུྃ་ཆེན་ཀ་རས་རྔ་བཏགས་མལ། ཛམ་ལྷ་ནག་པོ། བཻ་རོ་ཙ་ནའི་ཞབས་རྗེས། དུང་དཀར་རང་བྱོན། སྒྲོལ་མ་དཀར་མོའི་སྐུ། རྡོ་རྗེ་གྲོ་ལོད་སྐུ། མཁའ་འགྲོའི་བརྡ་ཡིག་རང་བྱོན། ལྷ་འདྲེས་གཏེར་སྣོད་ཕུལ་བ། ལྷ་འདྲེ་གཤར་མལ། ཨོ་རྒྱན་གྱི་བཞུགས་ཁྲི། མཁའ་འགྲོའི་ཀ་བ། རྡོ་རྗེ་ཕག་མོ། ཡུམ་བདག་མེད་མ། རྡོ་རྗེ་གྲོ་ལོད་ཀྱི་ཆིབས་པའི་རྗེས། རྡོ་རྗེ་ཕུར་པའི་སྐུ། གནས་བདག་དམ་ལ་བཏགས་རྗེས་དང་། མཇལ་དུ་འོངས་རྗེས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐུ། ཀིང་ཀང་གི་ཕྱག་མཚན་དགྲ་སྟ། མདར་ནག་གི་སྐུ། མཚོ་སྐྱེས་རྡོ་རྗེའི་སྐུ། ཉི་མ་འོད་ཟེར། ཌོམྦི་ཧེ་རུ་ཀ གུ་རུ་དྲག་པོའི་སྐུ། སེང་ལྡེང་གི་ཕུར་པ། སྲིན་པོ་མ་ཏ་ནག་པོ་དེད་རྗེས། ཕྱག་ན་རྡོ་རྗེའི་སྐུ། ཤཱཀྱ་ཐུབ་པའི་སྐུ། ཚེ་དཔག་མེད་ཀྱི་སྐུ། དམ་ཅན་མགར་དམར་སེང་གེ་ལ་ཆིབས་པ། རྒྱལ་པོ་དམར་པོ་གེར་རྒྱུག ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས། རྣམ་སྲས་སེར་ཆེན། རྡོ་རྗེ་འཆང་གི་སྐུ། རྣམ་སྲས་མདུང་དམར་ཅན། ཨོ་རྒྱན་པདྨས་ཕུར་པ་བརྒྱབ་མལ། ཨོ་རྒྱན་སྐུ། གནས་འདི་མཇལ་ན་སྐྱེ་བ་གསུམ་ལ་ངན་སོང་གི་སྐྱེ་སྒོ་ཆོད་གསུང་ནས་ཨོ་རྒྱན་གྱི་ཕྱག་དམ་གནང་བ། ལྷ་འདྲེས་ཨོ་རྒྱན་ལ་གཏེར་སྒོ་ཕུལ་རྗེས། གཤིན་རྗེ་དམར་པོའི་སྐུ། དེའི་ཐུགས་ཀར་རྟ་མགྲིན་དམར་པོའི་སྐུ། དཔག་བསམ་ལྗོན་ཤིང་། དེའི་གཡས་མཐོ་སར་ལྷ་མིན་འཐབ་རྩོད་གནས། དེ་ན་ལྷ་མིན་ཐུབ་པ་ཐག་བཟང་རིས། གཡོན་དུ་ལྷ་དང་ལྷ་མིན་གྱི་ལྗོན་ཤིང་རྩོད་ནས་འཐབ་པ། ངན་སོང་གསུམ་དུ་འགྲོ་བའི་གོ་ཆོད་པས། ཤལ་མ་རིའི་སྡོང་པོ། ཨོ་རྒྱན་གྱིས་སྲིན་པོ་མ་ཏང་ནག་པོ་དྲུད་རྗེས། སྲིན་ཀླད་ཀྱིས་བྲིས་པའི་མཆོད་རྟེན་དང་ཡི་གེ་གསལ་བ། ཉི་ཟླ་རང་བྱོན། སྲིན་ཀླད་ཀྱིས་བྲིས་པའི་ཡིག་དྲུག ཨོ་རྒྱན་གྱིས་སྲིན་པོ་མ་ཏང་ནག་པོའི་རྒྱུ་མ་དྲུད་རྗེས། ནམ་མཁའ་སྔོན་པོ་ཐད་ལ་ཕོག སྤྱི་འབྱམས་གནས་ཀྱི་རྒྱན་དུ་བཀོད། ཨོ་རྒྱན་གྱིས་སྲིན་པོ་བསྒྲལ་ཚར་ནས་འབར་བའི་ཆེད་དུ། སྲིན་པོའི་ཀླད་པས་བྲིས་པའི་མཆོད་རྟེན། སྲིན་པོའི་གློ་སྙིང་མིག་ཏུ། ཨོ་རྒྱན་གྱི་སྐུ། རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ཆ་གཅིག མཁའ་འགྲོ་ཀླུའི་དབང་མོས་ཀླུ་ཡུལ་གྱི་ནོར་བུ་ཉི་འབར་ཟླ་འབར་མའི་དད་རྟེན་དུ་གདན་དྲངས་པ། བཀའ་ཡི་མཆོད་རྟེན་ནག་པོ་ཀླུ་དང་ས་བདག་ཐམས་ཅད་ཀྱི་ཁ་ནོན་དང་། འགྲོ་བ་མིའི་སྐྱབས་མགོན་དུ་བཞེངས་པ། སེང་གེ་སྒྲ་སྒྲོགས་ཀྱི་ཞབས་རྗེས། སྤྱི་འབྱམས་མི་འགྱུར་རྡོ་རྗེ་ཡི་སྨེ་བ། ཀླུ་ཡུལ་གྱི་ནོར་བུ་རིན་པོ་ཆེའི་ལྟ་བ། རྒྱ་གར་ཙན་དན་གྱི་སོལ་བ་ལ་དཔེ་བླང་། ཨོ་རྒྱན་རིན་པོ་ཆེས་ཀླུ་ཡུལ་ནས་ཆོས་གོས་ཀྱི་ནང་དུ་བཏིམ་ནས་གདན་དྲངས། གནས་འདིར་མཇལ་ན་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་ངེས་པར་སྐྱེ། དེའི་རྟགས་ལ་ཨོ་རྒྱན་རིན་པོ་ཆེའི་ཕྱག་དམ་གྱིས་མནན་ནས་ཡོད། དེའི་ངོས་ལ་རིགས་གསུམ་མགོན་པོའི་སྐུ་གསལ་བོར་བཞུགས། ཨོ་རྒྱན་རིན་པོ་ཆེའི་ཕྱག་མཛུབ་ཀྱིས་བྲིས་པའི་ཡིག་དྲུག ཨོ་རྒྱན་རིན་པོ་ཆེས་སྲིན་པོ་མ་ཏང་ནག་པོ་མནན་ནས་བསྒྲལ་རྗེས། ཨོ་རྒྱན་རིན་པོ་ཆེས་བྱ་བྲལ་ལ་སྤྲུལ་དུས་ཀྱི་ཞབས་རྗེས་ཆ་གཅིག རྟེན་སྒམ་བཞག་རྗེས། ཨོ་རྒྱན་རིན་པོ་ཆེས་སྲིན་པོ་མ་ཏང་ནག་པོ་མནན་དུས་ཟག་པ་ཤོར་རྗེས། ཨོ་རྒྱན་གྱི་ཕྱག་བྲིས་མཆོད་རྟེན། སྲིན་པོའི་སྙིང་དང་མཁལ་མའི་རྗེས། སྲིན་པོ་གཤས་མ། ཨོ་རྒྱན་པདྨའི་ཕྱག་མཚན་དང་ཞབས་རྗེས། ཤཱཀྱ་སེང་གེའི་སྐུ། རྒྱལ་པོ་ཟླ་བ་དཀར་པོ། གུ་རུ་དྲག་པོ། རྡོ་རྗེ་གྲོ་ལོད། རྗེ་འབངས་ཉེར་ལྔ་རྣམས་འབུར་དོད་ལ་བྱས་སྲིན་པོའི་ཨོལ་ཁྲད། སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ ཁ་སར་པཱ་ཎིའི་སྐུ། རྒྱ་ནག་པོ་གླང་གི་ཡུལ་ན་ནུབ་ཤིང་གི་དྲུང་དུ་འཕགས་པ་འཇམ་དབྱངས་རང་བྱོན། རྒྱ་མཚོ་མེ་རབ་ཀླུའི་གནས། རྡོ་རྗེ་མཁའ་འགྲོ་དང་དཔལ་ལྡན་ལྷ་མོ་རང་བྱོན། ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་རང་བྱོན་ཡོད། བན་བོན་གཉིས་ཀྱི་གནས་རྩོད་དུས་ཨོ་རྒྱན་གྱིས་བདེན་སྟོབས་བརྗོད་ནས་བྲག་བཀག་པས། ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ། དེའི་གོང་དུ་ཁྱུང་དམར་པོ། དེ་སྟེང་ཁྱུང་ཁྲ་ལ་འཁོར་མང་པོས་བསྐོར་བ། ཨོ་རྒྱན་གྱི་སྐུ་རང་བྱོན། ཀླུ་དམ་ལ་འདོགས་ཕྱིར་ཁྱུང་དུ་སྤྲུལ་ནས་བྱོན་རྗེས་ཀྱི་ཕུག་པ་ཡིན། ཁྱུང་གི་སྐུ་གསུང་ཐུགས། ཆོས་སྐུ་སྣང་བ་མཐའ་ཡས་དང་། ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་། སྤྲུལ་སྐུ་པདྨ་འབྱུང་གནས་གསུམ་གྱི་སྐུ། ཁྱུང་དཀར་ནག་ཁྲ་གསུམ། ཨོ་རྒྱན་གཙོ་འཁོར་གསུམ། རྡོ་རྗེ་ཕག་མོའི་སྐུ། འཇམ་དབྱངས་ཀྱི་སྐུ། ཤཱཀྱ་ཐུབ་པའི་སྐུ། རྡོ་རྗེ་གྲོ་ལོད། ཨོ་རྒྱན་སྐུ་རང་བྱོན། དབྱངས་གསལ་གྱི་ཡི་གེ་རྣམས་ཡོད། པདྨ་རྒྱལ་པོའི་སྐུ། རྟ་ཕག་ཡབ་ཡུམ་རང་བྱོན། མགོན་པོ་ཤིང་རང་བྱོན། གཡུང་དྲུང་གཡས་འཁྱིལ། དུར་ཁྲོད་བདག་མོ་ངེ་ནེ་མ་རང་བྱོན། ཡི་གེ་ཧཱུྃ་རང་བྱོན། སྲིན་མོའི་རྒྱུ་མ་དྲུད་རྗེས། ཨོ་རྒྱན་ཆེན་པོའི་ཅོག་ཙེའི་རྗེས། ཕྱག་མཁར་གྱི་རྗེས་རིང་བསྲེལ་གྱིས་མཚན་པ། ཆིབས་པའི་རྗེས། ཕྱག་མཁར་རྗེས་ལ་ཡི་གེ་རས་མཚན་པ། ཨོ་རྒྱན་གྱི་ཞབས་རྗེས། སྲིན་པོའི་སྙིང་བརྒྱབ་རྗེས། སྲིན་མོའི་གློ་བའི་རྗེས། ཟངས་མདོག་དཔལ་རི་ན་སྲིན་པོ་བརྟུལ་བའི་འདྲ་དཔེ་རྣམས་གསལ་བར་བཞུགས། ལྷ་ལུང་ནང་ན་པདྨ་སཾ་བྷའི་སྐུ། ཡང་རྡོ་གཅིག་ལ། ཕག་མོ་གྲུ་པའི་སྐུ། རྒྱལ་བ་འོད་མཚན་པའི་སྐུ། སངས་རྒྱས་མར་མེ་མཛད། རྒྱལ་པོ་རྣམ་ཐོས་སྲས། གྲུབ་ཐོབ་གཉེན་པ་དབང་ཕྱུག རྒྱལ་སྲིད་སྣ་བདུན། རྨ་བྱའི་གཟུགས། དུག་གསུམ་མནན་པའི་མཆོད་རྟེན་རྣམས་གསལ་བོར་བཞུགས། རྒྱ་དཀར་ནག་བོད་སོག་རྣམས་ཀྱི་ཡི་གེ་རྟེན་འབྲེལ་སྙིང་པོ་དབྱངས་གསལ་རྣམས་བྱོན་པ། ཀླུའི་དབང་ཕྱུག་གིས་ཨོ་རྒྱན་ལ་ཕུལ་བ་སྐུའི་ནང་ན་གཏུམས་ནས་གདན་དྲངས་པ། བྱང་ཆུབ་ཆེན་པོའི་མཆོད་རྟེན། ཚེ་དཔག་མེད། རྣམ་སྲས་རྟ་ཞོན་གྱི་སྐུ། ཐུབ་པ་གྲོང་ཁྱེར་མ། ཁྲོས་མ་ནག་མོ། སྒྲོལ་མ་དཀར་མོ། རྟ་ཕག་ཡབ་ཡུམ། ནོར་བུ་དགའ་འཁྱིལ། ཕྱག་ན་རྡོ་རྗེ། སངས་རྒྱས་འོད་དཔག་མེད། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སྐུ། ཨོ་རྒྱན་རིན་པོ་ཆེའི་སྐུ། དེ་ལས་མན་དུ་དྲག་པོས་རྡོ་ཟོར་འཕངས་པ་ལ། ཕྱག་སྟོང་སྤྱན་སྟོང་རང་བྱོན། གུ་རུ་དྲག་པོའི་སྐུ། ཨོ་རྒྱན་རིན་པོ་ཆེའི་ཕྱག་སྒོམ་རང་བྱོན། ཨོ་རྒྱན་གྱི་ཕྱག་དམ། རྗེ་བཙུན་མི་ལ་རས་པའི་སྐུ་རྣམས་གསལ་བོར་བཞུགས། ཡང་ཆུ་ཁ་དར་ཐབས་ཤེས་ཉི་ཟླས་མཚན་པའི་ཕུག་པར་རྡོ་རྗེའི་དབྱུག་པ་མཚོ་རྒྱལ་གྱི་སྐུ། ཨོ་རྒྱན་གྱི་ཕྱག་སྒོམ་རང་བྱོན། མཚོ་རྒྱལ་གྱི་ཞབས་རྗེས། གནོད་སྦྱིན་རྔ་མོང་ལ་ཞོན་པའི་གཟུགས། སིནྡྷུ་ར། ཨོ་རྒྱན་གྱི་ཆིབས་པའི་རྗེས། ཨོ་རྒྱན་གྱི་སྐུ། བདག་མེད་ལྷན་སྐྱེས་ཀྱི་སྐུ། ཨོ་རྒྱན་གྱི་བྷནྡྷའི་རྗེས། ཕུག་པ་བྱ་ཁྱུང་གི་བཞུགས་མིག ཡི་གེ་ཨ་རང་བྱོན། མཚོ་རྒྱལ་གྱི་ཞབས་རྗེས་རྣམས་གསལ་བོ་བཞུགས་སོ། །ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་དྲུག་པ་ཀུན་ལྡན་གྱི་ལོ་ཧོར་ཟླ་དྲུག་པའི་ཡར་ཚེས་ལ་གནས་ནང་རྣམས་སུ། དྲུང་ཡིག་པ་ཀརྨ་ཚུལ་ཁྲིམས་ཡང་དག་དང་ཨོ་རྒྱན་ཞི་གནས་གཉིས་ཀྱིས་འཕྲལ་དུ་ཡི་གེར་བཀོད་པ་འདི་མཐོང་ཐོས་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་བགྲོད་པའི་རྒྱུར་གྱུར་ཅིག མངྒལཾ།
མཆན། གནས་ཡིག་འདི་ནི་གནམ་ཆོས་མི་འགྱུར་རྡོ་རྗེའི་བཀའ་འབུམ་ཝཾ་པོད་ལས་ཞལ་བཤུས་པའོ། །
༈ ན་མོ་གུ་རུ་པདྨ་སཾ་བྷ་ཝ་ཧཱུྃ། གནས་རི་བོ་གར་མཛད་ཨོཾ་གྱི་ཚུལ། །ཨཱཿསྐྱེ་མེད་ཆོས་སྐུའི་ཡིག་འབྲུས་བརྒྱན། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །གནས་རྡོ་རྗེའི་བྲག་ལ་འབྲུ་དྲུག་ཤར། །གསུང་ཡིག་དྲུག་མགོན་པོ་སྤྱན་རས་གཟིགས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །གནས་སྤྱི་འབྱམས་ཨོ་རྒྱན་སྒྲུབ་པའི་ཕུག །གནས་དེ་ན་སྤྲུལ་པ་རྒྱུན་དུ་འབྱོན། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །སྐུ་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །སྐུ་རང་བྱོན་དང་སྐུ་ཚབ་མང་དུ་བཞུགས། །དུས་གསུམ་རྒྱལ་བའི་སྐུ་ལ་གསོལ་བ་འདེབས། །ལུས་ཀྱི་སྒྲིབ་པ་དག་པར་བྱིན་གྱིས་རློབས། །གསུང་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །གསུང་ཡིག་འབྲུ་དང་ཤོག་སེར་དཔག་མེད་བཞུགས། །དུས་གསུམ་རྒྱལ་བའི་གསུང་ལ་གསོལ་བ་འདེབས། །ངག་གི་སྒྲིབ་པ་དག་པར་བྱིན་གྱིས་རློབས། །ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །ཐུགས་མཆོད་རྟེན་དང་རིང་བསྲེལ་མང་དུ་བཞུགས། །དུས་གསུམ་རྒྱལ་བའི་ཐུགས་ལ་གསོལ་བ་འདེབས། །སེམས་ཀྱི་སྒྲིབ་པ་དག་པར་བྱིན་གྱིས་རློབས། །གནས་དག་པ་མཁའ་སྤྱོད་དང་གཉིས་སུ་མེད། །སྐུ་ཡིག་འབྲུ་དང་ཕྱག་མཚན་བསམ་མི་ཁྱབ། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །གནས་སྒྲུབ་ཕུག་མཁའ་འགྲོའི་ཚོགས་ཁང་ན། །ལྷ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །གནས་བདག་དང་ཞིང་སྐྱོང་སྲུང་མའི་ཚོགས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །འཇིག་རྟེན་ཀུན་བདེ་ཞིང་སྐྱིད་པ་དང་། །བཀྲ་ཤིས་དང་བདེ་ལེགས་མཛད་དུ་གསོལ། །ཅེས་པ་རཱ་ག་ཨ་སྱས་གནས་འབྲེལ་དུས་བྲིས་པའོ། །མངྒ་ལཾ།
མཆན། གནས་ཡིག་འདི་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་པོད་གི་ལས་ཞལ་བཤུས་པའོ། །
༄༅། །ན་མོ་གུ་རུ་ཤཱཀྱ་མུ་ནེ་པདྨ་ཀཱ་ར་ཡེ། །སྐྱབས་དཀོན་མཆོག་གསུམ་ལ་གུས་པས་འདུད། །མགོན་ཐུབ་པའི་དབང་དང་པདྨ་འབྱུང་། །རྗེ་སངས་རྒྱས་བསྟན་པའི་གཙུག་གི་རྒྱན། །མ་འགྲོ་བའི་སྐྱབས་གཅིག་རིན་པོ་ཆེ། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །གནས་འདི་ན་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་ཐོབ་པ་ཡིས། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་སུ། །རྗེ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཤར་ཟ་ཧོར་ནོར་བུའི་དགོན་པ་ནས། །ཏིལླི་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །བྱང་པུལླ་ཧ་རིའི་དགོན་པ་ནས། །རྗེ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ལྷོ་གྲོ་བོ་ལུང་གིས་དགོན་པ་ནས། །རྗེ་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །རྗེ་བཞད་པའི་རྡོ་རྗེ་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཤར་དྭགས་ལྷ་དཔལ་གྱི་དགོན་པ་ན། །རྗེ་སྨན་པའི་རྒྱལ་པོ་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །གནས་གདན་ས་ཡ་བཞིའི་བསྟི་གནས་སུ། །རྗེ་བཀའ་རྒྱུད་ཡ་བཞི་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །གནས་གར་བཞུགས་ཆོས་ཉིད་དགོན་པ་རུ། །རྗེ་འབའ་རོམ་ཡབ་སྲས་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །རྗེ་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་འདི་ནས་གྲུབ་པ་ཐོབ་པ་དང་། །ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡི། །མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །སྤྱིར་འཛམ་གླིང་ཐུབ་པའི་ཞིང་ཁམས་འདིར། །གནས་བྱེ་བྲག་བརྒྱ་ཡི་ཡང་སྙིང་མཆོག །སྒོས་མདོ་ཁམས་ཡུལ་གྱི་སྦས་ཡུལ་གནས། །ཞིང་པདྨ་འོད་དང་དབྱེར་མེད་པའི། །གནས་མཁའ་སྤྱོད་བདེ་ཆེན་སྤྱི་འབྱམས་འདིར། །མགོན་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །མངོན་སུམ་དུ་འདུ་འབྲལ་མ་མཆིས་པས། །འཁོར་རིག་འཛིན་རྗེས་འབྲང་གྲུབ་ཐོབ་ཚོགས། །བཀའ་རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུའི། །ལྷ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །བརྒྱ་སྟོང་ཕྲག་བྱེ་བ་དུང་ཕྱུར་འབུམ། །གྲངས་བསམ་འདས་བརྗོད་ཀྱིས་མི་ལངས་པ། །མགོན་ཆོས་སྐྱོང་ཞིང་བདག་གཏེར་སྲུང་རྣམས། །མངོན་སུམ་དུ་བཀྲ་གསལ་ལམ་མེ་བ། །ཕྱི་བྲག་རི་ལྷ་སྐུ་ཡིག་འབྲུས་བརྒྱན། །ནང་བདེ་ཆེན་དག་པའི་ཞིང་ཁམས་དངོས། །བར་རིན་ཆེན་གཏེར་གྱིས་ཕྱུར་བུར་གཏམས། །ཕྱི་འབྱུང་བ་ལྔ་ཡིས་རང་སྒྲ་ལ། །སྒྲ་གྲགས་སྟོང་གཟུངས་སྔགས་རང་སྒྲ་སྒྲོགས། །ཡུལ་རྩི་ཤིང་རྡོ་བྲག་ལྷ་སྐུར་ཤར། །བྱ་རི་དྭགས་གཅན་གཟན་ཆུ་གནས་ཀུན། །ཞིང་དག་པར་སྐྱིད་ཕྱིར་ངན་འགྲོ་སྤངས། །ས་ཆུ་རླུང་ཤིང་དང་འབྲུ་རིགས་ཀུན། །ལར་མྱོང་དང་རེགས་དང་དྲི་ཚོར་བས། །ལས་སྒྲིབ་དང་བག་ཆགས་སྡིག་ཀུན་བྱང་། །མི་སྐལ་ལྡན་མངོན་སངས་རྒྱས་པའི་ས། །སྐལ་དམན་ཡང་བདེ་འགྲོར་འདྲེན་པའི་ས། །གནས་འདི་ལས་ལྷག་པ་གཞན་ན་མེད། །གནས་འདི་ན་བསྐལ་བརྒྱའི་བསྐལ་པའི་བར། །སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་། །སྒོས་ཟབ་གསང་སྙིང་པོའི་བསྟན་འཛིན་མཆོག །རྗེ་རིགས་གསུམ་མགོན་པོ་དངོས་བྱོན་པ། །སྐྱབས་འདྲེན་བྲལ་སྤྲུལ་པའི་སྐུ་མཆོག་གསུམ། །འཁོར་བྱང་སེམས་ཉན་ཐོས་དགྲ་བཅོམ་ཚོགས། །ངེས་ཅན་དང་ངེས་མེད་མང་པོ་བཞུགས། །སྒོམ་རྩ་རླུང་ཕྱག་རྫོགས་སྒོམ་སྒྲུབ་ལ། །རྐྱེན་བར་ཆད་མེད་པར་མཐར་ཕྱིན་པར། །སྔོན་གྲུབ་ཐོབ་གོང་མའི་རྣམ་ཐར་ལ། །དུས་ད་ལྟ་རྣམ་ཐར་སྐྱོང་བའི་དུས། །ཡིན་བཞིན་པར་ད་ལྟའི་དུས་འདི་ལ། །སྒོམ་ཉམས་ལེན་བྱས་ཚད་ཕྱག་རྒྱ་ཆེས། །ཉམས་རྟོགས་པའི་ས་ལམ་མྱུར་དུ་རྫོགས། །དུས་དེ་ཕྱིར་དགའ་བདེ་སྤྲོ་བའི་གླུ། །གནས་ཆོས་དབྱིངས་མཛོད་ནས་བླངས་པ་ལགས། །ཕ་བཀའ་བརྒྱུད་འབྲུག་པའི་སྙིང་པོའི་བསྟན། །དཔལ་དབྱར་མཚོ་ལྟར་རྒྱས་ས་སྟེང་ཁྱབ། བཀྲ་ཤིས་པའི་དཔལ་དང་ལྡན་གྱུར་ཅིག །ཅེས་གསུངས་པ་ལས་འབྲས་བཟང་པོའི་བསྐལ་པར་ལྡན་པ། པདྨ་དབང་ཕྱུག་གི་ཞལ་སྔ་ནས་སྐུལ་མ་མཛད་པ་དང་། འཕྲལ་དུ་གནས་འཛིན་གྱིས་རིམ་གྲོ་ཚོགས་བརྒྱ་བགྱིས་སྐབས། ཀརྨ་ཉི་མས་འབྲུ་ཡིས་མཎྜལ་བཅས་བསྐུལ་བས། གནས་དེར་སྐྱེ་སྔོན་བསྒྲུབ་པའི་སྐྱེ་བ་ཕྱི་མ། རིག་འཛིན་ཆོས་རྒྱལ་རྡོ་རྗེས་ས་ལུག་ལོའི་ཟླ་ཚེས་བཟང་པོ་ལ་བྲིས་པས་འབྲེལ་ཐོག་ཨུ་རྒྱན་མཁའ་སྤྱོད་ཀྱི་ཞིང་དུ་ཚོམ་བུ་འབུམ་དང་བཅས་ནས་སངས་རྒྱས་པར་གྱུར་ཅིག
མཆན། ༡.གནས་ཡིག་འདི་གཏེར་ཆེན་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་རང་རྣམ་བཀའ་འབུམ་ལས་ཞལ་བཤུས་པའོ། །
༢.གནས་འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྐྱོ་བྲག་ཞང་སྐྱོ་བྲག་དགོན་གྱི་གཡས་ཕྱོགས་སུ་ཡོད། རྫོང་ཐོག་ནས་སྤྱི་ལེ༦༠ཙམ་སར་གནས་ཤིང་། གནས་དང་རང་བྱོན་དགོན་པ་སོགས་ཞིབ་མཇལ་བྱས་ན་ཉིན་གཅིག་ལ་མཇལ་ཚར་ངེས།
༄༅། །སྐུ་ཡི་གསུང་གི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཟླ་ཞེས་བྱ་རུ༔ གླེ་ཞེས་བྱ་བ་ཀ་ཡིག་ཡོད་པའི་རི༔ བྲག་རི་ཟླ་གམ་ཡོད་པའི་རྒྱབ་ལོགས་སུ༔ ཨོ་རྒྱན་བདག་གིས་དབང་ཆེན་སྒྲུབ་པའི་ཕུག༔ མི་འགྱུར་རྟགས་ལ་མཚལ་གྱི་གཡུང་དྲུང་ཡོད༔ གོང་མོ་འདྲ་བའི་བྲག་ལ་ཟབ་བདུན་སྦས༔ རི་བོ་འདི་འདབ་ཀརྨ་པ་ཞེས་འབྱུང༔ སྐྱེ་བ་བདུན་དང་སྤྲུལ་རྒྱུད་བཅུ་གསུམ་འབྱུང༔
༄༅། །སྐུའི་གསུང་གི་གནས་གླེ་ཐུ་ཀརྨ་ནི་ཡོངས་གྲགས་ལྟར་དྭགས་པོ་ལྷ་རྗེས་ཀརྨ་པ་དུས་གསུམ་མཁྱེན་པ་ལ། ས་སྤྱོད་གསུང་གི་གནས་སུ་ལུང་བསྟན་པ་ལྟར་གདན་ས་བཏབ། ཀརྨ་པ་ཡབ་སྲས་ན་རིམ་དང་ཆགས་མེད་དང་ཡོང་དགེ་སོགས་ཀྱིས་ངོས་འཛིན་གཟེངས་བསྟོད་མཛད་མཆོག་གྱུར་གླིང་པས་དམ་ཅན་བྲག་འགག་ནས་ཟབ་བདུན་དང་དཔལ་གྱི་དེའུ་ནས་མ་མོ་སྤྱི་བསྡུས་སོགས་ཟབ་གཏེར་སྤྱན་དྲངས་ཤིང་གནས་ཡིག་ཀྱང་གཏེར་ནས་བཞེས། ཆགས་མེད་རིན་པོ་ཆེའི་གནས་རྟེན་གྱི་ཆེ་བཤད་རྒྱས་པར་བཀོད་པའང་ཡོད།
༄༅། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་རི་བྲག་དཔལ་ལྡན་རྣམས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ གནས་སུ་བྱིན་གྱིས་བརླབས་ནས་སུ༔ ཕྱི་ལྟར་རིན་ཆེན་རི་བྲག་ལ༔ ནང་ལྟར་རིན་ཆེན་གཞལ་ཡས་སུ༔ གསང་བ་ཡེ་ཤེས་ཕོ་བྲང་དུ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ དངོས་སུ་བཞུགས་པར་བདག་གིས་སྤྲུལ༔ དེ་དག་རྣམས་སུ་སུས་སྒྲུབ་པ༔ མཆོག་དང་ཐུན་མོང་ངེས་པར་འགྲུབ༔ ཁྱད་པར་གསུང་གི་གནས་ཆེན་མཆོག༔ གླེ་ཡི་རི་བོ་དཔལ་འབར་ལ༔ ཡ་མཚན་ཀ་ཡིག་བཀྲ་བ་འདི༔ རྒྱལ་བ་ཀུན་གྱི་གསུང་གི་གནས༔ བྲག་རི་ཟླ་གམ་འབར་བ་རུ༔ གསང་ཕུག་ཟླ་གམ་ལྟ་བུའི་ནང༔ བདག་གིས་ཡང་དག་ཧེ་རུ་ཀ༔ ཟླ་གམ་ལྔ་བཅུ་རྩ་བརྒྱད་བསྒྲུབས༔ དཀྱིལ་འཁོར་མངོན་སུམ་ནམ་མཁར་བྱོན༔ ཟླ་གམ་འདྲ་བའི་བྲག་ལ་ཐིམ༔ ལུང་པ་དཔལ་ཆེན་སྐུ་ཡི་དབྱིབས༔ ཐུགས་ཀྱི་དཔལ་བེའུ་དེའུ་ལ༔ རྣམ་ཐར་གསུམ་ལྡན་ཕུག་པའི་ནང༔ ཧེ་རུ་ཀ་ཡི་གསང་སྒྲུབ་བགྱིས༔ ཧེ་རུ་ཀ་དང་མཁའ་འགྲོའི་ཚོགས༔ དངོས་སུ་བྱོན་ནས་གནས་འདིར་བཞུགས༔ ཤར་ལྷོའི་བྲག་རི་དཔལ་འབར་ལ༔ མན་ངག་ཐུགས་ཀྱི་གཏེར་ཀ་སྦས༔ འདོན་དུ་མི་རུང་གཏེར་བཅུ་སྦས༔ དགོས་པའི་གཏེར་གསུམ་གཏེར་ཕྲན་སྦས༔ ཤར་གྱི་ཕྱོགས་ཀྱི་བྲག་རི་ལ༔ དཔལ་གྱི་གནས་མཆོག་ཀེའུ་ཚང་དགུ༔ དུང་དཀར་འདྲ་བའི་བྲག་རི་ལ༔ བདུད་རྩི་ལྔ་ཡི་ནགས་ཚལ་གཏིབས༔ བདུད་རྩིའི་ཆུ་བོ་ལྷུང་ལྷུང་འབབ༔ བདག་དང་ནམ་མཁའི་སྙིང་པོ་དང༔ བཻ་རོ་གཉག་ལོ་མཚོ་རྒྱལ་དང༔ ཟབ་མོའི་བཀའ་བབས་མི་བདུན་བཅས༔ རང་རང་ཡི་དམ་སྒྲུབ་པ་ཡིས༔ ང་ཡིས་རྫུ་འཕྲུལ་གྱིས་ཕུག་པ༔ ཀེ་ཚང་ཉམས་དགའ་རྣམ་དགུ་དང༔ སྐུ་གསུང་ཐུགས་ཀྱི་རྟགས་རྣམས་གསལ༔ ལྷོ་ནུབ་ཐོད་སྐམ་འདྲ་བའི་བྲག༔ མ་མགོན་ཡབ་ཡུམ་བརྟེན་པའི་ཤིང༔ སྔགས་ཀྱི་རང་སྒྲ་སྒྲོག་པ་དང༔ ཁྲག་ཞག་འཁྲུགས་པའི་ཆུ་མིག་ཡོད༔ དྲིལ་བུ་གཡེར་ཁ་ལྟ་བུའི་རིགས༔ སྟེང་ལ་ང་ཡི་ཞབས་རྗེས་ཡོད༔ བྲག་དང་ལྗོན་ཤིང་འདྲེས་པའི་གནས༔ ཀླུ་བཙན་འབར་བ་སྤུན་བདུན་གནས༔ བྲག་རི་དཔལ་གཏོར་བཤམས་འདྲ་བར༔ མན་ངག་ཐུགས་ཀྱི་གསང་བའི་གཏེར༔ ཟབ་པ་སྐོར་བདུན་ཨ་ཐམ་རྒྱ༔ ཕ་བོང་གཡག་ཆུ་འབྲང་འདྲ་ལ༔ སྐུ་གསུང་ཐུགས་མཚན་དཔག་མེད་བྱོན༔ བྱ་རྒོད་འཚོགས་འདྲའི་ཕ་བོང་ལ༔ གསང་སྔགས་ཡི་གེ་དུ་མ་བྱོན༔ མེ་ལོང་ལྟ་བུའི་བྲག་ངོས་སུ༔ ལྷ་སྐུ་ཕྱག་རྒྱ་དུ་མ་གསལ༔ འཆི་མེད་བདུད་རྩིའི་བུམ་པ་ལ༔ ལྗོན་ཤིང་འབྲས་བུ་ལྡན་པ་སྐྱེས༔ ཚེ་ཆུ་སྨན་ཆུ་དུ་མ་ལུད༔ བྱང་ཕྱོགས་པདྨ་ལྟ་བུའི་བྲག༔ རིན་ཆེན་དབང་གི་མདོག་ཏུ་འཚེར༔ ཁྲོ་རྒྱལ་རྟ་མགྲིན་སྐུ་གསུང་ཐུགས༔ རྟགས་ཀྱི་རང་བཞིན་ཀུན་གསལ་ཞིང༔ ཕུག་པ་ཟླ་གམ་དབང་གི་གནས༔ བྱང་ཤར་གཅོང་རོང་བྲག་སྒོ་རུ༔ ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ༔ སྤྲུལ་པའི་སྒོ་སྲུང་དུ་མ་བཞུགས༔ རིན་ཆེན་འདྲ་བའི་རི་བོ་ལ༔ ཡེ་ཤེས་མཁའ་འགྲོ་དུ་མ་གནས༔ ལྗོན་ཤིང་ལྷ་མོ་དར་ཕྱར་ལ༔ ཞིང་སྐྱོང་མཁའ་འགྲོ་དུ་མ་གནས༔ མཚོན་ཆ་གཟིངས་འདྲའི་བྲག་རི་ལ༔ བཀའ་སྡོད་ཆོས་སྐྱོང་སྲུང་མ་གནས༔ ཆུ་བོ་སུམ་རིམ་ལྕགས་རི་ལ༔ ཀླུ་ཡི་རིག་འཛིན་དུ་མ་གནས༔ ཐང་ཆེན་གསེར་གྱི་མཎྜལ་ལ༔ མ་མོ་མཁའ་འགྲོ་འབུམ་ཚོ་འདུ༔ གཡའ་སྤང་གངས་བྲག་བས་མཐའ་ལ༔ ལྷ་ཡི་དགེ་བསྙེན་དུ་མ་གནས༔ འབྲུ་བཅུད་ཚོགས་ཀྱི་བཟའ་བཏུང་ལ༔ ཡེ་ཤེས་ལྔ་ཡི་བདུད་རྩི་གནས༔ ས་ལ་སྐྱེས་པའི་སྐྱེ་འགྲོ་ལ༔ དཔའ་བོ་མཁའ་འགྲོའི་བྱིན་བརླབས་འཇུག༔ རི་དྭགས་བྱ་གཅན་སྣ་ཚོགས་པ༔ དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ཐོབ༔ སངས་རྒྱས་བྱང་སེམས་རྟག་ཏུ་བཞུགས༔ རིག་འཛིན་གྲུབ་ཐོབ་འབྱོན་པའི་གནས༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཆོས་སྐྱོང་སྲུང་མ་འདུ་བའི་གནས༔ དྲེགས་པ་ལས་ལ་འགྱེད་པའི་གནས༔ བར་ཆད་རྐྱེན་ལས་གྲོལ་བའི་གནས༔ དངོས་གྲུབ་རྣམ་གཉིས་འདུ་བའི་གནས༔ སྒྲུབ་ན་རྟོགས་པ་འཆར་བའི་གནས༔ ཆོས་སྐུའི་རྒྱལ་ས་ཟིན་པའི་གནས༔ ཚོགས་ཀྱི་འཁོར་ལོ་བསྐོར་བའི་གནས༔ བདེ་སྟོང་རྒྱུན་ཆད་མེད་པའི་གནས༔ ཟག་མེད་འཇའ་ལུས་འགྲུབ་པའི་གནས༔ གནས་དང་གྲུབ་ཐོབ་མ་བྲལ་ན༔ སྙིང་པོའི་བསྟན་པ་འཛིན་པའི་གནས༔ སུ་འབྲེལ་བདེ་ཆེན་ཞིང་དུ་སྐྱེ༔ གནམ་ནི་འཁོར་ལོ་རྩིབས་བཞིའི་དབྱིབས༔ ས་ནི་པདྨ་འདབ་བཞིའི་དབྱིབས༔ བྲག་ནི་ཟླ་གམ་ཁ་སྦྱོར་མིག༔ ཆུ་ནི་ཡི་གེ་ཨེ་ཡི་དབྱིབས༔ ལྗོན་ཤིང་འཁོར་ལོ་བཞི་ཡི་དབྱིབས༔ བྲེ་གུ་ཚེ་ཡི་བུམ་པའི་དབྱིབས༔ བྲག་རི་དཔལ་གྱི་གཏོར་མའི་དབྱིབས༔ མཚོ་ནི་སྨན་དང་རཀྟའི་མཚོ༔ ཆུ་མིག་ནེའུ་གསིང་བདུད་རྩིའི་མཚོ༔ ནེའུ་གསིང་པདྨ་འདབ་སྟོང་བཀྲ༔ རི་ནི་རྒྱལ་སྲིད་སྣ་བདུན་ལ༔ བྲག་ནི་བཀྲ་ཤིས་རྟགས་བརྒྱད་དབྱིབས༔ ལྗོན་ཤིང་བཀྲ་ཤིས་རྫས་བརྒྱད་གནས༔ སཱ་ལའི་ལྗོན་ཤིང་གཏིབས་པའི་ཚེ༔ ང་ཡི་བསྟན་པ་དེ་རུ་གནས༔ འདིར་ཕྱིན་ངན་སོང་སྐྱེ་སྒོ་ཆོད༔ ཚོགས་འཁོར་གཅིག་གིས་སྒྲིབ་པ་བྱང༔ ཚོགས་འཁོར་གཉིས་ཀྱིས་ཉམས་ཆགས་བསྐང༔ ཚོགས་འཁོར་གསུམ་གྱིས་བསོད་ནམས་འཕེལ༔ ཚོགས་འཁོར་བརྒྱ་ཡིས་ཡེ་ཤེས་མཐོང༔ ཕྱག་དང་བསྐོར་བས་ལུས་སྒྲིབ་དག༔ བཟླས་བརྗོད་གསོལ་འདེབས་ངག་སྒྲིབ་དག༔ དད་མོས་བསྒོམས་པས་ཡིད་སྒྲིབ་དག༔ ལེགས་ཉེས་སྟངས་འཛིན་བྱེད་པའི་གནས༔ དམ་ཉམས་རྣམས་ལ་ཆད་པ་གཅོད༔ དམ་ཚིག་ལྡན་ལ་དངོས་གྲུབ་སྩོལ༔ བསྒྲུབ་ན་སྒྲུབ་པ་མཐའ་རུ་ཕྱིན༔ མཆོད་ན་བསོད་ནམས་ཚོགས་ཆེན་རྫོགས༔ དགེ་བ་གང་བྱས་འབུམ་དུ་འགྱུར༔ གནས་འདིར་སྒྲུབ་པའི་རྣལ་འབྱོར་ལ༔ ཚེ་རིང་ནད་མེད་བདེ་བ་འཕེལ༔ དངོས་གྲུབ་ལོ་དང་ཟླ་བས་འགྲུབ༔ ཟབ་མོའི་གནས་འདི་ཁྱད་པར་འཕགས༔ རྣལ་འབྱོར་དམ་ཚིག་ལྡན་པ་ལ༔ དག་པའི་སྣང་བ་ཅི་ཡང་འཆར༔ སྐུ་གསུང་ཐུགས་རྟགས་དུ་མ་ཤར༔ ལེགས་ཉེས་བལྟས་ཀྱང་སྟོན་པའི་གནས༔ སྒྲུབ་པ་རྩེ་གཅིག་བྱས་པ་ལ༔ ཡེ་ཤེས་ཁྱད་འཕགས་མཆོག་དང་ནི༔ ཐུན་མོང་ཚེ་དང་རིག་སློབ་འཕེལ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ ཡོངས་སུ་བསྔགས་པའི་གནས་ཡིན་པས༔ འབྲེལ་ཚད་དོན་ལྡན་འགྲོ་དོན་འབྱུང༔ གཞན་དོན་འཕེལ་བའི་གནས་ཡིན་པས༔ དྲང་སྲོང་རྣམས་ཀྱིས་སྨོན་ལམ་བཏབ༔ མཁས་གྲུབ་མང་པོ་འབྱུང་བའི་གནས༔ ར་བ་བཞི་ཡི་ཚེས་བཅུ་ལ༔ གནས་གསུམ་དཔའ་བོ་མཁའ་འགྲོ་བྱོན༔ ཚེས་བརྒྱད་ཞི་བའི་ཕྲིན་ལས་འགྲུབ༔ བཅོ་ལྔ་རྒྱས་པའི་ཕྲིན་ལས་འགྲུབ༔ འབྲིང་པོ་བཞི་ཡི་ཉེར་ལྔ་ལ༔ དབང་གི་ལས་རྣམས་ཐམས་ཅད་འགྲུབ༔ ཐ་ཆུང་བཞི་ཡི་ཉེར་དགུ་ལ༔ དྲག་པོའི་ལས་རྣམས་ཐམས་ཅད་འགྲུབ༔ སྤྲེལ་ལོ་སྤྲེལ་ཟླ་སྟོན་ར་བ༔ ཚེས་བཅུ་མཆོག་གི་དངོས་གྲུབ་སྩོལ༔ ར་བ་བཞི་ཡི་བཅུ་གསུམ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་འགྲུབ༔ གནས་ཀྱི་ཡོན་ཏན་བསམ་མི་ཁྱབ༔ དཀར་ཆག་ཡི་གེར་བཏབ་པ་འདི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔གནས་མཆོག་དེའི་དཔལ་གྱི་དེའུ་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པ་མཁའ་འགྲོའི་བརྡའི་ཡི་གེ་ལས་ལེགས་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་སྔགས་ཀྱི་སྐལ་ལྡན་ཤེས་རབ་རྒྱལ་མཚན་གྱིས་བགྱིས་པའོ། །མངྒ་ལཾ།
མཆན། གནས་ཡིག་འདི་མཆོག་གླིང་བཀའ་འབུམ་ས་པོད་ནས་ཞལ་བཤུས་པའོ། །
༄༅། །ཀརྨའི་རྒྱབ་ཡོལ་དེ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཡིན༔ དེ་ན་དཔལ་ཆེན་རྟ་མགྲིན་གྱི་སྐུ༔ རིན་ཆེན་བྲག་གི་ངོས་སྒང་ན༔ ཀརྨ་པའི་འོད་ཟེར་ཕོག་པ་ལས་ཡི་གེ་ཀ་རང་བྱོན༔ ཨོ་རྒྱན་རིན་པོ་ཆེ་དཀར་འཛང་ཕུག་གོང་ན་བཞུགས་པ༔ མཁའ་འགྲོ་མས་ཞལ་མཇལ་དུས་ཞབས་རྗེས༔ སྐྱག་ལྡེམ་ཉ་ཡག་ན་ཤཱཀྱ་ཐུབ་པ་ལ་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ་དང༔ རྒྱལ་བ་རིགས་ལྔ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་བཞུགས༔ རྡོ་རི་བྲག་ལ་ཀརྨ་པ༔ གཙོ་འཁོར་གསུམ་དང་རྒྱལ་ཆེན་སྡེ་བཞིའི་སྐུ་རྣམས་བཞུགས༔ ཡངས་དགོན་ཕུག་ན་ཨོ་རྒྱན་ཡི་གེའི་ཀརྨ་ཟེར་བ་སྤང་ལ་ཡོད༔ ཡངས་དགོན་ནག་ལ་ཉི་ཟླ་རང་བྱོན༔ བྲག་ལ་ནོར་བུ་རང་བྱོན༔ དམ་ཅན་སྐུ་མཁར་གྱི་ངོས་ན་ཀརྨའི་ཞབས་རྗེས་དང་དམ་ཅན་གྱི་ས་བོན་ཡི་གེ་ཏྲི་རང་བྱོན་བཞུགས༔
༈ ན་མོ་པདྨ་ཀཱ་ར་ཡེ༔ ཡང་རྒྱལ་པོ་བྱམས་པའི་ལོ་ཧོར་ཟླ་བརྒྱད་པའི་མར་ངོའི་བཅུ་གཅིག་ཉིན་གདན་ས་ཆེན་པོ་ཀརྨར་སླེབས་པའི་དགོང་མོ༔ ཀརྨ་པའི་སྐུ་མི་ཚད་ལས་ཆེ་ཙམ་གཅིག་ལ་དབུ་གཙུག་ཏོར་གྱིས་མཚན་པ་ལ་དབུ་ཞྭས་གཙུག་ཏོར་མི་སྒྲིབ་པ་དབུ་གཙུག་ཏུ་གུ་རུ་པདྨ་འབྱུང་གནས་སྐུ་མཐོ་དོའི་ཚད་ཙམ་གྱིས་མཚན་པ་དཔོན་སློབ་ལྔ་པ་གཅིག་གིས་འདི་སྐད་གསུངས༔
༈ ཤྲཱི་ཙཀྲ་སཾ་ཝ་ར་ན་མཧཱུྃ༔ གདན་ས་ཆེན་པོ་ཀརྨ་འདི་ཡི་རྒྱབ་ཀྱི་བྲག་འདི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཡིན༔ རྒྱབ་ཕྱོགས་ཀྱི་བྲག་སེང་གེ་གནམ་དུ་བལྟས་པ་འདྲ་བ་ཡོད༔ དེ་དུང་དཀར་རང་བྱོན་ཡིན༔ གནས་མཆོག་དེ་ཡི་གཡས་ཀྱི་ཕྱོགས༔ རི་དགོས་འདོད་ཡིད་བཞིན་གྱི་ནོར་བུ་འདྲ༔ ལྕང་ལོ་ཅན་དང་ཁྱད་པར་མེད༔ དཔལ་ཆེན་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་གནས་མཆོག་ཡིན༔ གནས་དེའི་མདུན་གྱི་རི་ལོགས་སུ༔ ནགས་ཉི་ཟླ་ནོར་བུ་འདྲ་བ་ཡོད༔ རྒྱ་ནག་རི་བོ་རྩེ་ལྔ་དང་དབྱེ་བ་མེད༔ མགོན་པོ་འཇམ་དཔལ་གཞོན་ནུའི་སྐུ་ཡི་གནས་མཆོག་ཡིན༔ རི་བོ་དེའི་དབུས་མ་ནི༔ བྱ་ཁྱུང་མཁའ་ལ་ལྡིང་བ་འདྲ༔ པོ་ཏ་ལ་དང་གཉིས་སུ་མེད༔ འཕགས་པ་སྤྱན་རས་གཟིགས་ཀྱི་གསུང་གི་གནས་མཆོག་ཡིན༔ མདུན་དུ་ཐང་ཆེན་མཎྜལ་ཕུལ་བ་འདྲ༔ བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་ནས་ཡོད༔ ཡང་དབུས་ཕྱོགས་བྲག་དེའི་རྩ་བ་ན༔ ཐུགས་ཀྱི་དགོངས་པས་གཏེར་བྱིན་གྱིས་བརླབས་པའི་ཡི་གེ་འབྲུ་དྲུག་ཡོད༔ གཡོན་ཕྱོགས་སུ་བྲག་ཁང་བུ་བརྩེགས་པ་འདྲ་བ་ཡོད༔ བླ་མ་སྐུ་གསུམ་གྱི་བཞུགས་གནས་ཡིན༔ ལྷ་འདྲེ་རྣམས་ཀྱི་བང་མཛོད་ཡིན༔ འཕགས་པ་གནས་བརྟན་བཅུ་དྲུག་ཡོད༔ ཀར་ཞེས་མཆོད་པ་རྣམ་ལྔ་ཡོད༔ ཐུབ་པ་མཆོག་ཟུང་བཅས་པ་ཡོད༔ ཤར་ཕྱོགས་རི་ཡི་རྩེ་མོ་ན༔ ཡི་གེ་ཨ་དང་གྲུབ་ཆེན་བརྒྱད་ཅུ་ཡོད༔ དེ་ལས་དག་པ་རྣམས་ཀྱི་རབ་མཐོང་ཞིང༔ མ་དག་པ་ནི་མཐོང་མི་འགྱུར༔ ཞེས་གསུངས་འཇའ་ཡལ་བ་ལྟར་སོང་ངོ་༔ ཤུཔྟ༔
༈ ཡང་དེའི་ཉི་ཤུ་བརྒྱད་ཀྱི་ཚེ༔ གནས་ཆེན་དེ་ལ་བསྐོར་བ་བརྒྱབ་སྟེ་མཇལ་ནས་དམ་ཅན་འགག་ཏུ་སོང་སྟེ་སྐུ་མཁར་དེའི་གོང་དེར་བསྡད་ཚེ༔ བྱང་ཤར་གྱི་ཕྱོགས་སུ་འཇའ་ཚོན་སྣ་ལྔ་དང་མེ་དཔུང་གི་དབུས་སུ་དམ་ཅན་མགར་ནག་ར་སྐྱེས་ལ་ཆིབས་པ་ཐོ་བ་ནུབ་ཕྱོགས་སུ་གཡུག་པ་གཅིག་ཡུད་ཙམ་སྣང༔ དེ་ལ་བདག་གིས་ཁྱོད་སློབ་དཔོན་པདྨའི་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བ་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་སོགས་ཀྱི་ཕྲིན་ལས་འགའ་ཞིག་བཅོལ་བས༔ དེ་ལྟར་བྱ་ཡི་ཟེར་ནས་འཇའ་ཚོན་དེར་ཐིམས་སོང༔ ཡུད་ཙམ་ནས་འཇའ་ཚོན་ཡང་ཡལ་ནས་སོང་ངོ༔ མཾལཾཝཾ༔ ཞེས་པ་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེས་བཀའ་བསྩལ་པ་ལྟར་དྲུང་ཡིག་པ་ཀརྨ་ཚུལ་ཁྲིམས་ཡང་དག་གིས་བཀོད་པའོ། །མངྒ་ལཾ།
མཆན།གནས་ཡིག་འདི་གནམ་ཆོས་མི་འགྱུར་རྡོ་རྗེའི་བཀའ་འབུམ་ཝཾ་པོད་ནས་ཞལ་བཤུས་པའོ། །
༄༅། །ན་མོ་གུ་རུ་ཀརྨ་ཀ་ཡེ། །པོ་ཏ་ལ་རུ་མགོན་པོ་སྤྱན་རས་གཟིགས། །རྔ་ཡབ་གླིང་དུ་ཨོ་རྒྱན་སྤྲུལ་པའི་སྐུ། །ཁ་བ་ཅན་དུ་དཔལ་ལྡན་ཀརྨ་པ། །ཞྭ་ནག་ཅོད་པན་འཛིན་པ་རྣམས་ལ་འདུད། །འཕགས་ཡུལ་གྲུབ་པའི་ཌོམ་བྷི་ཧེ་རུ་ཀ །གངས་ཅན་ལྗོངས་སུ་སྒོམ་ཆུང་རས་ཆེན་དང་། །ད་ལྟ་རྒྱལ་བའི་ཕྲིན་ལས་མངའ་མཛད་པ། །སི་ཏུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་གདན་ས་ཆེན་པོ་འོག་མིན་ཀརྨའི་གནས་བཤད་འདི་ལ་ལོ་རྒྱུས་སྤྱི་དང་བྱེ་བྲག་གཉིས་ཏེ། སྤྱིར་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེ་ཉིད། འོག་མིན་ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་གནས་ན་ཐུགས་ཆོས་སྐུའི་ངོ་བོ་འཁོར་འདས་སྣང་སྲིད་ཐམས་ཅད་ཁྱབ་པར་བཞུགས་ཏེ། དེ་ནི་ས་བཅུའི་སེམས་དཔའ་རྣམས་ཀྱིས་ཀྱང་མུན་པ་ནང་གི་གཟུགས་ཙམ་ལས་མཇལ་བའི་བསྐལ་པ་མེད་པར་གསུངས་ན། བདག་ལྟ་བུའི་བརྗོད་པར་ཡང་ག་ལ་ནུས་ཏེ་དོན་དེ་ལ་དགོངས་ནས། བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ། །ཞེས་གདམས་པར་མཛད་དོ། །ཟ་མ་ཏོག་བཀོད་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེའི་བ་སྤུའི་བུ་ག་གཅིག་ནས་ཀྱང་། སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཞིག་སྤྲུལ་ནས་འགྲོ་དོན་མཛད་པར་གསུངས་པས། དེ་ལྟ་བུའི་གནས་དེ་དག་བཤད་པར་ག་ལ་ནུས་ཏེ། དོན་དེ་ལ་དགོངས་ནས། རབ་འབྱམས་ཞིང་གི་བདག་པོ་ལ་གསོལ་བ་འདེབས་སོ། །ཞེས་རྗེས་འཇུག་རྣམས་ལ་གདམས་པར་མཛད་དོ། །ཆུ་ཀླུང་སྣ་ཚོགས་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་སྟོང་རྩ་གཉིས་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་པ་དང་། པུན་དྷ་རི་ཀའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཀོད་པ་བར་མའི་འཇིག་རྟེན་གྱི་འབྱུང་བ་ཆེན་པོའི་རྡུལ་ཕྲ་རབ་དང་མཉམ་པའི་མཛད་པ་བཅུ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་པ་དང་། སྙིང་རྗེ་སྣ་ཚོགས་རོལ་པ་ཞེས་སམ། སྙིང་རྗེ་རྣམ་པར་རྒྱལ་བའམ། སྙིང་རྗེ་རྣམ་པར་རོལ་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེས། འཛམ་གླིང་བྱེ་བ་ཕྲག་བརྒྱའི་རྡོ་རྗེ་གདན་བྱེ་བ་ཕྲག་བརྒྱ་ན། ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ། པོ་ཏ་ལ་བྱེ་བ་ཕྲག་བརྒྱ་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ། ར་ས་འཕྲུལ་སྣང་བྱེ་བ་ཕྲག་བརྒྱ་ན། སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་པའི་ཕྱིར། དོན་དེ་ལ་དགོངས་ནས། ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ་གསོལ་བ་འདེབས་སོ། །ཞེས་རྗེས་འཇུག་རྣམས་ལ་གདམས་པར་མཛད་པའོ། །དེ་དང་མཚུངས་པར་དྭངས་སྙིགས་འབྱེད་པའི་མདོ་བསྡུས་པ་ལས། འཇིག་རྟེན་བྱེ་བ་ཕྲག་བརྒྱ་ན། །ཀརྨ་པ་ཞེས་བྱ་བ་ཡི། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱུང་། །ཞྭ་ནག་གྱོན་ནས་འགྲོ་བ་འདུལ། །ཞེས་དང་། མདོ་སྡེ་རྒྱན་ལ་སོགས་པ་རྣམས་ནས། མཆོག་གི་སྤྲུལ་སྐུ་སངས་རྒྱས་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་པོའི་འགྲོ་དོན་དང་བསྟན་པ་མཉམ་པར་གསུངས་པའི་ཕྱིར། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། གནས་ཆེན་ཀརྨ་ཡང་བྱེ་བ་ཕྲག་བརྒྱ། རྒྱལ་བ་ཀརྨ་པ་རབས་བཅུ་གསུམ། བྱེ་བ་ཕྲག་བརྒྱ། སི་ཏུ་སྤྲུལ་པའི་སྐུ་ན་རིམ་ཡང་བྱེ་བ་ཕྲག་བརྒྱ་འབྱོན་པར་ངེས་པའི། དེ་ལྟ་བུའི་རྣམ་ཐར་རྒྱ་ཆེ་བ་ནི། རང་རེའི་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་ལ་ཤོང་བར་དཀའ་བས་སྤྲོས་པ་སྐྱུང་། ༈ སྤྱི་དོན་གཉིས་པ། གདན་ས་ཆེན་པོ་འདི་ཉིད་ཀྱི་ལོ་རྒྱུས་ཁོལ་བུར་ཅུང་ཙམ་ཞུ་ན། དེ་ལ་དང་པོ་གནས་ཀྱི་འབྱུང་ཁུངས་དང་། གཉིས་པ་གནས་བྱིན་གྱིས་བརླབས་ཚུལ། གསུམ་པ་གནས་སྒོ་ཕྱེ་ཞིང་བསྟན་པའི་གཞི་མ་གདན་ས་བཞེངས་ཚུལ། བཞི་པ་གནས་བཤད་དཀར་ཆག ལྔ་པ་ཕན་ཡོན་དགོས་ཆེད་དང་བཅས་པའོ། །
༈ དང་པོ་གནས་ཀྱི་འབྱུང་ཁུངས་ནི། དང་པོ་སྲིད་པ་ཆགས་པའི་དུས། ཀུན་ཏུ་བཟང་མོའི་སྤྲུལ་པ་ལས་རྡོ་རྗེ་དབྱིངས་ཕྱུག་མའི་ངོ་བོ་ནམ་མཁའ་སྟོང་པའི་ངང་ལས། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མའི་སྤྲུལ་པ་རླུང་གི་དཀྱིལ་འཁོར་ཆགས་སོ། །དེ་བཞིན་དུ་གོས་དཀར་མོའི་སྤྲུལ་པ་མེ་དང་། མ་མཱ་ཀིའི་སྤྲུལ་པ་ཆུ་དང་། སངས་རྒྱས་སྤྱན་མའི་སྤྲུལ་པ་ས་རྣམས་བྱུང་སྟེ། དེ་རྣམས་འདུས་ཤིང་འཚོགས་པ་ལས། གླིང་བཞི་རི་རབ་དང་བཅས་པ་ཆགས། འབྱུང་བའི་དྭངས་བཅུད་འདུས་པ་ལས། ཉི་ཟླ་ནོར་བུ་དཔག་བསམ་གྱི་ཤིང་དང་། གནས་ཆེན་དང་གནས་ཕྲན་རྣམས་གྲུབ་སྟེ། དེ་དག་ཐམས་ཅད་ཀྱང་ཕྱི་ལྟར་ན་སེམས་ཅན་སྤྱི་མཐུན་གྱི་ལས་ལ་འབྱུང་། ནང་ལྟར་ན་ཡུམ་ཆེན་ལྔ་ཡི་རྫུ་འཕྲུལ་ལས་སྤྲུལ། གསང་བ་ལྟར་ན་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པའི་རྫུ་འཕྲུལ་ཆ་གཅིག་ཙམ་ཡིན་ཏེ། དེའི་དོན་རྒྱས་པར་ནི། སངས་རྒྱས་ཕལ་པོ་ཆེ་དང་། གསང་བ་རྡོ་རྗེ་ཐེག་པའི་རྒྱུད། བཀའ་ཐང་སྡེ་ལྔ་དང་། ལུང་བསྟན་བཀའ་རྒྱ་མའི་དབུ་རྣམས་ལས་རྒྱ་ཆེར་གསུངས་སོ། །དེ་ལ་འཇིག་རྟེན་ཆགས་ནས་རིང་པོར་མ་ལོན་པར། སྲིད་པའི་མེས་པོ་ལྷ་ཆེན་དབང་ཕྱུག་ཆེན་པོས་དྲག་པོ་འཇིགས་བྱེད་ནག་པོ་དང་། ལྷ་མོ་ཨུ་མས་དུས་མཚན་དམར་མོར་སྤྲུལ། འཇིགས་བྱེད་དེས་དྲག་པོ་ཉི་ཤུ་རྩ་བཞི་དང་། ཨུ་མས་དྲག་མོ་ཉི་ཤུ་རྩ་བཞི་སྤྲུལ་ནས། ཡུལ་ཉི་ཤུ་རྩ་བཞི་བདག་ཏུ་བཟུང་། དེ་དག་རེ་ལ་ཡང་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་ནས་གནས་ཆེན་དང་གནས་ཕྲན་ཐམས་ཅད་བདག་ཏུ་བཟུང་བའི་ཕྱིར། དབང་ཕྱུག་གི་རྒྱུད་དང་སྒྲུབ་ཐབས་བཤད་ནས་མི་རྣམས་མུ་སྟེགས་ཀྱི་ལམ་ལ་བཀོད་དོ། །དེའི་ཚེ་གནས་འདི་ཡང་དབང་ཕྱུག་དྲག་པོའི་གསུང་གི་སྤྲུལ་པ་ཞིག་གིས་བདག་ཏུ་བཟུང་བའི་ཕྱིར། བྲག་རི་ཁྲོ་བོའི་ཆ་བྱད་འདྲ་བ་དང་། རྡོ་རྣམས་དུར་ཁྲོད་ཀྱི་ཀེང་རུས་འཁྲོལ་མའི་ཚུལ་དུ་ཡོད་དོ། །དེ་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པར་སྤྲུལ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་རྡོ་རྗེ་ཕག་མོར་སྤྲུལ། བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་བཞི་དཔའ་བོ་ཉི་ཤུ་རྩ་བཞིར་སྤྲུལ། བྱང་ཆུབ་སེམས་མ་ཉི་ཤུ་རྩ་བཞི་དཔའ་མོ་ཉི་ཤུ་རྩ་བཞིར་སྤྲུལ་ནས། འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་གཅིག་འོག་མིན་ནས་འཛམ་བུ་གླིང་འདིར་བྱོན་ཏེ། འཇིགས་བྱེད་དང་ཡུམ་ཨུ་མ་གཉིས་ཞབས་འོག་ཏུ་མནན། དཔའ་བོ་ཉེར་བཞིས་དྲག་པོ་ཉེར་བཞི་དང་། དཔའ་མོ་ཉེར་བཞིས་དྲག་མོ་ཉེར་བཞི་བཏུལ་ནས་ཐིམ་པ་དང་། ལོངས་སྤྱོད་རྫོགས་པ་དང་། བདག་པོའི་ཚུལ་གྱིས། དབང་ཕྱུག་ཡབ་ཡུམ་གྱི་གནས་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་གནས་སུ་བྱིན་གྱིས་བརླབས་པ་སྟེ། རྒྱས་པར་ནི་བདེ་མཆོག་གི་རྒྱུད་འགྲེལ་རྣམས་ནས་གསུངས་སོ། །དེ་ལ་བོད་ཁ་བ་ཅན་འདིར། ཕག་མོ་ཡུམ་གྱི་གནས་གསུམ་བདེ་མཆོག་ཡབ་ཀྱི་གནས་གསུམ་དང་དྲུག་པོ་གཙོ་ཆེ་བ་ལས། ཡུམ་གྱི་གནས་གསུམ་ནི། སྟོད་ན་རྒྱ་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སེ། སེང་གདོང་དཀར་མོ་སྐུ་ཡི་གནས། བར་དུ་ཡིད་ཆེས་ཤིང་ཁུངས་བཙུན་པ་ལ་ཕྱི་ཆུ་བར། སྟག་གདོང་དམར་མོའི་གསུང་གི་གནས། སྨད་ན་ས་གསུམ་འགྲན་ཟླ་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། ཕག་གདོང་ནག་མོ་ཐུགས་ཀྱི་གནས། ཡབ་ཀྱི་གནས་གསུམ་ནི། ཤར་ཕྱོགས་ཀ་མ་རུ་པ་ཀཾ་པོ་གངས་ཀྱི་ར་བ་འཁོར་ལོ་སྡོམ་པ་སྐུ་ཡི་གནས། ས་སྤྱོད་སྐུའི་འཁོར་ལོ། མཚུར་མདོ་བོ་ལུང་ནི་བདེ་མཆོག་ཐུགས་ཀྱི་གནས་ཏེ། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ། བདེ་མཆོག་གི་གནས་འོག་མིན་ཀརྨ་ས་སྤྱོད་གསུང་གི་འཁོར་ལོ་ཡིན་ཏེ། རྒྱབ་རི་བྲག་བདེ་མཆོག་ཡབ་ཡུམ་གྱི་ཚུལ་དུ་ཡོད་དོ། །དོན་དེ་ལ་དགོངས་ནས་མི་བསྐྱོད་ཞབས་ཀྱི་བཀའ་འབུམ་ནས། རང་བདེ་མཆོག་ཡབ་ཡུམ་བསྒོམ་པའི་རྩ་དབུ་རྐྱང་རོ་གསུམ་གྱི་ནང་དུ་མཚུར་ཕུ་དང་ཀཾ་པོ་གནས་ནང་ཀརྨ་རི་གླིང་གསུམ་བསྒོམ། དེ་གསུམ་གྱི་དབུས་སུ་དུས་མཁྱེན་དང་གྲུབ་ཆེན་པཀྴི་དང་སངས་རྒྱས་མཉན་པ་གསུམ་བསྒོམ་ཞིང་། བདེ་མཆོག་དང་མཉན་པ་ཡབ་སྲས་དབྱེར་མེད་དུ་སྒྲུབ་པའི་ཟབ་ཆོས་རྒྱ་ཆེར་བཞུགས་སོ། །གནས་དེ་གསུམ་གྱི་བྱ་དང་རི་དྭགས་ཡན་ཆད་དཔའ་བོ་ཌཱཀིའི་རང་བཞིན་དུ་རྣམ་པར་དག་ཚུལ་ཡང་གསུངས་སོ། །ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་རྫོགས་ནས་ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་གི་གོང་དུ། རུ་ཏྲ་ཐར་པ་ནག་པོ་ཞེས་བྱ་བ། ལུས་གཅིག་ལ་མགོ་གསུམ། ལག་པ་དྲུག་དང་གཤོག་པ་ཅན། བ་སྤུ་མཚོན་ཆར་སྐྱེས་པ་ལ་མེ་འབར་བ་ཞིག་ལས་ཀྱི་དབང་གིས་བྱུང་སྟེ། དེས་ཡུལ་ཉི་ཤུ་རྩ་བཞིའི་ཞིང་སྐྱོང་དང་ཕྱོགས་སྐྱོང་དང་། འཇིག་རྟེན་སྐྱོང་བ་དང་། འཇིག་རྟེན་དཔའ་བོ་ཌཱཀི་དྲེགས་པ་ཅན་ལྷ་སྲིན་བགེགས་རིགས་ཐམས་ཅད་བྲན་དུ་བཀོལ་ནས་གནས་ཆེན་དང་གནས་ཕྲན་ཐམས་ཅད་བདག་ཏུ་བཟུང་། ལྷ་མ་ཡིན་དང་སྲིན་པོའི་རྒྱལ་པོ་ཡང་བསད་ཅིང་ཟོས། རྫུ་འཕྲུལ་གྱི་སྟོབས་ཀྱིས་རི་རབ་ཀྱང་མཛུབ་མོའི་རྩེ་ལ་ལན་གསུམ་བསྐོར། སེམས་ཅན་རྣམས་བསད་ཅིང་ཟོས་ནས་འཇིག་རྟེན་སྟོང་ལ་ཁད་དུ་གྱུར་ཏེ། དེའི་ཚེ་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས་བདུད་དེ་འདུལ་བའི་གཉན་པོར་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པར་བྱིན་གྱིས་བརླབས་ནས་བཏང་ངོ་། །དེར་བདུད་དེ་ཐབས་ཀྱིས་འདུལ་བར་དགོངས་ནས་རྟེའུ་སྔོན་པོ་གཅིག་ཏུ་སྤྲུལ་ནས་བྱོན་པ་ལ། བདུད་ཀྱིས་རྟེའུ་ཁྱུར་མིད་དུ་བྱས་པ་དང་། ཁོག་ཏུ་སླེབས་ནས་ཁོའི་རྣམ་པར་ཤེས་པ་འོག་མིན་དུ་གནས་སྤར། བདུད་ཀྱི་ལུས་དེ་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་བརླབས། སྤྱི་བོ་ནས་རྟའི་དབུ་བསྟན་ནས་ཁམས་གསུམ་དབང་དུ་བསྡུས། རུ་ཏྲའི་འཁོར་ཐམས་ཅད་དམ་ལ་བཏགས། དེའི་ཚེ་གནས་ཆེན་གནས་ཕྲན་ཐམས་ཅད་ཀྱི་ཞིང་སྐྱོང་ཐམས་ཅད་དབང་དུ་བསྡུས། རྟ་མགྲིན་ལ་སྤྲུལ་ནས་རྟ་མགྲིན་གྱི་གནས་སུ་བྱིན་གྱིས་བརླབས་སོ། །དེའི་ཚེ་གནས་འདི་ཡང་རྟ་མགྲིན་པདྨ་དབང་ཆེན་གྱི་གནས་སུ་བྱིན་གྱིས་བརླབས་པའི་ཕྱིར་རྒྱབ་རིའི་བྲག་ལ་ཟླ་གམ་དབང་གི་དཀྱིལ་འཁོར་འབུར་དུ་དོད་པ་གསལ་བར་ཡོད་དོ། །དེ་ནས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་ཉེ་བ་ན། བདེ་བ་ཅན་གྱི་ཞིང་ཁམས་ནས་སངས་རྒྱས་འོད་དཔག་ཏུ་མེད་པས་གསེར་གྱི་པདྨའི་སྡོང་པོ་ཞིག འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ལ་བསྐུར་ནས། ཁྱེད་སོང་ལ་སངས་རྒྱས་མྱ་ངན་ལས་མི་འདའ་བའི་གསོལ་བ་ཐོབ་གསུངས། དེ་ནས་སྤྱན་རས་གཟིགས་བྱོན་ནས་གསོལ་བ་བཏབ་པས། ཐུབ་པས་ངའི་གདུལ་བྱ་རྫོགས་པས་མྱ་ངན་ལས་འདའ་འོ་གསུངས་སོ། །ད་དུང་བོད་ཁ་བ་ཅན་ཞབས་ཀྱིས་མ་བཅགས། སྐུའི་འོད་ཟེར་གྱིས་མ་ཁྱབ་པས་མྱ་ངན་ལས་མི་འདའ་བར་བཞུགས་པར་ཞུས་པས། བྱང་ཕྱོགས་ཁ་བ་ཅན་ནི་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་འདུལ་ཞིང་ཡིན་པས་ཐུལ་ཅིག་གསུངས་ནས། ཐུབ་པའི་ཞལ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཇའ་ཚོན་ལྟ་བུར་འཕྲོས་ཏེ་བོད་ཁ་བ་ཅན་དུ་སོང་བས། འོད་དེ་གར་ཕོག་ས་ན་རང་བྱོན་རྣམས་བྱུང་ཚུལ་རྒྱས་པར་མ་ཎི་བཀའ་འབུམ་རྒྱས་པ་ནས་གསུངས་ཏེ། གནས་འདིར་ཡང་འོད་ཟེར་ཕོག་པའི་རྟགས། གཡོན་རིའི་ཀརྨ་སྤོས་ཤེའི་ལོགས་ལ། ཐུབ་པ་གནས་བཅུ་དང་བཅས་པ་སེར་ཕྲེང་གི་ཚུལ་དུ་བྱོན་ཏེ། དེ་ཐུབ་པ་དང་གནས་བཅུ་རང་བྱོན་ཡིན་པ་མི་འགྱུར་རྡོ་རྗེས་གསུངས་སོ། །དེ་ནས་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ལ་སངས་རྒྱས་འོད་དཔག་ཏུ་མེད་པས་བཀའ་སྩལ་པ། བོད་ཁ་བ་ཅན་གྱི་འོག་ན་གྲང་བའི་དམྱལ་བ་ཟ་མ་ཏོག་ཁ་བཅད་པ་ལྟ་བུ་དེ་དྲོངས་ལ་དེ་ནས་མི་ཡི་འགྲོ་བ་སྤེལ། དེ་ནས་ཆོས་ཀྱི་ཐུལ་ལ། སེམས་ཅན་དེ་དག་མཐར་ང་ཡི་དྲུང་དུ་ཁྲིད་ལ་ཤོག་ཅིག་གསུངས་སོ། །དེ་ནས་ང་ལ་འབྲེལ་བ་ཆེར་གྱིས་ཐུལ་བཞག་པ་རྣམས་ཁྲིད་ནས་འོང་ངོ་ཞུས་ནས། རི་པོ་ཏ་ལའི་རྩེ་ནས་ཞལ་བོད་དུ་གཟིགས་ནས་འོད་ཟེར་བཀྱེས་ཏེ། བོད་ཀྱི་འོག་ཏུ་གྲང་བའི་དམྱལ་བ་ཟ་མ་ཏོག་ཁ་བཅད་པ་ལྟ་བུ་དེ་ཚལ་པ་བཞིར་བཀས་ནས་དྲངས་སོ། །དེར་གངས་ཞུ་ནས་ས་གཞི་བྱུང་ངོ་། །དེ་ནས་སྐུ་ལས་འོད་ཟེར་ཆེན་པོ་སྤྲོས་ཏེ་བོད་ཁ་བ་ཅན་ཁྱབ་པར་མཛད་དེ་ས་གཞི་བྱིན་གྱིས་བརླབས་སོ། །དེའི་འོད་གང་དུ་ཐིམ་པའི་སར་རང་བྱོན་དང་གནས་རྣམས་བྱུང་སྟེ། དེ་ཡང་མ་ཎི་བཀའ་འབུམ་དང་། རྒྱལ་པོའི་བཀའ་ཆེམས་འགའ་ཞིག་ནས་རྒྱས་པར་གསུངས་ཏེ། གནས་འདིར་ཡང་སྤང་ལ་གསེར་ཉ་རང་བྱོན་ཡོད་ཅིང་ཁྱད་པར་བོད་ཀྱི་ས་ཆ་ལ་ལེགས་སྦྱར་སཾ་སྐྲྀ་ཏ་ཡི་སྐད་དུ་ཀརྨ་ཞེས། ས་ཕྱོགས་འདི་ལ་ཀརྨ་མིང་དུ་ཆགས་པ་ནི། དེ་ཡང་སྒྲ་འགྱུར་ལ་ལས། དོན་འགྱུར་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པའི་གནས་སུ་བྱིན་གྱིས་བརླབས་པའི་ཕྱིར། སྲིད་པ་ཆགས་ནས་ས་ཕྱོགས་འདི་ལ་ཀརྨ་ཞེས་མིང་ཐོགས་ཤིང་གནས་འདི་ལ་ཡུན་རིང་དུ་བཞུགས་པའི་དབང་གིས། གྲུབ་ཆེན་ཆོས་ཀྱི་བླ་མ་ལ་ཀརྨ་པ་ཞེས་ཡོངས་སུ་གྲགས་པའི་མཚན་དུ་ཆགས་པའི་ཕྱིར། ཀརྨ་པའི་གདན་ས་གནས་ཐམས་ཅད་ཀྱི་གཙོ་བོ་འདི་ཉིད་ཡིན་ནོ། །གནས་ཀྱི་བྱུང་ཚུལ་ལོ། །
༈ གཉིས་པ་གནས་བྱིན་གྱིས་བརླབས་པའི་ཚུལ་ནི། དེ་ཡང་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་ལྷ་སྲིན་བྱེ་བའི་ཡུལ་དུ་སོང་བས་ཆོས་དར་དུ་མ་བཅུག་པས། མངལ་སྐྱེས་ཤ་ཁྲག་གི་ལུས་ཀྱིས་ལྷ་འདྲེ་མི་ཐུལ་བས་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེ་ཉིད། རྫུས་སྐྱེས་ཀྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བར་སྤྲུལ་ནས་བྱོན་ཏེ། བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། དཔལ་གྱི་བསམ་ཡས་ལ་སོགས་གཙུག་ལག་ཁང་ཆེ་བ་བརྒྱ་དང་རྩ་བརྒྱད། ཕྲན་བུ་སྟོང་དང་རྩ་གཉིས་བཞེངས། མདོ་རྒྱུད་མན་ངག་ཐམས་ཅད་བོད་དུ་བསྒྱུར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས། གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་བྱུང་ངོ་། །དེར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པའི་ངོར། བསྟན་པའི་དར་རྒུད། སེམས་ཅན་གྱི་བདེ་སྡུག་འབྱུང་ཚུལ་ལུང་བསྟན་ཅིང་། རྒྱལ་པོའི་བཞེངས་པའི་གཙུག་ལག་ཁང་རྣམས་རིམ་པར་འཇིག་ཚུལ་གསུངས་པས་རྒྱལ་པོའི་ཐུགས་ཧ་ལས། སྤྱན་ཆབ་ཐབས་སུ་བཏོན། དབུ་ས་ལ་བརྡབས་ནས་ང་ཡིས་བཞེངས་པའི་གཙུག་ལག་ཁང་རྣམས་མི་རྟག་ཅིང་འཇིག་ན། མ་འོངས་པའི་དུས་སེམས་ཅན་རྣམས་ཀྱིས་བསོད་ནམས་བསགས་པ་དང་། སྡིག་སྒྲིབ་སྦྱངས་པའི་རྟེན་འཇིག་རྒྱུ་མེད་པའི་རྟེན་ཁྱད་པར་ཅན། སློབ་དཔོན་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བས་བྱིན་བརླབས་དགོས་ཞེས། མཎྜལ་མཆོད་པ་རྒྱ་ཆེར་ཕུལ་ནས་ཞུས་པས། ཨོ་རྒྱན་རིན་པོ་ཆེས་རྒྱལ་པོ་རྗེ་འབངས་རྣམས་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་ནས། ཡུལ་ལྔ། ལྗོངས་གསུམ། གླིང་གཅིག སྒྲུབ་གནས་བརྒྱད། ཀཾ་པོ་གངས་ར་ལ་སོགས་གངས་ཉི་ཤུ་རྩ་གཅིག ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔ། འོག་མིན་ཀརྨ་ལ་སོགས་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་བྱིན་གྱིས་བརླབས་པར་མཛད་དོ། །དེ་དག་རྒྱས་པར་ཙཱ་རིའི་གནས་ཡིག་རྒྱས་པ་དང་། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་རྒྱས་པ་དང་། འབྲས་མོ་ལྗོངས་ཀྱི་གནས་ཡིག རིག་འཛིན་རྒོད་ལྡེམ་གྱི་གཏེར་མ་དང་། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་སོགས་ལས་རྒྱ་ཆེར་གསུངས་ཤིང་། ཁྱད་པར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆོས་ཚན་གུ་རུའི་རྣམ་ཐར་གསེར་གྱི་ཕྲེང་བ་དང་། དཀོན་མཆོག་སྤྱི་འདུས་ཀྱི་ཆོས་ཚན་བླ་མའི་རྣམ་ཐར་གཉིས་ཚིག་མཐུན་པར། དེ་ནས་བསམ་ཡས་མཆིམས་ཕུ་ནས་བཟུང་བོད་ཡུལ་གྱི་ས་མ་ལུས་པར། གངས་ཏི་སེ་མན་ཆད་ནས། མདོ་ཁམས། ཙོང་ཁ། རྒྱ་ནག གན་འཇང་། ཞང་ཞུང་དང་། མི་ཉག ཧོར། ལི་ཡུལ། གྲུ་གུ། ཀོང་པོ། རྒྱ་ལ། མཆིལ། ཉོང་ཁ། ལོང་བྲག མོན་སྟག་སྒོ། བུམ་ཐང་། སྤ་གྲོ་ལ་སོགས་པ་ཐམས་ཅད་དུ་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཤིང་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་དུ་བཀོད་དོ། །དེ་ཡང་མཆོག་གི་སྒྲུབ་གནས་ལྔ། ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔ་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་རྣམས་སུ། མ་འོངས་པའི་དུས་སུ་མཐོང་ཐོས་དྲན་རེག་ཀུན་གྲུབ་པ་ཐོབ་ཅིང་དངོས་གྲུབ་བརྙེས་སོ། །ཞེས་འབྱུང་བའི་ནང་ནས། གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་ནང་ནས་ཡ་གྱལ་གཅིག འོག་མིན་ཀརྨ་འདི་ཡིན་པར་འདུག་ཅེས་མི་འགྱུར་རྡོ་རྗེས་ཀྱང་གསུངས་སོ། །དེ་ནི་གནས་བྱིན་གྱིས་བརླབས་པའི་ཚུལ་ལགས་སོ། །
༈ དེ་ཡང་ཨོ་རྒྱན་རིན་པོ་ཆེས་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོ་དང་། ཇོ་བོ་སྔགས་ཀྱི་བདག་པོ་དང་། ཡུལ་ལྷ་གཞི་བདག་དང་བཅས་པ་ལ་བཀའ་བསྒོས་ནས་སྲུང་མར་བསྐོས་ཏེ། དུས་ལ་བབ་དུས་ལས་ཅན་སྐྱེས་བུ། གནས་འདི་ལ་དབང་བའི་གང་ཟག་ལ་གཏོད། དུས་ལ་མ་བབས་སྐལ་མེད་ཀྱིས་ཕྱེས་ན་དབང་པོ་བསྣུབས་ཞེས། དམ་ལ་བཞག་པའི་ཕྱིར། གནས་འདི་ཡང་རང་བཞིན་གྱིས་གབ་ཅིང་སྦས་པའི་ཚུལ་དུ་གནས་པའི་ཕྱིར། གནས་འདི་ལ་གནས་ཆེན་ཡིན་པར་སུས་མ་ཤེས་ཤིང་། གལ་ཏེ་ཤེས་ཀྱང་སུ་ཡིན་གྱིས་མི་ནོན་ཅིང་སྡོད་དུ་མི་དབང་བ་ཡིན་ནོ། །
༈ དོན་གསུམ་པ་གནས་ཀྱི་སྒོ་ཕྱེ་བའི་ཚུལ་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས་ལུང་བསྟན་པའི་སྐབས་སུ། འདི་ནི་ཕྱི་དུས་འཇིགས་པ་ཆེན་པོ་ལ། །འདི་ལ་མ་ཕམ་ཁྱོད་ཀྱི་ང་ཡིས་དབང་། །རྟག་ཏུ་ཚངས་སྤྱོད་གཙང་ལ་རབ་གནས་ནས། །ཏིང་འཛིན་འདི་ནི་ཤིན་ཏུ་རྒྱས་བྱེད་འགྱུར། །འདི་ལ་མ་ཕམ་ཁྱེད་ཉིད་ང་ཡིས་སྤྲོད། །ཏིང་འཛིན་དམ་པ་འདི་ནི་རབ་འཚོལ་ཞིང་། །ལམ་འདིར་ཞུགས་པས་བྱང་ཆུབ་དེ་ཐོབ་འགྱུར། །ཞེས་སོགས་ནས། ཡེ་ཤེས་བླ་མེད་དེ་ནི་རབ་བསྒྲུབས་ནས། །ཕྱི་མའི་དུས་ན་དེ་ཉིད་འཇིག་རྟེན་མཆོག །རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར། །ཞེས་དང་། མདོ་སྡེ་གཞན་དག་ལས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བའི་ལྗོངས། །ཆུ་བོ་མ་ཧཱ་ལོ་ཧི་ཏ་ཡི་འགྲམ། །རི་བྲག་ཚང་ཚིང་ཅན་ན། །དགེ་སློང་འཚོ་བྱེད་ཅེས་གྲགས་པ། །དག་པའི་འཁོར་དང་མ་དག་པའི་འཁོར་འདྲེས་མ་ཞིག །བུ་ལྔ་བརྒྱ་ལས་མི་ཉུང་བ་ལ་ལྷན་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སྤྱོད་པ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས། མེ་ཏོག་ཟླ་མཛེས་བྱང་སེམས་སྤྲུལ་པ་གཅིག །གདུལ་བྱའི་མངའ་བདག་དྭགས་པོ་ལྷ་རྗེ་འབྱུང་། །ཞེས་བཀའ་གཏེར་གཉིས་ཀ་ནས་རྒྱ་ཆེར་ལུང་བསྟན་པའི་མཉམ་མེད་དྭགས་པོ་ལྷ་རྗེ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ། དཔལ་ལྡན་དུས་གསུམ་མཁྱེན་པ་ལ། གནས་འདི་ཡི་ཁ་བྱང་ལུང་བསྟན་པ་རྒྱ་ཆེར་ནི། ཁྱེད་ཁམས་ཕྱོགས་གདུལ་བྱའི་དོན་དུ། སྔོན་གྱི་ཌཱཀི་རྣམས་ཀྱི་མཚན་དོན་དང་མཐུན་པ། གླེ་ཐུའམ་ཀརྨ་ཞེས་གྲགས་པ། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་གྱིས་བརླབས་པའི། བྲག་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུའི་རྩ་བ་དཔའ་བོ་དང་མཁའ་འགྲོ་ངང་གིས་འདུ་བ། ཕྱོགས་དེར་སྐལ་ལྡན་སློབ་མ་པདྨའི་མཚོ་ལ་རྐང་དྲུག་འདུ་བ་བཞིན་ཡོད་ཀྱི། དེར་གདན་ས་གྱིས་དང་བསྟན་པ་དང་འགྲོ་བའི་དོན་ཡིད་ལ་སྨོན་དགུ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ཡང་ཏིང་འཛིན་རྒྱལ་པོའི་མདོ་ལས། ང་འདས་ལོ་ནི་ཉིས་སྟོང་ལ། །གདོང་དམར་ཡུལ་དུ་བསྟན་པ་འབྱུང་། །སྤྱན་རས་གཟིགས་ཀྱི་གདུལ་བྱར་འགྱུར། །དེ་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ། །ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་བདེ་ལ་བཀོད། །ཅེས་དང་། ལང་ཀར་གཤེགས་པ་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་སྤྱོད་པ་མ་ངེས་པས་འགྲོ་བ་འདུལ་བ། གནས་མ་ངེས་པ་ཀུན་ཏུ་རྒྱུ་བ། ཞེས་དང་། སྲོང་བཙན་སྒམ་པོའི་ལུང་བསྟན་ལས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཞིག །རྣལ་འབྱོར་ཞྭ་ནག་འཛིན་པ་གཅིག །ཐོག་བབས་ཚུལ་གྱིས་བྱོན་ནས་ཀྱང་། །བོད་ཡུལ་ཁ་བ་ཅན་དུ་འབྱུང་། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་འགྲོ་མགོན་ཞང་གིས། འཕྲང་སོ་བྲག་ནས་བཏོན་པའི་ཤོག་སེར་ལས། །དུས་གསུམ་མཁྱེན་པའི་བླ་མ་འདི། །མཚན་ནི་དྷརྨཱ་ཀཱིརྟི་ཡིན། །བྱམས་པའི་བསྟན་པའི་རྗེས་ཐོག་ཏུ། །སངས་རྒྱས་སེང་གེ་ཞེས་བྱ་བ། །བསྟན་པ་རབ་ཏུ་རྒྱས་པར་འགྱུར། །དྷརྨཱ་ཀཱིརྟི་ཉིད་ཡིན་ནོ། །དེ་ནས་ཚེ་འཕོས་ཕྱི་མ་ལ། །ཀཱིརྟི་ཀ་ཡི་གྲོང་ཁྱེར་དུ། །ཁྲི་ཕྲག་དྲུག་དང་སྟོང་ཚོ་དྲུག །ཐེ་ཚོམ་མེད་པར་ཤེས་པར་གྱིས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། ཆོས་རྒྱལ་རིན་ཆེན་གླིང་པས། མོན་རྟག་སྒོ་དོམ་ཚང་ནས་གཏེར་བཏོན་པ་ལས། ཨེ་མ་ཧོཿ སྣང་མཐའ་རང་བྱུང་ཀུན་བཟང་ཀློང༔ ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས༔ པདྨ་འབྱུང་གནས་རྒྱས་པར་འགྱུར༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་གསུམ་པོའི་དཀྱིལ་འཁོར་ནས༔ སྤྲུལ་པ་གྲངས་མེད་མཐའ་ཡས་སྤྲོ༔ མཁའ་མཉམ་འགྲོ་བའི་དོན་དུ་བྱོན༔ བྱེ་བྲག་མི་མཇེད་འཇིག་རྟེན་འདིར༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ཁྱད་པར་འཇིག་རྟེན་འཛམ་གླིང་འདིར༔ རྒྱ་གར་བལ་ཡུལ་ཨོ་རྒྱན་དུ༔ འགྲོ་དོན་ཉི་ཟླ་ལྟ་བུ་འབྱུང༔ སྒོས་སུ་བོད་འདིར་ཆོས་གཏེར་གྱིས༔ སངས་རྒྱས་བསྟན་པ་གསལ་བར་བྱེད༔ ང་ཡི་སྤྲུལ་པ་དུ་མ་འབྱུང༔ འགྲོ་དོན་མ་ངེས་གར་ཡང་སྤྱོད༔ ང་ཡི་གནས་མཆོག་སྦྱངས་ནས་ནི༔ ཐུགས་རྗེ་ལས་བྱུང་རྟ་མགྲིན་དབང༔ དབྱིངས་ནས་བསྐྱེད་པའི་ཕག་མོ་གཉིས༔ གཉིས་མེད་ཡེ་ཤེས་མཆོག་གི་སྲས༔ སྐྱེ་བ་མངལ་ནས་སྐྱེ་བ་ཡི༔ ཆོ་འཕྲུལ་ཅིར་ཡང་སྤྲུལ་ནས་སུ༔ མི་མཇེད་ཁམས་སུ་སྤྲུལ་པ་བསྟན༔ འགྲོ་དོན་ཨོ་རྒྱན་ཡུལ་དུ་མཛད༔ དགོངས་པ་ལྷ་ཡི་ཡུལ་དུ་རྫོགས༔ དངོས་ཉིད་འཛམ་གླིང་གདུལ་བྱ་སྐྱོང༔ སྐྱེ་བ་བཅུ་གཅིག་རྒྱ་བོད་དུ༔ མཁས་གྲུབ་རྟོགས་ལྡན་ཚུལ་བཟུང་ནས༔ བསྟན་པ་ཀུན་ཏུ་དར་བ་ཡིས༔ ཟབ་རྒྱས་ཆོས་ཀྱི་ས་བོན་ཐེབས༔ ཨོ་རྒྱན་ང་ཡི་ཟབ་ཆོས་ལ༔ རྩལ་དང་ཡོན་ཏན་རྫོགས་པར་བསྟན༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ མ་རུངས་གདུལ་བྱར་འདུལ་བ་ཡི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས༔ རྒྱ་བོད་ཧོར་གསུམ་འདུལ་བ་ཡིས༔ དུས་གསུམ་མཁྱེན་པ་མཚུར་ཕུ་ཞེས༔ གྲགས་པ་ཀརྨའི་མིང་ཅན་འབྱུང༔ ཞེས་དང་། མ་གཅིག་ལབ་སྒྲོན་གྱི་གཅོད་ཀྱི་རྣམ་བཤད་ལས། དགེ་སློང་གྲགས་པའི་མཚན་ཅན་ཞེས། །དྭགས་པོ་འཛམ་གླིང་གྲགས་པ་དང་། །རྒྱལ་བ་འབྲོམ་གྱི་སྐྱེ་བ་དུས་གསུམ་མཁྱེན་པ་ཡིན་པར་གསུངས་པ་ནི། དགེ་སློང་གྲགས་པའི་མཚན་ཐོགས་པར་འབྱུང་བ་དང་། གཞན་ཡང་དེ་བས་སྔོན་ཅུང་ཞིག་བྱུང་དུས། རྒྱལ་བའི་རྒྱལ་ཚབ་དམ་པ་དེ་བོད་དུ་འབྱུང་སྟེ་རྒྱལ་བའི་མཚན་ཐོགས་པ་དང་། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པས། འདི་གཉིས་དང་ཁ་ཐུག་པའི་སེམས་ཅན་དེ་དག་ནི། སྙིགས་དུས་བོད་དུ་སྐྱེས་ཀྱང་བསོད་ནམས་ཆེ་རབ་ཏུ་གདའ་ཡི། འདི་གཉིས་ཀྱི་ཡོན་ཏན་བརྗོད་ན། ཕ་མཐའ་ཡས་པ་ནི་རྙེད་དཀའ་དེ་འདུག་གོ །དེ་ཡང་དགེ་སློང་གྲགས་པའི་མཚན་ཅན་ནི། བོད་དུ་སྐྱེ་བ་དེ་ལས་མི་བཞེས་ལ། རྒྱལ་བའི་མཚན་ཅན་ནི་སྐྱེ་བ་ཐོག་མ་ཡིན་ལ། དེ་ཡི་སྐྱེ་བ་ཕྱིར་འབྱུང་བ་ནི། མཁྱེན་པ་གསུམ་དང་ལྡན་པའི་མཚན་ཐོག་པ་འབྱུང་བ། དེ་ནས་སྐྱེ་བ་མཚན་གཅིག་པར་བརྒྱུད་དེ་སྐྱེ་བ་འགའ་ཟུང་བར་ལ། བོད་དུ་བསོད་ནམས་བསགས་པའི་ཞིང་གི་མཚན་དུ་འབྱུང་བ་ཡིན་མོད། བྱང་ཆུབ་སེམས་དཔའ་འདི་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་འཇིག་མཐར་བསྡུས་པའི་བར། འདི་གཉིས་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་མི་འབྱུང་ལ། སེམས་ཅན་ཡ་ཟུང་ལ་ཕན་ཐོགས་པའི་སྐྱེས་བུ་དམ་པ་ནི་འགའ་རེ་འབྱུང་སྟེ། ཚིག་གི་འཇིགས་པས་ལན་གཅིག་ཕ་མཐར་བཞག་གོ །ཞེས་གསུངས་སོ། །དེ་ལྟར་སྟོན་པའི་བཀའ་དང་། ཨོ་རྒྱན་རིན་པོ་ཆེའི་གཏེར་ལུང་དང་། ཡེ་ཤེས་མཁའ་འགྲོའི་གསུངས་རྣམས་མཚུངས་པར། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ། དུས་གསུམ་མཁྱེན་པ་དེ་ཉིད་ནི་ངོ་བོ་ཐུགས་རྗེ་ཆེན་པོ་ལ། རྣམ་པ་བསྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེ་སྒྲ་དེ་ཉིད་དུ་ཐེ་ཚོམ་མེད་པ་དེས། གནས་ཆེན་པོ་འོག་མིན་ཀརྨ་འདིའི་གནས་སྒོ་ཕྱེ་བར་བཞེད་དེ། དགུང་ལོ་བདུན་ཅུ་དོན་གསུམ་ལ་ཀཾ་པོ་ནས་འདིར་ཕེབས་ཏེ། སློབ་དཔོན་རྣམས་གླེ་ཐུ་ནས་ཡར་ཕེབས་ཤིང་། འགག་རོང་འདིར་ཕེབས་པ་ན། སྔོན་གྲུབ་ཆེན་ཏཻ་ལོ་པས་ཨོ་རྒྱན་གྷནྡྷོ་ལའི་གནས་སུ་ཕེབས་པ་ན། སྒོ་སྲུང་ལས་དང་འཇིག་རྟེན་གྱི་ཤ་ཟ་ཌཱཀི་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཞིང་ལམ་བཀག་པ་ལྟར། འདིའི་སྒོ་སྲུང་མཁའ་འགྲོ་མ་རྣམས་ཀྱིས་སྟག་དང་གཟིག་ཏུ་སྤྲུལ་ནས་ལམ་བཀག་པ་ན། རྗེ་དྭགས་པོ་རིན་པོ་ཆེས་ལུང་བསྟན་པའི་གནས་ཆེན་དེ་འདིར་ཡོད་པར་འདུག་དགོངས་ནས། གཡས་ལུང་མེ་རག་གི་ལ་ཁ་ནས་གཟིགས་པས། འབུམ་ཐང་སྤང་ལྗོངས་ཡིད་དུ་འོང་བར་མཁའ་འགྲོ་རྣམས་ཀྱིས་བྲོ་གར་བྱེད་པར་གཟིགས། ངར་གདོང་གི་མདོ་འདིར་ཕེབས་ནས་གཟིགས་པས། ལུང་པ་ཐམས་ཅད་སངས་རྒྱས་བྱང་སེམས་དཔའ་བོ་ཌཱཀི་རྣམས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་གང་བར་གཟིགས། ཤུག་སྡོང་ལ་སྐུ་རྒྱབ་བརྟེན་ཏེ་བཞུགས་པས་བྱིན་བརླབས་ཀྱི་ཚན་ཁ་བླ་ལྷག་ཏུ་འཕེལ་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་པ་ལྟ་བུའོ། །ཡེ་གདོད་མ་ནས་གནས་འདི་ཡི་བདག་པོ་རྗེ་ཉིད་ཡིན་མོད་ཀྱང་། འདུལ་བ་ནས་ས་ཡི་བདག་པོས་མ་བྱིན་ན་སྤོང་བའི་ཁང་པ་དང་གཙུག་ལག་ཁང་སོགས་བྱས་ན་ལྟུང་བར་བཤད་པས། རྒྱུད་སྡེ་རྣམས་ནས་ཀྱང་དཀྱིལ་འཁོར་དང་སྒྲུབ་པའི་ས་གཞི་མི་དང་ས་དེའི་གནས་བདག་ལ་སློང་དགོས་པར་བཤད་པ་དང་མི་འགལ་བར་བྱ་བའི་ཕྱིར། རུ་བ་འགའ་རེ་ཡོད་པ་ལ་འདིར་སྤྱིལ་པོ་བྱ་ཆོག་གམ་གསུངས་པས། ཆོག་པར་ཞུས། ཀླུ་ཡི་རྒྱལ་པོ་ཇོ་བོ་སྔགས་ཀྱི་བདག་པོ་ཁྱེའུ་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ་ནས་ཕྱག་འཚལ་ཞིང་། ཞབས་ཀྱི་ཆུ་མིག་འདི་བདག་གི་ཕོ་བྲང་ལགས་ཏེ། འདིར་གདན་སའི་གཙུག་ལག་ཁང་མཛད་པར་ཞུ། བསྟན་པ་བདག་གིས་བསྲུང་ངོ་ཞེས་ཁས་བླངས། ཆུ་མིག་གི་མགོ་དེར་ཐུགས་དམ་གཏོར་མ་མཛད་ནས། གདན་ས་མཛད་པར་དགོངས་པ་གཏད་པས། མཉམ་མེད་དྭགས་པོ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་དང་། དཔའ་བོ་ཌཱཀྐི་མང་པོའང་གར་བསྒྱུར་བ་གཟིགས། བུ་སློབ་ནམ་མཁའི་སྐར་ཚོགས་ཙམ་འདུས་ཏེ་ཕྲིན་ལས་ཀྱི་སྒོ་བྱེ། བླ་མ་དང་ཡི་དམ་གྱིས་ལུང་བསྟན་པ་ལྟར། དཀར་འཛང་བསྒྲུབ་ཕུག་ཏུ་ཟླ་བ་དྲུག་ཕག་མོ་བསྒྲུབས་པས་ནུབ་ཕྱོགས་ནས་འོད་དམར་པོའི་སྣ་ལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པ་ཞལ་གཟིགས་པས་གདན་ས་ཕག་མོའི་སྒྲུབ་གནས་མཆོག་ཏུ་གྱུར་ཏེ། དགུང་ལོ་བདུན་ཅུ་དོན་དྲུག་རབ་བྱུང་གསུམ་པའི་ཤིང་མོ་སྦྲུལ་གྱི་ལོ་ལ། ཆུ་མིག་གི་སྟེང་ལ། ད་ལྟ་བླ་མ་ལྷ་ཁང་འདི་དང་། ཕྱི་ཁྱམས་དགེ་འདུན་གྱི་འདུ་ཁང་གི་རྣམ་པ་ཙམ་མཛད་དེ། གཞི་བདག་ལ་བཀའ་བསྒོས་པ་དང་། གནས་སྒོ་ཕྱེས་ཤིང་གདན་ས་ཆགས་བཏབ་པའི་ལེའུ་སྟེ་གསུམ་མོ། །
བཞི་པ་གནས་བཤད་དཀར་ཆག་ལའང་གཉིས་ཏེ། ཕྱིའི་གནས་བཤད་དང་ནང་གི་རྟེན་བཤད་དོ། །དང་པོ་གནས་བཤད་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པའི་གནས། སྐུ་ཡི་གནས་ཀཾ་པོ་གངས་ཀྱི་ར་བ། གསུང་གི་གནས་ཀརྨ་རི་གླིང་། ཐུགས་ཀྱི་གནས་སྟོད་ལུང་མཚུར་ཕུ། ཡོན་ཏན་གྱི་གནས་འདབ་སྤང་ཕུག ཕྲིན་ལས་ཀྱི་གནས་ཤར་ཕྱོགས་སྤུངས་རི། ཞེས་ཡོངས་སུ་གྲགས་ཤིང་། གཞན་ཡང་ཀརྨ་པའི་གནས་དང་གདན་ས། དགོན་གནས་སྒྲུབ་སྡེ་རྣམས་གསར་རྙིང་དཔག་ཏུ་མེད་པ་ཡོད་ཅིང་། དེ་རྣམས་ཀྱི་ནང་ནས་གནས་དང་གདན་སའི་གཙོ་བོ་ནི། འོག་མིན་ཀརྨ་འདི་ཉིད་ཡིན་ཏེ། གནས་འདིར་བཞུགས་པ་ལ་བརྟེན་ནས་གནས་ཀྱི་མིང་གང་ཟག་ལ་ཐོགས་ནས་བླ་མ་ཀརྨ་པ་ཞེས་ཡོངས་སུ་གྲགས་པའི་ཕྱིར་ཏེ། དཔེར་ན་ས་སྐྱ་པ་ལ་གདན་ས་དཔག་ཏུ་མེད་ཀྱང་། གཙང་ས་སྐྱ་ལ་བརྟེན་ནས་ས་སྐྱ་ཞེས་མིང་ཐོགས་པས་གཙང་ས་སྐྱ་གདན་སའི་གཙོ་བོ་ཡིན་པ་ལྟ་བུའོ། །
དེ་ལ་མདའི་ལུང་པ་འདི་གསུམ་དབུ་རྐྱང་རོ་གསུམ་གྱི་མཚོན་བྱེད་ཡིན་ནོ། །
མདའ་ཡི་འགག་འདི་ནང་ཕྱིའི་སྒོ་སྲུང་གི་ཚུལ་དུ་དམ་ཅན་སྐྱེས་བུའི་ཕོ་བྲང་ཡོད་པས། དམ་ཅན་འགག་ཅེས་གྲགས། དེ་ནས་དཔལ་ལྡན་ལྷ་ཡི་ཕོ་བྲང་། རྗེ་དུས་མཁྱེན་གྱི་དབུ་རྗེས་སོགས་ཡོད། གྲུབ་ཆེན་ཀརྨ་པ་རྒྱ་ནག་ནས་བྱོན་དུས་སྐྱེས་བུ་ཆེན་པོས་རྟག་ཏུ་ཆིབས་ཁ་བྱེད་པ་ལ། ཡར་བྱོན་དུས་བྲག་འདི་ལ་ཐིམ་པར་གྲགས་སོ། །ལུང་མདའ་འདི་ན་རྗེ་དུས་མཁྱེན་གྱི་ལུས་མཆོད་སྦྱིན་གྱིས་ཏིང་ངེ་འཛིན་མཛད་པས། དངོས་སུ་གྱུར་པའི་རྗེས་ཕ་ཝང་ལ་གསལ་བར་ཡོད་པར་གྲགས་ཏེ་དུར་ཁྲོད་ཀྱི་མཚོན་བྱེད་རང་བྱུང་གི་དུར་ཁྲོད་ཡིན་ནོ། །
རྗེ་དུས་མཁྱེན་གྱི་དབུ་ལོ་གཏོར་བ་ལས་སྐྱེས་པར་གྲགས་པའི་ནགས་རི་གསུམ་པོ་གདུགས་ཕུབ་པའི་ཚུལ། སྤངས་ལ་གསེར་ཉ་རང་བྱོན། དུས་མཁྱེན་གྱི་གྲུབ་ཆུ་ལ་དགུན་འཁྱག་ལ་དུང་དཀར་རང་བྱོན་གྱི་གཟུགས། རྒྱབ་རིའི་བྲག་གཉིས་བདེ་མཆོག་ཡབ་ཡུམ་གྱི་ཚུལ། དེའི་རྩེ་ལ་དུས་མཁྱེན་རང་བྱོན། རྗེ་ཞྭ་དམར་པས་གཟིགས་པ་ཡོད་དེ། འདི་ཤིན་ཏུ་གསལ་ཞིང་བྱིན་བརླབས་ཀྱང་དཔག་ཏུ་མེད་པ་འབྱུང་བ་ཡིན་ཏེ། ཕལ་བས་གསལ་པོར་མི་མཐོང་བ་དེ་ཅི་ཡིན་ཨང་། ཞེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་ཀྱང་གསུངས་སོ། །རྒྱབ་རིའི་བྲག་རྩ་ན་རྗེ་དོན་ལྡན་ཞབས་ཀྱི་རྫུ་འཕྲུལ་གྱིས་བྲིས་པའི་ཡི་གེ་དྲུག་པ་དང་། གཞན་ཡང་རྒྱབ་རིའི་བྲག་ལ་རང་བྱོན་མང་དུ་ཡོད་དེ། དེ་རྣམས་དུས་ལ་མ་བབ་ན་སྟོན་མི་རུང་གསུངས་སོ། །གཏེར་ཁ་ཡང་མང་དུ་ཡོད་དེ་འདོན་མི་རུང་གསུངས། བཅུད་ཀྱི་གཏེར་ཡིན་པས་འདོན་རྒྱུ་མེད་གསུངས་སོ། །རྗེ་དྭགས་པོའི་ལུང་བསྟན་པའི་བྲག་ཚེས་བརྒྱད་ཀྱི་ཟླ་བ་འདྲ་བ་འདི་ནི། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་པདྨ་དབང་གི་ཟླ་གམ་རང་བྱུང་ཡིན་པས་གནས་འདི་པདྨ་གསུང་གི་གནས་ཡིན་ནོ། །སྤྱིར་བྲག་སོགས་ས་འོག་ཏུ་གནས་མཇལ་རྒྱུ་ཡོད་པ་རྣམས་ནི། ས་འོག་སྐུའི་འཁོར་ལོའི་གནས། གངས་ཏི་སེའི་རི་རྩེ་ན་བདེ་མཆོག་གི་དཀྱིལ་འཁོར་ཡོད་པ་ལྟ་བུ་ནི། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་གནས་སོ། །ས་ཡི་སྟེང་ན་དཔའ་བོ་ཌཱཀི་འདུ་བའི་གནས་རྣམས་ས་སྤྱོད་གསུང་གི་འཁོར་ལོའི་གནས་ཡིན་པས། འབུམ་ཐང་གི་སྤང་ལྗོངས་ཉམས་དགའ་བ། འབུ་སྲིན་སོགས་མེད་པ་འདི་ནི། གནས་འདི་ཡི་གཙོ་བོ་ཡིན་ཏེ། ལས་དག་པ་རྣམས་ཀྱི་གཟིགས་ངོར་གསུང་གི་བདེ་མཆོག་དམར་པོ་ཡབ་ཡུམ། ས་སྤྱོད་གསུང་གི་འཁོར་ལོ་དཔའ་བོ་བརྒྱད་དང་། དཔའ་མོ་བརྒྱད། རེ་རེ་ལ་འཁོར་དཔའ་བོ་ཌཱཀི་འབུམ་ཕྲག་གིས་བསྐོར་ནས་བཞུགས་སོ། །རྗེ་དུས་གསུམ་མཁྱེན་པས་མཁའ་འགྲོ་མ་འབུམ་ཕྲག་གིས་བྲོ་གར་བྱེད་པར་གཟིགས་པས་འབུམ་ཐང་དུ་གྲགས་སོ། །གནས་འདི་ཡི་འོག་གཞི་སའི་འོག་ཏུ་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོའི་ཕྲིན་ལས་སྤྲུལ་པ། ས་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཀླུ་ཡི་རྒྱལ་པོའི་མི་ཡི་ཚུལ་འཛིན་པ། ཇོ་བོ་སྔགས་བདག་སོག་མ་མེད་ཀྱི་ཕོ་བྲང་ཡོད་དེ། ཕྱག་ན་རྡོ་རྗེས་མཆོད་རྟེན་སྔོན་པོའི་རྒྱུད་ཆེན་པོ་དང་། རས་ཆུང་གི་ལུགས་ཀྱི་ཁྱུང་གི་ལོ་རྒྱུས་དང་། སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་དང་འདུལ་བ་སོགས་ལས་སྔགས་བདག་ཀླུ་ཐམས་ཅད་ཀྱི་གཙོ་བོ་དང་རྒྱལ་པོ་ཡིན་ཞིང་། ཀླུ་ཆེན་བརྒྱད་ཀྱང་འདི་ཡི་འཁོར་ཡིན། ཀླུ་རིགས་ཐམས་ཅད་འདིའི་བྲན་དང་ཕོ་ཉ་ཡིན་ལ། འཇིག་རྟེན་གྱི་བདེ་སྡུག་དང་སྐྱེ་འགྲོའི་དར་རྒུད། ལོ་ལེགས་ཉེས་ཐམས་ཅད་འདིའི་དབང་ཆེ་བར་བཤད་ཅིང་། འདིའི་སྲས་རི་བོ་ཞེས་བྱ་བ་ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཞིག་ཡོད་པ་དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་བསྙེན་གྱི་སྡོམ་པ་མ་གནང་བར་ལས་མཁན་དུ་བཞག་པར་བཤད་པས། འདི་ཡི་གཡས་གཡོན་གྱི་ཆུ་མིག་རྣམས་ཤིན་ཏུ་གཉན་པས། གཤང་ལྕི་སོགས་ཆུ་མིག་གི་ཉེ་ལོགས་སུ་མ་སོང་བ་གལ་ཆེ། ཀླུ་གཏོར་དང་། ཀླུ་མཆོད་སོགས་བྱས་ན། ཀླུ་ནད་ཐམས་ཅད་ཞི་བ་དང་། ལོངས་སྤྱོད་མངའ་ཐང་རྒྱས་པའི་དངོས་གྲུབ་ཐམས་ཅད་ངེས་པར་འབྱུང་སྟེ། པཎ་ཆེན་ཤཱཀྱ་ཤྲཱིའི་ཛམ་བྷ་ལ་སེར་པོ་དང་སྔགས་བདག་གཉིས་ངོ་བོ་གཅིག་པར་གསུངས་སོ། །གནས་འདིའི་ཞིང་སྐྱོང་བཀའ་སྲུང་ནི། ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་དང་། ལས་ལ་གྲུབ་པའི་ཀླུ་རྒྱལ་གཞོན་ནུ་གཏུམ་པོ། འཇིག་རྟེན་གྱི་དགེ་བསྙེན་དཔལ་ལྡན་ཤེས་རབ་དང་པདྨ་ཚུལ་ཁྲིམས་རྣམས་ཡིན་ཏེ། དཔལ་ལྡན་ཤེས་རབ་འདི་ནི་སངས་རྒྱས་སྟོང་གིས་བསྟན་པ་སྲུང་པའི་དགེ་བསྙེན་ཆེན་པོ་གཅིག་ལགས་སོ། །དེ་ནི་ཕྱིའི་གནས་བཤད་མདོར་བསྡུས་པའོ། །
༈ །གཉིས་པ་ནང་གི་རྟེན་བཤད་ནི་འདིར་མ་བཀོད། རྒྱས་པ་རྟེན་ཡིག་ལས་ཤེས་པར་བྱ།
༈ སྤྱི་དོན་ལྔ་པ་ཕན་ཡོན་དགོས་ཆེད་བསྟན་པ་ལ་ཡང་། ས་བཅད་བཞི་སྟེ། གནས་ལ་ཡིད་ཆེས་པའི་ལུང་། གནས་ཀྱི་ཕན་ཡོན། བཀུར་སྟིའི་ཕན་ཡོན། ཞར་བྱུང་བསྟན་པའི་མཐའ་རྒྱས་ཚུལ་དང་གསུམ་སྟེ། དང་པོ་འདུལ་བ་ལུང་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱང་ཕྱོགས་གངས་རའི་ཁྲོད་ནས། རྡོ་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པ་ཡོད་དོ། །གཤིན་རྗེ་གསལ་ཤིང་གི་རྒྱུད་ལས། ཉི་ཤུ་རྩ་བཞི་གནས་ཀྱི་མཆོག །ཉི་མ་བྱང་ཤར་མཚམས་ཤེད་ནས། །འདི་ནས་རི་བོ་བཅུ་གསུམ་འདས། །གངས་རིས་བསྐོར་བའི་ར་བ་ན། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གནས། །ཞེས་དང་། མངོན་འབྱུང་གི་རྒྱུད་ལས། ཀུན་དགའ་གཞོན་ནུའི་གྲོང་ཁྱེར་ན། །བདེ་གཤེགས་ཞི་ཁྲོའི་ཕོ་བྲང་གནས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ལས༔ ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པར་རང་བྱོན་འབྱུང༔ དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད༔ ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས༔ ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱུང་བར་འགྱུར༔ དེ་བཞིན་དུས་ལ་ངེས་མེད་ནམ་ཡང་འབྱོན༔ ཡུན་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར༔ ཞེས་དང་། ཡིག་དྲུག་ལ་སོགས་རང་བྱོན་བསམ་མི་ཁྱབ༔ དེ་སོགས་རྣམ་པ་དུ་མར་སྤྲུལ་ནས་ཀྱང༔ འགྲོ་བའི་དོན་མཛད་བསྟན་པ་གནས་པར་འགྱུར༔ ཞེས་གསུངས་པ་དང་། རྗེ་རང་བྱུང་རྡོ་རྗེས་མཛད་པའི་ཙྭ་རིའི་གནས་བསྟོད་ལས། སྨད་རོང་བཙན་ཁ་བ་དཀར་པོ་ལ་ཐུག་ཅིང་། སྟོད་བལ་པོའི་ཡུལ་གྲུབ་པའི་གནས་ཆེན་ལ་ཐུག་གི་བར་དང་། ལྷོ་ཕྱོགས་ཀ་མ་རུ་ཡི་མཐར་ཐུག་གི་གནས་ལ་སོགས་པ་ཚུན་ཆད། གནས་དེ་དང་ཉེ་བའི་གནས་ལ་སོགས་གནས་ཕྲན་སྟོང་ཡོད་པར་བཤད། ཅེས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་པ༔ ཡུལ་དང་ཡུལ་འདྲ་སྦས་པའི་ཚུལ་རྣམས་སུ༔ བསྒྲུབས་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕལ་པའི་གནས་སུ་ལོ་གཅིག་སྒྲུབ་པ་བས༔ དེ་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ༔ དེ་དོན་ཤེས་པར་མཛོད་ཅིག་རྗེས་འཇུག་རྣམས༔ ཞེས་གསུངས་པས། གཞན་དུ་ལོ་གསུམ་སྒྲུབ་པ་དང་། འདིར་ཞག་གསུམ་སྒྲུབ་པ་ཕན་ཡོན་མཉམ། གཞན་དུ་མར་མེ་སུམ་བརྒྱ་དང་དྲུག་ཅུ་ཕུལ་བ་དང་། འདིར་གཅིག་ཕུལ་བ་མཉམ། གཞན་དུ་དར་ལྕོག་སུམ་བརྒྱ་དྲུག་ཅུ་བཙུགས་པ་དང་། འདིར་གཅིག་བཙུགས་པ་མཉམ། གཞན་དུ་བསྐོར་བ་སུམ་བརྒྱ་དྲུག་ཅུ་བྱས་པ་དང་། འདིར་བསྐོར་བ་གཅིག་མཉམ། དེ་བཞིན་དུ་ཚོགས་བརྒྱ། ཆོས་སྤྱོད། བསྐང་གསོལ། ཡིག་དྲུག་ལ་སོགས་པ་དགེ་བའི་བྱ་བ་གང་དང་གང་བྱས་པ་ཐམས་ཅད་སུམ་བརྒྱ་དྲུག་ཅུའི་འགྱུར་ཡོད་དོ། །ཁྱད་པར་སྐྱེས་མཆོག་ཀརྨ་པཀྴིའི། གཙུག་ལག་ཁང་འདི་མཇལ་བ་དང་། འབུམ་ཐང་ལ་རྡོག་པ་བཞག་ཚད་ཐམས་ཅད་ལ་ངན་སོང་མེད་ཅེས་དབུ་བསྙུང་བཞེས་པར་གྲགས་སོ། །དེས་གནས་ཀྱི་ཕན་ཡོན་དགོས་ཆེད་སོང་ནས། བཀུར་སྟིའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི། མཆོད་རྟེན་བསྐོར་བའི་ཕན་ཡོན་ཚིགས་སུ་བཅད་པའི་མདོ་སྡེ་ལས། སྐད་ཅིག་ཙམ་གྱི་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྟོང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་སོགས་མཐར་ཐུག་གི་ཕན་ཡོན་དང་། མཆོད་རྟེན་བསྐོར་བ་བྱས་པ་ཡི། །ཤ་ཟ་དང་ནི་གྲིབ་རྣམས་ཀྱིས། །དེ་དག་གནོད་པར་མི་ནུས་སོ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །ཅེས་བར་ཆད་སེལ་ཞིང་དངོས་གྲུབ་ཐོབ་ཚུལ། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མཆོད་པ་གཅིག་བོར་ན། །འཛམ་བུ་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་གསུངས་པས་ན། གསེར་སྲང་འབུམ་ཕྲག་གཅིག་བས་ནི། རང་འཆི་བའི་ནང་བར་བསྐོར་བ་ཅུང་ཟད་ཅིག་དགའ་ཞིང་མཆོག་ཡིན་ནོ། །རྒྱས་པར་མདོ་དེ་ཉིད་ལ་བལྟ་བར་བྱའོ། །མར་མེ་ཕུལ་བའི་མདོ་ལས། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ནོ། །འཆི་དུས་བྱས་ཚེ་རྣམ་སྨིན་སྡུག་བསྔལ་དེས་མི་མྱོང་། །བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ། །དེ་ལ་འཆི་བའི་འཇིགས་པ་འབྱུང་མི་འགྱུར། །དྲང་སྲོང་མཆོད་རྟེན་མར་མེ་ཕུལ་བ་ནི། །དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་། །ལྷ་སྟོང་གིས་ནི་གཙོ་བོར་དེར་འགྱུར་རོ། །དེ་ནི་དེ་ཡི་མར་མེ་ཕུལ་བའི་འབྲས། །དེ་དང་དེ་ནི་ཚེ་རབས་དེས་དྲན་འགྱུར། །བྱ་བའི་འོས་མིན་ལ་ནི་དེས་མི་སྤྱོད། །གདོན་མི་ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞ་བར་མི་འགྱུར་ཞིང་། །དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བའི་འབྲས། །རྣམ་གྲོལ་བློ་ལྡན་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་སོན། །ཀུན་ལས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡང་རྒྱས་པར་མདོ་དེ་ཉིད་ལ་བལྟའོ། །
༈ །འདི་ཡི་གནས་བཤད་དང་མཇལ་ཁ་ལེགས་པར་བྱས་ན། སྐྱེ་བ་ཐམས་ཅད་དུ་སྐད་སྙན་པ་དང་། སོ་སོ་ཡང་དག་པའི་རིགས་པ་བཞི་ཐོབ་པར་འགྱུར་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་རྒྱལ་བའི་མཆོད་རྟེན་སྟོན་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བར་ཐོབ་པ་དང་། །སོ་སོ་ཡང་དག་རིག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །
༈ སྙན་དར་ཕུལ་བའི་ཕན་ཡོན་མདོ་དེ་ཉིད་ལས། རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། །བསོད་ནམས་བྱམས་པ་ཆེ་བའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། །ཞེས་གསུངས་སོ། །ཕྱག་འཚལ་བའི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་བརྒྱ་སྟོང་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་བསྐལ་པ་མི་ཟད་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོག་རྣམས་དང་། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་རྟག་ཏུ་བཀུར་བའི་གནས་སུ་འགྱུར། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའི་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པའམ། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །དྭངས་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་ཉིད་ཐོབ། །ཅེས་གསུངས།
༈ དར་ལྕོག་གི་ཕན་ཡོན་ནི། དགོངས་འདུས་རྩ་བའི་རྒྱུད་ལས། དུག་ཤིང་མིན་པའི་དར་ཤིང་ལ། །དྲི་མེད་དར་ལ་གཟུངས་སྔགས་བྲི། །རི་མཐོ་དགོན་གནས་གྲོང་ཡུལ་དང་། །ཚོང་འདུས་མི་མང་འདུ་སར་བཙུགས། །བདེ་བ་ལྡན་ཞིང་སྡུག་བསྔལ་བྲལ། །རླུང་རྟ་བསྐྱེད་ཅིང་བསོད་ནམས་ལྡན། །རླུང་གིས་གང་ཕོག་སེམས་ཅན་ཀུན། །གཟུངས་སྔགས་དེ་ཡིས་ཞིང་དུ་སྐྱེ། །འདི་ཡི་ཕན་ཡོན་བརྗོད་མི་ནུས། །ཞེས་གསུངས་སོ། །
༈ ཞིག་གསོ་བྱས་པའི་ཕན་ཡོན་ནི། ལུང་བསྟན་ཆེན་མོ་བཀའ་རྒྱ་མ་ལས། ཨོ་རྒྱན་རིན་པོ་ཆེས་གསུངས་པ། ད་དུས་གཙུག་ལག་རྟེན་བཞེངས་བསོད་ནམས་ལས། །མ་འོངས་ལྔ་བརྒྱ་དུས་ཀྱི་མཐའ་མ་ལ། །གང་གིས་གཙུག་ལག་རྟེན་ཉམས་གསོ་བྱེད་པ། །བརྒྱ་སྟོང་ཆར་མི་ཕོད་ཅིང་དེ་དོན་ཆེ། །གང་ཞིག་ཞིག་གསོས་བྱེད་པའི་གང་ཟག་ནི། །སྔགས་པ་བླ་དཔོན་སྐྱེ་བོ་བྱ་བྲལ་བ། །རིགས་དང་རུས་དང་ཆོ་འབྲང་ཅི་འདྲ་ཡང་། །དེ་རྣམས་རྒྱལ་བའི་ཡུལ་ལམ་སྐལ་ལྡན་མཆོག །ཐ་མལ་མ་ཡིན་ཁྱད་པར་ཅན་ཡིན་པས། །བཀུར་སྟི་རིམ་གྲོ་ཕུ་དུད་གུས་པས་མཆོད། །ཅེས་གསུངས་སོ། །དེ་ལྟར་ཞིག་གསོས་དུས་ལས་མི་རྣམས་ཀྱིས། །དགའ་ཞིང་གུས་པར་བྱས་ན་ཕན་ཡོན་ནི། །གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་སུ་དག་དགའ་ཞིང་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་གི །སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་གསུངས་སོ། །
༈ གཞན་ཡང་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་བསྡུས་ཏེ་བཤད་ན། མཆོད་རྟེན་ལ་མེ་ཏོག་ཕུལ་ན། ལུས་མཛེས་ཤིང་དྲི་ཞིམ་པ་དང་། མཐོ་རིས་སུ་སྐྱེ་ཞིང་འཁོར་དང་ལོངས་སྤྱོད་ཆེ་བ་དང་། མྱུར་དུ་དགྲ་བཅོམ་པ་ཐོབ་པ་སོགས་ཕན་ཡོན་བཅུ་དང་། སྤོས་ཕུལ་བས་གཟུགས་མཛེས་དྲི་ཞིམ་འཁོར་འདུ་བ། ལོངས་སྤྱོད་ཆེ་ཞིང་མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདས་པ་སོགས་ཕན་ཡོན་བཅུ་དང་། དེ་བཞིན་རོལ་མོ་ཕུལ་བ་དང་། ཐལ་མོ་སྦྱར་བ་དང་། ན་བཟའ་འབུལ་བ་སོགས་ལ་ཕན་ཡོན་བཅུ་རེ་ཡོད་པར་གསུངས་སོ། །ཡོན་ཆབ་ཀྱི་ཕན་ཡོན་ནི། མདོ་སྡེ་མཛངས་བླུན་ལས། གང་ཞིག་དད་པའི་སེམས་ཀྱིས་ཆུ་སྙིམ་པ་གང་ཙམ་སངས་རྒྱས་ལ་མཆོད་དམ། དགེ་འདུན་ལ་ཕུལ་བའམ། དབུལ་ཕོངས་ལ་སྦྱིན་ན། བསོད་ནམས་འདི་ནི་བསྐལ་པ་དུ་མར་ཡང་མི་ཟད། ཅེས་གསུངས་སོ། །དེ་ཡིས་ཕན་ཡོན་དགོས་ཆེད་སོང་ནས། ཞར་བྱུང་བཤད་པ་ནི། རྗེ་ནཱ་རོ་པས། མར་པ་ལ་ལུང་བསྟན་པ་ནི། རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་བརྒྱུད་ཆུ་བོའི་གཞུང་བཞིན་རྒྱས། །ཞེས་དང་། མར་པས་མི་ལ་ལ་ལུང་བསྟན་པ་ནི། སངས་རྒྱས་བསྟན་པ་གནས་ཀྱི་བར་དུ་ཉམས་དང་རྟོགས་པའི་བརྒྱུད་པ་མི་ཆད་གསུངས་པ་དང་། རྗེ་ཀརྨ་པཀྴིའི་ཞལ་ནས། ཡང་དུས་གསུམ་མཁྱེན་པའི་རིང་བསྲེལ་མང་དུ་བྱོན་སྙམ་བྱེད་དེ། ད་དུང་སྒོམ་ཆེན་མང་པོ་འབྱུང་བའི་བརྡར་འདུག་གསུངས་པ་དང་། རླུང་སེམས་ནར་སོན་པའི་སྟོབས་ཀྱིས་དག་སྣང་དཔའ་བོ་མཁའ་འགྲོ་རྣལ་འབྱོར་ཕོ་མོའི་ཚོགས་འོད་དང་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང་། རྣལ་འབྱོར་དབང་ཕྱུག་གྲངས་མཐའ་ཡས་རྒྱུན་མི་ཆད་པར་འབྱུང་ཞེས་དང་། གྲུབ་ཆེན་ཀརྨ་པ་ལ། རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལ། རྣལ་འབྱོར་རང་བྱུང་རྡོ་རྗེ་ལ། །མོས་གུས་བྱེད་པའི་གདུལ་བྱ་རྣམས། །བརྒྱུད་འཛིན་རྣམ་ཐར་སྐྱོང་བ་འོང་། །བུ་སློབ་རྣམས་ཀྱིས་གོ་བར་མཛོད། །ཅེས་དང་། བརྒྱུད་པའི་མཆོག་གྱུར་འདི་ཉིད་ས། །སྔགས་འཆང་རྣལ་འབྱོར་དཔག་མེད་འབྱུང་། །མཐོང་ཐོས་དྲན་པའི་སྐལ་ལྡན་ཀུན། །ཡུན་མི་རིང་བར་སྨིན་གྲོལ་འགྱུར། །དུས་གསུམ་དུས་མེད་ཐམས་ཅད་ཀྱི། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །ཅེས་དང་། གཞན་ཡང་སེམས་དཔའ་རང་བྱུང་རྡོ་རྗེ། ཚད་མ་དེའི་ཐུགས་རྗེ་ཕྲིན་ལས་རབ་འབྱམས་ལས། ཀརྨ་པའི་ཆོས་གདམས་ངག་བུ་སློབ་གདུལ་བྱའི་ཚོགས་དང་། སྐུ་གསུང་ཐུགས་ཀྱི་རྟེན་རིས་སུ་བྲིས་པ། ལུགས་སུ་བླུགས་པ། འབུར་དུ་བཏོད་པ། ཆོས་ཁྲི། བཞུགས་མལ། སྐྲ་དང་སེན་མོ་ལ་སོགས་པ་རྣམས་དང་། འཛམ་གླིང་ཡུལ་ཁམས་སྣ་ཚོགས་ཁྱབ་པར་དུས་གསུམ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་སྟེ། ཐུགས་རྗེ་ཆེན་པོའི་མཚན་ལས་ཀྱང་། བ་སྤུའི་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱིས་གསོས་སུ་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཞེས་གྲུབ་ཆེན་ཀརྨ་པ་ཉིད་ཀྱིས་གསུངས་སོ། །
༈ དེ་ལྟ་བུའི་བསྟན་པ་དང་ཕྲིན་ལས་ཀྱི་མཐའ་དར་རྒྱས་སུ་བྱེད་པ་ཡང་། སི་ཏུ་སྤྲུལ་པའི་སྐུ་ཡིས་མཛད་དགོས་པ་སྟེ། རྗེ་དུས་གསུམ་མཁྱེན་པས། འགྲོ་མགོན་རས་ཆེན་ལ། ཁྱེད་ཀྱིས་གདན་ས་འདི་ཟུང་ལ་དར་རྒྱས་སུ་གྱིས་ལ། ཚེ་རབས་ཐམས་ཅད་དུ། ཁོ་བོ་དང་འབྲལ་བ་མེད་ཅིང་ཁོ་བོའི་ཕྲིན་ལས་ཀྱི། མཐའ་ཡང་ཁྱེད་ཀྱིས་སྐྱོང་དགོས་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །དེས་ཕན་ཡོན་དང་དགོས་ཆེད་སོང་ནས།
༈ དེ་ནས་བརྩམས་དོན་ནི། འོད་དཔག་མེད་མགོན་མི་གཟུགས་ཅན། །ཀུན་མཁྱེན་ཆོས་ཀྱི་དབང་ཕྱུག་གི །ཞབས་རྡུལ་སྤྱི་བོར་རེག་པའི་མཐུས། །ལྡོག་མེད་དད་པའི་གདུང་ཤུགས་ཅན། །དགེ་སློང་རཱ་ག་ཨ་སྱ་བདག །ཕག་ལོ་ཐ་སྐར་ཟླ་བ་ལ། །འོག་མིན་ཀརྨ་མཇལ་འདོད་ཕྱིར། །ཡོར་དུ་འོང་ནས་ཆོས་རྭ་བྱས། །ཉེར་གཅིག་འོང་རྒྱུའི་ཉི་ཤུའི་ནུབ། །དགེ་འདུན་རྣམས་དང་མཐུན་མི་མཐུན། །མཇལ་ཁ་ཅུང་འོང་བརྟགས་པའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །མདུན་དེར་མ་མགོན་མགར་གསུམ་ནི། །སྐུ་ཆེ་ཆ་ལུགས་མཐུན་པར་སྣང་། །གཡས་ཕྱོགས་ལྷ་མོ་བཞུགས་པ་ཡིས། །བདག་ལ་ཤིན་ཏུ་དགྱེས་ཚུལ་གྱིས། །ལན་གསུམ་ལྷག་ལྷག་བཞད་པ་མཐོང་། །དེ་ནང་ཐོག་ཏུ་རང་མདུན་དུ། །བྱིས་པ་མང་པོས་སྐྲ་ཕུད་ཕུལ། །ཕྱིར་ཉིན་ཀརྨར་ཕྱིན་པ་ཡི། །ཉེར་གཉིས་ལྷ་བབས་དུས་ཆེན་དང་། །རྒྱལ་ཕུར་འཛོམ་པའི་སྔ་དྲོ་ལ། །བཀྲ་ཤིས་གསར་མར་གདན་འདྲེན་བྱུང་། །སྙན་དར་སྔགས་དམིགས་རྟེན་འབྲེལ་བསྒྲིགས། །སྒར་དུ་རྒྱས་པའི་སྦྱིན་སྲེག་དང་། །གསོལ་ཁ་རྒྱས་པར་བྱེད་བཅུག་ཅིང་། །རང་ཡུལ་གསོལ་ཁ་རྟེན་འབྲེལ་བསྒྲིགས། །དེ་ནུབ་ཉམས་དང་རྨི་ལམ་མཚམས། །ནམ་ཕྱེད་ཉི་མ་མཚན་མོ་ཤར། །ཡར་བལྟས་ནམ་མཁའི་དཀྱིལ་དབུས་ན། །ཉི་ཟླ་གཉིས་པོ་གཅིག་གྱུར་ནས། །ཆེ་ཆུང་ཉི་མ་བཞི་འགྱུར་ཙམ། །ཁ་དོག་བཅོ་ལྔའི་ཟླ་བའི་མདོག །འོད་ཟེར་དབྱར་ལས་བཞི་འགྱུར་ཚ། །དེ་འདྲ་ཤར་རྨིས་བསྟན་པ་ནི། །དར་ཞིང་རྒྱས་པའི་རྟགས་སུ་གོ །དེ་ནས་འཚོགས་དབུས་གདན་ཁ་རུ། །སྡོད་ཟེར་རང་ཡང་རུས་སྒོག་ཆེ། །བོད་རྗེའི་གདུང་རིགས་ཡིན་རློམས་བསྡད། །དེ་ནུབ་ཉལ་ཁའི་རྣམ་རྟོག་ལ། །རུང་ངམ་མི་རུང་བརྟགས་པ་ཡིས། །རྨི་ལམ་འཚོགས་དབུས་བདག་འདུག་པའི། །མདུན་གཡས་འཚོགས་འཇུག་བུད་མེད་ནི། །ལྟ་བས་མི་ངོམ་རྒྱན་ལྡན་གསུམ། །ལྷ་མོས་སྤྲུལ་པར་ངོས་ཟིན་ནས། །འཚོགས་དབུས་བསྡད་པ་ལེགས་ཟེར་བའི། །བརྡའ་ཡང་བསྟན་ཞིང་དགའ་ཚུལ་བསྟན། །སྡོམ་ལུང་མང་དུ་ཕོག་པའི་ནུབ། །ལྷ་མོ་དགེ་སློང་མ་ཡི་ཚུལ། །བལྟ་བས་ཆོག་མི་ཤེས་པར་སྤྲུལ། །མདུན་དུ་དགྱེས་པའི་ཚུལ་གྱིས་བཞུགས། །ལྷ་མོ་རང་བྱུང་རྒྱལ་མོ་ཡིས། །སྤྲུལ་པ་ཡིན་པར་འདུག་སྙམ་ནས། །དེ་ཉིད་དངོས་ཡིན་ཟེར་བའི་སྒྲ། །ནམ་མཁའི་མཐོངས་ནས་གསལ་བར་གྲག །དེ་མ་ཐག་ཏུ་བུད་མེད་དེ། །མོ་རང་འདྲ་བ་གསུམ་དུ་སྤྲུལ། །རེ་ཏི་མཆེད་གསུམ་ཡིན་པར་གོ །སྐུ་རིམ་སྦྱིན་སྲེག་འགའ་བླུགས་པས། །དམ་སྲི་རྒྱལ་འགོང་གཟུགས་ཅན་ཞིག །ང་ཡི་གནས་དང་ལོངས་སྤྱོད་བཅས། །མེ་ཡིས་ཚིག་ཅེས་སྨྲེ་ངག་འདོན། །རོད་ངན་བྱོལ་ཏེ་འགྲོ་བ་རྨིས། །ཅུང་ཞིག་ནུས་པ་ཉམས་སམ་སེམས། གྲགས་གྲས་ལྷ་གཉེར་ལ་སོགས་ཀྱིས། །བསྐུལ་ཏེ་ལེགས་པར་བསྒྲིགས་པ་ཡིན། །འགལ་བར་གྱུར་ན་མཁས་ལ་བཤགས། །དགེ་བས་འདི་ཉིད་མཐོང་ཐོས་རྣམས། །བདེ་བ་ཅན་དུ་རྫུས་ཏེ་སྐྱེས། །ལུས་རྟེན་དེ་ལ་བྱང་ཆུབ་ཤོག །ཀརྨ་པ་དང་དབྱེར་མེད་ཤོག །སརྦ་མངྒ་ལཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །
མཆན། ༡.གནས་ཡིག་འདི་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གི་པོད་ལས་ཞལ་བཤུས་པའོ།།
༢.གནས་ཆེན་འདི་ནི་བོད་ལྗོངས་ཆབ་མདོ་ཁུལ་ཆབ་མདོ་རྫོང་ཀརྨ་ཞང་ཀརྨ་དགོན་པའི་རྒྱབ་རི་ཡིན་ཞིང་། མི་ཕལ་པས་བསྐོར་བ་བྱས་ཚེ་ཉིན་གཅིག་ལ་སླེབས་ཐུབ།
༄༅། །སྐུ་ཡི་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཀླུང་གཉན་ཞེས་སུ༔ པདྨའི་བྲག་རི་སུམ་བརྩེགས་ཡོད་པ་རུ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་པའི་གནས༔ བྲག་ཕུག་ཆོས་འབྱུང་ཟུར་དྲུག་དབྱིབས་ཅན་ཡོད༔ རང་བྱུང་མཆོད་རྟེན་ངོ་མཚར་ཅན་བཞུགས་ལ༔ ཀློང་ཐང་སྒྲོལ་མ་ཞེས་བྱར་འབྲེལ་བའོ༔ མ་འོངས་ང་སྤྲུལ་ནམ་མཁའ་ཞེས་བྱ་འབྱུང༔
༄༅། །སྐུའི་ཐུགས་ཀྱི་གནས་ལས་འབྲི་ཀླུང་ཕྱོགས་ཀྱི་མཉན་ནི། ཕ་རིའི་མཉན་པ་ཚང་སྔར་ས་དེའི་བདག་པོ་ཡིན་པས་དེའི་སྒྲས་བསྡུས། པདྨའི་བྲག་རི་སུམ་བརྩེགས་ནི་ཚུ་རིའི་པདྨ་རི་མཐོ། དེར་ངག་སྤྲུལ་ནམ་མཁའི་མིང་ཅན་ནི་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའ་རྡོ་རྗེ།
༄༅། །གནས་ལ་རྩེ་མཐོ་པདྨའི་རི། །ལྷ་གཅིག་སྒྲོལ་མའི་ཞིང་ཁམས་ཡིན།།ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན། །པདྨ་རྒྱལ་པོའི་སྒྲུབ་གནས་ཡིན། །རི་ལ་ལྟོས་དང་འཕགས་པའི་སྐུ། །སེམས་ཉིད་ངལ་གསོའི་བཀོད་པ་རྫོགས། །བྲག་ལ་ལྟོས་དང་འཕགས་པའི་གསུང་། །རང་བྱོན་ཡིག་དྲུག་བགྲང་ལས་འདས། །ཤིང་ལ་ལྟོས་དང་སྔོ་ལྗང་ཚལ། །གཡུ་ལོ་བཀོད་པའི་ཁྱད་ཆོས་རྫོགས། །དུག་སྦྲུལ་གདུག་པས་མཐའ་ནས་བསྐོར། །སྐལ་དམན་བློ་ཆུང་བགྲོད་པར་བཀའ། །གྲུ་འཛིན་རི་བོའི་མཚན་ཉིད་རྫོགས། །མདུན་ན་ཐུགས་སྤྲུལ་པདྨ་སྐྱེས། །འགྲོ་བའི་དོན་ལ་སྤྲུལ་པ་འགྱེད། །འདབས་ན་འཕགས་མའི་ཕོ་བྲང་མཛེས། །ལྷ་མོའི་འགྲོ་དོན་དུས་ལ་བབས། །ཐུགས་རྗེ་ཆེན་པོའི་ཐུགས་ཀ་ན། །པདྨ་དགྱེས་པའི་སྒྲུབ་ཕུག་ཡོད། །ལྷ་ལ་སྤྱན་རས་གཟིགས་དབང་བསྟེན། །སྔགས་ལ་ཡི་གེ་དྲུག་མ་བཟླ། །ཆོས་ལ་བྱམས་དང་སྙིང་རྗེ་བསྒོམ། །ལམ་ལ་རྒྱལ་སྲས་བདེ་ལམ་སྙོགས། །སྡུག་བསྔལ་འདོད་ཀྱང་བདེ་བ་འབྱུང་། །འདི་བདེ་ཕྱི་སྐྱིད་ཨ་ལ་ལ། །བདེ་ནས་བདེ་བའི་གནས་སུ་འགྲོ། །གཏན་བདེ་མི་འགྱུར་ཨ་ལ་ལ། །གསོལ་བ་བླ་མ་རྗེ་ལ་འདེབས། །ཐུགས་རྗེ་མི་གཡེལ་ཨ་ལ་ལ། །ཡི་དམ་སྤྱན་རས་གཟིགས་ལ་ཞུ། །དངོས་གྲུབ་མི་འགྱང་ཨ་ལ་ལ། །ཨ་ལ་ལ་སྟེ་ངོ་མཚར་ཆེ། །
མཆན། གནས་ཡིག་འདི་རྫ་དཔལ་སྤྲུལ་གྱི་བཀའ་འབུམ་ཀ་པོད་ཀྱི་གཏམ་པདྨའི་ཚལ་གྱི་ཟློས་གར་ལས་ཞལ་བཤུས་པའོ། །
༄༅། །སྒྲུབ་པ་བཀའ་བརྒྱད་ལས་གསུང་པདྨའི་རིགས་ཟངས་མདོག་དཔལ་གྱི་རི་བོ། ནང་ལྟར་ན་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས། གསང་བ་ལྟར་ན་པདྨ་གསུང་དབང་དྲག་རྟ་མགྲིན་རོལ་པའི་དཀྱིལ་འཁོར་གྱི་གནས་ཡིན། ཨོ་རྒྱན་ཆེན་པོས་གསུང་པདྨ་རིགས་ཀྱི་གནས་མཆོག་རྟ་མགྲིན་གྱི་གནས་སུ་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་གནས་ཀྱི་མཚན་ལ་ཡང་པདྨ་རི་མཐོ་རུ་གྲགས། གནས་རིའི་རྩེ་ཨོ་རྒྱན་ཆེན་པོའི་སྒྲུབ་ཕུག་ཏུ་ཨ་མོ་ལི་ཀའི་རྡོ་ལེབ་ཤེལ་ལས་གྲུབ་པའི་ཁང་བཟང་ཉམས་དགའ་བ་རུ། ཡི་དམ་རྒྱུད་སྡེ་གསར་རྙིང་གང་ལ་མོས་པ་དེའི་དཀྱིལ་འཁོར་རང་བྱོན་ཡོད་པ་པདྨ་ཤེལ་ཕུག་ཏུ་གྲགས། འདི་ལ་རྩེ་བསྐོར་གཅིག་བྱས་ན་ཙོང་རྒྱལ་མ་ཎི་པདྨེ་ནས་སྟེང་དུ་རི་རྩེར་བསྐོར་ནས་ཀླུ་མོ་རྒྱས་མདའ་ནས་སྒྲོལ་མ་དཀར་མོ་རང་བྱོན་དང་ཡིག་དྲུག་རྣམས་མཇལ་ནས་དུར་ཁྲོད་ཆེན་པོ་བརྒྱད་དང་བྱིན་རླབས་མཉམ་པའི་དུར་ཁྲོད་ཀླུ་མོ་རྒྱལ་ཡོད་ས་དེ་ནས་ལ་སྟེང་དུ་སོང་ན་རྩེ་བསྐོར་གཅིག་ཡིན། དེ་ལ་མ་ཎི་བྱེ་ཆུང་གཅིག་གི་ཕན་ཡོན་ཡོད། བར་བསྐོར་གཅིག་བྱས་ན་བྱེ་ཆེན་གཅིག་གི་ཕན་ཡོན་ཡོད། བར་བསྐོར་ལ་ཀློང་སྒྲོལ་མ་ལྷ་ཁང་མཇལ་ནས་ནུབ་ཕྱོགས་འབྲུ་རྒྱུད་ཀྱི་ཙོང་རྒྱལ་པདྨོ་མཇལ་ཉི་ཟླ་མ་བརྒལ་བར་པདྨ་རི་མཐོ་བཅས་བསྐོར་བ་ལ་བར་བསྐོར་དུ་གསུངས། མཐའ་བསྐོར་ལ་གནས་ཀྱི་ཡན་ལག་ཐམས་ཅད་བསྐོར་དགོས་ཞེས་གསུངས་སོ། །
མཆན། གནས་ཡིག་འདི་གྲུབ་དབང་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་གླེགས་བམ་བཞི་པ་ལས་ཞལ་བཤུས་པའོ། །
༄༅། །གནས་མཆོག་པདྨ་རི་མཐོ་ནོར་བུ་ཡོངས་རྫོང་གི་གཞི་བདག་ལ་བསང་དང་ཕུད་གཏོར་འབུལ་བའི་རིམ་པ་བཀྲ་ཤིས་དགའ་སྟོན་བཞུགས། ཧཱུྃ་བཀྲ་ཤིས་མཛེས་ལྡན་ནོར་བུ་ཡོངས་རྫོང་གི། །རྩེ་མོར་རྣམ་འཕྲུལ་ལྷ་ཡི་བཀོད་པ་ལྟར། །རིན་ཆེན་གཞལ་མེད་དབུས་ན་དགྱེས་རོལ་པའི། །དམ་ལྡན་གཉན་ཆེན་རྡོ་རྗེ་བློ་གྲོས་ནི། །ནོར་བུའི་ཐོར་ཚུགས་དར་ཐོད་དབུ་ལ་བཅིངས། །བཻ་ཌཱུརྱ་སྣོད་མཆོག་བདུད་རྩིའི་བཀང་བ་བསྣམས། །ཟ་བེར་གོས་གྱོན་རབ་བརྗིད་རྒྱལ་པོའི་ཆས། །བཙུན་མོ་སྲས་བློན་འཁོར་དང་བཅས་པ་རྣམས། །བདག་གིས་འབོད་པའི་གནས་འདིར་གཤེགས་སུ་གསོལ། །ཡི་གེ་ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་པའི། །བསང་མཆོད་འདོད་དགུར་འཆར་བའི་དུད་སྤྲིན་གྱིས། །ནམ་མཁའ་ཁྱབ་པར་འབུལ་ལོ་བཞེས་སུ་གསོལ། །ཟག་མེད་འདོད་དགུར་འཆར་བའི་ཕུད་མཆོད་ཀྱིས། །སྟོང་གསུམ་གང་བར་འབུལ་ལོ་བཞེས་སུ་གསོལ། །ཁྱེད་ལ་བདག་གི་ཕྲིན་ལས་བཅོལ་བ་ནི། །གློ་བུར་རྐྱེན་ཀག་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་སྐྱེ་འགྲོ་དབང་དུ་བསྡུས། །ལོག་འདྲེན་དགྲ་བགེགས་མ་ལུས་རྡུལ་དུ་རློག །མདོར་ན་ཡིད་ལ་འདོད་པའི་རེ་བ་ཀུན། །འབད་མེད་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། །གསོལ་མཆོད་འདི་ཉིད་སྒྲུབ་བརྩོན་བླ་མ་བློ་གྲོས་དབང་ཕྱུག་གིས་བསྐུལ་ངོར༧རྡོ་རྗེ་བདེ་ཆེན་གླིང་པས་གླིང་ཤེས་པདྨ་ཤེལ་རི་དབང་ཆེན་ཡེ་ཤེས་རོལ་པའི་སྒྲུབ་གནས་སུ་ཤིང་བྱི་ལོའི་སྨིན་དྲུག་ཟླ་བའི་ཉེར་དགུ་ལ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །
༄༅། །ཨོཾ་སྭ་བྷ་ཝས་སྦྱང་སྟོང་པའི་ངང་ལས་བསང་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟད་མི་ཤེས་པའི་བརྒྱན་དུ་གྱུར། ན་མ་སརྦ་ཏ་ཐཱ་སོགས་བརྗོད་ཀྱེེ་གནས་ཀྱི་མཆོག་གྱུར་རྩེ་མཐོ་པདྨ་རི། །ཕྱི་ལྟར་གྲུ་འཛིན་ཞིང་གི་བཀོད་པ་རྫོགས། །ནང་ནས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྲུབ། །དེ་ན་བཞུགས་པའི་སངས་རྒྱས་བྱང་སེམས་དང་། །ཁྱད་པར་རྗེ་བཙུན་སྒྲོལ་མ་སྤྲུལ་འཁོར་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསང་། །ཡུལ་སྐྱོང་དགེ་བསྙེན་པདྨ་མཆོག་རབ་རྩལ། །བཙུན་མོ་སྲས་དང་བློན་འཁོར་གྲངས་མེད་བསང་། །མདུན་འཁོད་དཔལ་གྱི་དཀོད་ལྡན་སེངྒེ་འཁྲིག །གནས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་དང་། ཁྱད་པར་གནས་བརྟེན་ཆེན་པོ་འཁོར་བཅས་བསང་། །གནས་བདག་ཞོམ་རོལ་བོན་ཆུང་འཁོར་བཅས་དང་། །མ་བཟའ་དམ་ཅན་གནོད་སྦྱིན་ཁོལ་བོ་ལ། །ཁྱད་པར་ལྷ་བཙན་རྡོ་རྗེ་ཐོག་རྒོད་བཅས། །ཕྱོགས་དེར་གནས་པའི་ལྷ་ཀླུ་གཞི་བདག་བསང་། །འདན་ལུང་ཉིན་སྲིབ་གནས་གཞི་གཏེར་གྱི་བདག །སྤྲུལ་པ་ཡང་སྤྲུལ་སྲས་བློན་བཙུན་མོ་བཅས། །འདིར་གཤེགས་འདོད་ཡོན་ལྔ་ལྡན་བསང་མཆོད་བཞེས། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི། །ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་ཆེན་པོ། །རང་རང་ཡིད་ལ་གང་དགོས་འདོད་དགུའི་ཆར། །ཟག་མེད་བདེ་བས་ནམ་ཡང་ཚིམ་གྱུར་ཅིག །སྔོན་ཚེ་པདྨ་ཐོད་ཕྲེང་སྤྱན་སྔ་རུ། །ཁས་བླང་བཞིན་དུ་སངས་རྒྱས་བསྟན་པ་སྲུངས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །ཆར་ཆུ་དུས་འབབས་ལོ་ཕྱུག་རྟག་ཏུ་ལེགས། །རྒྱལ་ཁམས་མཐའ་དབུས་བདེ་བའི་ཕྲིན་ལས་མཛོད། །ཅེས་པ་ཀརྨ་པ༧རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་རིག་པའི་ཡེ་ཤེས་རྡོ་རྗེས་ཤར་མར་གསུང་པ་ཇི་བཞིན་བཀོད་པའོ།།
༄༅། །ཧྲཱིཿ གྲུབ་པའི་གནས་མཆོག་རྩེ་མཐོ་པདྨ་རི། །རྩ་གསུམ་ཞི་ཁྲོ་གནས་སྐྱོང་རྒྱ་མཚོ་ལ། འདོད་ཡོན་བདུད་རྩིས་བསང་གི་མཆོད་པ་འབུལ། །དགྱེས་པ་ལེགས་བཞེས་མཆོག་ཐུན་འབད་མེད་རྩོལ། །ཨོཾ་གུ་རུ་དཱེ་བ་ཌཱཀྐི་ཎི་བྷུ་མི་པ་ལ་སཱ་པ་རི་ཝ་ར་པུ་ཛ་མི་གྷ་ཨ་ལ་ལ་ཧོཿ གསེར་སྐྱེམ་ལ་འདོད་ཡོན་གསེར་སྐྱེམ་མཆོད་པ་འབུལ་བ་དང་། ཚོགས་ཀྱི་མཆོད་པ་དང་། ཕུད་ཀྱི་མཆོད་གཏོར་གསུར་གྱི་མཆོད་པ་ཁ་སྒྱུར་རོ། ཞེས་ཁྱེའུ་ཀུ་རུ་དྷཱི་ཡིས་རྨི་ལམ་ཚོགས་སུ་པདྨ་ཤེལ་ཀྱི་བྱ་སྐྱིབས་སུ་བྲིས། ཀྱེེཿ རྒྱལ་བའི་བཀའ་སྡོད་རྡོ་རྗེ་བློ་གྲོས་གཉན། །འཁོར་བཅས་འདིར་སྤྱོན་བསང་གི་མཆོད་པ་བཞེས། །ལྗོངས་འདིར་ནད་འཁྲུགས་ལོ་ཉེས་མ་གཏང་ལ་། །བདག་གི་གང་བཅོལ་མངོན་དུ་འགྲུབ་པར་མཛོད། །ཨོཾ་བྷུ་མི་པཱ་ལ་ཡཀྵ་བྷ་ཝནྟུ་ཨེ་དཾ་བ་ལིངྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ གོང་ལྟར་ཁ་སྒྱུར་འཇམ་དབྱངས་བཞད་པ་རྡོ་རྗེས་ཤེར་དཀའ་པདྨ་ཕུག་དུ་གནས་འགྲེལ་གྱིས་ཚུལ་དུ་སྡོད་སྐབས་ཁྱེའུ་ཀུན་ཏུ་རྒྱུ་བས་སྤེལ་བ་དགེའོ།།
༄༅། །གང་ཟག་གི་རྒྱུད་ཚོད་མཐོ་དམན་དང་བསྟུན་པའི་མཐོང་སྣང་མི་འདྲ་བ་གསུམ་འབྱུང་སྟེ། སྐྱེ་བོ་ཕལ་བ་ལམ་ལ་མ་ཞུགས་པ་རྣམས་ཀྱི་སྣང་ངོར། ལྷུན་སྟུག་རིའི་རྩེ་མོ་མཁའ་ལ་བསྙེགས་པ་ལྟ་བུ་ལ། སྣ་ཚོགས་པའི་ནགས་ཚལ་དང་ནེའུ་གསིང་ཡིད་དུ་འོང་བས་ཀུན་ནས་མཛེས་པ། དབྱར་དགུན་ཀུན་ཏུ་ཁམས་དྭངས་ཤིང་རིག་པ་སྤྲོ་ལ། རི་མཐར་འབྲས་བུ་བཟང་པོས་བཀླུབས་པའི་ཞིང་ས་དང་། འགག་གཡས་གཡོན་གྱི་ཆུ་གཉིས་མདུན་དུ་འདུས་པ་སོགས་ཕྱི་རོལ་ཡུལ་ལྟར་བསྔགས་པར་འོས་པ་ཙམ་ཞིག་ཡོད། ལམ་ཞུགས་ཐེག་དམན་ཉན་རང་གི་རིགས་ཅན་རྣམས་ཀྱི་སྣང་ངོར། ཕྱི་ཚུལ་དབེན་པའི་རི་བོ་ལ། ནང་ཚུལ་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་སྟོང་དང་བཞི་བརྒྱ་བཅས་པ་བདེན་བཞིའི་དེ་ཁོ་ན་ཉིད་ཀྱི་དོན་དུ་ཐུགས་གཞོལ་ཏེ་གནས་པ་ཡོད། ལས་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་སྐྱེས་བུ་གྲུབ་བརྙེས་རྣམས་ཀྱི་སྣང་ངོར། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། རི་ལ་བལྟས་ན་འཕགས་པའི་སྐུ། །འཕགས་པ་སེམས་ཉིད་ངལ་གསོའི་ཚུལ། །ཞེས་གསུངས་པ་ལྟར། ཕྱི་ཚུལ་འཕགས་པ་སེམས་ཉིད་ངལ་གསོའི་རྣམ་པ་ལ། ནང་ལྟར་རིག་འཛིན་དུ་མའི་བསྟི་གནས། གསང་བ་ལྟར་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཡང་གསང་སྐུ་ཐུགས་ཀྱི་དཀྱིལ་འཁོར་གདོད་མ་ནས་ལྷུན་གྱིས་གྲུབ་པ་སྟེ། མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་སྐུ་གསུང་ཐུགས་ཀྱི་གནས་ཡིན་པར་ཡོངས་སུ་བསྔགས་ཤིང་ལུང་བསྟན་པ་ལྟར་ཤེས་པར་བྱའོ། །གཞན་ཡང་སྒྲུབ་པའི་བསྟི་གནས་དེའི་ལྷོའི་ལྡེབས་ངོས་སྤང་དང་ནགས་ཚལ་སྤེལ་མའི་ཆ་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་ཕུག་རྡོ་རྗེ་རྫོང་དང་། དེའི་གཡོན་ཟུར་རྒྱང་གྲགས་ཕྱེད་ཀྱི་མཚམས་ན་རྟ་མགྲིན་སྒྲུབ་ཕུག་ཡོད། རྟ་མགྲིན་སྒྲུབ་ཕུག་ནས་ཅུང་ཟད་སོང་བས་སློབ་དཔོན་གྱི་སྒྲུབ་གནས་པདྨ་ཤེལ་གྱི་ཕུག་པ་ཞེས་བྱ་བ་ཕྱི་ཚུལ་རྣམ་ཐར་སྒོ་གསུམ་མཚོན་བྱེད་ཆོས་འབྱུང་གི་དབྱིབས་ཅན་ལ། ནང་དུ་རྡོ་ལེབ་ཤེལ་ལྟར་དྭངས་པའི་ངོས་སུ་ཡི་དམ་གསར་རྙིང་གི་དཀྱིལ་འཁོར་གདོད་མ་ནས་རང་ཆས་སུ་བཞུགས་པ་ཡོད། དེའི་ཀླད་དུ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་མཚམས་ཁང་ཡོད་ལ། ཕུག་པ་དེ་རུ་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་གྲགས་པའི་བསྟན་བཅོས་བརྩམས། དེ་ནས་ཐུར་དུ་ཕྱིན་པས་མ་གཟའ་དམ་གསུམ་གྱི་སྒྲུབ་ཕུག་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ཟེར་བ་ཡོད། དེའི་འོག་ཏུ་སྟག་བྲོ་གཟིག་བྲོ་མ་ཞེས་བྱ་བ་སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་རྗེ་འབངས་དང་བཅས་པ་གནས་འདིར་བྱོན་པ་ན། ཡུལ་སྐྱོང་དགེ་བསྙེན་པདྨ་མཆོག་རབ་རྩལ་དང་། འདན་གྱི་འབར་ལྷ་རྩེ་རྒྱལ། ལྷའི་དགེ་བསྙེན་རག་བཀྲ་བྲག་དཀར་ལ་སོགས་པའི་བསུ་མ་རྣམས་ཀྱིས་ཕྱི་ཚུལ་སྟག་གཟིག་དོམ་དྲེད་སོགས་ཀྱི་རྣམ་པར་རྫུས་ནས་སྲ་མཁྲེགས་རྡོ་རྗེའི་བྲག་ལ་བཞག་པའི་གར་འགྲོས་རྗེས་ཤུལ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེའི་ཡབ་ཡུམ་གྱི་རང་བྱོན་ལོངས་སྐུ་མཐོང་བ་རང་གྲོལ་ཞེས་པ་ཡོད། དེ་ནས་གཡས་སྐོར་དུ་གྱེན་དུ་ཕྱིན་པས་ད་ལྟ་མདོ་མཁྱེན་བརྩེའི་མཚམས་ཁང་ཞེས་མདོ་མཁྱེན་ཡེ་ཤེས་རྡོ་རྗེས་ཟབ་ཆོས་གཏེར་དུ་བཞེས་པའི་ཕུག་པ་དང་། སློབ་དཔོན་གྱི་ཕྱག་རྗེས་སྐྱབས་སྦྱིན་པ་ཞེས་བྱ་བ་དཔོག་དཀའ་ཞིང་མཆོག་ཏུ་ངོ་མཚར་བའི་བཀོད་པ་འབུམ་གྱིས་གཏམས་པ་ཡོད། གཞན་ཡང་ཕྱོགས་དེར་གནས་བརྟན་ཆེན་པོ་ནགས་ན་གནས་ཀྱི་སྐུ་རྗེས་དང་། ནང་དུ་རྟ་ཕག་ཡབ་ཡུམ་གྱི་རང་བྱོན་འབུར་དུ་དོད་པའི་སྒྲུབ་གནས་ཕུག་ལེབ་མ་ཟེར་བ་སོགས་རང་བྱུང་གི་ཕུག་པ་དང་རང་བྱོན་གྱི་རྣམ་པར་བཀྲ་བ་དུ་མ་ཡོད་ཅིང་། དེའི་གཤམ་དུ་གཡས་ཀྱི་ཆ་ལ་ཀླུ་མོ་དགྱེས་པའི་དུར་ཁྲོད་དང་གཡོན་གྱི་ཆ་ལ་མཁའ་འགྲོའི་བྲོ་ར་ཟེར་བའི་དུར་ཁྲོད་ཡོད་ལ། ཀླུ་མོ་དགྱེས་པའི་དུར་ཁྲོད་ནི་དུར་གྱི་ཡོན་ཏན་མཐའ་དག་ཐད་ཀར་ཚང་ཞིང་། ཁྱད་པར་རྒྱ་གར་རྡོ་རྗེའི་གདན་གྱི་ཤར་ལྷོའི་མཚམས་སུ་ཡོད་པའི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་དུར་ས་དུམ་བུ་ཞིག་ཆད་དེ་བྱིན་གྱིས་བརླབས་པར་གྲགས་པས་འབྲེལ་ཚད་དོན་ལྡན་གྱི་དུར་ཁྲོད་ཁྱད་པར་ཅན་དུ་ངེས་ཤིང་། ཡང་མཁའ་འགྲོའི་བྲོ་ར་ནི་སློབ་དཔོན་གྱི་གསང་སྔགས་ལམ་རིམ་ལས་ཇི་སྐད་འབྱུང་བ་ལྟར། ནུབ་མཐོ། བྱང་སྐྱོབ། ཤར་གཞོལ། ལྷོ་འདུས། མདུན་ཐང་། ཆུ་བོ་དབང་གི་ཕྱོགས་ནས་འབབ་པ། ཉི་མ་རྟག་ཅིང་གངས་མཐོང་བ། གསལ་ཆ་ཆེ་ཞིང་སོ་ཐུབ་པ། ཚ་གྲང་སྙོམས་ཤིང་གཞི་བདག་འཇམ་པ། ཐག་ཉེ་རིང་རན་ཞིང་ས་བཙན་པ། བཀྲ་ཤིས་ཤིང་གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ། དཔའ་བོ་དང་མཁའ་འགྲོ་མའི་ཁྱུ་བསྟི་ཞིང་དགྱེས་རྒུར་སྤྱོད་པའི་དུར་ཁྲོད་དེ། དུར་ཁྲོད་དེ་ལྟ་བུ་ལ་ཕུང་པོ་བསྐྱལ་བའི་ཕན་ཡོན་ནི། ཆགས་མེད་རི་ཆོས་ལས། སྲོག་དང་བླ་དང་རྣམ་ཤེས་གསུམ། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །དུར་ས་ལེགས་ན་བླ་དེ་དར། །གསོན་པོ་རྣམས་ལ་མགོན་སྐྱབས་ནུས། །ཕ་མེས་བླ་ཡིས་བསྲུང་ཞེས་བྱ། །དུར་ས་ངན་ན་བླ་དེ་གུད། །གསོན་པོ་རྣམས་ལ་སྐྱབས་འཚོལ་བས། །མི་ཁྱག་ན་ཚ་གོད་ཁ་འབྱུང་། །དེ་ཕྱིར་དུར་ས་གལ་ཆེ་སྟེ། །ས་དཔྱད་ངན་པར་རོ་བསྐྱལ་ན། །དུད་འགྲོ་ཡིན་ཀྱང་རྡུལ་དུ་བརླག །དེ་སྐད་འཕགས་པ་འཇམ་དཔལ་གྱི། །རྒྱ་ནག་གཙུག་ལག་རྒྱུད་ནས་གསུངས། །ཞེས་གསུངས་པ་ལྟར་ཡིན་ལ། ཡང་སྒོས་དུར་ཁྲོད་ཆེན་པོ་འདི་ལྟ་བུ་དང་འབྲེལ་བ་ཐོབ་ན་སྨོས་མ་ཐག་པའི་ཕན་ཡོན་མཆིས་པ་གཞིར་བྱས་པའི་སྟེང་། གཤིན་པོ་ཁོ་རང་གི་ལས་ཀྱིས་བསྐྱོད་པའི་རྣམ་ཤེས་ཀྱང་ཕན་པར་གསུངས་པས་དེས་ན་ཀུན་གྱི་ཆོག་ཤེས་སྤངས་ཏེ་འདི་ལྟ་བུའི་དུར་ཁྲོད་ལ་བསྟེན་པ་ཤིན་ཏུ་གལ་ཆེ་བ་ལགས། དུར་ཁྲོད་འདི་ནས་པདྨ་ཤེལ་ཕུག་བརྒྱུད་དེ་རིའི་ཤར་གྱི་ཕྱོགས་སུ་སོང་བས་གྲུབ་ཆེན་ས་ར་ཧ་པའི་སྒྲུབ་གནས་དང་། གུ་རུ་རྡོ་རྗེ་གྲོ་ལོད་སོགས་ཀྱི་དྲག་པོའི་སྒྲུབ་གནས་དུ་མ་ཡོད་ཅིང་། གནས་དེ་ནི་གྲུ་གསུམ་ཧམ་ཁུང་གི་དབྱིབས་སུ་གནས་ལ། མིང་ཡང་ཧམ་ཁུང་ནང་ཞེས་གྲགས། ཨ་སྤྲུལ་འགྱུར་མེད་རྡོ་རྗེ་སོགས་ཀྱི་མཚམས་ཁང་ཡང་དེའི་ཉེ་འདབས་བཀྲ་ཤིས་མཚེར་ཞེས་འབོད་པ་ན་ཡོད། གཞན་ཡང་གནས་འདིར་བསྟན་པ་ཕྱི་དར་ལ་པཎྜི་ཏ་སྨྲྀ་ཏི་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། སྨ་གཡོ་གཙང་གསུམ། བླ་ཆེན་དགོངས་པ་རབ་གསལ། བླ་མ་སེ་བཙུན་པ། ཁུ་རྔོག་འབྲོམ་གསུམ། དཔལ་ལྡན་དགོན་པ་བ། སྐྱུ་ར་ཨ་སེང་། ཁམས་པ་ཨ་སེང་། འགྲོ་མགོན་ཆོས་འཕགས། སྒ་ཨ་མྱེ་དམ་པ། སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་སྔ་ཆོས་ཀྱི་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། པཎ་ཆེན་སངས་རྒྱས་མཉན་པ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། གཏེར་སྟོན་ཉི་མ་གྲགས་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ། མི་འགྱུར་ནམ་མཁའི་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། རང་བྱུང་རིག་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་ཀྱིས་བཅགས་ནས་བཞུགས་ཡུལ་རྡོ་རྗེ་རྫོང་དང་པདྨ་ཤེལ་ཕུག་སོགས་སུ་བཞུགས་པས་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས་ཤིང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གནས་ཆེན་བྱིན་འབེབ་མཛད་ལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཊཱིཀ་ཆེན་མཛད་ནས་མཐར་དེ་དང་ཉེ་བའི་གནས་དིལ་མགོའི་རི་ཁྲོད་དུ་སྐུའི་བཀོད་པ་བསྡུས་པར་གྲགས། མདོར་ན་རིའི་ལྡེབས་སུ་ཡོད་པའི་བྱ་སྐྱིབས་དོད་ཙམ་རེའི་ནང་དུ་ཐབ་རྡོ་རེ་དང་དུད་དྲེག་ཆགས་ཚུལ་ལ་གཞིགས་པས་ཀྱང་རི་སུལ་ཐམས་ཅད་བྱ་བཏང་རྣལ་འབྱོར་གྱིས་ཁྱབ་པའི་ལོ་རྒྱུས་ལྡན་པར་དཔོག་ཐུབ་ཅིང་། དེ་ལ་ཕྱག་སྐོར་སོགས་བགྱིས་པའི་ཕན་ཡོན་ནི། འདུལ་བ་ལུང་ལས། གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །མཛམ་བུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་འཛམ་བུ་ཆུ་བོའི་གསེར་སྲང་སྟོང་ཕྲག་བརྒྱ་སྦྱིན་པར་བྱིན་པ་བས་ཀྱང་། གང་ཞིག་དད་པའི་སེམས་ཀྱིས་སངས་རྒྱས་ཀྱི་གདུང་བཞུགས་པའི་མཆོད་རྟེན་ལ་གོམ་པ་གཅིག་འདོར་བ་བསོད་ནམས་ཁྱད་པར་དུ་འཕགས་པར་གསུངས་ལ། འདིར་ནི་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་ཏིལ་གྱི་གང་བུ་ཁ་ཕྱེས་པ་ལྟ་བུ་དངོས་སུ་བཞུགས་པས་སྔར་གྱི་ཕན་ཡོན་མཆིས་པ་གཞིར་བྱས་པའི་སྟེང་། དེ་བས་ཀྱང་ཕན་ཡོན་ཆེ་བར་གྲུབ་ལ། མ་མཐོང་མ་བསྐོར་བར་ལུས་ངག་ཐ་མལ་དུ་བསྡད་ན། སྦས་པའི་གནས་ཆེན་རང་ཡུལ་ཡོད་པ་ལ། །གཞན་ཡུལ་གནས་མཇལ་འགྲོ་རྣམས་སྙིང་རེ་རྗེ། །རྒྱལ་བའི་བཞུགས་གནས་སྒོ་རྩར་ཡོད་པ་ལ། །ས་རྡོ་ཡིན་སྙམ་འཚོལ་རྣམས་སྙིང་རེ་རྗེ། །ཞེས་པར་སོང་བས་མི་རིགས་ཤིང་། དེའི་སྐོར་ཚད་ནི་ངག་སྒྲོས་ལ་བཅུ་གཅིག་ཡིན་ཟེར་ཡང་། ལར་ནི་སྒྲིབ་པ་དག་མ་དག་གི་རྟགས་ལ་སྐོར་ཚད་བྱེད་པ་དོན་ལ་གནས་ཤིང་གཏན་ཚིགས་ཀྱང་དེ་ཆེ་བས་ཤིན་ཏུ་འཐད་པར་སེམས་སོ། །
མཆན། ༡ གནས་ཡིག་འདི་ཐུབ་བསྟན་ལུང་རྟོགས་ཉི་མས་བརྩམས་པའི་མདོ་ཁམས་འདན་མའི་ཡུལ་གྱི་ལོ་རྒྱུས་ཁྱད་ནོར་ངོ་མཚར་སུམ་ལྡན་ཨ་འབྲུ་གཡང་གི་ནོར་བུ་ཞེས་པའི་དེབ་ལས་ཞལ་བཤུས་པའོ། །
༢.གནས་འདི་བཞུགས་པའི་ཡུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འདན་ཁོག་གྲོང་བརྡལ་འདན་སྒྲོང་མ་ལྷ་ཁང་གི་རྒྱབ་རི་ཡིན། བསྐོར་ལམ་བདེ་ཞིང་མི་ཕལ་བས་ཉིན་གཅིག་ལ་སྔ་མོ་བསྐོར་ཐུབ། དེ་ཡི་ཞོར་སེང་གེ་གནམ་རྫོང་དང་འདན་སྒྲོལ་མ་ལྷ་ཁང་བཅས་མཉམ་དུ་འཁོད་ཡོད།
༄༅། །སྐུ་ཡི་ཡོན་ཏན་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཟླ་ཞེས་བྱ་བར༔ ཁམས་དབུས་ས་མཚམས་ཁ་ཞེས་བྱ་བ་རུ༔ བྲག་རི་དཔལ་ཆེན་ཧེ་རུ་ཀ་ཡི་ཚུལ་༔ དབུ་ཡི་གསེང་དུ་བདག་གི་སྒྲུབ་གནས་དང༔ དེ་ཡི་ལོགས་སུ་སྐུ་གསུང་ཐུགས་རྟེན་དང༔ མིང་ཅན་མིང་མེད་གཏེར་ཁ་བཅོ་ལྔ་སྦས༔ ལུང་པ་བརྒྱད་ནི་ཕོ་བྲང་གླིང་དགུ་སྟེ༔ ཡང་དག་ལ་སོགས་དཔལ་ཆེན་བརྒྱད་རྣམས་བཞུགས༔ ཞི་ཁྲོ་བྱོན་པའི་ལུང་པའི་མདའ་དག་ནི༔ གྲིབ་ཀྱི་ཕྱོགས་སུ་གཏེར་ཆེན་བརྒྱད་ཙམ་སྦས༔ ཀླུང་ཤོད་མདའ་རུ་མཆོད་རྟེན་བརྒྱད་བཞེངས་པ༔ ཉམས་པའི་དུས་ན་དཀར་ཆག་ས་སྟེང་འབྱུང༔
༄༅། །སྐུའི་ཡོན་ཏན་གནས་ཁ་ཞེས་བྱ་བ་ནི། ནང་ཆེན་ཕྱོགས་རྫ་ཆུའི་རྒྱུད་གཏམ་ཁོག་ཁ་བྲག་གམ་ཁ་ལ་རོང་སྒོ། ཕ་རི་ཟངས་མདོག་དཔལ་རི་ཚུ་རི་ཁྲོ་བོ་དབུ་དགུར་གྲགས་པ། འདི་ནས་གཏེར་ཆེན་ཉིད་ཀྱིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། གནས་ཡིག་སྤྱན་དྲངས་ཤིང་གནས་སྒོ་ཕྱེས་ཞེས་གསུངས་སོ། །
༄༅། །ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ༔ ཤིང་ཕོ་འབྲུག་གི་ལོ་སྤྲེལ་ཟླ་བའི་ཚེས་བཅུ་ལ༔ མདོ་ཁམས་སྐྱི་འབྱམས་སེངྒེ་རྫོང་གི་གཡས་ལོགས་ཀླུ་བདུད་ནག་པོའི་ཕོ་བྲང་གི་སྟེང༔ རང་བྱུང་གི་རྟེན་མཆོག་བཞུགས་པའི་གནས་ཉི་ཟླ་འདྲ་བའི་ཕུག་པར༔ ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་དུས་ལྷ་སྲས་བདག་གི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམས༔ གསེར་གྱི་མཎྜལ་ཕུལ་ཏེ༔ ཕྱག་དགུ་ཕྲུགས་སུ་མཚལ་ནས་གསོལ་པ༔ ཀྱེ་ཧོཿ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད༔ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས༔ ཐེག་པ་ཆེ་ཆུང་གི་དགེ་འདུན་རྣམས་ཀྱི་མངའ་བདག༔ རིག་འཛིན་ཡོངས་ཀྱི་རྒྱལ་པོ༔ དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པ༔ མཁའ་འགྲོ་ཀུན་ལ་དབང་བསྒྱུར་བ༔ རིག་འཛིན་པདྨ་འབྱུང་གནས་དར་གཅིག་བདག་ལ་གསན་དུ་གསོལ༔ སྤྱིར་གསང་སྔགས་ལ་གནས་དུས་འཁོར་ཡོ་བྱད༔ ཕུན་སུམ་ཚོགས་པ་འཛོམས་དགོས་པ་དང༔ དེའི་ནང་ནས་སྒྲུབ་པའི་གནས་མཆོག་གལ་ཆེ་བར་གསུངས་གདའ་བས༔ དེ་ལ་སྔར་གུ་རུ་རིན་པོ་ཆེ་ཉིད་ཀྱི་མི་ཟད་པ་རྒྱན་འཁོར་ལྔ་ཡི་བྱིན་གྱིས་བརླབས་པའི་མདོ་ཁམས་འདི་ཡི་གནས་ལྔ་ཕྲག་ལྔ་རྣམས་གསུངས་པའི་ནང་ནས་ཡོན་ཏན་གྱི་གནས་སྒྲུབ་པ་བཀའ་བརྒྱད་ཀྱི་ཕོ་བྲང་དེ་ལ༔ དཔལ་མགོན་རང་བྱོན་ཡོད་པར་ལུང་བསྟན་པ་དེ་ཉིད་ཡོད་པའི་ཕྱོགས་མཚོན་དང༔ དབྱིབས་རྟེན་མཆོག་དེར་ཡོད་པའི་རང་བྱོན་རྣམས་གསུང་དུ་གསོལ༔ ཅེས་ཞུས་པས༔ ཨོ་རྒྱན་རིན་པོ་ཆེ་དར་གཅིག་དགོངས་པ་ལ་བཞུགས་ནས་བཀའ་སྩལ་པ༔ ཀྱེ་ཧོཿ གསོན་ཅིག་ལྷ་སྲས་མུ་རུབ་བཙན༔ ཚེ་དབང་རིག་འཛིན་བརྙེས་པའི་པདྨ་བདག༔ ཆོས་སྐུའི་སངས་རྒྱས་རྣམས་ཀྱི་ཀློང་དུ་གཅིག༔ ལོངས་སྐུའི་བདེ་བར་གཤེགས་པ་ཀུན་རྫོགས་ནས༔ སྤྲུལ་སྐུའི་སངས་རྒྱས་ཤཱཀྱ་ཐུབ་པར་བསྟན༔ སླར་ཡང་བསྟན་གཉིས་ཟུང་འཇུག་སྐྱོང་བའི་ཕྱིར༔ ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་ཚུལ་དུ་སྤྲུལ༔ རྒྱ་གར་ཡུལ་དུ་ཐོས་བསམ་མཐར་ཕྱིན་ནས༔ རྒྱལ་བའི་བསྟན་པ་ཉི་མ་ཤར་བཞིན་བྱས༔ ལས་འཕྲོའི་དབང་གིས་བོད་ཀྱི་ཡུལ་དུ་འོངས༔ ས་བཏུལ་གཙུག་ལག་ཁང་བཞེངས་ཆོས་ཀྱང་བསྒྱུར༔ མི་ཟད་རྒྱན་འཁོར་ཉི་ཤུ་རྩ་ལྔ་ཡི༔ བྱིན་གྱིས་བརླབས་པའི་གནས་ཆེན་ལྔ་ཕྲག་ལྔ༔ ཡོན་ཏན་ལྔ་ཡི་ཡོན་ཏན་མཆོག་གི་གནས༔ ལྷོ་ཟླའི་ལུང་པ་པདྨ་ཁ་བྱེ་འདྲ༔ མཚན་ནི་ཁ་ལའི་ཁ་རག་གནས་ལས་ཏེ༔ ཁམས་ཀྱི་ཟླ་ཉིན་ཁ་ལ་རོང་སྒོ་ཞེས༔ དབྱིབས་ནི་ནམ་མཁའ་འཁོར་ལོ་བཀྲ་ཤིས་གནས༔ ས་གཞི་པདྨ་འདབ་བརྒྱད་བཀྲ་ཤིས་གནས༔ ཡུལ་གྱི་དགེ་བཅུ་བཀྲ་ཤིས་ཀུན་ནས་བསྐོར༔ གསང་སྔགས་རྣལ་འབྱོར་ཐམས་ཅད་འབྱོན་པའི་ས༔ ཧེ་རུ་ཀ་ཡི་ཕོ་བྲང་ཆེན་པོ་ལ༔ དེ་དབུས་དཔལ་ཆེན་པོ་དང་གཉིས་མེད་པའི༔ བྲག་རི་ཁྲོ་བོ་དབུ་དགུ་ཕྱག་བཅོ་བརྒྱད༔ ཡངས་རི་བདེ་གཤེགས་ཞི་བའི་ལྷ་ཚོགས་གསལ༔ ཤར་རི་ཡང་དག་ཧེ་རུ་ཀ་ཡི་གནས༔ རི་འདབས་པདྨ་བདག་གིས་བཞེངས་པ་ཡིས༔ སྐུ་གདུང་ཆ་བརྒྱད་དེ་རུ་ཚེ་ཆུ་ཡོད༔ ཤར་ལྷོ་མ་མོའི་གནས་མཆོག་ན་བུན་རྫོང༔ ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་གཏམ་གྱི་བྲག༔ ལྷོ་ནུབ་ཟངས་མདོག་དཔལ་རི་རིག་འཛིན་གནས༔ ནུབ་ཕྱོགས་པདྨ་གསུང་གི་ཕོ་བྲང་ནི༔ བྲག་རི་དམར་པོ་བ་གམ་བརྩེགས་པ་འདྲ༔ ནུབ་བྱང་བྲག་རི་ནག་པོ་མཆོད་བསྟོད་གནས༔ བྱང་ཕྱོགས་བྲག་རི་རྩེ་མཐོ་ཕུར་པའི་གནས༔ བྱང་ཤར་ཁྱུང་ཆེན་ལྡིང་འདྲ་དྲག་སྔགས་གནས༔ དབུས་ཀྱི་དཔལ་ཆེན་དབུ་ཡི་གསེང་དག་ཏུ༔ ཨོ་རྒྱན་བདག་གི་སྒྲུབ་ཕུག་ངོ་མཚར་ཅན༔ བདུད་རྩི་ཡོན་ཏན་བསྒྲུབས་པའི་གནས་ཡིན་པས༔ བདུད་རྩིའི་ཐོད་པ་རྡོ་ལ་རང་གྲུབ་ཡོད༔ བདུད་རྩིའི་ཟེགས་མ་འཐོར་བའི་ཐིག་ལེ་དང༔ བདུད་རྩིས་བྲིས་པའི་ཡི་གེ་ཨཱཿདཀར་ཡོད༔ རིག་འཛིན་བྲག་ལ་པདྨའི་སྒྲུབ་ཕུག་དང༔ བརྟན་མ་བཅུ་གཉིས་དམ་ལ་བཏགས་རྗེས་ཡོད༔ ཨོ་རྒྱན་བདག་གིས་རྫུ་འཕྲུལ་བསྟན་པ་ནི༔ སྐུ་དང་སྐུ་ཡི་ཆ་ཤས་རྒྱན་རྣམས་གསལ༔ བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་བརླབས་པའི༔ སྐུ་གསུང་ཐུགས་རྟེན་རང་བྱུང་རྣམ་པར་བཀྲ༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཉིད་དང་མཚུངས༔ གནས་འབྲེལ་བྱས་ཚད་རིག་འཛིན་གྲལ་ལ་ཚུད༔ ཚོགས་འཁོར་བྱས་ན་ངན་སོང་སྐྱེ་སྒོ་ཆོད༔ ཕྱག་བསྐོར་གང་བྱེད་ལས་ངན་སྡིག་སྒྲིབ་འདག༔ མཐོང་བ་ཙམ་གྱིས་ཆོས་ཉིད་མངོན་མཐོང་ནས༔ རྩེ་གཅིག་བསྒྲུབ་ན་མཆོག་ལ་ལྟ་ཅི་སྨོས༔ བརྟན་མ་བཅུ་གཉིས་ལྷན་ཅིག་བྲན་དུ་གནས༔ མཐའ་དམག་བཟློག་པའི་ལས་རྣམས་འདི་ནས་བྱ༔ དེ་ལྟ་བུ་ཡོན་ཏན་ལྡན་པའོ༔ དཀར་ཆག་ཐོབ་ལ་གཏེར་དུ་སྦ་བར་མཛོད༔ མ་འོངས་འགྲོ་དོན་ཆེན་པོ་འབྱུང་བར་ངེས༔ ལྷ་སྲས་ཡབ་ཡུམ་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་པས༔ ངང་ཚུལ་རྒྱལ་མོས་སྒྲོན་མེ་བཏེགས་ཏེ༔ ལྷ་སྲས་བདག་གིས་ཡི་གེར་མགྱོགས་པར་བྲིས༔ ཕྱིས་སྒྲུབ་གནས་དེ་ཡི་སྒོ་ཁར་གཏེར་དུ་སྦས༔ འདི་མ་འོངས་པའི་དུས་གནས་འདིའི་ཉེ་བའི་ཆར་སྐྱེ་བར་འདུག་གོ༔ དེའི་དུས་སུ་འཕྲད་པར་ཤོག་ཅིག༔ རྒྱལ་བློན་ཐུགས་འགལ་སྤྱུགས་ན་ཡང༔ ད་དུང་བློ་སེམས་མ་ལོག་པས༔ བོད་ལ་ཕན་ཐབས་འདི་བཞིན་བྱ༔ ཕྱི་རབས་པ་རྣམས་དྲན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པ་རང་ལོ་ཉེར་དགུ་ཁྲུམས་ཟླ་བའི་ཚེས་བཅུ་ལ་ཀུན་དགའ་དཔལ་བཟང་ངེད་གཉིས་ཀྱིས་ཁྲོ་བོ་དབུ་དགུའི་དབུའི་གསེང་ཨོ་རྒྱན་གྱི་སྒྲུབ་ཕུག་གི་སྒོ་གདོང་ནས་སྤྱན་དྲངས་པའོ། །ཤོག་དྲིལ་ཞེང་སོར་བཞི། དཀྱུས་མཐོ་གང་བཞི་འདུག གནས་དེར་ཕབ་པའི་ཡི་གེ་པ་ནི་མཁས་དབང་གཞན་དོན་དང་ཉེ་གནས་རིན་ཆེན་གཉིས་ཀྱིས་བུ་ཡིག་གཉིས་བྲིས། མ་ཕྱིའི་ཕྱེད་ཀ་གཏེར་ཚབ་ཏུ་སྦས། ལྷག་མ་བྱིན་བརླབས་ཞུས། གཏེར་ཤོག་གི་བུ་དཔེ་ལས་བཤུས་པའོ། །དགེ་ལེགས་འཕེལ།
མཆན། ༡. གནས་ཡིག་འདི་ནི་མཆོག་གྱུར་གླིང་པའི་བཀའ་འབུམ་ཀ་པོད་ལས་ཞལ་བཤུས་པའོ། །
༢.གནས་འདི་བཞུགས་པའི་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ༢༩ཙམ་ཕྱིན་པའི༢༡༤རྒྱ་ལམ་གྱི་འགྲམ་དུ་ཡོད། མི་ཕལ་བས་ཆུ་ཚོད་དྲུག་ཙམ་ལ་གནས་བསྐོར་བྱས་ཚེ་རང་བྱོན་དང་དགོན་པ་སོགས་ཞིབ་མཇལ་བྱེད་ཐུབ།
༄༅། །སྐུ་ཡི་ཕྲིན་ལས་གནས་མཆོག་བསྟན་པ་ནི༔ འབྲི་ཀླུང་ཕྱོགས་སུ་ཧེ་ཞེས་བྱ་བ་རུ༔ བྲག་རི་དཀར་པོ་རྡོ་རྗེ་གནམ་བསླངས་འདྲ༔ རྒྱབ་ཀྱི་ཕྱོགས་སུ་ཨོ་རྒྱན་བདག་ཉིད་ཀྱི༔ སྒྲུབ་པ་བྱས་པས་བྲག་ཕུག་གྲུ་བཞི་ཡོད༔ ཕུག་པའི་ནང་ནས་བྲག་སྒོ་བྱེ་བ་ན༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་ཡང་གསལ༔ དེ་ཉིད་སྐུ་ཡི་གནས་མཆོག་ལྔ་རུ་ཤེས༔ སྐུ་ཡི་གནས་གཙོ་སྐུ་གནས་གཅིག་ཏུ་བསྡུ༔ གནས་ཀྱི་སྒོ་འབྱེད་མི་འགྱུར་རྡོ་རྗེ་འབྱུང༔
༄༅། །སྐུ་ཡི་ཕྲིན་ལས་གནས་ཧེ་ཞེས་བྱ་བ་ནི། འབྲི་རྒྱུད་ས་ངན་ཕྱོགས་ཧེ་པ་ཆོས་འབྱུང་བཞུགས་གནས་ཧེ་བྲག་དཀར་ཡིན། དེའི་ཡན་ལག་སྒ་སྟོད་ཕྱོགས་ཀྱི་གཡུ་བྲག་ཡིན་པར་བཞེད། ཡང་ཀུ་སེ་སྡེ་གཞུང་མདོར་ཆུ་བརྒྱུད་དུ་ཧེ་བྲག་ཅེས་གྲགས་པ་ཁྱུང་གྲགས་རྡོ་རྗེས་གནས་སྒོ་ཕྱེས་ཤིང་གཏེར་ཀའང་བཞེས་སྐད་པ་ཞིག་ཀྱང་ཡོད་དོ། །
མཆན། གནས་འདི་བཞུགས་པའི་ཡུལ་ནི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་རོང་དགེ་ཞང་རོང་དགེ་གྲོང་ཡིན།
༄༅། །གནས་མཆོག་ཡོངས་སུ་གྲགས་པ་གཡུ་བྲག་ཅེས་པ་ནི། བྲག་རྡོའི་ཁ་དོག་སོགས་གཡུ་དང་མཚུངས་པ་ཟུར་བཞི་པ་གནས་གཞན་ལ་མེད་པའི་ཁྱད་མཚར་ཞིག་ཡོད་པས། ཁྱད་ཆོས་ཀྱིས་མིང་ལས་དེ་ལྟར་གྲགས། སྤྱི་ལོ་བདུན་བརྒྱ་སུམ་ཅུ་པའི་ཡར་སྔོན་དུ། བོད་ཀྱི་ཡུལ་གཞན་དང་འདྲ་བར། བོད་ཀྱི་གནའ་རབས་ཆོས་ལུགས་བོན་གྱི་གནས་གཞི་མཆོག་ཏུ་གྱུར་པ་ཞིག་ཆགས་ཡོད་ལ། དེའི་དུས་ཚོད་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱ་སོ་དགུ་ཡས་མས་ཙམ་དུ་མངོན། གནས་ཀྱི་གཡོན་ཕྱོགས་སུ་སྟག་ལ་མེ་འབར་གྱི་གནས་རི་ཡོད། མཁྱེན་བརྩེ་རིན་པོ་ཆེ་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཧེ་བྲག་ཅེས་པ་དེ་གནས་གཡུ་བྲག་ལ་ངོས་འཛིན་མཛད། མཁྱེན་བརྩེ་དབང་པོ་ནས། སྒ་སྟོད་གཡུ་བྲག་གི་གནས་འདི་བདུད་འདུལ་རྡོ་རྗེ་ནས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཡོད། གཏེར་ཆེན་མཆོག་གྱུར་གླིང་པ་ནས། གནས་ཆེན་ཉེར་ལྔའི་ནང་ཚན། སྐུའི་ཕྲིན་ལས་ཀྱི་གནས་ཧེ་བྲག་ཏུ་ངོས་འཛིན་པར་མཛད། ཅེས་གསུངས། གནས་རིའི་མིང་ལ་ཧེ་བྲག་དང་། གཡུ་བྲག གནས་མཆོག་རྡོ་རྗེ་རྩེ་རྒྱལ་ཞེས་གྲགས་ལ། བདུད་འདུལ་རྡོ་རྗེའི་གནས་ཡིག་ཀྱང་ད་ལྟ་སྣང་བ་འདི་མེད་དུ་འགྲོ་བར་ཕངས་ཏེ་འོག་ཏུ་བཀོད་ཡོད། ལབ་ཡུལ་ཚོའི་ཁོངས། འབྲི་ཆུའི་རྒྱུད་ཀྱི་འོག སྒྱུ་པ་གྲོང་དང་སྡེ་རྟ་གྲོང་གཉིས་ཀྱི་བར་ན་ཡོད། མཚོ་ངོས་ལས་རྨིད༤༢༠༠ཡས་མས་ཡིན། གནས་དེ་ཤར་ནས་བལྟས་ན་རྡོ་རྗེ་དང་འདྲ་བ། ལྷོ་ནས་བལྟས་ན་རིན་པོ་ཆེ་འབར་བའི་དབྱིབས། ནུབ་ནས་བལྟས་ན་མེ་ཏོག་པདྨ་ལྟ་བུ། བྱང་ངོས་ནས་བལྟས་ན་རལ་གྲི་གྱེན་དུ་ལངས་པ་དང་མཚུངས། དེའི་སྐེད་གཡོན་གྱི་གུ་རུ་པདྨའི་གསང་ཕུག་ནང་ན། སྟེང་དུ་གསང་བ་འདུས་པ་དང་། ཀྱེ་རྡོ་རྗེ། རྡོ་རྗེ་དབྱིངས། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དང་། དེའི་འོག་ཏུ་ཐུགས་རྗེ་ཆེན་པོ། དེའི་འོག་ཏུ་ཤཱཀྱ་ཐུབ་པ། སྤྱན་རས་གཟིགས་དང་སྒྲོལ་མའི་ལྷ་ཚོགས། དེའི་འོག་ཁྲོས་ནག་དང་། དེའི་འོག་ཏུ་ཕྱག་ན་རྡོ་རྗེའི་ལྷ་ཚོགས། སྒོ་སྲུང་རྟ་མགྲིན་སོགས་རང་བྱོན་ཏུ་བཞུགས། མཁྱེན་བརྩེ་དབང་པོ་ནས། གུ་རུའི་གསང་ཕུག་འདི་ནས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཐུགས་ཐིག་སྙིང་པོ་དང་། བི་མ་མི་ཏྲའི་ཚེ་རྫས་ཟླ་བའི་སྙིང་པོ་སོགས་གཏེར་བཞེས་པའི་ཤུལ་ཡོད་ཅེས་གསུངས། གཡས་ཀྱི་གསང་ཕུག་ན། ཀུན་བཟང་ཡབ་ཡུམ་ལ་མངོན་རྫོགས་རྒྱལ་བོ་ལྷ་བཅུ་གསུམ་དང་། མགོན་པོ་དྲུག་ཅུ་རྩ་གཉིས་ཀྱིས་བསྐོར་བ་དང་། སངས་རྒྱས་སྟོང་། སྨན་ལྷའི་ལྷ་ཚོགས་རང་བྱོན་གསལ་བོར་བཞུགས་པར་བཤད། མཁའ་ལ། ཚེ་དཔག་མེད། ཞི་ཁྲོ་གུ་རུ་མཚན་བརྒྱད། གྲུབ་ཆེན་བརྒྱད། ཞི་ཁྲོ་གསང་འདུས། ཐོད་ཕྲེང་སྡེ་ལྔ། རིག་འཛིན་བརྒྱད། རྡོ་རྗེ་ཕག་མོ། གུ་རུའི་དྲག་པོའི་རིགས། སངས་རྒྱས་ཐོད་པ། གདན་བཞི། དུས་འཁོར་སོགས་དང་། རྒྱལ་བ་རིགས་ལྔ། ནོར་ལྷ། སྒོ་སྲུང་མི་གཡོ་བ་དང་། བདུད་རྩི་འཁྱིལ་པ་སོགས་ཀྱི་རང་བྱོན། རིའི་གོང་བར། རིག་འཛིན་གསང་ཕུག་ཅེས་པར། གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་རྗེས། བདེ་ཆེན་རང་གྲོལ་གསང་ཕུག་ཏུ་གུ་རུ་ཡབ་ཡུམ་དང་། མཁའ་འགྲོ་མའི་ཞབས་རྗེས་གསལ་བར་བཞུགས། དེའི་འོག་ངོས་སུ་ཡང་མཁའ་འགྲོའི་ཞབས་རྗེས་དང་། གོང་དུ་བི་མ་མི་ཏྲའི་སྐུ་རྗེས། གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས་སོགས་དང་། ཕར་ནང་བྲག་དཀར་རྩེར། པདྨ་འབྱུང་གནས་ཀྱི་སྐུ་རྗེས། དེའི་འོག་དམར་ནག་གྲུ་གསུམ་ན། གུ་རུ་ཡབ་ཡུམ་སྐུ་རྗེས་དང་། མཁའ་འགྲོའི་ཞབས་རྗེས། དེའི་འོག་མ་མོའི་གསང་ཕུག་ཏུ། རྟ་ཕབ་ཡབ་ཡུམ་རང་བྱོན། ལ་ཡི་འོག་ཤར་ངོས་ཀྱི་ཕུག་པར་འཇམ་དཔལ་སྨྲ་སེང་དང་། ཡེ་ཤེས་མཚོ་རྒྱལ་རང་བྱོན། དེའི་འོག་བཀྲ་ཤིས་རྟགས་བརྒྱད་དང་། སིདྡྷི་འབྲུ་བཅུ་གཉིས་རང་བྱོན་དང་། དུར་ཁྲོད་བརྒྱད་གསལ། གཞུང་གི་ཕ་ཝང་ལ་བསམ་ཡས་ཆགས་ཚུལ་རང་བྱོན་དང་། སྐུ་གསུང་ཐུགས་རྟེན་རང་བྱོན། རུ་ཏྲ་བསྒྲལ་བའི་ཞབས་རྗེས་བཅས་ཡོད།
གནས་གཡུ་བྲག་གནས་ཀྱི་དཀར་ཆག་ལ་རིག་འཛིན་པདྨ་འབྱུང་གནས་ནས། གནས་མཆོག་རྡོ་རྗེ་རྩེ་རྒྱལ་དང་། གསང་ཕུག་གི་གནས་ངོ་སྤྲོད་མཛད་པ་ནི། ང་ཡི་སྒྲུབ་གནས་ཁྱད་འཕགས་ཅན། །ཧེ་བྲག་ཅེས་བྱ་སྒྱུ་ཡི་གནས། །རི་བོ་ཟངས་མདོག་དཔལ་རིའི་དབྱིབས། །ཤར་ནས་མཇལ་ན་རྡོ་རྗེ་འདྲ། །ལྷོ་ནས་མཇལ་ན་རིན་ཆེན་འདྲ། །ནུབ་ནས་མཇལ་ན་པདྨ་འདྲ། །བྱང་ནས་མཇལ་ན་རལ་གྲི་འདྲ། །ཞི་རྒྱས་དབང་དྲག་བཞི་ཡི་ཚུལ། །རྡོ་རྗེ་གདན་དང་རྔ་ཡབ་གླིང་དང་ནི། །པོ་ཏ་ལ་དང་དབྱེར་མ་མཆིས་པའི་གནས། །ཏི་སེ་ཆུ་བོ་རི་དང་ཙཱ་རི་དང་། །ཤེལ་བྲག་མཁར་ཆུ་ཡེར་བ་ཟླ་བ་ཕུག །བྲག་དཀར་ལྷ་སའི་སྤོ་བོ་བྲག་དཀར་དང་། །སྤྱི་འཇོམས་གོ་བོ་ཕུག་དང་སྒམ་པོའི་གནས། །རོང་བཙན་ཁ་བ་དཀར་དང་རྩེ་ལྔ་སོགས། །གནས་ཆེན་སྟོང་དང་གནས་ཕྲན་བྱེ་བ་ཡིས། །ཉི་ཟླ་འོད་ལ་འགྲན་ཟླ་མ་མཆིས་བཞིན། །རྡོ་རྗེ་རྩེ་རྒྱལ་ཞེས་བྱའི་གནས་མཆོག་ནི། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པའི་ཕུག །སེམས་ཅན་ཐམས་ཅད་སྨིན་གྲོལ་བཀོད་པའི་ཕྱིར། །ཕྱི་ནང་གསང་གསུམ་དཀྱིལ་འཁོར་བཞུགས་པའི་གནས། །རྒྱ་གར་རྡོ་རྗེ་གདན་གྱི་དབྱིབས་དང་མཚུངས། །ཕྱི་ཡི་ཕྱོགས་བཞི་ཁོར་ཡུག་དག་ལ་ནི། །དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཆགས་ཚུལ་ནི། །མེ་བརྒྱད་ཆུ་བརྒྱད་མཆོད་རྟེན་བརྒྱད། །ཤིང་བརྒྱད་སྤྲིན་བརྒྱད་ཁྲོ་བོ་བརྒྱད། །གྲུབ་ཐོབ་བརྒྱད་དང་ཞིང་སྐྱོང་བརྒྱད། །ཕྱོགས་སྐྱོང་རྣམས་ནི་བཞུགས་པ་ཡིན། །རྡོ་རྗེ་རྩེ་རྒྱལ་གཡོན་གྱི་གསང་ཕུག་གི །དཀྱིལ་འཁོར་ལྷ་ཚོགས་མང་པོའི་བཞུགས་ཚུལ་ནི། །དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་དང་། །དེ་བཞིན་གསང་བ་འདུས་པ་མི་བསྐྱོད་པའི་ལྷ་ཚོགས་དང་། །དཔལ་འཇམ་དཔལ་རྡོ་རྗེའི་ལྷ་ཚོགས་དང་། །དཔལ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། །ཡི་དམ་ཀྱེ་ཡི་རྡོ་རྗེའི་ལྷ་ཚོགས་དང་། །དཔལ་རྡོ་རྗེ་གུར་གྱི་ལྷ་ཚོགས་དང་། །མ་གཅིག་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་དང་། །ཇོ་བོ་འཁོར་བ་དབྱིངས་སྒྲོལ་གྱི་ལྷ་ཚོགས་དང་། །དེ་ཡི་འོག་ཏུ་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་ལྷ་ཚོགས། དེའི་འོག་ཏུ་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས། དེའི་འོག་ཏུ་ཇོ་བོ་ཤཱཀྱ་མུ་ནེའི་ལྷ་ཚོགས་དང་། འཁོར་བ་དོང་སྤྲུགས་ཀྱི་ལྷ་ཚོགས། ཇོ་བོ་ངན་སོང་ཀུན་སྐྱོབ་ཀྱི་ལྷ་ཚོགས། རྗེ་བཙུན་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་དང་། སྒྲོལ་མ་དཀར་སྔོན་སོགས་ལྷ་ཚོགས་མང་དུ་བཞུགས། དེའི་འོག་ཏུ་ཡུམ་ཆེན་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་དང་། དེའི་འོག་ཏུ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཚོགས་དང་། སྒོ་སྲུང་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་ལྷ་ཚོགས་རྣམས་དང་། སྒོ་སྲུང་གཡུ་བཙན་དང་། གཞན་ཡང་ལྷ་མང་དུ་བཞུགས། རྡོ་རྗེ་རྩེ་རྒྱལ་གསང་ཕུག་གཡས་པ་ན། ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ། མགོན་པོ་དྲུག་ཅུ་རྩ་གཉིས་དང་། མངོན་རྫོགས་དཔའ་བོ་བཅུ་གསུམ་འཁོར་གྱིས་བསྐོར་ནས་བཞུགས། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གསལ་བར་བཞུགས། སངས་རྒྱས་སྨན་གྱི་ལྷ་ཚོགས་ཕྱི་ནང་གཉིས་ཀ་གསལ་བར་བཞུགས། མཁའ་ལ་མགོན་པོ་ཚེ་དཔག་མེད་པའི་ལྷ་ཚོགས་དང་། ཞི་ཁྲོ་བདེ་བཤེགས་འདུས་པའི་ལྷ་ཚོགས་དང་། གྲུབ་ཆེན་བརྒྱད་ཀྱི་ལྷ་ཚོགས། ཞི་ཁྲོ་གསང་བ་འདུས་པའི་ལྷ་ཚོགས་དང་། སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ལྷ་ཚོགས། ཐོད་ཕྲེང་སྡེ་ལྔའི་ལྷ་ཚོགས་བཅས་གསལ་བར་བཞུགས། མཆོག་སྤྲུལ་རིག་འཛིན་བརྒྱད་དང་མ་གཅིག་རྡོ་རྗེ་ཕག་མོའི་ལྷ་ཚོགས། ཡི་དམ་གུ་རུ་དྲག་པོའི་ལྷ་ཚོགས་དང་། གུ་རུ་རྡོ་རྗེ་དྲག་པོའི་རྩལ་གྱི་ལྷ་ཚོགས་དང་། སངས་རྒྱས་ཐོད་པའི་ལྷ་ཚོགས་དང་། མ་ཧཱ་མཱ་ཡའི་ལྷ་ཚོགས། རྡོ་རྗེ་གདན་བཞིའི་ལྷ་ཚོགས་དང་། དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་གསལ་བར་བཞུགས། དེའི་འོག་ཏུ་སངས་རྒྱས་རྣམ་པར་སྣང་མཛད་དང་། རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་བཞུགས། རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་གསུམ་དང་། གཏུམ་པོ་བཞི་བཞུགས། བཀྲ་ཤིས་ལྷ་མོ་བརྒྱད། ཁྲོ་བོ་བཞི། སྒོ་མ་བཞི་གསལ་བར་བཞུགས་ལ། ཁྲོ་བོ་དང་ཁྲོ་མོ་མང་པོ་བཞུགས། དེའི་འོག་ཏུ་གནོད་སྦྱིན་ར་གདོང་ཅན་དང་། གནོད་སྦྱིན་ཀུ་བེ་ར་དང་། ནོར་ལྷ་ཛཾ་བྷ་ལ་དང་། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ལ་སོགས་ཁྲོ་བོ་མང་པོ་དང་། སྒོ་སྲུང་ལ་ཁྲོ་བོ་མི་གཡོ་བ་དང་། བདུད་རྩི་འཁྱིལ་པའི་ལྷ་ཚོགས་རྣམས་དང་། བཀའ་སྲུང་དང་གཏེར་སྲུང་། དཔལ་མགོན་དང་དྲེགས་པ་སྡེ་བརྒྱད་ལྷ་ཚོགས་རྣམས་དང་། ཡང་ལྷ་ཚོགས་ལ་ལ་ནི་སྐུ་གཟུགས་ཀྱི་ཚལ་དང་། ལ་ལ་ནི་རིང་བསྲེལ་གྱི་ཚུལ་དུ་བཞུགས། ལ་ལ་མཆོད་རྟེན་ཀྱི་ཚུལ་དང་། ལ་ལ་ནི་ཡིག་འབྲུའི་ཚུལ་དུ་བཞུགས། རིའི་གོང་ཕུག་རིག་འཛིན་གསང་ཕུག་ཏུ་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་རྗེས་གསལ་བར་བཞུགས་ཤིང་། གཞན་ལྷ་ཚོགས་ཀྱང་མང་དུ་བཞུགས། བདེ་ཆེན་རང་གྲོལ་གསང་ཕུག་ཏུ། པད་འབྱུང་ཡབ་ཡུམ་སྐུ་དང་ཕྱག་རྗེས་དང་། ཌཱཀི་རྣམས་ཀྱི་ཞབས་རྗེས་གསལ་བར་ཡོད། མཚན་ནི་མ་ཟིན་ལྷ་ནི་འབུམ་ཚོགས་དུ་མ་ཡོད། རྡོ་མཐེ་མོ་ཙམ་ལ་ལྷ་རེ་ཡོད། ཁྲོ་རྒྱལ་ཁྲོ་མོ་མང་དུ་བཞུགས། དེའི་འོག་མ་རུང་གདུག་པ་འདུལ་བའི་ཕྱིར། ཞིང་སྐྱོང་ཀུན་དགའ་གཞོན་ནུ་བཞུགས། དེའི་གཡས་སུ་སངས་རྒྱས་སྨན་བླའི་ལྷུང་བཟེད་དང་། གཡས་གཡོན་མཁའ་འགྲོའི་ཕྱག་ཞབས་རྗེས་གསར་པ་མང་པོ་བཞུགས། དེའི་གོང་དུ་སློབ་དཔོན་བི་མ་ལ་མི་ཏྲའི་སྐུ་རྗེས་གསལ་བར་བཞུགས་ཡོད། དེའི་གོང་དུ་གྲུབ་ཆེན་བརྒྱད་ཅུའི་ཞབས་རྗེས་བཞུགས། དེའི་འོག་དམ་ཅན་ར་གདོང་ཅན་དང་བཅས་པའི་གུ་རུ་མཚན་བརྒྱད་དཀྱིལ་འཁོར་གསལ་བར་བཞུགས། དེའི་གཡས་ཀྱི་ཆོས་ལུང་ནང་དུ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་དང་། རྡོ་རྗེ་ཕག་མོའི་དཀྱིལ་འཁོར་རྒྱས་པར་ཡོད། ཞིང་སྐྱོང་ལ་ལ་མགོན་པོའི་དཀྱིལ་འཁོར་བཞུགས། ཕར་ནང་བྲག་དཀར་རྩེ་ལ་ཨུ་རྒྱན་རིན་པོ་ཆེའི་སྐུ་རྗེས་དང་། ཆོས་སྐྱོང་བྱ་རོག་གདོང་ཅན་བཞུགས། དེའི་འོག་དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ན། སློབ་དཔོན་པདྨ་ཡབ་ཡུམ་སྐུ་རྗེས་གསལ། དཔའ་བོ་མཁའ་འགྲོའི་ཞབས་རྗེས་མང་དུ་བཞུགས། དེའི་འོག་ཏུ་དབུས་སུ་སངས་རྒྱས་སྟོང་གི་སྐུ་དང་། རིང་བསྲེལ་མང་དུ་བཞུགས། དེའི་འོག་མ་མོའི་གསང་ཕུག་ལ་ཁྲོ་མོ་འབུམ་ཕྲག་གི་སྐུ་བཞུགས། མ་བདུན་གསང་བའི་ཕོ་བྲང་ལ། རྟ་ཕག་ཡིད་བཞིན་ནོར་བུའི་སྐུ་དངོས་སུ་བཞུགས། དེའི་འོག་ཏུ་འབྱུང་པོ་འདུལ་བྱེད་སྐུ་དང་། ཞི་ཁྲོ་བདེ་གཤེགས་འདུས་པའི་དཀྱིལ་འཁོར། དེའི་གོང་དུ་ཨོ་རྒྱན་པདྨའི་སྐུ་དང་། པད་ཞྭ། རྔ་ལ་སོགས་པ་བཞུགས། བཀྲ་ཤིས་ལ་ཁར་ཆོས་ཀྱི་རྒྱལ་པོ་བཞུགས། ལ་ཡི་འོག་གི་ཤར་གྱི་ཕུག་ལ་ནི། འཇམ་དཔལ་སྤྲུལ་པའི་སེང་གེ་དང་། ཡེ་ཤེས་མཚོ་རྒྱལ་བཞུགས། དེའི་འོག་ཏུ་བཀྲ་ཤིས་པའི་རྟགས་བརྒྱད་ཡོད། ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གནས་ཆེན་མདུན་གྱི་ཤེལ་གྱི་ཕ་ཝང་ལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཆགས་ཚུལ་བཞུགས། གཞུང་གི་ཕ་ཝང་ལ་བསམ་ཡས་ཆགས་ཚུལ་བཞུགས། སྐུ་ཡི་རྟེན་དང་། གསུང་གི་རྟེན་དང་། ཐུགས་ཀྱི་རྟེན་ཡང་མང་དུ་བཞུགས། མཆོད་རྟེན་རེ་ལ་གཞལ་ཡས་ཁང་རེ་བཞུགས། མ་ཚོགས་མཁའ་འགྲོས་ཚོགས་འཁོར་བསྐོར་བ་དང་། །དཔའ་བོ་མཁའ་འགྲོ་ཚོགས་འཁོར་བསྐོར་བ་ཡིན། །ཁྲོ་བོ་ཁྲོ་མོས་རུ་ཊ་བསྒྲལ་བ་ཡིན། །དེ་ཡི་རྟགས་སུ་ཞབས་རྗེས་ཁྲིགས་སེ་ཡོད། །མ་ཏྲཾ་རུ་ཏྲའི་ཀླད་པ་སྙིང་ཁྲག་གིས། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེངས་པ་ཡིན། །རིག་འཛིན་བདག་ལ་ལུང་བསྟན་བྱུང་བ་ལྟར། །གནས་ཆེན་དག་གི་མདུན་དུ་ཕྱིན་པའི་ཚེ། །ཡོན་བདག་ལྷན་ཅིག་ཆོས་མཛད་མང་པོ་བཅས། །ཟབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས། །ནམ་མཁའ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཡི་དམ་ལྷ་ཚོགས་སྤྲིན་ལྟར་འཁྲིགས། །མ་ཚོགས་མཁའ་འགྲོ་ཆར་ལྟར་འབེབས། །དེར་བྱོན་པ་ཀུན་གྱིས་མངོན་སུམ་མཐོང་། །ཉི་མས་གུར་ཕུབ་ཡེ་ཤེས་ལྔ་ཡི་གཟུགས། །འཇའ་འོད་སྣ་ལྔའི་གུར་ཁང་ཕུབ། །ཟླ་བས་གུར་ཕུབ་གཡུ་ཡི་ན་བུན་གཏིབས། །དུང་གི་ཁུ་འཕང་བཀྲ་ཤིས་རྫས་བརྒྱད་འཆར། །གནས་དེར་སྨིན་གྲོལ་སྟོན་པའི་དུས། །འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ། །གནས་ཆེན་བྱིན་འབེབས་བྱེད་པའི་ཕྱིར། །ཡ་མཚན་ལྟད་མོ་ཀུན་གྱིས་མཐོང་། །མི་བདེན་བསམ་པའི་སེམས་ཅན་རྣམས། །མིག་གི་ལྟོས་ལ་སེམས་ཀྱིས་དཔྱོད། །ལྷ་དང་འདྲེ་གཉིས་མ་ནོར་ཅིག །ཆོས་དང་ཆོས་མིན་མ་ནོར་ཅིག །ཚེ་ཚད་དྲུག་ཅུ་ཁ་རལ་དུས། །བདུད་ཀྱི་སྤྲུལ་པ་ཕོ་མོ་འབྱུང་། །མགོ་གཡོག་བསླུ་བས་དེ་ལ་ཞེན། །སངས་རྒྱས་ཆོས་མི་བདེན་ཟེར་འོངས། །སེར་གཟུགས་ཆོས་མིན་བསླུ་བྲིད་མཁས་པ་དེས། །རྒྱལ་འགོང་སེམས་ཞུགས་འགྲོ་ལ་གནོད་པ་སྐྱེལ། །མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་གཟིགས། །སེམས་ཅན་མང་པོའི་སྲོག་ལ་ཧབ་ཐོབ་བྱེད། །དེ་ལ་བློ་གཏད་མཆོད་གནས་བྱེད་པའི་དུས། །དེ་ནི་མི་བདེན་བདུད་ཀྱི་ལུང་བསྟན་ཡིན། །བློ་གཏད་མ་བྱེད་སྐལ་ལྡན་སློབ་མ་རྣམས། །ཨེ་མ་ཧོ༔ གནས་འདིར་ཕྱག་བསྐོར་འབྲེལ་བའི་ཕན་ཡོན་ནི། །མཁའ་འགྲོའི་ལུང་བསྟན་བླ་མའི་ཞལ་རྒྱུན་དང་། །རྣལ་འབྱོར་བདག་གི་ཉམས་རྟོགས་གང་བྱུང་དེ། །མདོར་བསྡུས་ངེས་པའི་སྒོ་ནས་ལེགས་པར་བཀོད། །བསྐོར་བ་བཅུ་གཉིས་བརྒྱ་ཕྱག་བཅུ་གཉིས་ལ། །མ་ཎི་དུང་རྒྱུན་བཟླས་པའི་ཕན་ཡོན་ཡོད། །སེམས་ཅན་ཐམས་ཅད་བདེ་ལྡན་ཆོས་སྤྱོད་ཕྱིར། །བསྟན་འཛིན་སྐྱེས་བུ་སྐུ་ཚེ་བརྟན་པའི་ཕྱིར། །འབྲུ་ནོར་འཕེལ་ཞིང་བསོད་ནམས་རྒྱས་པའི་ཕྱིར། །བསྐོར་བ་གསུམ་དང་བརྒྱ་ཕྱག་གསུམ། །བཛྲ་གུ་རུ་ཁྲི་ཚོ་གསུམ། །དེ་གསུམ་གཅིག་བསྡུས་བཅོ་ལྔ་པོར། མ་ཎི་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ནི་ངེས་པར་ཡོད། ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་པདྨ་སི་དྡྷི་ཧཱུྃ༔ གང་ཞིག་གནས་མཆོག་འདི་ལ་ཕྱག་བསྐོར་སུས་བྱས་པ། །ཤན་པ་ཡིན་ཀྱང་མཐོ་རིས་གནས་སུ་སྐྱེ། །གང་ཞིག་གནས་མཆོག་འདི་ལ་སྒོམ་སྒྲུབ་སུས་བྱས་པ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་གནས་མཆོག་འདི་ཡི་མཚན་ཉིད་ཙམ། །རྣམ་ཐོས་མཚན་ཉིད་དེ་ནི་བརྗོད་པ་ན། །ཐོས་པའི་མི་རྣམས་ནད་གདོན་ཀུན་ལས་གྲོལ། །གནས་མཆོག་འདི་ལ་མོས་གུས་སུས་བྱས་པ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར། །གནས་མཆོག་འདི་ལ་མར་མེ་བདུག་སྤོས་ཕུལ། །ཚོགས་གཉིས་རྫོགས་ལ་ལྷ་ཡི་ཞལ་མཐོང་ངོ་། །གནས་བསྐོར་མཁན་ལ་འཚོ་བ་སྦྱར་བ་དང་། །ཆུ་དང་མེ་ཤིང་མཐུན་སྦྱོར་སུས་བྱས་ཀྱང་། །ཡི་དྭགས་མི་སྐྱེ་ཚེ་རིང་ནད་མེད་འགྱུར། །ཇོ་དར་སྙན་དར་མར་མེ་སུས་གསོལ་བ། །ལོངས་སྤྱོད་ཆེ་ཞིང་ལྷ་ཡི་གོ་འཕང་ཐོབ། །གནས་འདིར་ཞིག་གསོ་ལམ་འཕྲང་སུས་བཅོས་པ། །མྱ་ངན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར། །གཞན་གྱི་བྱས་པར་རྗེས་སུ་ཡི་རང་ན། །དམ་ཆོས་སྤྱོད་པའི་འབྲས་བུ་ཐོབ་པར་འགྱུར། །གནས་མཆོག་འདི་ལ་ཚོགས་འཁོར་སུས་ཕུལ་པ། །མི་ནོར་ཟས་ཀྱི་དངོས་གྲུབ་འབྱུང་བར་ངེས། །བསོད་ནམས་བསགས་པས་གནས་མཆོག་འདི་དང་མཇལ། །དད་པ་ཅན་རྣམས་བསོད་ནམས་གསོག་པར་ངེས། །ཕྱག་བསྐོར་མཛོད་ཅིག་ཐེ་ཚོམ་མ་ཟ་ཞིག །སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་དེ་ལྟར་གསུངས། །ད་ལྟ་འབྱོན་པ་རྣམས་ཀྱིས་འདི་ལྟར་གསུངས། །ཐེ་ཚོམ་མ་མཛད་སྐལ་ལྡན་ཕོ་མོ་རྣམས། །དད་པར་ཐང་ལྷོད་མ་མཛད་སྐལ་ལྡན་རྣམས། །རྒྱང་ཉེ་རིང་མེད་པར་གསོལ་བཏབ་ན། །མཆོག་ཐུན་མོང་དངོས་གྲུབ་ཐོབ་པར་ངེས། །གནས་མཆོག་འདི་ལ་གུས་པས་སྲུང་སྐྱོབ་བྱེད། །ཨོ་རྒྱན་དག་པ་མཁའ་སྤྱོད་གནས་སུ་སྐྱེ། །གནས་མཆོག་འདི་ཡི་ཕྱོགས་བཞི་མཚམས་བརྒྱད་ནས། །བྱ་ཚང་རློག་དང་རི་དྭགས་སུས་བསད་དང་། །གནས་འདི་མི་བཞུགས་ངག་འཆལ་སུས་སྨྲས་དང་། །གནས་བསྐོར་མཁན་ལ་བརྐུ་འཕྲོག་ངན་སེམས་བྱེད། ཡུལ་ཕྱོགས་འདི་དང་ལྷག་པར་གནས་རི་ལ། །བསམ་ངན་སྦྱོར་རྩུབ་ངང་ནས་གནོད་འཚེ་དང་། །གནས་རྡོ་རིང་བསྲེལ་བརྡུང་ཞིང་རྩི་ཤིང་ནགས་ཚལ་བྲེག །རི་དྭགས་བྱ་གཅན་སྣ་ཚོགས་གསོད་ཅིང་ཀླུ་ཤིང་འཐུ། །དེ་འདྲ་བྱེད་དང་དམ་ཚིག་ཉམས་པ་སྟེ། །བླ་མ་ཡི་དམ་མཁའ་འགྲོའི་བདེན་སྟོབས་དང་། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་མཐུ་སྟོབས་དང་། །ཀླུ་བདུད་རྡོ་རྗེ་དགྲ་འདུལ་ནུས་སྟོབས་དང་། །ཆོས་སྐྱོང་ར་ཧུ་ལ་ཡི་དྲག་རྩལ་གྱིས། །བདེན་རྫུན་མྱུར་སྟོན་ལས་མཁན་དཔའ་ཟས་མཛོད། །བཛྲ་ས་མ་ཛཿམ་ཧཱ་ཀ་ལ་པུཥྚཾ། ར་ཧུ་ལ་ར་ར༔ ཞེས་གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་། གཏེར་སློབ་ཀུན་དགའ་རྡོ་རྗེ་རྣམ་གཉིས་ཀྱིས། གནས་སྒོ་ཕྱེས་ནས་དཀར་ཆག་ཏུ་རྒྱས་པར་བཀོད་པའོ། །
མཆན། ༡ གོང་གི་གནས་ཡིག་འདི་གཉིས་ནི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་ཁྲི་འདུ་ཆོས་འབྱུང་ཞེས་པའི་དཔེ་དེབ་ལས་ཞལ་བཤུས་པའོ། ། ༢.གནས་འདི་ནི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ལབ་ཞང་གཞི་བ་གྲོང་གི་མདུན་ཕྱོགས་སུ་ཡོད། འབྲི་ཆུ་ཟམ་ཆེན་ཁ་ནས་གཞི་བ་ལུང་མདའ་རུ་སྤྱི་ལེ༡༩ཡོད། གཞི་བ་ལུང་མདའ་ནས་གནས་བར་དུ་སྤྱི་ལེ༤ལྷག་ཙམ་ཡོད། བསྐོར་བ་གཅིག་ལ་མི་ཕལ་བས་དུས་ཚོད༤ཙམ་བྱེད་དགོས།
༄༅། །ད་ནི་གསུང་གི་གནས་ལྔ་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་སྤོ་བོ་ཞེས་བྱ་བ༔ གསུང་གི་གནས་གཙོ་དགའ་བ་ལུང་ཞེས་བྱ༔ ལུང་པ་ཨ་ཡིག་ཚུལ་གྱི་དབུས་མ་རུ༔ རང་བྱུང་ཁྱད་འཕགས་རྡོ་སྐུ་རྣམ་ལྔ་བཞུགས༔ འདོན་པའི་སྐྱེས་བུ་བསམ་གཏན་གླིང་ཞེས་འབྱུང༔
༄༅། །གསུང་གི་གནས་གཙོ་སྤུ་བོ་དགའ་བ་ལུང་ནི། པདྨ་བཀོད་ཆེན་གྱི་བྱང་ཕྱོགས་དྲག་པོ་བཀོད་ཆུང་ཞེས་བྱ་བ་གཏེར་ཆེན་སྟག་ཤམ་རྡོ་རྗེས་གནས་སྒོ་ཕྱེས། སྐུ་རྟེན་རྟ་ཕག་ཡབ་ཡུམ་སྐུ་ངོ་མཚར་བ་དང་།
༄༅། །དགའ་བ་ལུང་གི་གནས་ཡིག་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
༈ན་མོ་ཨ་མི་ཏཱ་བྷ་ལོ་ཀེེ་ཤྭ་ར་པདྨ་ཀཱ་ར་ཡེ། །ངོ་བོ་གདོད་ནས་མཁའ་ལྟར་རྣམ་དག་དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་མཚན་དཔེའི་རབ་སྤྲས་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེས་གང་འདུལ་སོ་སོར་སྐུར་སྟོན་མ་ངེས་ལྔ་ལྡན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་རིག་བླ་མར་སྙིང་ནས་འདུད་དོ་བརྩེ་བས་གཟིགས། །ནུབ་ཕྱོགས་བདེ་ཅན་རྣམ་དག་ཞིང་ཁམས་ན། །སྲས་བཅས་རྒྱལ་བ་རྒྱ་མཚོའི་མགོན་པོ་མཆོག །གསུང་གི་རིགས་གཙོ་བཅོམ་ལྡན་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་རི་བོ་གྲུ་འཛིན་ཕོ་བྲང་ན། །མཁྱེན་བརྩེའི་མངའ་བདག་བྱང་སེམས་འགྲོ་བའི་གཉེན། །འཁོར་བ་དུང་སྤྲུགས་ལོངས་སྐུ་ཐུགས་རྗེ་ཅན། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཉིད་ཐུགས་རྗེས་སིནྡྷུ་རོལ་པའི་མཚོར། །གེ་སར་ལས་འཁྲུངས་སྤྲུལ་སྐུ་མཐུ་སྟོབས་བདག །ལོག་འདྲེན་ཚར་གཅོད་རྒྱ་བོད་ཆོས་ལ་བཀོད། །རྗེ་བཙུན་པད་མ་ཐོད་ཕྲེང་སྤྱི་བོས་མཆོད། །མཚུངས་མེད་དྲིན་ཅན་ཀརྨའི་མཚན་ཅན་དང་། །ཚེ་རབས་ལྷ་སྐལ་རྡོ་རྗེ་རྣལ་འབྱོར་མ། །སྤྲུལ་སྐུ་མཚོ་རྒྱལ་མ་གཅིག་ལབ་སྒྲོན་སོགས། །འགྲོ་བའི་དོན་མཛད་རྣམས་ལ་གུས་ཕྱག་འཚལ། །རྡོ་རྗེ་འཆང་དང་རྡོ་རྗེ་དབྱིངས་ཕྱུག་མ། །པདྨའི་སྤྱན་སྔར་ཁས་བླང་དམ་བཅས་པ། །ཁྱད་པར་གནས་འདིའི་བཀའ་སྲུང་དམ་ཅན་རྣམས། །ཉེ་བར་བརྟེན་ནོ་དམ་ཚིག་ཚུལ་བཞིན་སྲུངས། །བདེ་ཆེན་ཞིང་ཁམས་དབྱེར་མེད་དགའ་བ་ལུང་། །དག་སྣང་དཔའ་བོ་ཌཱཀྐིའི་ལུང་བསྟན་དང་། །ཞལ་གཟིགས་ཡི་གེར་བཀོད་འདིས་གནས་སྲུང་ཚོགས། །རུ་ང་མ་བྱེད་བདག་གི་གྲོགས་མཛོད་ཅིག །
༈ དེ་ལ་ཁོ་མོའི་ལོ་རྒྱུས་བརྗོད་པ་ནི། །སྔོན་གྱི་ལས་འཕྲོ་ཡུལ་གྱི་སྐལ་བ་ཡང་། །སྤོ་བོའི་ལུང་དུ་ཇི་ལྟར་སྐྱེས་ཚུལ་དང་། །སྔོན་གནས་རབ་རིབ་རྗེས་སུ་དྲན་པ་དང་། །ལས་ཀྱི་འཕྲོ་སད་བླ་མ་བསྟེན་ཚུལ་དང་། །གདམས་ངག་ཇི་ལྟར་ཞུས་དང་ཉམས་ལེན་དང་། །སྒོམ་རྟགས་ལག་རྗེས་ཇི་ལྟར་བྱུང་བ་དང་། །དུས་གསུམ་ཀུན་མཁྱེན་སློབ་དཔོན་པདྨ་དང་། །ཌཱཀྐི་མ་ཡིས་ལུང་བསྟན་བརྡ་སྟོན་དང་། །ཡང་དག་དོན་གྱི་དབང་བསྐུར་ཐོབ་ཚུལ་དང་། །གཞན་ཡང་གསང་བའི་ལུང་བསྟན་དག་སྣང་སོགས། །གསང་སྒྲོག་འགྱུར་ཕྱིར་ཟུར་དུ་བཀོད་པར་སྤྲོ། །གསང་སྔགས་སྣོད་ལྡན་རྣམས་ཀྱིས་དེ་རུ་གཟིགས། །སྐྱེ་བ་དམན་པས་བསོད་ནམས་ཆུང་སྙམ་ཀྱང་། །འདི་ཡང་སྟོན་པ་སངས་རྒྱས་ཞལ་ནས་སུ། །བྱང་ཆུབ་སེམས་ལ་ཕོ་མོ་མེད་ཅེས་གསུངས། །ཟ་ཧོར་རྒྱལ་པོའི་སྲས་མོ་མནྡྷ་རས། །མི་ཕྱེད་ཡིན་ཀྱང་བྱང་ཆུབ་སྒྲུབ་ཏུ་ཡོད། །ཅེས་གསུངས་རྒྱ་གར་འཕགས་ཡུལ་བོད་ལ་སོགས། །སྐྱེས་དམན་རྟེན་ལ་གྲུབ་ཐོབ་མང་དུ་བྱོན། །ཁྱད་པར་གསང་སྔགས་བླ་མེད་སྐབས་སུ་ནི། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་བསྔགས་པ་མང་། །དེ་ཕྱིར་ཆོས་ལ་འཇུག་འདོད་བཙུན་མའི་གྲོགས། །སྐྱེ་བ་དམན་ཞེས་ཞུམ་ཞུམ་མི་དགོས་ཏེ། །སྙིང་རུས་བརྩོན་འགྲུས་སྡུག་བསྲན་སྒྲུབ་ནུས་ན། །འབྲས་བུ་སངས་རྒྱས་ལག་པའི་མཐིལ་ན་གདའ། །དམ་ཆོས་འདུལ་བར་དགག་བྱར་གསུངས་ནའང་། །ཐེག་པ་དེ་ཡིས་ལུགས་སུ་གོ་དགོས་སོ། །བླ་མེད་སྐབས་སུ་སྨོད་ན་རྩ་ལྟུང་གསུངས། །རྣམ་པ་ཀུན་ཏུ་དགག་པར་རུང་མ་ཡིན། །ཆོས་དང་མི་མཐུན་བསྟན་པའི་ཞབས་འདྲེན་པའི། །སྐྱེ་རྒྱལ་བཙུན་གཟུགས་ཡིན་རུང་ཅི་ཞིག་སྨོན། །འོན་ཀྱང་དག་པའི་སྣང་བ་སྦྱོང་ན་འཐད། །ལར་ན་མི་ལུས་དོན་ཡོད་མ་གྱུར་ན། །རིན་ཆེན་གསེར་ལས་གྲུབ་ཀྱང་དགོས་པ་ཅི། །དེ་ཕྱིར་རང་དོན་སྒྲུབ་ན་མི་ལེགས་སམ། །བདག་ནི་འཁོར་བའི་ཆོས་ལ་ཞན་ལོག་སྟེ། །ཉིན་མཚན་ཐུན་སྒྲིལ་ལུས་ངག་དགེ་སྦྱོར་དང་། །ཁྱད་པར་ཉེར་སྒྲུབ་རིམ་གཉིས་ཟུང་འཇུག་གི །བླ་མའི་མན་ངག་སྒྲུབ་ལ་ལྷུར་བླངས་ཏེ། །དབེན་པར་བཅད་རྒྱ་ངག་མཚམས་དུས་འདའ་ཞིང་། །བྱ་དཀའ་དོན་ཆུང་དགོས་དགོས་མང་པོ་ཡང་། །མཆིལ་མའི་ཐལ་བ་ཙམ་དུ་མ་ཆགས་པར། །སྐད་ཅིག་རིག་པའི་སྟེང་དུ་དམར་ཐག་བཅད། །ཆོས་སྐུ་རྒྱལ་པོས་གཏན་སྲིད་དེ་ནས་ཟིན། །འཁོར་འདས་ཆོས་ལ་རེ་དང་དོགས་པ་ཟད། །འབྲས་བུ་འདི་ལས་ལྷག་པ་ཡོད་སྙམ་མེད། །དེ་ཡང་མ་འགགས་རོལ་པའི་རྟེན་འབྲེལ་ལས། །སྣང་བའི་བདག་ཉིད་དཔལ་ཆེན་ཧེ་རུ་ཀ །སྟོང་པའི་བདག་ཉིད་རྡོ་རྗེ་དབྱིངས་ཕྱུག་མཁའ། །སྙོམས་པར་ཞུགས་ལས་རྒྱལ་སྲས་རིག་པ་འཛིན། །ཇི་ལྟར་སྣང་ཡང་རྒྱལ་བའི་ཞིང་རབ་འབྱམས། །གང་ལྟར་སྲིད་པ་ཐམས་ཅད་ཞི་ཁྲོའི་སྐུར། །རྡུལ་སྙེད་ཤར་ཡང་ཤར་མཁན་རང་རིག་མདངས། །མཁའ་དབྱིངས་འཇའ་ཟེར་ཀློང་ན་མེར་མེར་གསལ། །གསལ་སྟོང་ཟུང་འཇུག་དབྱིངས་རིག་འདུ་འབྲལ་མེད། །མེད་བཞིན་སྣང་བ་བདེན་གཉིས་དབྱེར་མེད་དོན། །དོན་གྱི་གནས་ལུགས་རང་བཞིན་འདུས་མ་བྱས། །བྱས་པ་དོན་ཡོད་ཁོ་མོ་ཨེ་མ་མཚར། །འདི་ཉིད་ཉམས་སྣང་འལ་འོལ་བྱུང་བ་རྣམས། །ཡི་གེར་འབྲིར་ཡང་མི་ལོང་དགོས་པ་ཅི། །འོན་ཀྱང་དྲིན་ཆེན་བླ་མ་དམ་པ་དེས། །བྲིས་གསུངས་ཡི་གེ་ཉུང་ངུར་བྱས་པ་ལ། །སླད་ནས་འབྲོག་བན་ལོ་ཙཱའི་སྐྱེ་བཞེས་པའི། །རིག་འཛིན་ཆེན་པོ་ནུས་ལྡན་རྡོ་རྗེ་ཡིས། །གནས་ཡིག་ལ་སོགས་དག་སྣང་ལུང་བསྟན་རྣམས། །ཞིབ་རྒྱས་བཀོད་ཅེས་བཀའ་གནང་བསྩལ་ལགས་ཀྱང་། །བདག་ནི་སྐྱེ་དམན་ཐོས་བསམ་སྦྱང་སྟོབས་ཆུང་། །དམ་པ་དགྱེས་པའི་ལེགས་བཤད་ལྟ་ཞོག་གི །སྐྱེ་བོ་ཕལ་པའི་རྣར་སྙན་ཙམ་ཞིག་ཀྱང་། །སྒྲིག་པར་ནུས་པའི་ཡོན་ཏན་མ་མཆིས་མོད། །འོན་ཀྱང་བཀའ་ཡི་ཁུར་ལྕི་དབང་བཙན་པས། །རྨི་ལམ་དག་སྣང་བྱུང་བ་རགས་རིམ་ཙམ། །དཀོན་མཆོག་དཔང་བཞུགས་ཟོལ་མེད་འབྲི་བར་བྱ། །
༈ དེ་ཡང་སྐུ་གསུམ་ཞིང་ཁམས་ཇི་ལྟར་ན། །ཆོས་སྐུ་ཞིང་ཁམས་ཁྱབ་བརྡལ་ཡངས་པའི་ཀློང་། །ལོངས་སྐུའི་ཞིང་ཁམས་གཞི་སྙིང་མེ་ཏོག་བརྒྱན། །སྤྲུལ་སྐུའི་ཞིང་ཁམས་མི་མཇེད་འཇིག་རྟེན་ཁམས། །ཉེར་ལྔའི་བར་ལ་བཅུ་གསུམ་ས་འདི་ལ། །རི་རབ་ལྷོ་ཕྱོགས་འཛམ་གླིང་ལྟེ་བ་ནི། །རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་ལྷག་བྱང་། །ཁ་བ་ཅན་ཞེས་ཐུགས་རྗེ་ཆེན་པོའི་ཞིང་། །བོད་ཡུལ་འདི་ལ་གནས་ཆེན་བསམ་མི་ཁྱབ། །ཁྱད་པར་མདོ་སྟོད་སྤོ་བོའི་ལུང་པ་འདི། །ཨོ་རྒྱན་ཆེན་པོའི་ལུང་བསྟན་གནས་མཆོག་ཡིན། །རྒྱབ་ལ་དཔལ་རིའི་གངས་ཅན་ཤར་གྱི་ཕྱོགས། །ཆོས་རྒྱལ་བཞེངས་པའི་འདོང་ཆུའི་གཙུག་ལག་དང་། །ཀུང་ལུང་མཁའ་འགྲོ་འདུ་བའི་ཤར་ལྷོ་མཚམས། །གནས་ཆེན་སྦས་ཡུལ་གཡག་གུ་ལུང་གི་ལྷོ། །རྒྱལ་བའི་གཞལ་ཡས་ཐོག་རྒྱལ་ལྷོ་ནུབ་དང་། །དེ་བི་ཀོ་ཊ་ཟངས་མདོག་དཔལ་རིའི་ནུབ། །སྦས་ཡུལ་མངོན་པར་དགའ་བའི་བཀོད་ཆེན་བྱང་། །གནས་མཆོག་དགའ་བ་ལུང་ཞེས་བྱ་བ་བཞུགས། །འདི་ཡི་ལོ་རྒྱུས་མདོར་བསྡུས་བརྗོད་པར་བྱ། །
༈ དེ་ཡང་ངོ་མཚར་བ་ལས་ཀྱང་ཆེས་ཆེར་རྨད་དུ་བྱུང་བ། ཐོས་པ་ཙམ་གྱིས་དགྲ་དགེགས་གདུག་པ་ཅན་རྣམས། ཉེ་བར་མི་ནུས་པའི་ཁྲོ་བོའི་ཕོ་བྲང་། དྲག་པོའི་གནས་དགའ་བ་ལུང་གི་དག་སྣང་དང་ཞལ་གཟིགས་ལུང་བསྟན་བྱུང་ཚུལ་མདོར་ཙམ་བརྗོད་ན། བླ་མའི་གདན་ས་འོག་མིན་དགའ་བའི་ཚལ། །དབེན་གནས་རྒྱ་མཁར་བཀྲ་ཤིས་རི་ཁྲོད་དུ། །མོས་ལྡན་ཨོ་རྒྱན་བུ་ཁྲིད་ཁོ་མོ་ཡིས། །འཆི་བ་མི་རྟག་ལས་འབྲས་བསླུ་མེད་དྲན། །ངན་སོང་འཁོར་བའི་སྡུག་བསྔལ་དོས་རེ་དྲག །དུས་ངན་སྐྱེ་བོའི་སྤྱོད་འགྲོས་ཡིད་སྐྱོ་ཞིང་། །དམ་ཆོས་མ་གཏོགས་ཅིས་ཀྱང་དགོས་མེད་སྙམ། །ཐུན་མོང་ཆོས་སྤྱོད་ལུས་ངག་དགེ་སྦྱོར་དང་། །ཁྱད་པར་བླ་མ་དམ་པའི་གདམས་ངག་ལ། །འདུན་པ་ཆིག་དྲིལ་སྒྲུབ་ལ་བརྩོན་པའི་ཚེ། །རྡོ་རྗེ་ལུས་ཀྱི་ཕྱི་ནང་རྟེན་འབྲེལ་གྱིས། །ནང་དུ་རླུང་སེམས་ཐིག་ལེ་དྷུ་ཏིར་འཁྱིལ། །གདོས་བཅས་འབྱུང་ལྔའི་རྟོག་ཚོགས་རང་སར་དག །ཕྱི་ཡུལ་རི་བྲག་རྩི་ཤིང་ས་དང་ཆུ། །རག་པའི་དངོས་པོ་མ་གྲུབ་སྟོང་གསལ་བརྡལ། །སྒོ་ལྔ་ཧར་སངས་གནས་ལུགས་ཡུག་གཅིག་ཏུ། །ལྟ་སྒོམ་སྤྱོད་སོགས་རྩིགས་གཞི་བྲལ་བའི་ངང་། །མ་བལྟས་བཞག་པས་དག་པ་རབ་འབྱམས་སུ། །ཉིན་དང་མཚན་མེད་ཉམས་སྣང་འོད་གསལ་ལས། །དགའ་བ་ལུང་གི་ཕར་རྒྱབ་ས་ཁྱོན་ཀུན། །ལག་པའི་མཐིལ་དུ་སྐྱུ་རུ་ར་བཞག་བཞིན། །སྒྲིབ་མེད་ཟང་ཐལ་གང་སྣང་སངས་རྒྱས་ཞིང་། །ནམ་མཁའི་དབྱིངས་ཀུན་འཇའ་ཟེར་དྲྭ་བ་འཁྲིགས། །དཔའ་བོ་མཁའ་འགྲོ་གྲངས་མེད་ལྷ་ལམ་ལ། །ལྷ་དང་ལྷ་ཕྲན་རྒྱན་ཆ་དུ་མས་ལྷུབས། །མཆོད་པའི་ལྷ་མོ་རྣམས་ཀྱི་རྩེ་གར་རོལ། །གནམ་ས་བར་སྣང་འོད་ཀྱི་ཐིབ་ཐིབ་ཀློང་། །ལྟད་མོ་སྣང་བས་གང་ཡང་ཆོས་སྐུར་མཐོང་། །དེ་མཐོང་མི་ཡུལ་སྣང་བ་ཡུད་གཅིག་འགག །ཁོ་མོ་བག་དྲོ་ཉམས་འབར་ཤེས་པ་འཕྱོ། །ཕྱོགས་དེར་འགྲོ་བའི་འདུན་པ་ཤར་ནའང་། །དྲིན་ཅན་བླ་མས་བཀའ་བཀྱོན་ཡོང་གི་དོགས། །ཞུ་བར་མ་ནུས་སྡོད་པའི་སྐབས་ཤིག་ཏུ། །ཉམས་སྣང་སྐྱ་བོའི་ཆ་ལུགས་ལྡན་པ་ཞིག །མདུན་དུ་བྱུང་སྟེ་ལག་ན་རྒྱ་སྲན་དབྱིབས། །ཁ་དོག་དཀར་པོ་འགྲོན་བུ་ཆུང་ཙམ་ཞིག །ཞི་དུལ་ལྡན་པས་གུས་པའི་ཚུལ་གྱིས་ནི། །བདག་ལ་གཏད་སྟེ་འདི་སྐད་ཅེས་ཀྱང་ཟེར། །འདི་ནི་སངས་རྒྱས་འོད་སྲུང་འཕེལ་གདུང་ཡིན། །སྐྲ་ལ་བརྒྱན་ན་རྟེན་འབྲེལ་དངོས་གྲུབ་ནི། །དེ་ཡི་གྲངས་ཀྱི་ལྷ་ཚོགས་ཞལ་གཟིགས་འགྱུར། །གནས་མཆོག་ངོ་མཚར་དགའ་བ་ལུང་གི་རྒྱབ། །ཐབས་དང་ཤེས་རབ་ཟུང་འཇུག་གསུམ་གྱིས་བརྡའ། །མཚོ་ཆེན་བརྗིད་ཆེ་གཏིང་ནས་ཟབ་པ་དེ། །ཡི་དམ་འཁོར་ལོ་བདེ་མཆོག་ཕོ་བྲང་ཡིན། །མཚོ་སྔོན་དྭངས་ཤིང་ལྟ་ན་སྡུག་པ་དེ། །ཡུམ་ཆེན་རྡོ་རྗེ་ཕག་མོའི་ཕོ་བྲང་ཡིན། །མཎྜལ་འདྲ་བའི་མཚོ་ཆུང་མཛེས་པ་དེ། །ཡབ་ཡུམ་ཟུང་དུ་འཇུག་པའི་ཕོ་བྲང་ཡིན། །ད་ལྟ་ཉིད་དུ་གནས་ཆེན་ནང་དུ་སོང་། །བླ་མས་ཁྱེད་ལ་བཀྱོན་པ་མི་ཡོང་ཞེས། །དེ་ལྟར་ལུང་བསྟན་གསལ་བར་བྱུང་བ་དང་། །ད་ནི་གསང་ཐབས་དགའ་ལུང་མཚོ་ལྟས་སུ། །འགྲོ་སྙམ་བཙུན་མ་གཅིག་ཁྲིད་ཆས་པའི་ཚེ། །བཙུན་མ་དྲུག་ཙམ་རྗེས་སུ་འབྲང་བྱུང་ཞིང་། །རང་ལོ་སོ་གཉིས་ལྕགས་ཕོ་འབྲུག་ལོ་ཡི། །ཡོས་ཟླ་ཉེར་གསུམ་ལམ་ཞུགས་སོང་བའི་ཚེ། །གནས་སྒོར་དུང་སྐད་སྙན་པར་ཐོས་པ་དང་། །འདི་ནི་གནས་བདག་མཁའ་འགྲོ་མ་རྣམས་ཀྱིས། །སྤྲོ་དགའི་རོལ་མོ་མདུན་ནས་བསུ་བ་ཡིན། །རྟེན་འབྲེལ་བཟང་སྙམ་དེ་མ་ཐག་ཏུ་ནི། །རྡོ་ལ་དུང་དཀར་གསལ་བར་བྱོན་ནས་འདུག །གནས་སྒོ་ངེས་པར་འབྱེད་པའི་བརྡའ་རུ་གོ །
༈ དེ་ནས་གནས་ཆེན་དགའ་ལུང་ནང་། །བདག་གི་གཙོར་བྱས་བཙུན་མ་བརྒྱད། །ལྟད་མོ་ལྟ་རུ་སོང་བའི་ཚེ། །སྦས་ལུང་ལྷའི་ཞིང་ཁམས་མཇལ། །ཉིན་མཚན་མེད་པར་འཇའ་ཚོན་འཁྲིགས། །འཇའ་འོད་འཁྱིལ་བའི་གུར་ཁང་དུ། །ལྷ་དང་ལྷ་མོ་དཔག་མེད་ནི། །ཟ་འོག་གུར་ཁྱིམ་བཀྲམ་པ་ལྟར། །ཕྱོགས་མཚམས་ཤིག་ཤིག་གང་བ་དང་། །རྡོ་ལ་མཁའ་འགྲོའི་ཞབས་རྗེས་མཇལ། །ཡར་ཡར་འགྲོ་བའི་བརྡའ་རུ་གོ། ཁྱད་པར་གནས་ཆེན་འདི་ཉིད་ཕྱི། །ཤིང་གི་སྒོ་མོའི་ནང་ཤེད་ན། །གནས་མཆོག་ཤེལ་སྟོད་སྒྲུབ་གནས་སུ། །མེ་ཏོག་སྣ་ཚོགས་སྐྱེས་པའི་ས། །བདུད་རྩིའི་ཆུ་རྒྱུན་སྔགས་སྒྲ་སྒྲོག །བྱ་རིགས་སྐད་སྙན་མགྲིན་གླུ་ལེན། །ཏིང་འཛིན་ཉམས་རྟོགས་འཕེལ་བའི་ས། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་ཚེ། །ནུབ་གཅིག་བདག་གི་ཉམས་སྣང་ལ། །རྒན་མོ་དབུ་སྐྲ་དཀར་བ་གཅིག །ཁོ་མོ་བདག་གི་མདུན་དུ་བྱུང་། །ཁྱོད་ལ་ཅི་མིང་བྱས་ཙ་ན། །རིན་ཆེན་སྐྱེད་མོ་མིང་ཅེས་ཟེར། །དེ་ལ་ཞུས་ལེན་མང་བྱས་པས། །བདག་ལ་འདི་སྐད་གསུངས་པ་ཐོས། །རྒྱབ་རི་ཟས་རི་མཆོག་རྒྱན་ངོས། །སངས་རྒྱས་ཤཱཀྱ་ཐུབ་པ་ལ། །ཉེ་བའི་སྲས་བཞིས་བསྐོར་བ་དང་། །ཨོ་རྒྱན་པདྨ་འབྱུང་གནས་དང་། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །གཏེར་གྱི་སྒྲོམ་བུ་སྟོན་པ་དང་། །ལོ་ཙཱ་སྐ་ཅོག་རྣམ་གཉིས་བཞུགས། །ཆོས་སྐྱོང་རྔ་བརྡུང་ཁྲིགས་སེ་ཡོད། །སྒྲ་སྙན་རོལ་མོ་སྣ་ཚོགས་པ། །རྒྱུན་ཆད་མེད་པར་རྟག་ཏུ་སྒྲོག །གནས་མཆོག་དེ་ཡི་མདུན་རི་ལ། །རྒྱ་གར་དམ་པ་སངས་རྒྱས་དང་། །རྗེ་བཙུན་མི་ལ་ཡབ་སྲས་ཀྱིས། །མཇལ་འཕྲད་རྫུ་འཕྲུལ་མཛད་ཚུལ་ཡོད། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་། །སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་། །དཔའ་བོ་མཁའ་འགྲོ་འཁོར་གྱིས་བསྐོར། །ཞིང་ཁམས་བྱོན་པའི་ཚུལ་ཀྱང་ཡོད། །བསྟན་སྐྱོང་ཚེ་རིང་མཆེད་ལྔ་བཞུགས། །རི་དྭགས་རྒྱལ་པོ་སེང་གེ་དང་། །ལྷ་བྱ་དཀར་མོ་དུང་གི་མདོག །གཞན་ཡང་བྱ་རིགས་མང་དུ་ཡོད། །རྔ་ཆེན་ཁམས་གསུམ་འབྲུག་གྲགས་དང་། །མཁའ་འགྲོའི་ཚོགས་དུང་རྒྱང་གྲགས་སོགས། །རོལ་མོའི་བྱེ་བྲག་སྣ་ཚོགས་ཡོད། །ཅེས་པས་ལུང་བསྟན་བྱུང་བ་བཞིན། །བྲག་ལ་ཞལ་གཟིགས་གསལ་བར་བཞུགས། །སྟག་ཕྲད་ཤལ་གྱི་དབུ་རྩེ་རུ། །མཆོད་པའི་ལྷ་མོས་གར་སྟབས་མཛད། །རྒྱལ་བ་རིགས་ལྔ་གཙོ་འཁོར་བཞུགས། །གནས་མཆོག་དེ་ཡི་གཡས་ཕྱོགས་སུ། །འཕགས་པ་ཀླུ་སྒྲུབ་ཡབ་སྲས་བཞུགས། །མར་པ་ཡབ་ཡུམ་སྲས་གསུམ་དང་། །རས་ཆེན་རས་ཆུང་ལ་སོགས་པའི། །རས་པ་བརྒྱ་དང་རས་མ་བརྒྱ། །གར་སྟབས་ཁྲིགས་སེ་བཞུགས་པ་ཡོད། །གནས་མཆོག་དེ་ཡི་ཐང་དཀྱིལ་ན། །དུར་ཁྲོད་ཀླུ་མོ་རྒྱལ་ཆེན་མ། །བམ་རོའི་ཚོགས་འཁོར་བསྐོར་བ་དང་། །ཡུམ་མཆོག་རྡོ་རྗེ་ཕག་མོ་ཉིད། །ཚོགས་མཆོད་བྱིན་བརླབས་མཛད་པ་མཇལ། །མཁའ་འགྲོ་ཁྲོས་མ་ནག་མོ་ཡང་། །བམ་རོའི་གད་དར་བཅད་པ་དང་། །མ་རུང་གནོད་པར་བྱེད་པ་རྣམས། །མཁའ་འགྲོ་སེང་གེའི་གདོང་ཅན་ལ། །སྲོག་སྙིང་ཚོགས་འཁོར་ཕུལ་བ་མཇལ། །ཅང་ཤེས་རྟ་མཆོག་བྷ་ལ་ཧ། །སྒ་སྔ་གསེར་གྱི་པ་ཏྲ་དང་། །ཞབས་རྗེས་རྡོ་རྗེ་རྒྱ་གྲམ་ལ། །མེ་ཏོག་ཚོམ་བུ་བཀོད་པ་ཡོད། །ལྷ་ཚོགས་མ་དང་མཁའ་འགྲོ་རྣམས། །སེང་གེ་རི་དྭགས་སོགས་ཆིབས་ནས། །དུར་ཁྲོད་འབྱོན་པའི་ཚུལ་དུ་ཡོད། །ཚོགས་བྲོ་བརྡུང་བའི་ཞབས་རྗེས་ནི། །ངོ་མཚར་ཆེ་བ་མང་དུ་ཡོད། །གནས་མཆོག་དེ་ཡི་འོག་རོལ་ཏུ། །གུ་རུ་རྡོ་རྗེ་གྲོ་ལོད་བཞུགས། །བཀའ་སྲུངས་ཕག་གདོང་ནག་མོ་ཡོད། །དུར་ཁྲོད་དེ་ཡི་དབུ་རྩེ་ན། །བྲག་དཀར་རྒོད་ཀྱི་སྐུ་འདྲ་བཞུགས། །དེ་ལ་རྒོད་གཅིག་ལྡིང་སྐོར་བྱེད། །སླར་ཡང་སྐུ་ལ་ཐིམ་པ་དང་། །བྱ་བྲན་མང་པོ་དུར་ཁྲོད་གཟིགས། །དེ་ནི་སྤྲུལ་བྱ་བཞི་བྱུང་ནས། །ནམ་མཁའི་དབྱིངས་ནས་ལྡིང་སྐོར་བྱེད། །ཤར་གྱི་འབྲོག་ལུང་གནས་སུ་སོང་། །ལུང་བསྟན་ཡིན་པའི་བརྡའ་རུ་གོ །གནས་མཆོག་དེ་ཡི་མདུན་རི་ལ་། །སེང་གེ་མ་བུ་འཛོམ་པ་ཡོད། །འཚམ་སྐོར་བྱ་རྒོད་སྤུང་རི་ལ། །རིག་འཛིན་རྒོད་ཀྱི་སྡེམ་འཕྲུ་བཞུགས། །དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འཁྲིག །གཡས་རི་དཔའ་བོ་སྡེ་ལྔ་དང་། །གཡོན་རི་དཔའ་མོ་སྡེ་ལྔ་བཞུགས། །མཁའ་འགྲོའི་ཚོགས་དུང་འབུད་པ་དང་། །མཆོད་པ་རྣམས་ལྔ་བཤམ་པ་ཡོད། །ལྷ་འདྲེ་མི་གསུམ་འདུ་བའི་གནས། །སྒྲུབ་གནས་ཡིན་པའི་བརྡའ་རུ་གོ །
༈ ལྕིམ་རྩ་ཤར་གྱི་རྩེ་མོ་ན། །ཞི་བ་བཞི་བཅུ་རྩ་གཉིས་དང་། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་། །བྱང་ཆུབ་ལྟུང་བཤགས་ལྷ་ཚོགས་རྣམས། །མ་བཅོས་སྟོང་གསལ་ངང་དུ་མཇལ། །ཞིང་སྐྱོང་སྡེ་ལྔ་ཡབ་ཡུམ་རྣམས། །གཡག་གུ་ཚོགས་མཆོད་འབུལ་ཚུལ་ཡོད། །གནས་མཆོག་དེ་ཡི་འོག་རོལ་ན། །ཡི་གེ་ཨ་ཡིག་རང་བྱོན་ཡོད། །བསྐལ་པ་བཟང་པོའི་ནས་འབྲུ་ལ། །བྱམས་པ་མགོན་པོའི་ཕྱག་ནས་ཡོད། །ལུང་བསྟན་ཡང་ཡང་བྱུང་བའི་རྗེས། །དུས་ལ་བབ་སྟེ་ཞལ་གཟིགས་རྣམས། །འགགས་མེད་གསལ་སྟོང་ངང་དུ་མཇལ། །རྟ་ཚལ་ཁྲུས་ཀྱི་རྫིང་བུ་ལ། །ཆུ་བོ་ཡན་ལག་བརྒྱད་ལྡན་དང་། །མཚོ་ནང་བཀྲ་ཤིས་སྒོ་མང་མཇལ། །དཔའ་བོ་དཔའ་མོ་གར་སྟབས་བསྒྱུར། །ལྷ་དང་ལྷ་མོའི་མཆོད་སྤྲིན་གཏིབས། །ཕྱོགས་འཚམས་ཀུན་ཏུ་འཇའ་ཚོན་འཁྲིགས། །དེ་ཚེ་ཚོགས་ཀྱི་འཁོར་ལོ་བསྐོར། །ལྷ་དང་དཔའ་བོ་མཁའ་འགྲོ་རྣམས། །སྔོན་མོ་ནས་ཀྱི་རབ་གནས་འཐོར། །འབྲས་དཀར་མཆོད་པ་དངོས་སུ་བཞེས། །ལག་མཆོད་བདུད་རྩི་གཡོན་དུ་འཁོར། །དེ་བཞིན་མཚོ་ཡང་གཡོན་དུ་འཁོར། །མཚོ་ནང་རླབས་ཀྱི་ཕྲེང་བ་ནི། །བསྐོར་ཞིང་བདག་གི་མདུན་དུ་བྱུང་། །མཚོ་བདག་བརྙེས་པའི་རྟེན་འབྲེལ་གོ། རྒོད་ཐང་དཀར་ཐང་སྨུག་གཉིས་བྱུང་ནས། །མདུན་གྱི་མཁའ་ལ་ལྡིང་སྐོར་བྱས། །ཐང་དཀར་དེ་ཉི་མ་ནུབ་ཕྱོགས་སོང་། །ཐང་སྨུག་དེ་སྤྲུལ་སྒྱུར་བཤིག་ནས་འཆམ། །ཨེ་མ་ངོ་མཚར་ཆེའོ་སྙམ། །བློ་ལས་འདས་པའི་ཉམས་ཤིག་ཤར། །བརྗོད་དུ་མེད་པའི་དོན་ཞིག་རྟོགས། རྒྱལ་བོ་དྲི་མེད་ཀུན་ལྡན་དེ། །རྟ་མཆོག་ངང་པ་ཆིབས་ནས་སུ། །སྒ་སྔ་རུ་གསེར་གྱི་པ་ཏྲ་ལ། །ཞབས་རྗེས་རྡོ་རྗེ་རྒྱ་གྲམ་མཛེས། །མེ་ཏོག་ཚོམ་བུ་བཀོད་པ་ཡོད། །རྟེན་འབྲེལ་ཞབས་རྗེས་མང་དུ་བཞུགས། །དོང་གྲུབ་མི་རོ་མཁུན་ཤེས་ལ། །མར་དཀར་གྱིས་སྲུང་མར་བྱུག་པ་ལ། །ལོ་གཅིག་ཟླ་གཉིས་སོང་གྱུར་ཀྱང་། །ཐེབ་རྗེས་རི་མོ་མ་ཡལ་འདུག །དངོས་གྲུབ་འབྱུང་བའི་བརྡའ་རུ་གོ། མཚོ་ནང་ལྷ་མོ་གོས་དཀར་དང་། །མཚོ་བདག་རྒྱལ་མོ་སྤུན་གསུམ་དང་། །གཉེན་གྱི་ཕ་བོང་བདེ་ཆེན་ལ། །མི་འགྱུར་ཨ་དང་རྡོ་རྗེ་རང་བྱོན་ཡོད། །གཞན་ཡང་རྟགས་དང་རྟེན་འབྲེལ་མང་དུ་བྱུང་། །དཀར་རྩི་འཕྲང་རྒྱབ་རི་བོ་དེར། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དང་། །རྒྱལ་བ་རིགས་ལྔ་ལྷ་ཚོགས་དང་། །བདེ་མཆོག་ཡབ་ཡུམ་དཀྱིལ་འཁོར་འཇལ། །ཕོ་བྲང་དེ་ཡི་ཁྲི་འགྱོག་ལ། །སེང་གེས་གླང་ཆེན་གཡུ་འབྲུག་དང་། །སྟག་མོ་རྨ་བྱའི་ཁྲི་དང་ནི། །གཞན་ཡང་རིན་ཆེན་སྣ་ཚོགས་ཁྲི། །མ་སྒྲིབ་དངོས་སུ་གསལ་བར་ཡོད། །ཕོ་བྲང་དེ་ཡི་འོག་རོལ་ན། །བདེ་ཆེན་བཀོད་པ་གཙོར་བྱས་པའི། །ས་ར་ཧ་དང་ཏི་པུ་པ། །འབིར་ཝ་ཆང་འཐུང་ཉི་མ་བཏོད། །ཐུགས་རྗེས་གསུང་སྤྲུལ་མ་ཎི་བསྐུལ། །རིགས་དྲུག་འདྲེན་པའི་ཚུལ་དུ་ཡོད། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་དང་། །ལོངས་སྐུ་རྡོ་རྗེ་ཕག་མོ་དང་། །སྤྲུལ་སྐུ་མ་གཅིག་གྲུབ་རྒྱལ་རྣམས། །ཕོ་བྲང་ཚེ་བུམ་བཅས་པ་འཇལ། །རྡོ་རྗེ་ཕག་མོའི་གསང་ཆུ་ལ། །རིག་འཛིན་འབྱོན་པའི་དར་ལམ་མཇལ། །ཉི་ཟླ་སྐར་གསུམ་འཛོམས་པ་དང་། །རྗེ་བཙུན་སྒྲོལ་མ་དཀར་སྔོན་དང་། །ནོར་སྦྱིན་ཛམ་ལྷ་སེར་ནག་དང་། །མཆོད་པའི་ལྷ་མོ་རོལ་མོ་འཛིན། །མཁའ་འགྲོ་མ་ཡི་ཚོགས་དུང་ནི། །དཀར་པོ་རྒྱང་གྲགས་གསལ་བ་དང་། །སྲིད་པའི་རྒན་ཁོག་བཅས་པ་ཡང་། །བྲག་གི་ལོགས་ལ་རང་བྱོན་ཡོད། །རུས་སྦལ་མ་བུ་གནམ་ལ་འཆོང་། །སྦྲུལ་ནག་མ་བུ་གྱེན་ལ་རྒྱུག །ས་བདག་ཀླུ་གཉན་ཆོ་འཕྲུལ་ཡིན། །དེ་ཡི་ཁ་གནོན་དྲག་པོ་ཡི། །མཆོད་རྟེན་མང་དུ་བཞུགས་པ་ཡོད། །གསང་བ་དངུལ་གྱི་སྒོ་མོའི་ནང་། །ཡང་རྒྱབ་ལྷའི་ཞིང་ཁམས་དང་། །ཕ་ཝང་གཞལ་ཡས་ཁང་དུ་མཇལ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་དང་། །དམ་པ་རིགས་བརྒྱ་ལྷ་ཚོགས་བཞུགས། །གནས་མཆོག་དེ་ཡི་དབུས་རི་ངོས། །སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར། །དགྲ་བཅོམ་མང་པོའི་བསྐོར་བ་མཇལ། །གནས་མཆོག་དེ་ཡི་གཡོན་ཕྱོགས་སུ། །གུ་རུ་པདྨ་འབྱུང་གནས་ལ། །མཁའ་འགྲོ་སྡེ་ལྔས་བསྐོར་བ་དང་། །ལྷ་བུ་དམ་པ་ཏོག་དཀར་དང་། །རིག་འཛིན་གྲལ་ར་ཤིགས་སེ་མཇལ། །སངས་རྒྱས་སྨན་ལྷ་རྒྱལ་པོ་ལ། །ལྷ་མོ་མང་པོས་བསྐོར་བ་མཇལ། །བཅོམ་ལྡན་ཐུབ་པའི་དབང་པོ་ལ། །གནས་བརྟན་བཅུ་དྲུག་བསྐོར་བ་མཇལ། །མཁའ་འགྲོའི་བྲོ་ར་ནོར་བུ་ལྡེམས། །མཁའ་འགྲོ་བྲོ་གར་མཛད་པ་ཡིན། །ལམ་ནི་བསྐོར་མོར་གསལ་བར་ཡིས། །རྟེན་འབྲེལ་བྲོ་གར་བྱས་པའི་ཚེ། །ཁྱད་པར་གནས་མཆོག་མི་འགྱུར་བའི། །རྟགས་སུ་མཁའ་འགྲོའི་ཚོགས་གཞོང་རྙེད། །ལྷ་ཡི་སྤྲུལ་པ་བྱིའུ་གཅིག་བྱུང་། །ལྷའི་གསེར་བྱིའུ་ཁྲ་ཆུང་དེས། །མདུན་དུ་བྱུང་ནས་གུས་པའི་ཚུལ། །སྐད་སྒྲོག་སྐོར་བ་མང་དུ་བྱས། །སྨོན་ལམ་ཕྱེ་མར་མཆོད་པ་བླངས། །ལུང་བསྟན་ཡིན་པར་ངེས་ཤེས་སྐྱེས། །དེ་ནས་ཡར་ལ་སོང་བའི་ཚེ། །ལྷོ་སྒོ་བཀྲ་ཤིས་སྒོ་མང་དང་། །བཻཌཱུརྱའི་གླེགས་བམ་དང་། །མཆོད་རྟེན་མཐོང་བ་དོན་ལྡན་བཞུགས། །ཕྱིར་བལྟས་མཆོད་རྟེན་དབྱིབས་སུ་འདུག །ནང་བལྟས་གསང་སྔགས་བླ་མེད་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མཇལ། །ཁོ་མོ་མཆོད་རྟེན་སྟེང་དུ་ཕྱིན། །ནམ་མཁའི་དབྱིངས་ནས་འཇའ་གུར་ཕུབ། །འཇའ་སྣེ་མཆོད་རྟེན་སྟེང་དུ་ཟུག །ནམ་མཁའི་ཀློང་དུ་ཡར་བལྟས་པས། །ཨོ་རྒྱན་པདྨ་འབྱུང་གནས་ལ། །གཡས་སུ་ལྷ་ལྕམ་མཎྜ་ར། །གཡོན་དུ་ཡེ་ཤེས་མཚོ་རྒྱལ་ལ། །གཙོ་འཁོར་གསུམ་པོ་གསལ་བར་མཇལ། །ལ་སོ་བཞི་ཡི་དར་ལམ་ལ། །སེང་གེ་བར་སྣང་གང་བ་བྱུང་། །ཚོགས་ཀྱི་མཆོད་པ་བཤམས་པ་ལས། །བྱིན་བརླབས་དཔའ་བོ་མཁའ་འགྲོའི་མཛད། །མཁའ་འགྲོ་མཉེས་པའི་གཏོར་མ་དེ། །དཀར་པོ་དུང་དང་མར་བཞིན་གྱུར། །མ་དང་མཁའ་འགྲོའི་དངོས་གྲུབ་ནི། །མར་རྒྱན་དངོས་སུ་བརྒྱན་པའི་སྐབས། །བདག་གི་གཙོར་བྱས་བཙུན་མ་རྣམས། །དད་དང་མོས་གུས་དཔག་མེད་སྐྱེས། །ཁ་ཞེ་མེད་པའི་སྨོན་ལམ་བཏབ། །ཕྱག་འཚལ་མཎྜལ་ཕུལ་བ་དང་། །གསོལ་བ་བཏབ་ཅིང་དབང་བཞི་བླངས། །ཁོ་མོས་སྤྲོ་བ་དཔག་མེད་སྐྱེས། །འཁྲུལ་གྲོལ་གྱི་མདུད་པ་ཞིག་ཏེ་ཐལ། །ཆོས་དབྱིངས་དྲི་མེད་ཀྱི་རང་གཟུགས་གསལ། །ཀ་དག་ལྷུན་གྲུབ་ཀྱི་ཀློང་ཡངས་ན། །འགག་མེད་རོལ་པའི་ལྷ་ཚོགས་མཇལ། །རི་བྲག་གི་མདང་ཞལ་ལྷ་སྐུར་གསལ། །སྣང་བ་རང་རྩལ་ལས་ཤར་བ་ངོ་རེ་མཚར། །འཁོར་འདས་དབྱེར་མེད་རྟོགས་པ་རིག་པའི་གཤིས། །གཤིས་ལུགས་རྗེན་པར་རྟོགས་འདི་བླ་མའི་དྲིན། །དྲིན་ཅན་ཁྱེད་ཀྱིས་རྟག་ཏུ་བྱིན་གྱིས་བརློབས། །རྩ་གསུམ་པདྨའི་གདན་སྟེང་ན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །སྤྱིར་སེམས་ཅན་རྣམས་ལ་ཐུགས་རྗེས་གཟུང་། །སྒོས་མོས་ལྡན་བདག་ལ་དངོས་གྲུབ་སྩོལ། །སངས་རྒྱས་པའི་འབྲས་བུ་ཐོབ་པར་ཤོག །མཆོད་རྟེན་ཁྱུང་གཤོག་ལྡན་པ་དང་། །སྒྲོལ་མ་ཉི་ཤུ་རྩ་གཅིག་མཇལ། །བདུད་རྩི་ཡེ་ཤེས་ལྔ་ལྡན་ཆུས། །མཇལ་ཙམ་གྱི་ཚེ་ཡིས་དངོས་གྲུབ་ཐོབ། །ཁྲུས་བྱས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །འཐུང་བ་ཙམ་གྱིས་མཁའ་སྤྱོད་གནས་སུ་སྐྱེ། །དེ་སོགས་ཡོན་ཏན་མང་ཡོད་བསྡུས་པ་ཡིན། །
༈ ཡང་རྒྱབ་ལ་ལ་ཡོང་བའི་ཚེ། །ལྷ་བྱ་གོང་མོ་མ་བུ་གསུམ། །ཤོག་ཤོག་ཟེར་ཞིང་སྔོན་དུ་འགྲོ། །ལུང་བསྟན་ཡིན་སྙམ་རྗེས་སུ་སོང་། །ལམ་སྣ་ཁྲིད་པ་བཞིན་བྱས་ནས། །གནས་ནང་ཕྱིན་པས་བྲག་གི་ལོགས། གཡས་སུ་མཁའ་འགྲོ་བདུད་འདུལ་མ། །ཁྲོས་མ་ནག་མོའི་སྐུ་གཉིས་བཞུགས། །གཡོན་དུ་ལབ་སྒྲོན་ཞི་མ་ཁྲོ། །ཌ་རུ་རྒྱན་ཆ་སྣ་ཚོགས་སྤྲས། །རལ་པའི་ལྕང་ལོ་ཉི་ལེར་རུ། །བཞུགས་པར་མཇལ་བཞིན་རང་བྱོན་ཡོད། །སྐན་སྒྲ་སྒྲོགས་པའི་དུར་ཁྲོད་ནས། །གནས་དེའི་དུར་ཁྲོད་བདག་མོ་ལ། །འདོད་ཡོན་གཏོར་མ་ཕུལ་བ་ལས། །བསྟན་པ་སྲུང་བའི་དམ་བཅའ་བྱས། །གྲམ་ཤལ་རྫ་རི་སྨུག་པོ་ལ། །རིག་འཛིན་འབྱོན་པའི་དར་ལམ་ཡོད། །རིན་ཆེན་མཎྜལ་ཕུལ་འདྲ་ཡོད། །བདུད་རྩི་ཡོན་ཆབ་བཤམས་འདྲ་ཡོད། །དོ་རི་གཡུ་ལོ་བཀོད་པའི་ཞིང་། །རྗེ་བཙུན་སྒྲོལ་མའི་བླ་མཚོ་དང་། །ལྷ་མ་ཡིན་གྱི་ཆགས་ཚུལ་ཡོད། །གནས་ཆེན་དེ་རུ་ཕྱིན་པ་ལས། །ནམ་མཁའི་དབྱིངས་ནས་འཇའ་གུར་ཕུབ། །འཇའ་དེ་བདག་གི་སྤྱི་བོར་ཟུག །མཁའ་དབྱིངས་ཀློང་ནས་ཡར་བལྟས་པས། །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མཇལ། །དོ་རི་ལ་ཡི་ཕར་རྒྱབ་ན། །རྒྱ་ནག་གནས་ཀྱི་བཀོད་པ་དང་། །མཁྱེན་རབ་འཕགས་པ་འཇམ་དབྱངས་ལ། །རང་འདྲའི་འཁོར་མང་བསྐོར་བར་མཇལ། །མཚོ་ཆེན་གཏིང་ནས་ཟབ་པ་དེ། །འཁོར་ལོ་བདེ་མཆོག་ཕོ་བྲང་མཇལ། །མཚོ་སྔོན་ཁ་དོག་ལེགས་པ་དེ། །རྡོ་རྗེ་ཕག་མོའི་ཕོ་བྲང་མཇལ། །མཚོ་ཆུང་མཎྜལ་འདྲ་བ་དེ། །ཡབ་ཡུམ་གཉིས་མེད་ཕོ་བྲང་མཇལ། །གནས་དེར་མཁའ་འགྲོ་མ་རྣམས་ཀྱིས། །ཞབས་བསྐོར་མཛད་པའི་ས་འབུར་ངོས། །མཁའ་འགྲོའི་ཞབས་རྗེས་མཛོ་མོ་ཡི། །དུང་ལུས་ཞབས་རྗེས་གཉིས་ཀྱང་རྙེད། །མ་འོངས་དུས་ལ་བབ་པའི་ཚེ། །གནས་སྒོ་འབྱེད་པའི་ལྟས་སུ་གོ། གནས་ཆེན་བརྒྱ་དང་རྩ་བརྒྱད་དང་། །མཚོ་ཆེན་བརྒྱ་དང་རྩ་བརྒྱད་རྣམས། །ཕར་རྒྱབ་གནས་ལ་བཞུགས་ཡོད་སྐད། །རེ་ཞིག་དུས་ལ་མ་བབས་སོ། །མཚལ་རི་ཟངས་མདོག་དཔལ་རི་རུ། །གུ་རུ་པདྨ་སམ་བྷ་ལ། །ཐོད་ཕྲེང་སྡེ་ལྔས་བསྐོར་བ་མཇལ། །གཡས་ཟུར་བདེ་ཆེན་ཞིང་ཁམས་ཤར། །སྣང་བ་མཐའ་ཡས་དངོས་སུ་མཇལ། །སེང་སྐྱོག་དུང་གི་སྒོ་མོ་ལ། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་དང་། །རྒྱལ་བ་རིགས་གསུམ་མགོན་པོ་མཇལ། །ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། །མི་འཇིགས་སེང་ཁྲིར་བཞུགས་པ་ཡིས། །རིགས་དྲུག་སྐྱོབ་པའི་ཚུལ་དུ་བཞུགས། །རྗེ་བཙུན་བྱམས་པ་མགོན་པོ་ལ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་། །བརྟན་མ་བཅུ་ཡིས་འཁོར་བཅས་རྣམས། །ཞིང་ཁམས་འབྱོན་པའི་ཚུལ་དུ་ཡོད། །སྤྲུལ་པའི་ལྷ་བྱ་གོང་མོ་ཡིས། །ལུང་བསྟན་བྱེད་པའི་ཚུལ་དུ་ཡོད། །ཐོད་པ་ཁམས་གསུམ་དབང་སྡུད་ཡོད། །ནོར་བུ་རིན་ཆེན་འབར་བ་ལ། །ཉི་ཟླ་སྐར་གསུམ་བརྒྱན་པ་ཡོད། །རིན་ཆེན་དངུལ་གྱི་མཎྜལ་དང་། །ཁ་དོག་ལྔ་ལྡན་བཞུགས་ཁྲི་ཡོད། །གླང་པོ་ཆེ་ཡི་སྣ་ལྗགས་ལ། །བར་དོར་བགྲོད་པའི་ཐར་ལམ་ཡོད། །ལས་མཁན་གཏུམ་པོ་རབ་དྲག་ལ། །ལས་མཁན་བཞི་ཡིས་བསྐོར་བ་ཡོད། །ལས་ངན་བསགས་པའི་སྡིག་ཅན་རྣམས། །ཤ་མ་རི་ཡི་སྡོང་པོ་ལ། །སྡུག་བསྔལ་མྱོང་བའི་ཚུལ་དུ་ཡོད། །བྲག་ནག་གཡག་གི་གདོང་པ་ཅན། །དམྱལ་བ་བསྡུས་འཇོམ་ཆགས་ཚུལ་ཡོད། །ཚ་དམྱལ་མེ་རི་འབར་བ་ལ། །དམྱལ་ཟངས་ཆེན་པོ་བཙུག་པར་མཐོང་། །སེམས་ཅན་སྡུག་བསྔལ་གྲོལ་བའི་ཕྱིར། །དམྱལ་བའི་ཐུབ་པ་བཞུགས་པ་མཇལ། །དེ་སོགས་དམྱལ་བའི་སེམས་ཅན་རྣམས། །སྡུག་བསྔལ་མྱོང་ཚུལ་དཔག་མེད་མཐོང་། །ཀྱེ་མ་ཀྱི་ཧུད་ཐུབ་པ་རིན་པོ་ཆེ། །སེམས་ཅན་སྡུག་བསྔལ་འདི་རྣམས་སྙིང་རེ་རྗེ། །འདི་དག་མྱུར་དུ་ཞི་བར་བྱིན་གྱིས་བརློབས། །འགྲོ་དྲུག་སེམས་ཅན་ཐར་ལམ་འགོད་དུ་གསོལ། །
༈ ས་ཚིགས་བྱུང་བའི་དུས་ཤིག་ཏུ། །བཙུན་མའི་གྲོགས་གཅིག་བདག་ལ་ནི།།ཆར་འབོད་དགོས་ཞེས་བསྐུལ་བ་ལས། །ལུག་རའི་ཆུ་མིག་མགོ་མ་རུ། །ཀླུ་ཡི་བུ་མོ་མཛེས་ལྡན་ལ། །འདོད་དོན་གསོལ་བ་འདི་ལྟར་བཏབ། །ད་ལམ་ལུང་བསྟན་མཐོང་ཐོས་དག་སྣང་དང་། །ཉམས་སྣང་དྲན་རིག་ཞལ་གཟིགས་གནས་མཆོག་འདིར། །བདུད་ཀྱི་བསླུ་བ་བཙན་གྱིས་ཆོ་འཕྲུལ་དང་། །མི་མིན་འབྱུང་པོའི་བརྫུ་བ་མ་ཡིན་ཞིང་། །ཡེ་ཤེས་ལྷ་ཡིས་ལུང་བསྟན་ཡིན་ངེས་ན། །དངོས་གྲུབ་བདུད་རྩིའི་ཆར་ཆེན་འབེབས་པར་ཤོག །ལོ་ལེགས་ཕྱུགས་རྣམས་འཕེལ་ཞིང་འབྲུ་བཅུད་སྨིན། །སེམས་ཅན་ཀུན་ལ་ཕན་ཐོགས་རྒྱ་ཆེར་ཤོག །གཞན་དོན་ཁོ་ནར་དམིགས་ཏེ་སྨོན་ལམ་བཏབ། །དེ་མ་ཐག་ཏུ་ཉིན་མཚན་གསུམ་གྱི་བར། །བདེན་པ་མི་བསླུའི་རྟགས་སུ་ཆར་ཆེན་བབས། །དགེ་མཚན་བཟང་པོའི་རྟེན་འབྲེལ་དེ་ལྟར་བྱུང་། །
༈ སྦས་པའི་གནས་ཆེན་འདི་ཉིད་ལ། །ཕྱི་རུ་ཤིང་གི་སྒོ་མོ་ཡིན། །སྲུང་མ་བྱ་ཡི་མཚན་ཅན་ཡོད། །ནང་ནི་ལྕགས་ཀྱི་སྒོ་ཡིན་སྟེ། །སྒོ་སྲུང་ལྕགས་ཀྱི་མཚན་ཅན་ཡོད། །གསང་བ་དངུལ་གྱི་སྒོ་ཡིན་སྟེ། །སྒོ་སྲུང་སེང་གེའི་མཚན་ཅན་ཡོད། །ཤར་སྒོ་དུང་གི་སྒོ་མོ་ལ། སྒོ་སྲུང་ཁྲོ་བོ་ཁྲོ་མོ་ཡོད། །སྟག་གདོང་སེང་གདོང་ཕག་གདོང་གསུམ། །ཆོས་མཛད་ཡོངས་ཀྱི་བར་ཆད་སེལ། །ཕྱོགས་སྐྱོང་ཞིང་སྐྱོང་དམ་ཅན་ཚོགས། །དགྲ་བགེགས་མཐའ་དམག་བཟློག་ཏུ་གསོལ། །ཇི་ལྟར་བཅོལ་བཞིན་ཕྲིན་ལས་མཛོད། །ཁོ་མོའི་མཐོང་ཚུལ་སྣ་ཚོགས་ཀྱང་། །དོན་གྱི་དབྱིངས་ལས་གཡོ་བ་མེད། །དཔེ་ལས་འདས་པའི་ཉམས་ཤིག་ཤར། །བརྗོད་དུ་མེད་པའི་དོན་ཅིག་རྟོགས། །སེམས་ཀྱི་ནོར་བུ་རང་ལ་གནས་པ་དེ། །བླ་མའི་དྲན་གྱིས་རང་ངོར་རྟོགས། །གོམས་པའི་སྟོབས་ཀྱིས་རྗེས་ཤེས་དག །མཉམ་རྗེས་འདྲེས་པའི་ཤེས་པ་དེ། །ཕ་བླ་མ་རྣམས་ལ་མཆོད་པ་འབུལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །དེ་བཞིན་སྨོན་ལམ་མང་དུ་བཏབ། །ལུང་བསྟན་བརྡའ་རྟགས་དུས་བབ་པས། །གནས་སྒོ་ཕྱེ་རུ་སོང་བའི་རྗེས། །བཀའ་སྲུང་དང་གནས་བདག་ཁྲོས་ཚུལ་སྟོན། །གཞི་བདག་རྣམས་མ་བཟོད་ཀུན་གསལ་ཀློང་། །ཆུ་འཛིན་རྣམས་སྔགས་ནག་ཚོགས་པ་ལྟར། །གློག་ཞགས་གིས་རྗེས་ལ་འབྲུག་སྒྲ་སྒྲོག །ས་འཇོམས་ལྟར་གྲུ་ཆར་ཆེམ་ཆེམ་བབས། །ཤིང་བཅག་དང་རྡོ་བསྙིལ་རླུང་དམར་གཡོས། །ཡུལ་མི་རྣམས་ཤིན་ཏུ་བྲེད་ཅིང་དངངས། །བདག་ཅག་རྣམས་ལ་གནོད་མ་གྱུར། །ཁོ་མོའི་གཙོ་བྱས་བཙུན་མ་བརྒྱད། །མི་ཕལ་པ་ཉི་མ་གསུམ་གྱི་ལམ། །ཉིན་གཅིག་ཏུ་མྱུལ་ཞིང་ཚོགས་འཁོར་དང་། །མཆོད་གར་སོགས་དལ་དལ་གྱི་ངང་ནས་གྲུབ། །ཕ་བླ་མ་དམ་པའི་ཐུགས་རྗེ་དང་། །མ་མཁའ་འགྲོའི་བྱིན་བརླབས་ཡིན་པར་ངེས། །ངོ་བོ་འགྱུར་མེད་ཡེ་བབ་ཀློང་། །རང་བཞིན་གསལ་སྟོང་འཇའ་གུར་མེར། །ཐུགས་རྗེ་མ་འགག་རོལ་པ་ལས། །གདོས་བཅས་མཚན་མ་དབྱིངས་སུ་ནུབ། །དག་པ་རབ་འབྱམས་གསེར་གྱི་གླིང་། །གར་བལྟས་ལྷའི་གཞལ་གཡས་ཁང་། །ཅིར་སྣང་རྒྱལ་བའི་མཚན་དཔེའི་བཀྲ། །ལྷུན་གྲུབ་འོད་ཀྱི་དཀྱིལ་འཁོར་ལྟད་མོ་ཆེ། །འཛིན་ཆགས་ཀྱི་བློ་མདུད་ཁོང་ནས་གྲོལ། །འཁྲུལ་བྲལ་གྱི་འབྲས་བུ་རང་ཞལ་མཇལ། །གནས་མཐར་ཐུག་འོག་མིན་རྡོ་རྗེའི་མཁའ། །ཀུན་བཟང་གི་རྒྱལ་ས་ཟིན་པ་དང་། །གཟུགས་སྐུ་གཉིས་འགྲོ་བའི་དོན་བྱེད་ཤོག །དེ་ལྟར་འཁྲུལ་མེད་གནས་ཀྱི་ངོས་འཛིན་དང་། །ཞལ་གཟིགས་རྣམས་རིམ་པར་གཏན་ལ་ཕབ། །ཡ་མཚན་གྱི་རྟགས་མཚན་མང་དུ་བྱུང་། །དགའ་སྤྲོའི་གཏམ་སྙན་གླིང་ཞིང་ཡོང་། །བླ་མའི་དྲུང་དུ་ཕྱིན་པའི་ཚེ། །མཚན་ལྡན་གྱི་བླ་མ་དམ་པ་ལ། །གནས་ཡ་མཚན་ཆེ་བའི་ལོ་རྒྱུས་རྣམས། །འཕྲི་བསྣན་དང་སྦ་སྲི་མེད་པར་ཞུས། །ཕ་བླ་མས་དགྱེས་པའི་ངང་ཚུལ་བསྟན། །བདག་ལའང་ངེས་པའི་རྟགས་བྱུང་གསུངས། །བསླབ་བྱའི་ཞལ་གདམ་མང་དུ་གནང་། །ཁོ་མོ་ཡི་མཆེད་གྲོགས་བདུན་པོ་ལ། །གཞན་ཕལ་པ་ལ་རེ་ཞིག་གསང་བྱས་ཀྱང་། །གྲོགས་མཆེད་དང་ཡུལ་མི་རྣམས་ལ་བཤད། །ལ་ལས་ངོ་མཚར་ཆེའོ་ཟེར། །ལ་ལས་ཆོ་འཕྲུལ་ཆེའོ་གླེང་། །ལ་ལས་མི་དག་རྫུན་ཡིན་ཟེར། །ལ་ལས་ངེས་པ་མེད་ཞེས་སྨྲ། །བསམ་བློ་མི་གཅིག་མཚར་དགུ་གཏམ། །བདག་གིས་བདེན་སྟོབས་འདི་ལྟར་བརྗོད། །བདག་གིས་གཙོར་བྱས་བཙུན་མ་རྣམས། །དགའ་བ་ལུང་གི་གནས་མཆོག་ཏུ། །མཐོང་ཐོས་དངོས་སུ་བྱུང་བ་རྣམས། །རྫུན་དུ་སྨྲས་པ་ཡིན་ན་ནི། །ཁྲོས་མ་ནག་མོའི་བཀའ་ཆད་ཕོབ། །འདི་རྣམས་ཇི་ལྟར་བདེན་གྱུར་ན། །ཡུལ་ཁམས་འདི་རུ་བཀྲ་ཤིས་པའི། །དགེ་མཚན་རྟགས་རྣམས་བསྟན་དུ་གསོལ། །ཞེས་སོགས་བདེན་ཚིག་མང་དུ་བརྗོད། །དགའ་ལུང་གནས་སྒོ་འབྱེད་པ་ནས། །མི་ལོ་ཉི་ཤུ་རྩ་ལྔའི་བར། །ཕྱུགས་ལ་གཅན་གཟན་འཇིགས་པ་མེད། །ལོ་ལྔའི་བར་དུ་ལོ་ཡང་ལེགས། །འབྲུག་ནས་སྤྲེལ་གྱི་ཟླ་བའི་བར། །གནས་ཆེན་དགའ་ལུང་ཕུ་ནས་ནི། །རི་ཁྲོད་དབེན་གནས་ཁང་བའི་བར། །ཟླ་བ་ལྔ་ལ་འཇའ་རྒྱུན་འབྲེལ། །དེ་སོགས་ཡ་མཚན་ལྟས་མང་པོ། །བྱུང་ཀྱང་བརྗོད་ནས་ཅི་ཞིག་བྱ། །ལོག་ལྟ་ཅན་གྱི་མདུན་དག་ཏུ། །རྫོགས་པའི་སངས་རྒྱས་དངོས་བྱོན་ཀྱང་། །དད་པ་ཅུང་ཟད་ཡོད་མ་ཡིན། །ཆོས་ཀྱི་གྲགས་པའི་རྣམ་ངེས་ལས། །ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་ལྷག་པར་དེང་སང་དུས། །ལས་ལྡན་འགའ་ཞིག་མ་གཏོགས་པའི། །ཕལ་ཆེར་བདུད་ཀྱི་དབང་དུ་སོང་། །རྒྱུད་ལམ་ཐུར་དུ་བདེ་བ་ལྟར། །ངག་གི་ཉེས་པ་ཞར་ལ་བསགས། །འོན་ཀྱང་དེ་ཡང་ངན་འབྲེལ་སྟེ། །འཁོར་བ་མཐའ་ཅན་འགྱུར་བར་གསུངས། །དེ་བས་བཟང་འབྲེལ་འཇོག་པ་ལེགས། །བསྟོད་སྨད་སྒྲ་གྲག་བྲག་ཆ་འདྲ། །དོན་ལ་ཕན་གནོད་བྲལ་བཞིན་ཏུ། །བཟང་འབྲེལ་ངན་འབྲེལ་མཉམ་པའི་ཀློང་། །མ་བཅོས་གནས་ལུགས་རང་བབས་སུ། །བསམ་བརྗོད་བློ་འདས་ངང་དུ་བཞག །འདི་ཡི་དགེ་བས་འགྲོ་བ་ཀུན། །སྒྲིབ་གཉིས་བག་ཆགས་ལས་གྲོལ་ཞིང་། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ཏེ། །རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །
༈ ཁྱད་པར་དུ་འཕགས་པ་དྲག་པོའི་གནས་མཆོག་དགའ་བ་ལུང་འདི་ལ། དད་པ་དང་མོས་གུས་ཀྱི་སྒོ་ནས་གནས་སྐོར་བྱེད་པ། ཚོགས་འཁོར་ཕུལ་བ་ཚེ་ཐར་བཏང་བ། དར་ཅོག་བཙུག་པ། སྐར་མེ་བལྟམས་པ། ཕྱག་ཕུལ་བ། དགེ་བ་ཁས་ལེན་བྱེད་པ། སྡིག་པ་ཕུལ་བ། གནས་མཆོག་འདི་ཉིད་མཐོང་ཐོས་དྲན་རིག་ཏུ་གྱུར་པ་རྣམས་ཀྱི་ཚེ་རབས་ཐམས་ཅད་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག ནད་གདོན་སྐྱེན་ངན་བར་ཆད་ཐམས་ཅད་སེལ་ཞིང་། ཚེ་རིང་ནད་མེད་བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཕྱི་མ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་སྐྱེ་བར་ཤོག ༈ མཁྱེན་བརྩེ་ནུས་པའི་དབང་ཕྱུག་བདག །འགྲོ་བའི་སྐྱབས་མགོན་རིན་པོ་ཆེ། །མཆོག་གསུམ་རྩ་གསུམ་སྐུ་གསུམ་གྱི། །རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག །རང་བྱུང་ཀུན་ཏུ་བཟང་པོའི་ཀློང་། །མཐའ་ཡས་སྤྱན་གཟིགས་པདྨ་འབྱུང་། །དགོངས་བརྡའ་གང་ཟག་སྙན་ཁུང་གིས། །བརྒྱུད་བཅས་བླ་མའི་བཀྲ་ཤིས་ཤོག །ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ། །ལོངས་སྐུ་དབྱིངས་ཕྱུག་ཕག་མོའི་སྐུ། །སྤྲུལ་སྐུ་མཚོ་རྒྱལ་ལབ་སྒྲོན་མ། །རྒྱལ་ཡུམ་རྣམས་ཀྱིས་བཀྲ་ཤིས་ཤོག །དག་པ་མཁའ་སྤྱོད་ཞིང་ཁམས་དང་། །རྣམ་དབྱེར་མེད་པའི་དགའ་བ་ལུང་། །གནས་པའི་དཔའ་བོ་དཔའ་མོ་དང་། །ཞིང་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །གང་ཞིག་བསྟན་ལ་རབ་སྡང་བའི། །མ་རུང་དགྲ་དགེགས་ཚར་གཅོད་ཅིང་། །རྣལ་འབྱོར་བུ་བཞིན་སྐྱོང་བ་ཡི། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱིས་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བཅོ་ལྔ་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །རྒྱལ་ཁམས་བདེ་ཞིང་སྐྱེ་འགྲོ་སྐྱིད། །བསྟན་པ་དར་དང་བསྟན་འཛིན་མཐུན། །ཇི་ལྟར་སྨོན་པ་ཀུན་འགྲུབ་པར། །སྐྱབས་གནས་རྣམས་ཀྱི་བྱིན་གྱིས་བརློབས། །
༈དགེ་བའི་རྩ་བ་འདི་ལ་བརྟེན་ནས་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་བདེ་ཆེན་པདྨ་འོད་ཀྱི་ཞིང་དུ་ཨོ་རྒྱན་པདྨའི་ཞབས་དྲུང་དུ་རྫུས་ཏེ་སྐྱེ་ཞིང་གསང་སྔགས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག སརྦ་མངྒ་ལཾ།
ཞེས་ཡི་གེ་པ་ནི་མཚུངས་མེད་སྤྲུལ་པའི་སྐུ་རིན་པོ་ཆེ་རིག་འཛིན་ཆོས་ཀྱི་རྒྱ་མཚོའི་ཐུགས་རྗེས་འཛིན་པའི་རྒྱ་རའི་བཙུན་པ་བྷུདྡྷ་ས་མ་དྷི་བདག་གིས་ཡུམ་ཆེན་རྡོ་རྗེ་ཕག་མོའི་འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་བྱོན་པ་སྒྲུབ་པ་མོ་ཨོ་རྒྱན་བུ་ཁྲིད་དེ་ཉིད་ཀྱི་དྲུང་དུ་ཇི་ལྟར་གསུངས་པ་བཞིན་རྒྱ་མཁར་རི་ཁྲོད་ནས་ལྷག་ཆད་ནོར་འཁྲུལ་མེད་པར་རབ་ཏུ་གུས་པར་བྲིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་ཤོག་ཅིག དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ལས་ཉོན་སྒྲིབ་ཚོགས་མ་ལུས་ཀུན་བྱང་ཞིང་། །བླ་མེད་ཐེག་ཆེན་ལམ་གྱི་སྒོར་ཞུགས་ནས། །དཔའ་བོ་མཁའ་འགྲོ་འདུ་བའི་གནས་མཆོག་ཏུ། །ཡེངས་མེད་རྩེ་གཅིག་སྒྲུབ་ལ་རབ་བརྩོན་ཏེ། །ཚེ་གཅིག་རྡོ་རྗེ་འཆང་དབང་ཐོབ་པར་ཤོག །བཀྲ་ཤིས་དགེའོ་ཞུས་སོ། །
༈ན་མོ་གུ་རུ་བྷྱ༔ མཁྱེན་པ་རབ་ཡངས་བརྩེ་དང་ནུས་པའི་བདག །དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ། །བླ་མ་ལྷ་དང་ཌཀྐི་ཆོས་སྲུང་ལ། །སྒོ་གསུམ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །དེ་ཡང་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས་ལུང་བསྟན་པའི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ཐུགས་རྗེ་ཆེན་པོའི་ཞིང་ཁམས་འདི་ལ་གནས་མཆོག་ཁྱད་པར་ཅན་གངས་ཏི་སེ། ལ་ཕྱི་ཆུ་བར་མཁའ་སྤྱོད་ཙཱ་རི་ཏྲ་སྟེ་སྐུ་གསུང་ཐུགས་ཀྱི་གནས་གསུམ་དང་འབྲེལ་ཞིང་དཔའ་བོ་མཁའ་འགྲོ་རྒྱུན་མ་ཆད་པའི་དྲག་པོའི་ཕོ་བྲང་དགའ་བ་ལུང་གི་གནས་མཆོག་འདི་ཉིད་ཀྱི་ཞལ་གཟིགས་ལ། གནས་མཆོག་འདི་དག་ཕྱིའི་སྒོ། །ཕྱི་ལ་དུང་དཀར་རང་བྱོན་ཡོད། །ནང་ལ་མཁའ་འགྲོའི་ཞབས་རྗེས་བཞུགས། །གནས་མཆོག་ཤར་སྟོད་སྒྲུབ་གནས་ཀྱི། །རྒྱབ་རི་ཟས་རི་མཆོག་རྒྱན་ངོས། །སངས་རྒྱས་ཤཱཀྱ་ཐུབ་པ་ལ། །ཉེ་བའི་སྲས་བཞིས་བསྐོར་བ་དང་། །ཨོ་རྒྱན་པདྨ་ཡབ་ཡུམ་བཞུགས། །མདུན་རི་དམ་པ་སངས་རྒྱས་དང་། །རྗེ་བཙུན་མི་ལ་ཡབ་སྲས་སོགས། །ལྷ་ཚོགས་དཔག་ཏུ་མེད་པ་བཞུགས། །སྟག་ཕྲད་ཤར་གྱི་དབུ་རྩེ་རུ། །རྒྱལ་བ་རིགས་ལྔ་གཙོ་འཁོར་དང་། །ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་དང་། །རས་ཆེན་རས་ཆུང་རས་པ་བརྒྱ། །རས་མ་བརྒྱ་སོགས་མང་དུ་བཞུགས། །ཐང་ལ་དུར་ཁྲོད་བཀོད་པ་ཡོད། །དུར་ཁྲོད་དེ་ཡི་དབུ་རྩེ་ན། །བྲག་དཀར་རྒོད་ཀྱི་སྐུ་འདྲ་ཡོད། །མཚམས་སྐོར་བྱ་རྒོད་ཕུང་རི་ལ། །རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་དང་། །གཡས་རི་དཔའ་བོ་སྡེ་ལྔ་དང་། །གཡོན་རི་དཔའ་མོ་སྡེ་ལྔ་བཞུགས། །ལྕམ་རྩ་ཤར་གྱི་དབུ་རྩེ་ན། །ཞི་བ་བཞི་བཅུ་རྩ་གཉིས་དང་། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་། །བྱང་ཆུབ་ལྟུང་བཤགས་ལྷ་ཚོགས་བཞུགས། །རྟ་ཚལ་ཁྲུས་ཀྱི་རྫིང་བུ་ལ། །ཆུ་བོ་ཡན་ལག་བརྒྱད་ལྡན་སོགས། །ངོ་མཚར་ལྟས་བཟང་དཔག་མེད་མཇལ། །རྒྱལ་བོ་དྲི་མེད་ཀུན་ལྡན་དེ། །རྟ་མཆོག་ངང་པ་ཆིབས་པ་དང་། །དངོས་གྲུབ་མི་རོ་མཁུན་ཤེས་ཡོད། །གཉེན་གྱི་ཕ་བོང་བདེ་ཆེན་ལ། །ཨ་དང་རྡོ་རྗེ་རང་བྱོན་ཡོད། །དཀར་རྩི་འཕྲང་རྒྱབ་རི་བོ་ལ། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་དང་། །རིགས་ལྔ་བདེ་མཆོག་དཀྱིལ་འཁོར་དང་། །ཁྲི་འགྱོག་བཅས་པ་གསལ་བར་ཡོད། །འོག་ཏུ་བདེ་ཆེན་བཀོད་པ་དང་། །ས་ར་ཧ་སོགས་གྲུབ་ཆེན་གསུམ། །ཐུགས་རྗེས་གསུང་སྤྲུལ་མ་ཎི་བསྐུལ། །ཡུམ་ཆེན་ཕག་མོ་གྲུབ་རྒྱལ་མོ། །སྐུ་གསུམ་ཚུལ་དུ་བཞུགས་པ་དང་། །དེ་སོགས་ཞལ་གཟིགས་དཔག་མེད་ཡོད། །གསང་བ་དངུལ་གྱི་སྒོ་མོའི་ནང་། །ཡང་རྒྱབ་ཕ་ཝོང་གཞལ་ཡས་ཁང་། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་དང་། །དམ་པ་རིགས་བརྒྱའི་ལྷ་ཚོགས་བཞུགས། །དབུས་རི་སངས་རྒྱས་ཤཱཀ་ཐུབ་ལ། །དགྲ་བཅོམ་མང་པོའི་བསྐོར་བ་ཡོད། །གཡོན་དུ་གུ་རུ་པདྨ་ལ། །མཁའ་འགྲོ་སྡེ་ལྔས་བསྐོར་བ་དང་། །ལྷ་བུ་དམ་པ་ཏོག་དཀར་དང་། །རིག་འཛིན་གྲལ་ར་ཤིག་སེ་ཡོད། །སངས་རྒྱས་སྨན་ལྷ་ལྷ་མོས་བསྐོར། །ཐུབ་དབང་གནས་བརྟན་བསྐོར་བ་བཞུགས། །ལྷོ་སྒོ་བཀྲ་ཤིས་སྒོ་མང་ལ། །བཻཌཱུརྱའི་གླེགས་བམ་དང་། །མཆོད་རྟེན་མཐོང་བ་དོན་ལྡན་ནི། །ཕྱི་ནི་མཆོད་རྟེན་རྣམ་པ་ལ། །ནང་དུ་གསང་སྔགས་དཀྱིལ་འཁོར་ལྷ། །དཔག་ཏུ་མེད་པར་བཞུགས་པ་ཡོད། །མཆོད་རྟེན་ཁྱུང་གཤོག་ལྡེམ་པ་དང་། །སྒྲོལ་མ་ཉི་ཤུ་རྩ་གཅིག་བཞུགས། །ཁྲུས་ཆུ་ཡོན་ཏན་བརྒྱད་ལྡན་ཡོད། །དུར་ཁྲོད་རྐན་སྒྲ་སྒྲོག་པ་ལ། །དུར་ཁྲོད་གནས་ཀྱི་བདག་མོ་ཡོད། །གྲམ་ཤལ་རྫ་རི་སྨུག་པོ་ལ། །རིག་འཛིན་འབྱོན་པའི་དར་ལམ་ཡོད། །དོ་རི་གཡུ་ལོ་བཀོད་པའི་ཞིང་། །རྗེ་བཙུན་སྒྲོལ་མའི་བླ་མཚོ་དང་། །ལྷ་དང་ལྷ་མིན་ཆགས་ཚུལ་ཡོད། །དོ་རི་ལ་ཡི་ཕར་རྒྱབ་ན། །རྒྱ་ནག་གནས་ཀྱི་བཀོད་པ་ཡོད། །འཕགས་པ་འཇམ་དབྱངས་བཞུགས་པ་མཇལ། །ངོ་མཚར་ཆེ་བའི་མཚོ་གསུམ་ནི། །བདེ་མཆོག་ཕག་མོའི་བླ་མཚོ་ཡིན། །ཡབ་ཡུམ་ཟུང་འཇུག་ཚུལ་དུ་བཞུགས། །མཚལ་རི་ཟངས་མདོག་དཔལ་གྱི་རི། །གུ་རུ་པདྨ་སམ་བྷ་ལ། །ཐོད་ཕྲེང་སྡེ་ལྔས་བསྐོར་བ་དང་། །གཡས་སུ་བདེ་ཆེན་ཞིང་ཁམས་སུ། །ཆོས་སྐུ་སྣང་བ་མཐའ་ཡས་བཞུགས། །སེང་སྐྱོག་དུང་གི་སྒོ་མོ་ལ། །ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར་དང་། །རྒྱལ་བ་རིག་གསུམ་མགོན་པོ་སོགས། །ལྷ་ཚོགས་དཔག་ཏུ་མེད་པར་བཞུགས། །གླང་པོ་ཆེའི་སྣ་ལྗགས་ལ། །བར་དོར་བགྲོད་པའི་ཐར་ལམ་དང་། །དམྱལ་བའི་ཆགས་ཚུལ་འཇིགས་པར་ཡོད། །ཕྱི་སྒོ་ཤིང་གི་སྒོ་མོ་ལ། །སྒོ་སྲུང་བྱ་ཡིས་མཚན་ཅན་ཡོད། །ནང་སྒོ་ལྕགས་ཀྱི་སྒོ་མོ་ལ། །སྒོ་སྲུང་ལྕགས་ཀྱི་མཚན་ཅན་ཡོད། །གསང་སྒོ་དངུལ་གྱི་སྒོ་མོ་ལ། །སྒོ་སྲུང་སེང་གེའི་མཚན་ཅན་ཡོད། །ཤར་སྒོ་དུང་གི་སྒོ་མོ་ལ། །སྒོ་སྲུང་ཁྲོ་བོ་ཁྲོ་མོ་ཡོད། །གཞན་ཡང་ལྷ་ཚོགས་དཔག་ཏུ་མེད། །བཞུགས་ཀྱང་འདི་ནི་མདོར་ཙམ་བསྡུས། །ཞིབ་པར་གནས་ཡིག་ཆེན་མོ་དང་། །འབྲིང་པོ་གཉིས་སུ་གསལ་བར་ཡོད། །རྒྱས་པར་དེ་རུ་གཟིགས་པར་ཞུ། །ཁྱད་པར་གནས་མཆོག་འདི་ལ་ཡང་། །ཕྱི་ནི་ལུང་པའི་རྣམ་པ་ལ། །ནང་ན་ལྷའི་གཞལ་ཡས་ཁང་། །གསང་བ་རྒྱུད་སྡེའི་དཀྱིལ་འཁོར་ཡིན། །རི་བྲག་སྣང་བ་བླ་མ་ལྷ། །སངས་རྒྱས་བྱང་སེམས་ཌཱཀི་དང་། །དཔའ་བོ་དཔའ་མོ་ཆོས་སྐྱོང་སྐུ། །ཆུ་རླུང་རང་བྱུང་སྔགས་ཀྱི་སྒྲ། །རྒྱལ་བའི་གསུང་གི་རིག་འཛིན་ནོ། །དྲན་རྟོག་ཆོས་ཉིད་རོལ་པ་སྟེ། །བདེ་བཤེགས་ཐུགས་ཀྱི་རང་བཞིན་ཡིན། །ཤིང་ལོ་མཆོད་པའི་ལྷ་མོ་དང་། །རྫ་གངས་འུར་བ་ཆ་ལང་རྔ། །བྱ་ཚོགས་མགྲིན་གླུ་རོལ་མོའི་སྒྲ། །སྨན་ལྗོངས་མེ་ཏོག་ནེའུ་གསིང་དང་། །ལྗོན་ཤིང་ཆུ་མཚོ་ཡིད་འོང་རྒྱན། །ཞིང་ཁམས་བཀོད་པ་བླ་ན་མེད། །སྐལ་ལྡན་རྣམས་ཀྱིས་སྤྱོད་ཡུལ་ཡིན། །འདི་ལ་དད་དང་ཕྱག་འབུལ་དང་། །གནས་སྐོར་ཚོགས་འཁོར་དར་ལྕོག་གཙུག །ཚེ་ཐར་སྐར་མེ་སྡིག་པ་ཕུལ། །མཐོང་ཐོས་དྲན་རེག་གྱུར་པ་རྣམས། །ནད་གདོན་འགལ་རྐྱེན་བར་ཆད་ཞི། །ཚེ་དཔལ་ལོངས་སྤྱོད་སྙན་གྲགས་དང་། །བདེ་སྐྱིད་ཕུན་སུམ་ཚོགས་པར་ཐོབ། །ཕྱི་མ་རིག་འཛིན་གྲལ་དུ་སྐྱེ། །ཐེག་ཆེན་ཆོས་ལ་ལོངས་སྤྱོད་དེ། །རྣམ་མཁྱེན་གོ་འཕང་ཐོབ་པར་འགྱུར། །དེ་སོགས་ཡོན་ཏན་དཔག་ཏུ་མེད། །འདི་ལ་བསམ་སྟེ་བརྩོན་འགྲུས་མཛོད། །
༈ སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩ་བ་གསུམ་གྱི་བཀྲ་ཤིས་ཤོག །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་རྣམ་དག་བཀྲ་ཤིས་ཤོག །དགྲ་བགེགས་སྒྲོལ་ཞིང་རྣལ་འབྱོར་སྐྱོངས། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །གང་བསམ་ཕྲིན་ལས་མྱུར་སྒྲུབ་པའི། །གནས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ཕྱོགས་དགེ་ལེགས་སྐྱོང་བ་ཡི། །གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཅེས་སོགས་དང་། འབད་དང་རྩོལ་བ་མ་དགོས་པས། ཅེས་སོགས་དང་། སྐྱེ་བ་ཀུན་ཏུ་སོགས་དང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བྱའོ། །ཅེས་གནས་ཡིག་ཤིན་ཏུ་བསྡུས་པ་འདི་ཡང་སྒྲུབ་པ་མོ་དེ་ཉིད་ཀྱི་དྲུང་དུ་ཇི་ལྟར་གསུངས་པ་བཞིན་ནོར་འཁྲུལ་མེད་པར་བཀྲ་ཤིས་ཆོས་མཁར་དུ་གུས་པར་བྲིས་པའི་ཡི་གེ་པ་ནི་སངས་རྒྱས་ཏིང་འཛིན་ནོ། །
མཆན། གོང་གི་གནས་ཡིག་འདི་གཉིས་ནི་དྲང་དོན་དུ་ཡེ་ཤེས་མཚོ་རྒྱལ་ལམ་ཤེལ་དཀར་གཟའ་རྡོ་རྗེ་མཚོའི་སྐྱེ་བ་ངེས་དོན་དུ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྲུལ་པ་སྒྲུབ་པ་མོ་ཨུ་རྒྱན་བུ་ཁྲིད་ཀྱི་བཀའ་འབུམ་ལས་ཞལ་བཤུས་པའོ། །
༄༅། །གནས་ཆེན་སྦས་ཡུལ་དགའ་བ་ལུང་གི་དཀར་ཆག་གནས་ཡིག་རྡོ་རྗེའི་གསང་ལམ་ཐར་ལམ་སྒོ་འབྱེད་བཞུགས་སོ། །
༄༅། །ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ། །བདེ་བ་ཆེན་པོ་ཆོས་སྐུ་སྣང་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུ་འཕགས་པ་སྤྱན་རས་གཟིགས། །དྲེགས་པ་ཚར་གཅོད་སྤྲུལ་སྐུ་རྟ་ཕག་གར། །སྐུ་བཞིའི་སྣང་ཚུལ་མ་འགགས་པདྨ་འབྱུང་། །རབ་འབྱམས་སྨྲ་བའི་སེང་གེ་མཚོ་རྒྱལ་མ། བདེ་ལྡན་བསྟན་པའི་སྒྲོན་མེ་རྗེ་འབངས་ཚོགས། །ས་ལམ་མཐར་ཕྱིན་དེ་ལ་ཕྱག་མཚལ་ལོ། །དེ་ཡང་སྤྱིར་འཛམ་བུ་གླིང་ན་མཁའ་འགྲོ་མ་འདུ་བ་ངེས་པའི་གནས་དང་དུར་ཁྲོད་ཆེན་པོ་བརྒྱད་དང་སུམ་ཅུ་ཡོད་པ་ལ། རྒྱ་གར་ཡུལ་ན་སུམ་ཅུ་རྩ་གཉིས་ཡོད། དེ་ཡང་སྤྱོད་པ་བྱེད་པའི་གནས་དྲུག །ཉམས་མྱོང་སྐྱོང་བའི་གནས་བཅུ་བཞི་དང་། དམ་ཚིག་སྐྱོང་བའི་གནས་བརྒྱད་དང་། འདོད་ཅིང་འདུན་པ་དྲག་པོ་བསྐྱེད་པའི་གནས་བཞི་སྟེ། སུམ་ཅུ་རྩ་གཉིས་ལ། རང་བཞིན་དུ་མཁའ་འགྲོ་མ་དུས་རྟག་ཏུ་གནས་པའི་གནས་ནི་བརྒྱད་ཡོད། དེ་དག་ལ་མཆོད་རྟེན་རེ་ཆུ་རེ་ལྷ་སྟོབས་ལྡན་དྲག་པོ་རེ། རང་བྱོན་གྱི་ཡི་དམ་རེ། སློབ་དཔོན་གྲུབ་ཐོབ་རེ། ཕྲ་མེན་མ་མོ་དང་མཁའ་འགྲོ་རེ། ཞིང་སྐྱོང་དང་ཕྱོགས་སྐྱོང་སོགས་དུར་ཁྲོད་ཀྱི་མཚན་ཉིད་རྫོགས་པ་རེ་ཡོད། ཨུ་རྒྱན་གྱི་ཡུལ་དུ་བརྒྱད་ཡོད། ཁ་ཆེའི་ཡུལ་དུ་བཅུ་ཡོད། ལི་དང་ཧོར་ན་ལྔ་ཡོད། ཚ་བ་དམར་ཐ་དང་བང་ཐུང་གི་ཡུལ་དུ་ལྔ་ཡོད། མི་ཉག་དང་ཧོར་ཡུལ་ན་བཅུ། ཐོ་མི་དང་གར་བསམ་གྱི་ཡུལ་ན་བཅུ། བོད་ན་གཉིས་ལས་མེད་ཅེས་སློབ་དཔོན་བི་མ་ལའི་བབ་ཆེན་ལས་གསུངས། དེ་ཡང་བོད་དབུ་རུའི་ཏིལ་སྒྲོའི་བྲག་དཀར་པོ་ལ་ལས་ཀྱི་མཁའ་འགྲོ་མ་མོ་ཚུལ་བདུན་གནས། ཁྱད་པར་ཀོང་པོའི་ལྷོ་ནུབ་མཚམས་ན་བློ་དང་རྡོའི་བར་ན། བྱར་བོར་ནས་ཉི་མ་བདུན་ན་ཙ་རི་ཏྲ་ཞེས་པ། དེ་ནས་ལ་བཅུ་གཅིག་བརྒལ་བའི་འོག་ན་མཁའ་འགྲོ་མ་ཁྲུས་བྱེད་ཀྱི་མཚོ་དང་། དེའི་དབུས་སུ་རིན་པོ་ཆེ་ཤེལ་ལས་གྲུབ་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་རྣམ་པ་སྒོ་བདུན་ཅུ་རྩ་བདུན་ན། མགོན་པོ་བདུན་ཅུ་རྩ་བདུན་ཤེལ་ལས་གྲུབ་པ་སོགས་ཐེག་པ་རིམ་དགུའི་ལྷ་ཚོགས་ཚངས་པ་མཁའ་འགྲོ་མའི་བརྟེན་གནས་ཡོད། དེའི་ཤར་ཕྱོགས་སུ་གནས་ཆེན་པདྨ་བཀོད་ཅེས་བྱ་བ་པདྨ་རྒྱས་པ་ལྟ་བུའི་གནས་ཡོད་དེ། གནས་དེ་ནི་མཁའ་འགྲོ་མ་ཐམས་ཅད་འདུ་བའི་གླིང་ཁྱད་པར་ཅན་ཏེ། དེ་ལ་ཕྱི་ཡི་གླིང་བཅུ་གཉིས་དེ་ཡང་བྱང་ཕྱོགས་དྲག་པོར་བཀོད་ཆུང་གི་ཕྱི་ཡི་ས་གཟེར་དུར་ཁྲོད་དགའ་བ་ཚལ་ཅེས་བྱ་སྟེ། དེ་ཡང་དུར་ཁྲོད་ཆེན་པོ་འདི་ལ་ཕྱི་ནང་མི་འགྱུར་ཞིང་དངོས་གྲུབ་སྟེར་བའི་མཁའ་འགྲོ་མ་བདུན། དུས་ཆེན་པོ་བཞི་ལ་འདུ་ཞིང་དེ་མོ་བྱེ་བའི་མཁའ་འགྲོ་མ་འབུམ་ཕྲག་ཉི་ཤུ་རྩ་དགུ་ཡོད་དེ། དུར་ཁྲོད་འདི་ཡི་དབྱིབས་ནི་ཕྱི་ལྟར་དུ་རུ་ཊ་གན་འགྱེལ་དུ་འགྱེལ་བའི་ཚུལ་ནང་ལྟར་དཀྱིལ་འཁོར་གྱི་ཚུལ་དུ་ཆགས་པ། གསང་བ་པདྨ་དགའ་བ་འཁྱིལ་བའི་ཚུལ་དུ་ཆགས་ཏེ། ཕྱི་ལྟར་ན་བྱ་ཁྱུང་རུ་ཊའི་མགོ་བོ་ལ་ཨ་རཾ་མགྲིན་པ་ལྕེའི་ཚུལ། ལྕགས་སྡིག་ཕུག་སྙིང་ཁ། དེའི་ཆུ་མིག་སྙིང་ཁྲག་ལ་ཀླུ་བདུད་དུང་མིག་གནས། ཚོགས་འཁོར་ལྟེ་བ་སྤྲུལ་འཁོར་ལ། གིང་ཕོ་གིང་མོ་རི་རབ་རྩེར་སྤྲུལ་པའི་མཁའ་འགྲོ་རྒོད་གདོང་མ་གནས། རྟ་ཚལ་གསང་གནས་ཟླ་གམ་བརྩེགས་པ་ལ་མཁའ་འགྲོའི་བསྟི་གནས་སྲོག་གི་རྟེན་མཆོད་གནས། འདོམ་ལ་རིགས་གསུམ་མགོན་པོའི་མཆོད་རྟེན་གནས། །ནོར་བུའི་རྩེ་ནས་བདུད་རྩི་ཨ་མྲི་ཏ་སོགས་བྱུང་བའོ། །ནང་དཀྱིལ་འཁོར་ལྟ་བུར་བཤད་ན། ཤར་སྒོ་འབྲོག་ལུང་སྟེ་སྐུའི་གནས། ལྷོ་སྒོ་དོ་རི་སྟེ་ཡོན་ཏན་གྱི་གནས། ནུབ་སྒོ་སེང་གེ་སྐྱོག་སྟེ་གསུང་གི་གནས། བྱང་སྒོ་ལུང་པའི་མདའ་སྟེ་ཐུགས་ཀྱི་གནས། ལྟེ་བར་རྟ་ཕག་ཡབ་ཡུམ་དབུས་འདི་ཐུགས་ཀྱི་གནས་སོ། །གསང་བ་པདྨོའི་ཚུལ་དུ་བཤད་ན། རྡོ་རྗེ་ཕག་མོ་གསང་བ་བྷ་གའི་ཚུལ་དེ་ཐབས་ཀྱི་རང་བཞིན་སེང་གེ་སྐྱོག་གི་བྲག་ནི་དགའ་བའི་གདོང་སྟེ་བདེ་བ་བསྐྱེད་པའི་རྟེན། གངས་རི་དགའ་བ་འཁྱིལ་བ་འདི་ནི་གསང་རྩ་དགའ་བ་འཁྱིལ་བ་དངོས་ཏེ་ཤེས་རབ་བདེ་སྟོང་གི་རྩ་བ་མཁའ་འགྲོའི་སྲོག་གོ །མཚོ་ཟླ་གམ་ཁྲུས་ཀྱི་རྫིང་བུ་དག་བྱེད་ཀྱི་བདུད་རྩི། ཐང་ཟླ་གམ་དངུལ་གྱི་མཎྜལ་མཆོད་པའི་ལོངས་སྤྱོད། རི་ཟླ་གམ་མཆོད་རྟེན་གྱི་བང་རིམ་རྟེན་གྱི་གཙོ་བོ་བཞུགས་པའི་གནས། མཆོད་རྟེན་གསུམ་པོ་གནས་ཀྱི་ས་གནད་པདྨའི་ཟེའུ་འབྲུ། ཡེ་ཤེས་ལྔ་ལྡན་རཀྟའི་དྭངས་མ་ཁམས་ཀྱིས་བདུད་རྩིའོ། །དེ་ལྟར་གནས་ཀྱི་ཆགས་ཚུལ་གླེང་ནས་སླར་གནས་ཆེན་འདི་ལ་དུས་གསུམ་སངས་རྒྱས་དངོས་ཀྱིས་བྱིན་གྱིས་བརླབས་ཏེ། སྔོན་སངས་རྒྱས་འོད་སྲུང་བྱོན་ནས་བྱིན་གྱིས་བརླབས། དེ་རྟགས་ཕྱག་གཡས་པའི་རྗེས་བཞག །དེ་རྗེས་བདུད་ཕོ་མ་ཏྲཾ་རུ་ཊ་བཏུལ་ནས་དུར་ཁྲོད་ཆེན་པོ་བརྒྱད་དུ་བྱིན་གྱིས་བརླབས། དེ་ཚེ་སྲིན་པོ་དགའ་བྱེད་གཞོན་ནུ་ཞེས་སྟོབས་དང་ལྡན་པ་དེ་དུར་ཁྲོད་རྦ་སེང་དུ་དབང་བྱེད་པས་རྟ་ཕག་གཉིས་ཀྱི་ཐུགས་རྗེའི་སྟོབས་ཀྱིས་དབང་དུ་བསྡུས་ཤིང་རྣམ་ཤེས་ཀུན་དགའ་གཞོན་ནུའི་གནས་སྤར། གནས་གསུམ་ཞིང་གསུམ་དུར་ཁྲོད་གསུམ་གྱི་སྲུང་མར་བསྐོས། ལུས་ཀྱི་ཕུང་པོ་ཡན་ལག་ཕྱི་ཤ་ནང་རོལ་རྣམས་ཅི་སྲིད་བསྐལ་བའི་བར་དུ་མཁའ་འགྲོ་མ་རྣམས་འདུ་བའི་དུར་ཁྲོད་དུ་བྱིན་གྱིས་བརླབས། ཁོང་པ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ནས། གནོད་སྦྱིན་ཕག་གདོང་མ་སྤུན་ལྔ་སོགས་གནོད་སྦྱིན་དང་མ་མོ་མཁའ་འགྲོའི་ཚོགས་ལ་རྒྱུད་སྡེ་མང་པོ་གསུངས་ནས་སྨིན་གྲོལ་དུ་བྱས། སླར་ཡབ་ཡུམ་རྡོ་སྐུའི་ཆ་ལུགས་སུ་གྱུར་ཏེ། འགྲོ་བ་གསུམ་ཀ་སྲིད་མཚོ་ལས་བསྒྲལ་བར་མཛད། ཁྱད་པར་གངས་རི་དགའ་བ་འཁྱིལ་བའི་ཕུག་པ་མཁའ་འགྲོ་འདུ་བའི་རྟེན་གཅིག་ཡོད། དེ་ནི་རྟ་ཕག་ཡབ་ཡུམ་དངོས་ཡིན་གཞན་མ་ཡིན། ཅེས་སོགས་རྒྱ་ཆེར་གསུངས་པ་དང་། འདིར་མཁའ་འགྲོ་འདུས་པའི་རྫས་ཕུད་ས་རྡོ་ཐམས་ཅད་ཡང་ཐ་མལ་མ་ཡིན་ཏེ། དུར་ཁྲོད་ཀྱི་རྫས་དང་ལྷ་དང་གཟུགས་ཐ་དད་དུ་མར་གྱུར་ཏེ། དུར་ཁྲོད་རྫས་སུ་མིང་ཅན་ནི། རོ་དངོས་གྲུབ་འབྱུང་བ་དང་དགའ་བྱེད་ཀྱི་ཙིཏྟ་སོགས་དོན་སྣོད་ལྔ་དང་། གླང་ཆེན་སོགས་ཤ་ཆེན་ལྔ་དང་། སིནྡྷུ་རའི་ཆུ་སོགས་ཁ་དོག་ལྔའི་ཆུ་དང་། རྟ་མགྲིན་ཡབ་ཡུམ་སོགས་རང་བྱོན་གྱི་སྐུ་མཆོག་ལྔ་དང་། ཡི་དམ་ཆོས་སྐྱོང་གི་ཞལ་ཟས་དབང་པོ་ལྔ་སོགས་འདོད་ཡོན་ལྔ་དང་ཆོས་སྐྱོང་བྱ་རོག་གདོང་སོགས་གདོང་ཅན་ལྔ་དང་། ཡིད་བཞིན་མཆོག་གི་རྟེན་སོགས་ཐུན་མོང་དངོས་གྲུབ་ཀྱི་རྟེན་ལྔ་དང་། ཕག་གདོང་མཁའ་འགྲོ་འབུམ་དིལ་སོགས་མཁའ་འགྲོའི་འདུ་ཁང་ལྔ་དང་། གསལ་ཁང་ཡང་ལེ་ཤོད་སོགས་སྒྲུབ་ཕུག་ལྔ་དང་། ཁྲུས་ཀྱི་རྫིང་བུ་སོགས་ཆུ་བོ་ཡན་ལག་བརྒྱད་ལྡན་དང་། གངས་རི་དགའ་བ་འཁྱིལ་བ་སོགས་མཁའ་འགྲོའི་ཉེ་ལམ་ལྔ་དང་། ཆེ་མཆོག་བདེ་ཆེན་གྱི་ཕོ་བྲང་སོགས་ཕྱོགས་བཞིའི་ཕོ་བྲང་ལྔ་དང་། གངས་རི་ཙིཏྟའི་གུར་ཁང་སོགས་མཁའ་འགྲོའི་ཏི་སེ་ལྔ་དང་། རོ་དངོས་གྲུབ་འབྱུང་བ་སོགས་དགོས་འདོད་ཀྱི་རྟེན་ལྔ་དང་། གཏེར་སྒྲོམ་ཁྱུང་ཆེན་ལྔའི་ཁྲི་སོགས་མ་བརྩིགས་པའི་ཁྲི་ལྔ་དང་། མཆོད་རྟེན་དགའ་བྱེད་བརྩེགས་པ་སོགས་ཐུགས་ཀྱི་རྟེན་ལྔ་དང་། ཕྱི་ནང་གསང་བའི་བཀོད་པ་ཁྱད་པར་འཕགས་པ་བྱིན་གྱིས་བརླབས་ནས། བར་སྐབས་ཅིག་ཏུ་གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སུ་གྱུར། དེ་རྗེས་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་འཁོར་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་བཅས་ཏེ་རྒྱ་ནག་རི་བོ་རྩེ་ལྔ་བོད་ཀྱི་ཙཱ་རི་ཏྲ་སོགས་ལ་རྫུ་འཕྲུལ་གྱིས་ནམ་མཁར་སྤྲིན་གྱི་ལམ་ལས་བྱོན་ནས། ཙཱ་རི་ཏྲ་ཡི་ཤར་ཕྱོགས་དུར་ཁྲོད་རྦ་སེང་ངམ་པདྨ་བཀོད་ཀྱི་བྱང་ཕྱོགས་ཀྱི་སའི་འཛེར་དུ་བསྡམས་ཏེ་ཕྱག་རྗེས་དང་། གནོད་སྦྱིན་གྱི་རྒྱུད་སོགས་གསུངས་ཤིང་བྱིན་གྱིས་བརླབས་ཤིང་། བོད་ཡུལ་སངས་རྒྱས་ཀྱི་བསྟན་པ་མ་འོངས་ཐ་མའི་དུས་འབྱུང་བའི་ཕྱིར་སྨོན་ལམ་ཐུགས་རྗེས་བྱིན་གྱིས་བརླབས། རང་བྱོན་སྐུ་ལ་རབ་གནས་དང་། དུར་ཁྲོད་ཀྱི་བདག་པོ་ཕྱག་བཞི་པ་ལ་གཉེར་དུ་མཛད། དེ་རྗེས་ཤ་བ་རི་པ། ཀུ་ཀུ་རི་པ། ལ་བ་པ། བཱི་མ་ལ་མི་ཏྲ། དྲོམྦྷི་པ། སློབ་དཔོན་ཀླུ་སྒྲུབ། པདྨ་སཾ་བྷ་རྣམས་བྱོན་ནས་གནས་ལ་སྒྲུབ་ཞག་དང་། རང་བྱོན་སྐུ་མཆོག་འདི་ཉིད་ལ་སྒྲུབ་རྟེན་མཛད་ནས་དངོས་གྲུབ་བརྙེས་པར་མཛད། དེ་རྗེས་བོད་ཡུལ་བསྟན་པ་སྔ་དར་གྱི་སྐབས་སུ་ཨུ་རྒྱན་གུ་རུ་ཉིད་དང་ཇོ་མོ་མཚོ་རྒྱལ་ནམ་མཁའི་སྙིང་པོ་སོགས་སྤྱོད་པ་ཐུབ་པའི་རྗེ་འབངས་འགའ་དང་བཅས་ནས་པདྨ་བཀོད་དང་ཙཱ་རི་ཏྲ་མ་ཀོང་ལུང་ཁྱད་པར་འདོང་ཆུའི་གཙུག་ལག་ཁངས་སོགས་བྱིན་གྱིས་བརླབས་ཅིང་། གནས་འདིར་སྐུ་གསུང་ཐུགས་རྟེན་གཏེར་དུ་སྦས་ཤིང་བྱིན་གྱིས་བརླབས་པར་མཛད། དེ་ནས་བར་དུ་སྦས་པས་སྦས་གནས་སུ་གྱུར་ཏེ་དེ་སྔོན་མ་གྲགས་ཤིང་མ་མངོན་པའོ། །དེ་ནས་དུས་ད་ལྟ་སྙིགས་མ་ལྔ་བདོ་ལ་རྩོད་ལྡན་ལྔ་བརྒྱ་ཐ་མའི་སྐབས་འདིར། འགྲོ་བ་སྐྱབས་མེད་ཡུངས་དོས་ཁ་ཕྱེས་མཐུར་ལ་སྟོན་པ་ལྟར་འགྲོ་བ་ལས་ངན་གྱིས་ནོན་པ་རྣམས་སྐྱོབ་ཅིང་འཁོར་བ་མཐའ་ཅན་དུ་བསྒྱུར་ཕྱིར། དྲང་དོན་དུ་ཡེ་ཤེས་མཚོ་རྒྱལ་ལམ་ཤེལ་དཀར་གཟའ་རྡོ་རྗེ་མཚོའི་སྐྱེ་བ། ངེས་དོན་དུ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྲུལ་པ་སྒྲུབ་པ་མ་ཨུ་རྒྱན་བུ་ཁྲིད་ཅེས་པས། ཤར་འབྲོག་ལུང་རྡོ་རྗེ་མཁའ་འགྲོའི་གནས། ཕ་ཝང་རུ་སྦལ་ཅན་གཏེར་ནས་བཏོན་ཅིང་གནས་འདི་ཡི་རི་ཞལ་གཟིགས་སོགས་རྒྱས་པ་དེ་ཉིད་རང་གིས་མཛད་པའི་གནས་ཡིག་ཏུ་གསལ་ལོ། །དེ་རྗེས་ཁོ་བོ་སྟག་ཤམ་རྡོ་རྗེ་ལ་ཨུ་རྒྱན་རིན་པོ་ཆེའི་ཐུགས་རྗེས་བྱིན་བརླབས་དང་། ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོ་མའི་ལུང་བསྟན་རིམ་པར་བྱུང་ཡང་གནས་དགའ་བ་ལུང་གང་ཡིན་མ་ཤེས། སླར་རེ་ཞིག་ཁྱི་ལོ་ཤར་མཚམས་སུ་མ་ཀོང་ལུང་དུ་འགྲོ་དགོས་པའི་ལུང་བསྟན་ཡང་ཡང་བྱུང་བ་ལ་བརྟེན་ནས་ཕག་ལོར་ངེད་དཔོན་སློབ་བཅུ་གསུམ་འོང་ཡང་མ་ཀོང་ལུང་དུ་མ་ཐར་ནས་ཡར་མཚར་རིར་ལོག་སྐབས་འབྲོག་ལུང་དུ་སྒྲུབ་པ་མའི་སར་ཕྱིན་ནས་མ་བུ་འཕྲད་པ་ལྟ་བུའི་བྲོད་པར་གྱུར་ཅིང་། དགའ་བ་ལུང་གིས་གནས་ཡིག་སྒྲུབ་པ་མོས་མཛད་པ་འདི་མཇལ་ཚེ་གནས་དགའ་བ་ལུང་ཡིན་པར་ཐག་ཆོད་ཅིང་སྤྲོ་བ་འཕེལ། དེ་རྗེས་ཨུ་རྒྱན་གུ་རུའི་ཡང་ཡང་ལུང་བསྟན་གནང་བ་ཐོབ་པ་ལ་བརྟེན་ནས་ཧོར་ཟླ་བརྒྱད་པའི་ཚེས་ལ་འབྲོག་ལུང་དུ་ཕྱིན་ནས་སླར་དགའ་བ་ལུང་གནས་སྐོར་ལ་འོང་བས། དམ་ཅན་སྐྱེ་བོའི་ཆ་ལུགས་རྐང་དུང་གཅོད་དྲིལ་ཁུར་མཁན་གཅིག་གིས་ལུང་བསྟན་ཅིང་རང་གིས་མཐོང་སྣང་དུ་དཔལ་རྟ་མགྲིན་ཉིད་མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་མཇལ་བཞིན་དེར་ཤིང་ཕུང་གཅིག་ལ་ཐིམས་སོང་བས་དེར་ས་བརྐོ་ཤིང་བསློག་བྱས་པའི་འོག་ནས། དཔལ་རྟ་མགྲིན་ཡབ་ཡུམ་ཚ་ཚ་སྤར་ནས་ཕྱུང་བ་ལྟ་བུར་བྱུང་སྟེ་དེ་མ་ཐག་ནམ་མཁའ་ལ་འཇའ་ཚོན་འཁྲུགས་ཅིང་འོད་དཔག་མེད་དངོས་སུ་ཞལ་མཇལ་བ་དང་། དེར་ལྷན་ཅིག་ཏུ་ཡོད་པའི་ཁྲོམ་པ་རྣམས་ངོ་མཚར་མཐོང་སྣང་ཡིད་ཆེས་པ་བྱུང་ཞིང་། དེར་ཕ་ཝང་ཕག་གདོང་མའི་འདོན་པར་སངས་རྒྱས་ཀྱིས་ཕྱག་རྗེས་དང་མཁའ་འགྲོ་འབུམ་ཐེར་གྱི་བྱང་ལོག་སྟག་མའི་སུབ་བསལ་བའི་ནང་ནས་བྱ་རོག་གདོང་དང་། དེའི་འོག་གིས་ཁྱི་ཤ་རྣམས་དང་། དམ་ཅན་གྱི་བླ་མཁར་ཟངས་ལྕགས་ལྡེམ་པའི་གོང་གི དགའ་བྱེད་ཀྱི་རོ་དངོས་གྲུབ་འབྱུང་བ་དང་། གཞན་ཡང་མཐོང་སྣང་གང་བྱུང་རྣམས་བསྟན་ཅིང་དེ་འཕྲོར་སྟག་ལུང་པས་གདན་འདྲེན་བྱུང་བས་ལུས། དེ་རྗེས་འབྲུག་ལོར་འོང་ནས་ལྕགས་སྡིག་ཕུག་དང་ཀླུ་སྒྲུབ་ཕུག་གི་མཐོང་སྣང་ལྟར་བསྟན་ཅིང་། འདིར་ཕ་ཝང་ནཱ་གའི་ཕོ་བྲང་གུ་རུ་རིན་པོ་ཆེའི་བཞུགས་ཁྲི་དང་འཁྲོས་ནག་མ། ཁྱད་པར་ཟབ་གཏེར་ཡི་དམ་དགོངས་འདུས་སོགས་གདན་དྲངས་ཤིང་གྲོགས་ཀྱི་སྤྱོད་པ་དང་ཕྱི་ནང་གང་གིས་ཆ་ནས་འདུག་པར་མ་ཕོད་པར་ཕར་ལོག ཕྱིས་སྤྲེལ་ལོར་སྒྲུབ་པ་ལ་གཙོར་བྱེད་དུ་ཕྱིན་ནས་སྔ་ཕྱི་རྨི་ལམ་མཐོང་སྣང་མང་དུ་བྱུང་བའི་སྟབས་ཀྱིས། ཆུ་བྱ་ཟླ་བ་བཞི་པའི་ཉི་ཤུ་བདུན་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་བཏོན་ཅིང་། གཞན་ཡང་རྟ་ཤ་གླང་ཆེན་བྱ་ཤ་རྣམས་ལ་རླུང་རྟ་ཕྱར། མིང་བརྟག་པར་བྱས། གཞན་ཡང་གནས་ཀྱི་བང་རིམ་གསུམ་པར་བྱ་གདོང་གཅིག་དང་། གསང་རྗེས་གུ་རུ་ཡབ་ཡུམ་གྱི་ཞབས་རྗེས་དང་། དེ་ཡི་གཡས་དུར་ཁྲོད་ཀཱི་ལ་འབར་བའི་རྫ་ཁྲོད་དུ། རྡོ་རྗེ་གྲོ་ལོད་ཀྱི་ཞབས་རྗེས། ཇོ་མོ་མཚོ་རྒྱལ་གྱི་ཞབས་རྗེས། རྡོའི་ཕོ་ལྔ་མོ་ལྔ། བཞུགས་ཁྲི་ཟླ་གམ་བརྩེགས་པ། ཡབ་ཡུམ་གཉིས་ཀྱི་གསང་ཕུག་རྡོ་རྗེ་གྲོ་ལོད་རྣམས་དང་། དེའུ་འབུར་རིགས་གསུམ་མགོན་པོར་ཨུ་རྒྱན་ཧེ་རུ་ཀའི་འདུ་ཁང་། ལོགས་ལ་ཐེག་རིམ་གྱི་ལྷ་ཚོགས་དང་མཁའ་འགྲོ་མའི་བཞུགས་གནས། སྟེང་དུ་ཞབས་རྗེས་ནུབ་ལོགས་སུ་ཨུ་རྒྱན་སོགས་དང་། ཨུ་རྒྱན་དྷ་ཧེ་ནའི་གཙུག་ལག་ཀྱི་ཤར་ལོགས་སུ་འཕགས་པའི་གནས་བརྟན་སེར་ཕྲེང་ཚུལ་དང་། མཆོད་རྟེན་དཀར་མོ་མགུལ་ཤེལ་ལམ། རང་བྱུང་གཟི་སྤྲ་འབར་བའི་མཆོད་རྟེན་དང་། རི་པོ་ཏ་ལའི་བཀོད་པ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྐྱེས་རབས། སྐོར་ལམ་དུ་བྱམས་པའི་ཞབས་རྗེས། དཀར་རྩི་འཕྲང་ལ་གུ་རུ་རིན་པོ་ཆེ་དང་། ཆེ་མཆོག་དྭངས་ཕུག རྡོ་རྗེ་གྲོ་ལོད་མཁའ་འགྲོ་སྡེ་ལྔ། རྡོ་རྗེ་སེམས་དཔའ་ཉེ་བའི་སྲས་བརྒྱད་སོགས་ནས། ཐུགས་རྗེ་ཆེན་པོས་སྡིག་ཆེན་ཉ་ཁྲབ་དྲངས་ཚུལ། རྒྱ་དཀར་པོའི་མཆོད་རྟེན། སྒྲོལ་མ་ཉི་ཤུ་རྩ་གཅིག་ཐུགས་རྗེ་ཆེན་པོ་གཙོ་འཁོར། ཞི་ཁྲོའི་ཕོ་བྲང་བར་དུ་རྡོ་རྗེ་སེམས་དཔའ་གསང་བ་ཐུགས་ཀྱི་བུམ་པ། ཡས་གང་མི་ལ་རས་ཆེན་རས་ཆུང་། བདུད་རྩི་སྲུང་མ་ཞིང་སྐྱོང་དམ་ཅན་ཁྱུང་ཞོན་གསུམ་གྱི་ཕོ་བྲང་། ཕུག་གི་རི་བོ་ཕྱོགས་བཅུ་ཞིང་གི་ཕོ་བྲང་། མཁའ་འགྲོ་གསང་བ་འབུམ་ཐེར་ཐད་ཀར་རྡོ་རྗེ་ཕག་མོའི་བླ་མཚོ་རྣམས་ནས་ནགས་དགའ་བ་འཁྱིལ་པའི་སྐོར་ལམ་རྣམས་ཕྱེས་ནས། དེ་ལས་ཞིབ་པ་རང་རང་གིས་དཀར་ཆག་ཁོ་ལ་ཕྱུང་དང་གནས་ཡིག་རྒྱས་པ་རྒྱབ་སོར་བཀོད་ཐུབ་པའི་སྨོན་ལམ་བྱའོ། །ཞེས་དགའ་ལུང་གནས་ཡིག་མདོར་བསྡུས་པ། རྡོ་རྗེའི་གསང་ལམ་ཐར་ལམ་སྒོ་འབྱེད་ཅེས། །དཔའ་བོ་བསམ་གཏན་གླིང་གྲགས་སྟག་ཤམ་ཅན། །ནུས་ལྡན་རྡོ་རྗེ་རྩལ་གྱིས་སྦྱར་བའི་དགེས། །ཁམས་གསུམ་འགྲོ་བ་སྤྲུལ་པས་འདྲེན་པར་ཤོག །སརྦ་མངྒ་ལཾ།
༄༅། །གནས་མཆོག་དགའ་བ་ལུང་ཆགས་ཚུལ་གྱི་གནས་བསྟོད་བཞུགས་སོ། །
ན་མོ་གུ་རུ་པདྨ་སིདྷི་ཧཱུྃ། །ཞིང་གི་མཆོག་གྱུར་དགའ་བ་ལུང་། །དགའ་བྱེད་གཞོན་ནུའི་ཕུང་པོ་ཆེ། །བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་། །གྲུ་བཞི་པ་ལ་སྒོ་ཡང་བཞི། །ཤར་སྒོ་འབྲོག་ལུང་རྡོ་རྗེའི་འཕྲང་། རྡོ་རྗེ་རིགས་ཀྱིས་ལྷ་ཚོགས་བཞུགས། །ལྷོ་སྒོ་དོ་རི་རིན་ཆེན་རིགས། །བསོད་ནམས་རྒྱས་པའི་ལྷ་ཚོགས་བཞུགས། །ནུབ་སྒོ་སེང་སྐྱོག་པདྨའི་ཞིང་། །པདྨ་རིགས་ཀྱིས་ལྷ་ཚོགས་བཞུགས། །དབང་གི་ལྷ་དང་ལྷ་མོ་བཞུགས། །བྱང་སྒོ་ལུང་མཇུག་ལས་ཀྱི་ཞིང་། །དྲག་པོའི་ལྷ་ཚོགས་དྲེགས་པ་འདུལ། །དབུས་གྱུར་རྟ་ཚལ་རྟ་མགྲིན་ཞིང་། །རྟ་མཆོག་ཧྱ་གྷྲྀ་ཝའི་ཞིང་། །ཞིང་མཆོག་འདི་འདྲ་ངོ་མཚར་ཆེ། །མགོ་ལ་སྐུ་ཡི་རྟ་མགྲིན་དབང་། །མཇལ་ཚད་སྐུ་ཡི་དངོས་གྲུབ་ཐོབ། །སྐུ་ཡི་ཞིང་ཁམས་རྡོ་རྗེ་དབྱིངས། །བྱོལ་སོང་གཙོ་བརྒྱད་འཁོར་ལོའི་སྟེང་། །ཆེ་མཆོག་དྭངས་མ་དབྱིངས་རིག་ཕུག །མཆོག་གི་དངོས་གྲུབ་ཐོབ་པའི་ཞིང་། །ཞལ་གཟིགས་སྣ་ཚོགས་བསམ་མི་ཁྱབ། །དགའ་བ་འཁྱིལ་བའི་དཀྱིལ་འཁོར་ལ། །གསུང་གིས་རྟ་མགྲིན་ལྷ་ཚོགས་བཞུགས། །གསུང་མཆོག་རིགས་ཀྱི་ལྷ་ལྷ་མོ། །གྲངས་མེད་བསམ་མི་ཁྱབ་པར་བཞུགས། །ཕྱིན་ཚད་ས་བརྒྱད་ནོན་པའི་ཞིང་། །ཕྱིར་མི་ལྡོག་པ་འདོན་མི་ཟ། །གཙུག་ཏོར་ཡང་རྒྱབ་བདེ་ཆེན་ཞིང་། །བདེ་བ་ཆེན་པོའི་མཆོད་རྟེན་མཆོག །དགའ་བ་མིག་དང་དགའ་བ་འཁྱིལ། །དགའ་ཞིང་ཡེ་ཤེས་མངོན་དུ་གྱུར། །གསང་སྔགས་ཡེ་ཤེས་དངོས་གྲུབ་ཅན། །ཡེ་ཤེས་ལྔ་ལྡན་བདུད་རྩི་འདི། །རེག་མྱོང་ཙམ་གྱིས་དུག་ལྔ་ལས། །གྱུར་པའི་ཕྱི་གདོན་གྲིབ་གདོན་སེལ། །ནང་གི་དུག་ལྔ་མ་རིག་དག །གསང་བའི་རྣམ་རྟོག་བག་ཆགས་སེལ། །ངོ་མཚར་འབྲེལ་ཚད་དོན་དང་ལྡན། །ཐུགས་གནས་ཚོགས་ཁང་དྲན་པ་བརྒྱད། །ཆོས་ཀྱི་འཁོར་ལོ་ཆོས་སྐུའི་གནས། །མཆོག་གི་ཏིང་འཛིན་འཕེལ་བའི་གནས། །ཞི་གནས་ལྷག་མཐོང་བསྒོམ་ན་མཆོག །བདུད་འདུལ་ལྕགས་སྡིག་ནུས་པའི་གླིང་། །ལྟེ་བ་སྤྲུལ་པའི་འཁོར་ལོའི་གནས། །རྩ་བའི་སྒྲུབ་ཕུག་བཞི་པོ་ནི། །དགའ་བཞི་ལྷན་སྐྱེས་མཆོག་གིས་གནས། །ཟུང་བརྒྱད་སྤྲུལ་པ་བཅུ་དྲུག་ཕུག །དགའ་བ་ཡེ་ཤེས་བཅུ་དྲུག་མཚན། །གསང་སྔགས་མཆོག་གིས་དངོས་གྲུབ་ཐོབ། །སྒྲུབ་པའི་གནས་ནི་ཁྱད་པར་འཕགས། །ཨ་རཾ་གསང་གནས་ཨ་ཤད་གནས། །གསང་བའི་ཆུ་མིག་གསང་སྔགས་ཆུ། དམ་ཚིག་བདུད་རྩིའི་ཆུ་ཡིན་པ། །གནས་མཆོག་བཞུགས་པ་མནའ་ཡི་ཆུ། །བསྒྲུབ་ཆེན་དབང་ལ་བཞུགས་པ་འདྲ། །དུ་ཧར་བདུད་བཙན་ཀླུ་གསུམ་དང་། །ལས་མཁན་དམ་ཅན་འཚོགས་པའི་ཞིང་། །འདི་ལྟར་དགའ་བའི་ལུང་ཁོག་འདི། །དོན་ལ་ཕག་མོ་ཁྲོས་མའི་སྐུ། །ཨ་རཾ་གསང་གནས་འཁོར་ལོ་ཡིན། །ནགས་འཁྱམས་ཆུ་མིག་གསང་ཆབ་ཡིན། །ལྕགས་སྡིག་ལྟེ་བའི་སྤྲུལ་པའི་ཞིང་། །ཚོགས་འཁོར་སྙིང་ཁར་ཆོས་འཁོར་ལོ། །རྟ་ཚལ་མགྲིན་པ་ལོངས་སྤྱོད་ལ། །དཀར་རྩི་སྤྱི་བོའི་འཁོར་ལོ་གྲགས། །ཡང་རྒྱབ་གཙུག་ཏོར་ནམ་མཁའི་འཁོར། །འཁོར་ལོ་དྲུག་ལ་རྟེན་དྲུག་ཡོད། །ཞིང་ཁམས་དྲུག་ལ་ལྷ་དྲུག་ཡོད། །གནས་མཆོག་དྲུག་ལ་བྱིན་བརླབས་དྲུག །ས་བཅད་དྲུག་ལ་དགོས་དོན་དྲུག །དྲུག་གསུམ་བཅོ་བརྒྱད་ཚང་བའི་ཞིང་། །འདིར་གནས་རྣམས་ནི་སྐྱེ་མཐའ་ཅན། །ཕྱིན་པ་ཙམ་གྱིས་སྡིག་སྒྲིབ་དག །མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུར། །རེག་ཚད་ལུས་ཀྱི་སྒྲིབ་པ་དག །སྡུག་བསྔལ་འཁོར་བའི་ཆུ་ལས་སྒྲོལ། །མཐོང་ཚད་ངན་སོང་གསུམ་ལས་ཐར། །དག་པ་ལྷ་ཡི་ཞིང་ཁམས་ཉུལ། །ཐོས་ཚད་མ་རིགས་ལས་ངན་དག །གསང་སྔགས་ཐེག་ཆེན་ཆོས་ལ་སྤྱོད། །ཚོར་ཚད་མི་དགེ་གནས་དག་ནས། །དགེ་བ་བཅུ་པོ་ལོངས་སྤྱོད་བྱེད། །མྱོང་ཚད་ལས་ལུས་སྡིག་པ་དག །ལས་དང་སྐལ་ལྡན་ཕྱིར་མི་ལྡོག །འབྲེལ་ཚད་དོན་ལྡན་གནས་མཆོག་འདིར། །འགྲོ་ཀུན་དད་པ་དག་སྣང་བསྐྱེད། །གསོལ་བ་ཐོབ་ལ་དངོས་གྲུབ་ཞུས། །མི་བསླུ་རྒྱལ་བའི་བཀའ་ཡིས་ཐེབས། །ཨོ་རྒྱན་པདྨས་བསླུ་མི་སྲིད། །བསླུས་ཀྱང་རྒྱལ་བ་དེ་ཡི་བཀའ། །རྒྱལ་བའི་བཀའ་ཡིས་བསླུ་མི་འགྱུར། དེ་ཕྱིར་གུས་པས་གསོལ་བ་ཐོབ། །ཚོགས་འཁོར་མར་མེ་རླུང་རྟ་དང་། །སྤྱན་གཟིགས་རྒྱལ་མཚན་ཇོ་དར་དང་། །ཚེ་ཐར་བསྐོར་ཕྱག་མཛད་པར་ཞུ། །ཞེས་གནས་མཆོག་ཆེན་པོ་དགའ་བ་ལུང་གི་ཕོ་བྲང་དུ་ཆུ་རྟ་ཟླ་བ་དགུ་པའི་ཚེས་བཅུ་ལ་དཀར་རྩི་འཕྲང་དུ་སྡོད་ཚེ་ཞིང་ཁམས་དཀྱིལ་འཁོར་གྱི་ཚུལ་དུ་མཇལ་འཕྲོ་ལ། ཕག་མོ་ཁྲོས་མའི་ལུས་བཀོད་ཡིན་ཟེར་བའི་ཤོག་བཀྲ་གཅིག་འདུག་པ་དང་། གཞན་འཕྲུལ་དབང་བྱེད་ཀྱིས་བཀོད་པ་སོགས་མཇལ་ཁ་མང་དུ་བྱུང་བས་དེ་ཡི་ཚིག་ཐོ་ཙམ་དུ་དཀར་རྩི་སྟག་ཤམ་པས་ཡར་ཚེས་ལ་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལཾ། །
༄༅། །རྗེ་བཙུན་ཨོ་རྒྱན་རྗེ་ལ་འདུད། །གུ་རུས་ལུང་བསྟན་སྣ་ཞེས་པའི། །ས་གནད་དྲེད་ལ་མི་རོ་བཀལ། །བོད་ཀྱི་ས་མིག་རྟེན་འབྲེལ་ལས། །ངན་པའི་ལྟས་ལ་བཟང་པོར་བསྒྱུར། །དགོས་པའི་ལུང་བསྟན་བྱུང་བཞིན་དུ། །སྦྲུལ་ལོ་ཟླ་བ་དགུ་པར་ཕྱིན། །རྡོ་རྗེ་གཡུ་སྒྲོན་ཞང་བློན་ནི། །གནས་པའི་རི་ལ་ཕྱིན་པའི་ཚེ། །རྒྱལ་བློན་འབངས་གསུམ་ཆོ་འཕྲུལ་འཚུབས། །ལྕང་པོའི་རི་བོ་ཁྱུང་ཆེན་ནི། །རྒྱ་མཚོ་རྐྱལ་བའི་ཚུལ་དུ་ཡོད། །སྤྱི་བོར་མཚན་བརྒྱད་བཞེངས་གྱུར་ན། །རྒྱལ་ཁམས་བདེ་བའི་ལུང་ཡོད་ཀྱང་། །མགོ་ནག་འདུས་པའི་བར་ཆད་ལུས། །ཞལ་གཟིགས་ཐོར་ཙམ་བྱུང་ཚུལ་ནི། །རྒྱབ་རི་ཧྲཱིཿགཟུགས་གསལ་བ་ལས། །འོད་དཔག་མེད་དང་སྤྱན་རས་གཟིགས། །པདྨ་གཙོ་འཁོར་རྣམ་པ་གསུམ། །སྒོམ་ཞུ་གྱོན་པའི་བླ་སྐུ་དང་། །རྒྱལ་པོ་ཧཱ་ཤང་ཚེ་དཔག་མེད། །བིར་ཝ་པ་དང་གྲོ་བོ་ལོད། །རྒྱལ་པོ་བེ་དཀར་སྐུ་བཅས་གསལ། །སྣལ་རི་གེ་སར་སྟག་ཆས་དང་། །ཆོས་རྒྱལ་དམ་ཅན་སྐུ་ལ་སོགས། །རྟ་འགྲིན་ཞིང་སྐྱོང་ཕོ་བྲང་ལ། །རྡོ་རྗེ་གདན་གྱི་བཀོད་པ་དང་། །སྲིད་པ་འཁོར་ལོའི་བཀོད་པ་ཡོད། །ཞིང་སྐྱོང་ཡབ་ཡུམ་སྐུ་དང་ནི། །ཚུར་ཁ་ཕོ་ལྷའི་སྐུ་ཡང་གསལ། །གུ་རུ་རྟ་མཆོག་ཆིབ་བྱོན་པའི། །རྟ་མཆོག་རྗེས་དང་རྟེའུའི་རྗེས། །རྟ་མཆོག་གནས་རྡོར་གྱུར་པ་ཡིས། །སྟེང་དུ་གུ་རུའི་ཞབས་རྗེས་དང་། །མཚོ་རྒྱལ་ཞབས་རྗེས་ལ་སོགས་གསལ། །སེང་གདོང་ཡབ་ཡུམ་རྒྱུད་ཀྱི་ཚུལ། །གྲི་ཐོད་བདུད་རྩིའི་འོད་ཟེར་ལས། །ཕར་འཕྲོས་ཉི་ཟླ་ནོར་བུའི་ཚུལ། །ཚུར་འདུས་སེང་ཆུང་ཞིང་སྐྱོང་ཆེ། །ཀུན་བཟང་བཅུད་ལས་གླང་པོ་ཆེ། །ཉི་མ་པདྨ་ལ་སོགས་གསལ། །གཡས་སུ་ཛཾ་ལྷ་ནོར་རྒྱུན་མ། །ཏྲི་ཧྲིང་ཡི་གེ་བཅས་པ་གསལ། །གཡོན་ཏུ་གསང་བ་ཡེ་ཤེས་ལ། །རིགས་བཞི་མཁའ་འགྲོའི་བསྐོར་བ་དང་། །ཧེ་རུ་ཀ་དང་གྲོ་བོ་ལོད། །པདྨ་ཐོད་ཕྲེང་ཡབ་ཡུམ་བཅས། །མདུན་དུ་བདུད་མགོན་ཡབ་ཡུམ་ནི། །སྡེ་བརྒྱད་དྲེག་པ་ཤ་ཟའི་ཚོགས། །བམ་ཆེན་དམ་ཅན་རྭ་ཧུ་ལ། །འཁོར་དང་བཅས་པ་མངོན་སུམ་གསལ། །རྡོ་འདི་འཛམ་གླིང་སྲིད་པའི་བཅུད། །གསོལ་བ་གང་བཏབ་བདེན་གྲུབ་པས། །སྨོན་ལམ་འགྲུབ་པར་གདོན་མི་ཟ། །ཚོགས་འཁོར་གསོལ་ཁ་མཆོད་པའི་ཚོགས། །ཕུལ་ཚད་འབུམ་འགྱུར་བསོད་ནམས་འགྲུབ། །ཚོགས་འཁོར་བསྐོར་ཚད་ས་ཐོབ་སྟེ། །ཚེ་དབང་བརྒྱ་རྩ་ཐོབ་དང་མཉམ། །ཕར་ཀ་ཞིང་སྐྱོང་ཕུག་པ་དང་། །གྱེར་མོའི་རི་རྩེ་གཡུ་སྒྲོན་མ། །རྟ་བརྡུལ་རི་རྩེ་རྡོ་རྗེ་ལེགས། །སྣལ་གྱི་རི་རྩེ་ཚེ་དབང་རིགས། །ལྕང་པོའི་རི་རྩེ་གཟིམ་ཞུ་ཅན། །འདི་བཞིན་སྲུང་མ་སྡེ་བཞི་ཡིན། །ལྕང་པོ་མདུན་གྱི་སྙིང་ཆུ་འདི། །བདུད་རྩི་ཚེ་ཡི་ཆུ་མིག་ཡིན། །བློ་ལྡན་མཆོག་སྲེད་ཁྱུང་བསྒྲུབ་ཚུལ། །ཁྱུང་བཅས་སྐུ་གསལ་གྲོ་ལོད་དང་། །པདྨ་དྲྭ་བའི་བཀོད་པ་ཡོད། །ཇོ་མོ་མཚོ་རྒྱལ་སྐུ་དང་ནི། །སྐོར་ལམ་མཁའ་འགྲོ་སེང་གདོང་མ། །དྲག་པོ་མེ་ཕྲེང་སྐུ་དང་ནི། །མཁའ་འགྲོ་ཐིམ་པའི་བྲག་ལ་ནི། །ཕག་མོའི་དབུ་དང་ཞབས་རྗེས་དང་། །སྲིན་པོ་ཐོད་མཁར་ལ་སོགས་ཡོད། །བྱ་ཁྱུང་ཡབ་ཡུམ་ཀླུ་བརྒྱད་བརྫིས། །སློབ་དཔོན་མཚོ་རྒྱལ་ཞབས་རྗེས་གསལ། །དབུ་རྩེར་སྟག་གདོང་ཕག་གདོང་དང་། །ཞི་དྲག་ཞབས་ཕྱག་རྗེས་དང་ནི། །གུ་རུའི་བཞུགས་ཁྲི་རྒྱབ་ཡོལ་བཅས། །ཁྲི་འོག་དབང་ཕྱུག་གྱད་ཀྱི་སྐུ། །རྒྱབ་ཡོལ་རྒྱན་དྲུག་གྲོ་བོ་ལོད། །ནུབ་ངོས་དབང་ཕྱུག་གསང་བའི་རྟེན། །ཐུན་མོང་དངོས་གྲུབ་འབྱུང་བ་ལགས། །སྲུང་མ་གཟའ་བདུད་ཡབ་ཡུམ་སྟེ། །ཕ་ཝང་དྲང་སྲོང་རྭ་ཧུ་ལ། །གཟའ་བརྒྱད་གདོང་མོ་བཞི་ཡིས་བསྐོར། །འོག་ཏུ་ཡུམ་ཆེན་ཀླུ་མོ་ནི། །སྦལ་མགོ་རྒྱུ་སྐར་ཉེར་བརྒྱད་བསྐོར། །སྐོར་ལམ་འཕྲང་ལ་སྒོ་སྲུང་གསུམ། །འོག་ཏུ་སྲོག་ལེན་སྔགས་སྲུང་ཕུག །སྟེང་དུ་སྤྱང་ཞོན་དམར་ནག་སྟེ། །རྡོ་ཡི་ཀ་བ་པ་ཏྲ་འབར། །བསྒྲུབ་ཕུག་རྟ་མགྲིན་ཕོ་བྲང་ལ། །སྟེང་ནས་གཡང་གཞི་དཀྱིལ་འཁོར་ཚུལ། །སྲུང་མ་ཀླུ་ཡི་སྐུ་བཅས་དང་། །འོག་ཏུ་ཙིཏྟ་ཕག་མོའི་དཀྱིལ། །ཆོས་འབྱུང་པདྨ་གྲོ་བོ་ལོད། །རྡོ་རྗེ་ཕག་མོ་བཅས་པ་ཡོད། །འོག་ཏུ་རྟ་མགྲིན་དབྱུག་ཐོ་ཅན། །ཐུགས་རྗེ་ཁ་སར་པ་ཎིའི་སྐུ། །འབུར་དོད་ཤིན་ཏུ་གསལ་བར་ཡོད། །མཇལ་ཚད་གྲོང་གསུམ་ཁེག་པ་ཡིན། །ཚོགས་འཁོར་ཕུལ་ཚད་འཁོར་ལོས་སྒྱུར། །རྒྱལ་པོ་ཕྱི་མར་སྐྱེ་བ་དང་། །ཚེ་འདིར་བར་ཆད་ཐམས་ཅད་སེལ། །གཡས་སུ་མཚོ་རྒྱལ་གསང་བའི་ཕུག །ཡབ་ཡུམ་གསང་ལམ་འཕྲང་ཆུང་ཡོད། །བསྒྲོད་ཚད་བར་དོའི་འཕྲང་སྒྲོལ་ནས། །ངན་པའི་སྐྱེ་གནས་ཁེག་པར་འགྱུར། །མཚོ་རྒྱལ་ཕུག་པར་དུང་དཀར་ཡོད། །ཆོས་ཀྱི་སྙན་གྲགས་ཐོབ་པར་འགྱུར། །བར་དུ་ཡབ་ཡུམ་འཁྲིལ་བ་ཡི། །ཞབས་རྗེས་ཐར་ལམ་ལམ་ཀྱང་ཡོད། །ཀླུང་དུ་རུ་ཏྲའི་ཁོག་པ་ལ། །ལྕེ་ལ་རྡོ་རྗེ་མཁའ་འགྲོའི་རྔ། །ཚོགས་འཁོར་བསྐོར་ན་བསོད་ནམས་ཆེ། །མགོ་ལ་པད་མ་འདབ་མ་ལྔ། །མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ཡིན། །ལྟོ་ཚིལ་རྣམ་ཐོས་སྲས་དང་ནི། །ཕ་ཝང་མགོ་ལ་མཁའ་སྤྱོད་ལ། །གཞན་ཡང་སྒྲུབ་ཕུག་ཡན་ལག་བདུན། །འདི་རྣམས་ལས་བྱེད་མཁའ་འགྲོ་འདུ། །འབྲེལ་ཚད་དོན་ལྡན་ཁྱད་པར་འཕགས། །མི་བསླུ་ལེགས་པའི་བདེན་པར་འབྱུང་། །དེ་ཕྱིར་ཚོགས་འཁོར་ཕུལ་བ་དང་། །རྣམ་ལྔ་མེ་ཏོག་མར་མེ་དང་། །ཞལ་ཟས་ཕུལ་ཚད་འབུམ་འགྱུར་འགྱུར། །བསྐོར་ཕྱག་ཐམས་ཅད་དེ་དང་མཚུངས། །དེ་ཕྱིར་དད་ལྡན་ཐམས་ཅད་ཀྱིས། །འདི་ཕྱིར་གཉིས་དོན་གནས་འདིར་སྒྲུབས། །སྣ་ནི་བོན་མཆོག་གཡུང་དྲུང་གནས། །སྐྱིད་མགུ་ཐབས་མཆོག་ཡབ་ཀྱི་གནས། །རྨིག་ན་ཤེས་རབ་ཡུམ་གྱི་གནས། །མགར་ཁང་དམ་ཅན་བཙན་བདུད་ཀླུ། །འབྲང་ཕུག་གྲིབ་སེལ་མཁའ་འགྲོའི་གནས། །ཆུ་རྩི་སྨན་བླ་ཚེ་ཡི་གནས། །སེང་གེ་ལ་རྩ་མན་ཆད་ནས། །སོག་པོ་སྣ་བྲག་འགགས་ཡན་ཆད། །གནས་གཅིག་གླིང་གི་ས་བཅད་འདུག །དེ་མིང་གཡུ་ཕུག་གནས་སུ་གྲགས། །དེ་ལྟར་ཀུན་གྱི་ཤེས་པར་མཛོད། །ཅེས་གནས་འདིར་འགོད་པོ་རྣམས་ཀྱིས་རྟེན་འབྲེལ་ཐམས་ཅད་དཀྲུགས་ཆེ་བས། གནས་ཡིག་སོགས་བཀོད་ཀྱང་ཕན་མི་ཐོགས་སྙམ་ཡང་། སྒོམ་ཆེན་ནམ་མཁའ་དབང་ཕྱུག་ཡབ་སྲས་ཀྱིས་ཨུ་ཚུགས་ནན་ཆེར་བསྐུལ་ངོར་ཐོ་ཙམ་དུ་སྟག་ཤམ་པས་ཆུ་རྟ་ཟླ་བའི་ཚེས་བཅུ་གཉིས་ལ་དགའ་བ་ལུང་དུ་བྲིས་པ་དགེ་བར་གྱུར་ཅིག མངྒ་ལཾ།
མཆན། ༡ གནས་ཡིག་འདི་གཏེར་སྟོན་སྟག་ཤམ་རྡོ་རྗེའི་བཀའ་འབུམ་ལས་ཞལ་བཤུས་པའོ། །༢.གནས་འདི་བཞུགས་པའི་ཡུལ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤྲ་མོག་རྫོང་གི་ནུབ་ཕྱོགས་སྤྱི་ལེ༢༤སར་གནས་པའི་དགའ་ལུང་དགོན་པའི་རྒྱབ་རི་ཡིན། དགུན་དུས་བསྐོར་ལམ་གངས་ཀྱིས་བཀག་ཅིང་བགྲོད་པར་དཀའ་ལ། ཁ་བ་ཞུ་རྗེས་མི་ཕལ་བས་ཉི་མ་རེ་ལ་བསྐོར་བ་རེ་བྱེད་ཐུབ།
༄༅། །གསུང་གི་སྐུ་ཡི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ཚ་བ་རོང་ཞེས་སུ༔ གངས་ཀྱི་ར་བ་དཀར་ཞེས་བྱ་བ་རུ༔ ཧེ་རུ་ཀ་ཡི་གྲོང་ཁྱེར་དངོས་སུ་བཞུགས༔ འདི་ཡི་དཀར་ཆག་སྤོ་ནེ་བྲག་ཏུ་སྦས༔
༄༅། །གསུང་གི་སྐུའི་གནས་ཚ་བ་རོང་ཁ་བ་དཀར་པོ་ནི་ཡོངས་གྲགས་ལྟར་ན། འདི་ནི་ཐོག་མར་ཀརྨ་པཀྴི་དང་དེ་རྗེས་རང་བྱུང་རྡོ་རྗེས་གནས་སྒོ་ཕྱེས་པར་གྲགས་ཤིང་རང་བྱུང་ཞབས་ཀྱིས་གནས་ཡིག་ཀྱང་ཡོད་སྐད། དཀར་ཆག་སྤོར་ཎེ་བྲག་ཏུ་སྦས་པར་གསུངས་པ་དེ་ནི་རི་བོ་ཆེའི་ཕྱོགས་སུ་ཡོད།
༄༅། །གླེགས་བམ་གནས་ཡིག་ཅེས་བྱ་བ་བཞུགས་སོ། །འདས་པར་བྱོན་པའི་སངས་རྒྱས་མར་མེ་མཛད། །ད་ལྟ་བྱོན་པའི་སངས་རྒྱས་ཤཱཀྱ་ཐུབ། །མ་འོངས་སངས་རྒྱས་རྒྱལ་བ་བྱམས་པ་མགོན། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཚད་མེད་འཕགས་པ་སྤྱན་རས་གཟིགས། །ཞི་ཁྲོ་སྣང་ལྡན་ཕྱག་ན་རྡོ་རྗེ་འཆང་། །རྫུ་འཕྲུལ་རྣམ་པར་ཤར་བ་འཇམ་དཔལ་དབྱངས། །རིགས་གསུམ་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །དུས་གསུམ་འགྱུར་མེད་ནམ་མཁའ་ལྟ་བུའི་སྐུ། །འགྲོ་འདུལ་གསུང་དབྱངས་མཁའ་ལ་འབྲུག་སྒྲ་སྒྲོག །བྱིན་བརླབས་ཆར་གྱིས་སེམས་ཅན་སྨིན་མཛད་པའི། །རྒྱལ་སྲས་པད་འབྱུང་སྐུ་ལ་ཕྱག་འཚལ་ལོ། །སྟོན་པ་གཉིས་པ་རྒྱལ་བ་ཙོང་ཁ་པ། །མདོ་སྔགས་སྙན་པོ་ཡུལ་གྲུ་ཀུན་ཏུ་ཁྱབ། །བཙུན་པ་ཕོ་མོ་འདུལ་ཁྲིམས་རྐེད་རགས་བཅིངས། །རྒྱལ་བ་ཡབ་སྲས་གསུམ་ལ་ཕྱག་འཚལ་ལོ། །འཛམ་གླིང་ཡངས་པའི་རྒྱལ་ཁམས་བྱེ་བྲག་ཡུལ། །མདོ་ཁམས་སྒང་དྲུག་སྨད་དུ་འཇང་བོད་མཚམས། །གངས་ཅན་དག་པའི་ཡུལ་གྲུ་ཁ་བ་གནས། །མཆོད་རྟེན་རང་བཞིན་གྲུབ་ལ་ཕྱག་འཚལ་ལོ། །ཨེ་ཝཾ་གཉིས་མེད་དག་པའི་ཞིང་ཁམས་གནས། །ངོ་མཚར་མི་འདྲ་ཕྱོགས་ཀུན་མཎྜལ་ཕུལ། །རྩི་ཤིང་སྣ་ཚོགས་ཀུན་ནས་དྲི་བཟང་ཁྱབ། །གནས་ཆེན་ཁ་བ་དཀར་ལ་ཕྱག་འཚལ་ལོ། །གླེགས་བམ་ཡུལ་གྲུ་ཕྱོགས་ཀུན་དྲི་བཟང་ཁྱབ། །ཆུ་བོ་རྣམས་ཀྱིས་སངས་རྒྱས་མཚན་སྔགས་བགྲང་། །བྲག་རི་ཀུན་ལ་གྲུབ་མཐའི་ཕྱག་རྗེས་གསལ། །གནས་ཆེན་ཁ་བ་དཀར་ལ་ཕྱག་འཚལ་ལོ། །བདེ་མཆོག་ཕོ་བྲང་ལྟག་ལ་འཇའ་ཚོན་བཀྲ། །སངས་རྒྱས་གྲངས་མེད་དུས་རྒྱུན་ཁྲུས་གསོལ་མཛད། །རྩི་ཐོག་ཐམས་ཅད་བདུད་རྩི་དངོས་གྲུབ་ཐོབ། །གནས་ཆེན་ཁ་བ་དཀར་ལ་ཕྱག་འཚལ་ལོ། །དག་པའི་ལྷ་ཡུལ་གངས་ཅན་ཁ་བ་གནས། །དེ་ནང་ལས་སྒྲིབ་བསྙེན་བཀུར་སུས་སྦྱངས་ན། །བྱང་ཆུབ་ལམ་ལ་ཐོབ་པར་ཐེ་ཚོམ་མེད། །གནས་ཆེན་ཁ་བ་དཀར་ལ་ཕྱག་འཚལ་ལོ། །དང་པོ་དངོས་གཞི་གླེགས་བམ་སྨད་ཀྱི་ལ་རྩ་རྙིང་ནང་ལམ་ཁ་ན་ཀརྨ་པ་རང་བྱུང་རྡོ་རྗེའི་ཕྱག་རྗེས་དང་དབུ་ཞྭ་མངོན་སུམ་ཡོད། རྙིང་ནང་འདམ་རྩྭ་ཐང་དེ་ནི་ཁ་བ་དཀར་པོའི་རྩྭ་ར་ཡིན་ཟེར་སྲོལ་ཡོད་པར་མ་ཟད། ཕ་བོང་ཆེན་པོ་གཉིས་ཡོད་པ་དག་ནི་ཁ་བ་དཀར་པོའི་ཆུ་སྣོད་དང་སྦྲ་གུར་ཡིན་ཟེར་སྲོལ་ཡོད། ཕ་བོང་ཡར་དགྱེལ་མར་དགྱེལ་ཞབས་ལ་བླ་མ་བསང་རབ་ཀྱི་ཞབས་རྗེས་མངོན་སུམ་ཡོད། ཤུག་པ་ངལ་གསོ་ལམ་ཁ་ན་ཁ་བ་དཀར་པོ་དགུང་ལོ་བདུན་གྱི་ཞབས་རྗེས་དང་རྟའི་རྗེས་ཡོད། དེ་རྣམས་མཇལ་ན་རྐྱེན་ཕྱི་ནང་བར་ཆད་ཐམས་ཅད་སེལ་ཐུབ། རྡོ་དཀར་སྟེང་ལམ་ལྟག་ལ་བདེ་མཆོག་གི་ཕྱག་རྗེས་ཡོད། དེ་རྣམས་མཇལ་ཐུབ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད།ནགས་མཛེས་སྨད་ཀྱི་ལ་ཁའི་ལ་བཙས་ལྟག་ཏུ་ཁ་བ་དཀར་པོའི་རལ་གྲི་ཡོད། ལམ་ཁ་ན་ཕ་བོང་ཆེན་པོ་རི་བོང་གི་དབྱིབས་མངོན་སུམ་ཅན་ཞིག་ཡོད། དེ་ཐམས་ཅད་མཇལ་ཐུབ་ན་བསྐལ་པ་གྲངས་མེད་ཀྱི་བར་ཆད་སེལ་ཐུབ། སྨད་ལ་ལ་ཡི་ཡར་ནང་གཤོང་ཤར་ནང་ལ་ཀརྨ་པའི་སྒྲུབ་ཆུ་དང་ཆུ་སྲིན་མགོ་ཆེན་ཡོད། གཤོང་དཀར་དཀྱིལ་ལ་དུང་དཀར་རང་བཞིན་ཡོད། དེ་རྣམས་མཇལ་རྒྱུ་བྱུང་ན་ཕན་ཐོགས་བསམ་གྱིས་མི་ཁྱབ་པ་ཐོབ་ཐུབ། རྡུལ་དཀར་འགོ་བྲག་དཀར་དེ་ནི་རྗེ་བཙུན་སྒྲོལ་མ་དཀར་མོའི་རང་བཞིན་ཡིན། དེའི་ཁ་སྤྲོད་ཕར་ཁ་བྲག་སྔོན་པོ་དེ་ནི་རྗེ་བཙུན་སྒྲོལ་མ་སྔོན་མོའི་རང་བཞིན་ཡིན། གླེགས་བམ་གྲོང་སྨད་ཟམ་ཆེན་ཞབས་ཀྱི་ཆུ་བོ་དེ་ནི་དམྱལ་བ་གྲང་དམྱལ་གྱི་ཆགས་ཚུལ་ཡིན། ཟམ་པ་དེ་བརྒལ་དུས་གསོལ་བ་རྩེ་གཅིག་ཏུ་བཏབ་ན། གྲང་དམྱལ་དུ་འགྲོ་གོ་ཆོད་ཟེར། ཟམ་ཆེན་གཡོན་ཕྱོགས་ཀྱི་རི་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་རང་བཞིན་ཡོད། དེའི་གཡས་ཕྱོགས་ལམ་ཁ་ན་ཀརྨ་པའི་སྒྲུབ་ཆུ་ཡོད། སྒྲུབ་ཆུའི་རྩ་ལ་གནས་ཆེན་གྱི་གཏེར་སྒམ་ཡོད་ཅིང་དེ་ལ་ཤི་གསོན་ཕྱེ་མ་ལ་ཞེས་ཟེར། ཕར་ཁ་ཕ་བོང་བྲག་ཆུང་དེ་ནི་བུ་ཆུང་དཀར་པོའི་རང་བྱོན་ཡིན། ཚུར་ཁ་བྲག་ཆུང་དེ་ནི་བུ་ཆུང་སྔོན་པོའི་རང་བྱོན་ཡིན། གྲོང་སྨད་ཐང་ཆུང་དེ་ནི་གནས་ཆེན་གྱི་མཆོད་གཤོམ་ཡིན་པར་གྲགས། མཆོད་གཤོམ་སྟེང་ལ་མཆོད་ཁྲི་སྒབ་སྟེང་ཟེར། མཆོད་ཁྲི་གཡོན་ཕྱོགས་ལ་གནས་ཆེན་གྱི་གཏེར་སྒམ་ཡོད། ཤར་གླེགས་བམ་རི་ཆུང་དེ་ནི་གནས་བརྒྱའི་ཐོག་སྤང་ཡིན། ནགས་ཚལ་ནང་གི་རྩི་ཤིང་རྣམས་གཅོད་མི་ཉན། དེ་ལ་གདུགས་དང་རྒྱལ་མཚན་བ་དན་བླ་བྲེའི་རང་བཞིན་ཡོད། ཤར་གླེགས་བམ་ལྟག་ལ་ཁ་བ་དཀར་པོ་དགུང་ལོ་བདུན་སྐབས་ཀྱི་ཕྱག་རྗེས་དང་མྱུར་འགྲོ་རྟ་ཡི་ཞབས་རྗེས་ཡོད། ལམ་ཁ་ལ་གནས་ཆེན་བརྒྱ་ཡི་ལྡེ་མིག་ཡོད། བར་དོ་འཕྲང་ལམ་ཡོད། དེའི་ནང་དུ་འགྲོ་ཐུབ་ན་རྐྱེན་ཕྱི་ནང་བར་ཆད་ཐམས་ཅད་སེལ་ཐུབ། དེར་མ་ཟད་ཀརྨ་པའི་དབུ་ཞྭ་དང་། ཤར་གླེགས་བམ་རྡོ་ལ་དུང་དཀར་རང་བྱོན་ཡོད། ནང་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱི་རང་བྱོན། བྱ་རྒྱལ་ཁྱུང་གི་སྒོ་ང་དང་བསྐལ་པ་བཟང་པོའི་ནས་འབྲུ། རྒྱ་གར་ཆོས་འཁོར་གྱི་གཏེར་སྒམ་དང་རྒྱ་ནག་ཆོས་འཁོར་གྱི་གཏེར་སྒམ་ཡོད། དེར་མ་ཟད་རང་བྱོན་འདྲ་མིན་སྣ་ཚོགས་ཡོད། ཤར་གླེགས་བམ་མཇལ་རྒྱུ་བྱུང་ན་བསྐལ་པ་སྟོང་གི་ལས་སྒྲིབ་དག གྲོང་སྨད་རྒྱ་གྲོང་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་ཆགས་ཚུལ་ཡོད། བུ་དང་བུ་མོ་རྣམས་ལ་དཔའ་བོ་དཔའ་མོ་ཞེས་ཟེར། གྲོང་སྨད་སྤང་ཐང་དེ་ནི་ཆོས་འབྱུང་གྲུ་གསུམ་གྱི་རང་བཞིན་ཡིན། གྲོང་སྟོད་ལུང་ཆུ་དེ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཡིག་དྲུག་ཨོཾ་མ་ཎི་པདྨེ་ཧཱུྃཿརྩ་སྔགས་འབུམ་འགྱུར་བགྲང་བ་ཡིན། གྲོང་སྨད་ལུང་ཆུ་ལ་ཨོ་རྒྱན་པདྨའི་མཚན་སྔགས་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྷི་ཧཱུྃ། ཞེས་པའི་རྩ་སྔགས་འབུམ་འགྱུར་བགྲང་བ་ཡིན། གྲོང་སྨད་ཆུ་ཁ་ཕ་བོང་དེ་ལ་རང་བྱོན་སྣ་ཚོགས་ཡོད་པ་མ་ཟད་སྟག་གི་རྗེས་ཀྱང་ཡོད། གཡོན་ཕྱོགས་བྲག་རི་དེ་ལ་མཁའ་འགྲོ་མའི་རྒྱན་ཆ་སྣ་ཚོགས་ཡོད། གཡས་ཕྱོགས་བྲག་རི་དེ་ལ་རྟ་ཕག་ཡབ་ཡུམ་དང་གཞན་མིན་གྱི་རང་བྱོན་སྣ་ཚོགས་ཡོད། སྤྱན་རས་གཟིགས་ཁ་སར་པ་ཎི་རང་བྱོན། ཐང་ཆེན་མགོ་ལ་ཀླུ་ཤིང་དམ་པ་དགུ་བསྒྲིགས་དང་ཀླུ་མཚོའི་ཆུ་མིག་རྣམས་གསལ་པོ་ཡོད། གནས་ནང་ལ་རྩའི་ལམ་ཁ་ལ་གནས་ཆེན་གྱི་གཏེར་སྒམ་རང་བྱོན་དང་། ལ་རྩ་ལ་ཁ་བ་དཀར་པོའི་ཞབས་རྗེས་དང་རྟ་རྗེས། ལམ་ཁ་ལ་གནས་ཆེན་བརྒྱའི་ལྡེ་མིག་ཡོད། ལ་སྐེད་ཀྱི་ཆུ་དེ་ནི་བཛྲ་གུ་རུའི་སྒྲུབ་ཆུ་ཡིན། ངལ་གསོ་ཕ་བོང་ཐོག་ལ་ཀརྨ་པའི་ཞབས་རྗེས་ཁྲ་སིང་སིང་ཡོད། མཁའ་འགྲོ་གནས་གསར་རྩ་བྲག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་རང་བྱོན་ཁྲ་ལྷམ་མེར་གསལ། དེ་མཇལ་རྒྱུ་བྱུང་ན་འཕགས་པ་སྤྱན་རས་གཟིགས་དངོས་སུ་མཇལ་དང་མཚུངས། གནས་གསར་ཤར་ནང་ལུང་པ་གསུམ་ལ་ལུང་ཆུ་ཆུང་ཆུང་གསུམ་ཡོད། དེ་ནི་འཇམ་པའི་དབྱངས་དང་ཕྱག་ན་རྡོ་རྗེ་དང་འཕགས་པ་སྤྱན་རས་གཟིགས་བཅས་རིགས་གསུམ་མགོན་པོའི་གནས་ཆུ་ཡིན། དེ་བཏུང་ན་ནད་རིགས་མཐའ་དག་སེལ་ཐུབ། དེའི་ལམ་ལྟག་ན་མཁའ་འགྲོ་མའི་གཙུག་ཏོར་ཡོད། ཨོ་རྒྱན་པདྨའི་སྒྲུབ་ཕུག་ལམ་ཁ་ལ་ཀརྨ་པའི་ཞབས་རྗེས་དང་། ལོ་དགུ་ཚར་བའི་ཕྱག་རྗེས། བར་དོ་འཕྲང་ལམ་དུ་སངས་རྒྱས་མར་མེ་མཛད་ཀྱི་ཞབས་རྗེས་ཡོད། ལམ་ཁའི་རྡོ་གྲུ་བཞི་ཕ་བོང་ནི་བརྒྱ་བྱིན་གྱི་བང་མཛོད་ཡིན། སྒྲུབ་ཕུག་ཡར་ནང་ན་མཁའ་འགྲོ་མའི་ཚོགས་གཞོང་ཡོད། དེའི་རྩར་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་རང་བྱོན་ཡོད། དེའི་བྲག་རི་རྣམས་ནི་མཁའ་འགྲོ་མའི་སྤྲིན་ཐགས་ཡིན་པར་མ་ཟད་སངས་རྒྱས་བྱེ་བ་བརྒྱའི་རང་བྱོན་མང་པོ་ཡོད། ཕར་ཁ་བྲག་ལ་ཨོ་རྒྱན་པདྨ་རང་བྱོན་ཁྲ་སིང་སིང་མཆིས། རྦབ་ཆུ་ཤར་ན་བྲག་ལ་མཁའ་འགྲོ་མའི་ཚོགས་རྔ་ཡོད། རྦབ་ཆུ་གཡས་སུ་འབབ་པའི་ཆུ་དེ་ནི་ཚེ་དཔག་མེད་ཀྱི་ཚེ་ཆུ་ཡིན། དེ་བཏུང་ན་ཚེ་དཔག་མེད་ཀྱི་ཚེ་ཡི་རིག་འཛིན་ཐོབ་ཐུབ། ཚེ་དཔག་མེད་ཀྱི་ཚེ་ཆུ་འོག་མཁའ་འགྲོ་མའི་གསང་མཚན་དང་གསང་ཆབ་འབབ་གིན་ཡོད། རྦབ་ཆུ་དེ་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་སངས་རྒྱས་སྟོང་གི་ཁྲུས་གསོལ་མཛད་པ་ཡིན། ཚེ་རིང་སྐལ་ལྡན་རྣམས་ལ་དབྱར་མཚོ་རྒྱས་བཞིན་དངོས་གྲུབ་ཐོབ། ཚེ་ཆད་སྐལ་མེད་རྣམས་ལ་རྦབ་ཆུ་བྱོན་པར་དཀའ། རྦབ་ཆུ་གོང་གི་བྲག་ལ་སློབ་དཔོན་བཻ་རོ་ཙ་ནའི་སྒྲུབ་ཁང་སྟེང་འོག་གཉིས་ཡོད། གཡས་ཕྱོགས་ཀྱི་བན་དེ་རི་ལ་བཀའ་བསྟན་འགྱུར་ཆ་ཚང་རང་བྱུང་། གཡོན་ཕྱོགས་ཕར་ཁའི་བྲག་རི་ལ་འཕགས་པ་གནས་བརྟན་བཅུ་དྲུག་རང་བྱོན་ཡོད། ལ་ཁར་རྗེ་བཙུན་མི་ལ་རས་པའི་སྐུ་མངོན་སུམ་ཡོད། གྲོང་སྟོད་སྤང་ཐང་འགོ་ལ་མཁའ་འགྲོ་མའི་བྲོ་ར་ཡོད། ཞིང་སྐྱོང་གི་རང་བྱོན་ཡོད། ཛཾ་བྷ་ལ་རང་བྱོན་ཡོད། འདང་ཁྲི་གསུམ་རྩ་ལམ་ལ་མཁའ་འགྲོ་མའི་གཏེར་སྒམ་ཡོད། བྲག་འགག་ནང་ཞི་རྒྱས་དབང་དྲག་གི་གཏེར་སྒམ་རང་བྱོན་དང་། ལམ་གྱི་གཡོན་ཕྱོགས་སུ་བུ་ཆུང་དཀར་ནག་མངོན་སུམ་རང་བྱོན་ཡོད། ཁ་བ་དཀར་པོ་དགུང་ལོ་གསུམ་སྐབས་ཀྱི་ཞབས་རྗེས་ཡོད། བྲག་འགག་ལ་རྩ་ལ་བདེ་མཆོག་གི་རྟ་མགོ་ཡོད་ཅིང་། ནགས་མཛེས་སྟོད་ལ་ལམ་ནང་ཁ་བ་དཀར་པོའི་རྟ་སྒ་ཡོད།
རོང་སྐྱོང་ལུང་བའི་ནང་ཁ་བ་དཀར་པོའི་ལུ་གུ་ཡོད། ཡང་ཡར་ནང་ཁ་བ་དཀར་པོའི་བཞུགས་ཁྲི་མཆིས། ལ་ཁ་ལམ་ཞབས་སུ་ཀརྨ་པའི་སྒྲུབ་ཆུ་ཡོད་ཅིང་། ནགས་མཛེས་ནང་ན་ཀརྨ་པའི་སྒྲུབ་ཆུ་ཡོད། མགར་བ་དམ་ཅན་ནག་པོའི་ཐོ་རྫ་ཡོད། ལ་རྩར་བྱ་རྒྱལ་ཁྱུང་གི་ཆུ་ཚན་མངོན་སུམ་མཆིས། སྐྱེ་བོ་ཀུན་གྱིས་ལུས་གཟུགས་འཁྲུ་བ་ན། ནད་རིགས་མ་ལུས་འཇོམ་པར་ཐེ་ཚོམ་མེད་ཅེས་བརྗོད་དོ། །མི་འགྱུར་ལྷུན་གྲུབ་ལེགས་པའི་ཁ་བའི་གནས། །མི་གཡོ་བསམ་གཏན་གླིང་གི་ལྷ་ཚོགས་བཞིན། །བཀྲ་ཤིས་བྱིན་ཆེན་གཞན་གྱིས་འགྲན་ཟླ་མེད། །རང་བཞིན་གྲུབ་པའི་ཆོས་མཐུན་དངོས་གྲུབ་སྩོལ། །བླ་མ་ལ་སོགས་སྲི་ཞུའི་ཡུལ་གྲུ་གནས། །རང་ངོས་བསྙེན་བཀུར་ཞབས་ཏོག་འབད་ལ་བགྱིས། །ལྷ་ཡི་ཡུལ་གྱི་དཔག་བསམ་ལྗོན་ཤིང་འབྲུ། །མངོན་སུམ་གྲུབ་པར་ཆོས་མཐུན་དངོས་གྲུབ་སྩོལ། །མི་དགའ་ལྷ་དགྱེས་སྐྱིད་རྟགས་ཁྱད་ཆོས་ཡུལ། །བདེ་སྐྱིད་ཕུན་ཚོགས་ལོངས་སྤྱོད་དབྱར་མཚོ་རྒྱས། །དཔག་བསམ་ཤིང་ལྟར་ཆོས་བཟང་ལྷ་ཡུལ་མཚུངས། །འདོད་པའི་ཡོན་ཏན་ཆོས་མཐུན་དངོས་གྲུབ་སྩོལ། །རྣམ་པར་རིག་བྱེད་རྒྱུན་དུ་བསགས་པ་ན། །རྣམ་པར་ཤར་བ་གཞན་ཡུལ་མི་འདྲ་བར། །རྣམ་འཕྲུལ་མྱུར་དུ་གྲུབ་པར་གདོན་མི་ཟ། །རྣམ་པར་བཀྲ་བ་ཆོས་མཐུན་དངོས་གྲུབ་སྩོལ། །
མཆན། གླེགས་བམ་གནས་ཡིག་ནི་སྔོན་དུས་རྗེ་ཀརྨ་རང་བྱུང་རྡོ་རྗེས་མཛད་པའི་མུ་ཏིག་ཕྲེང་བ་ལྟ་བུ་ཞིག་ཡོད་ཀྱང་། རྗེས་སུ་བོར་བརླག་སོང་བ་རེད། འོན་ཀྱང་གླེགས་བམ་རྒན་བློ་བཟང་བསྟན་འཛིན་གྱིས་སྔོན་མའི་གནས་ཡིག་དེ་ངག་སྐྱོར་བཏང་མྱོང་བས། ད་ལོ་ཁོང་དགུང་ལོ་བདུན་ཅུར་ཕེབས་ཤིང་སྤྱན་ལ་སྐྱོན་ཕོག་ནས་ལོ་བཅུ་ལྷག་ཙམ་སོང་། ན་ནིང་ཟླ་བ་བདུན་པར་ཁོང་གིས་བློ་ལ་གང་ངེས་རྒན་རིན་ཆེན་རྡོ་རྗེ་ལ་གསུངས་པར། རྒན་རིན་ཆེན་རྡོ་རྗེས་ཕྱོགས་གཅིག་ནས་ཡི་གེར་ཕབ་པ་དང་། ཕྱོགས་གཞན་ཞིག་ནས་གླེགས་བམ་གནས་སའི་རི་ཀླུང་ཁག་ལ་ཕེབས་ཏེ་དཔྱད་ཞིབ་ཀྱིས་དཔྱད་གཞི་ལེགས་སྒྲིག་བྱས་པ་རེད།
༄༅། །གནས་ཀྱི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་ལྷུན་པོའི་རྒྱན་ཞེས་བྱ་བའི་བསྟོད་པ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསྟན་པ་དྲི་མ་མེད་དང་རབ་བསྟན་ནས། །མ་རིག་དྲི་བསལ་དྲི་མ་མེད་ལམ་སྟོན། །ས་ལམ་དྲི་མ་ཀུན་བཅོམ་དྲི་མེད་བརྙེས། །ཤེས་བྱའི་དྲི་མ་བྲལ་ལ་ཕྱག་འཚལ་ལོ། །སྙིགས་མའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས། །སྒྲུབ་པའི་སྙིང་པོ་ཉམས་སུ་ལེན་བྱེད་པ། །དེ་ཉིད་རྐྱེན་གྱུར་དབེན་པ་བརྟེན་བྱ་ཞིང་། །མདོ་ལས་བྱུང་བ་དེ་དང་མཐུན་གྱུར་པ། །རི་བྲག་བས་མཐའ་ཆེན་པོར་གནས་པ་རྣམས། །ཕྱོགས་སུ་བསྔགས་ཤིང་ཉི་ཤུ་རྩ་བཞིའི་གནས། །རྒྱུད་སྡེའི་མཆོག་ལས་སྙིང་པོར་གསུངས་པའི་ཕྱིར། །གནས་འདིའི་ཡོན་ཏན་ཅུང་ཞིག་བརྗོད་པར་བྱ། །བསིལ་ཟེར་འཕྲོ་བའི་ཆུ་གཏེར་པདྨོ་ལ། །རི་རབ་གླིང་བཞིར་བཅས་པའི་ཟེ་འབྲུ་བཀྲ། །ཁྱད་པར་དམ་ཆོས་རྩི་བཅུད་ལེགས་ལྡན་པའི། །འཛམ་གླིང་ཡོན་ཏན་ཚོགས་ཀྱིས་བཀྲ་བའི་དབུས། །རྡོ་རྗེ་གདན་ལས་བྱང་ཕྱོགས་གངས་རིའི་ཞོལ། །གྲུབ་པའི་གནས་མཆོག་མཁས་གྲུབ་གྱིས་བསྟེན་པ། །གངས་ཅན་པོ་ཏ་ཝ་རིའི་ཤར་གྱི་ཕྱོགས། །ཁྱད་པར་འཕགས་པའི་གནས་སུ་གྱུར་པ་ཡིན། །བྱང་ཕྱོགས་ལི་ཡི་ཡུལ་ཞེས་གྲགས་པ་ན། །རྒྱལ་བའི་བྱིན་བརླབས་གླང་རུའི་རི་དང་བཅས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱོན་པའི་གནས། །གྷྲི་ཧ་དེ་བའི་ཡུལ་ལས་སྷོ་ཕྱོགས་ཡིན། །ཤར་ཕྱོགས་གྷ་དྷ་ར་ཞེས་གྲགས་པའི་ཡུལ། །ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་བསྲུངས། །རྒྱལ་བའི་བསྟན་ལ་དད་པ་རྒྱས་གྱུར་པའི། །ལོངས་སྤྱོད་ལྡན་པའི་ཡུལ་གྱི་ནུབ་ཕྱོགས་ཡིན། །དབུས་འགྱུར་འཆང་ལས་ཤར་གྱི་ཕྱོགས་གྱུར་པ། །གྲུབ་པའི་སྐྱེས་བུ་རྣམས་ཀྱིས་བསྟེན་པའི་ཞིང་། །འདོད་པའི་གཟུགས་ཅན་ལྷ་མོ་བྱུང་བའི་གནས། །ཀ་མ་རུ་པའི་གནས་ཀྱི་བྱང་ཕྱོགས་ཡིན། །དེ་དག་རྣམས་ཀྱི་དབུས་ཀྱི་ཆར་གནས་པ། །ཕྲེ་ཏ་པུ་རིའི་གནས་ཀྱི་མཚན་ཉིད་ལྡན། །སྙིགས་མའི་དུས་ཀྱི་སྒྲུབ་པའི་གནས་གྱུར་པ། །ཀུན་གྱི་བགྲོད་དཀའ་མ་མོ་མཁའ་འགྲོའི་གནས། །དཔལ་ལྡན་བླ་མ་རྣམས་ཀྱིས་ལུང་བསྟན་པའི། །རི་འདིའི་མཚན་ཉིད་མདོ་ཙམ་བརྗོད་པ་ནི། །རི་བོ་དྭངས་བསལ་ཤིན་ཏུ་དཀར་བའི་འོད། །ཀུ་མུ་ཏ་དང་ཟླ་བ་སྤུངས་པ་བཞིན། །རབ་དཀར་ལྷུན་མཐོ་མཐོ་ཁྱད་ལྷག་པར་འཕགས། །སྤྲིན་དཀར་ཞི་བའི་ཅོད་པན་རྣམ་པར་མཛེས། འདིའི་ཤར་ཕྱོགས་ལྷའི་ཁང་པ་སྟེང་། །རྡོ་རྗེ་དྲག་འདུལ་འཁོར་དང་འབཅས་པ་གནས། །ཕལ་གྱིས་བགྲོད་དཀའ་འཇིགས་པའི་སྒྲ་འབྱིན་པ། །ཆུ་རྣམས་རང་གི་སྦུ་བས་གཡོ་བར་འབབ། །རི་བྲག་རྣམས་ཀྱིང་མཚོན་ཆའི་རྣམ་པ་ལྟར། །རབ་འཛིགས་ནགས་ཚལ་ཚོགས་ཀྱིས་ལེགས་པར་བརྒྱན། །དེའི་དབུས་ན་ནེའུ་སིང་རབ་མཛེས་པ། །ཆོས་ཀྱི་འབྱུང་གནས་ལྟ་བུའི་དབྱིབས་ལྡན་པའི། །ཤིན་ཏུ་མཛེས་པའི་ལྟེང་ཀས་བརྒྱན་པ་ཡོད། །སྔོན་ཚེ་སློབ་དཔོན་པད་མ་འབྱུང་གནས་དང་། །བླ་མ་བཻ་རོའང་འདི་རུ་བྱོན་ཞེས་གྲགས། །འདི་ནི་མཁའ་འགྲོ་རྣམས་ཀྱི་གནས་མཆོག་སྟེ། །བཟང་པོའི་དུས་ལ་འདུས་ཤིང་ཚོགས་མཛད་དེ། །སྐལ་ལྡན་རྣམས་ལ་བྱིན་གྱིས་བརློབ་ཅེས་གྲགས། །དེའི་ལྷོ་ཕྱོགས་ངོས་ཀྱི་རྒྱུད་ལ་ནི། །རབ་འཇིགས་དུར་ཁྲོད་བདག་པོའི་ཆས་ལྡན་པ། །ལྷ་དམག་འབུམ་གྱིས་བསྐོར་བ་ཡོད་ཅེས་གྲགས། །འདི་ནའང་དྲག་པོའི་མངོན་སྤྱོད་གྲུབ་པའི་གནས། །དཔག་མེད་ཡོད་ཅིང་ཁྱད་པར་ལྷའི་གནས། །དེ་ཉིད་མཆོག་ཏུ་གྱུར་པར་བསྔགས་པ་ཡིན། །འདིའི་ནུབ་ཀྱི་ཕྱོགས་དང་ཉེ་བ་ན། །དམར་མོ་ཁྲག་མདོག་བསེའི་ལན་ཕྲན་ཅན། །མ་མོ་བྱེ་བའི་ཚོགས་ཀྱིས་ཡོངས་བསྐོར་བར། །ཐུན་མོང་ལས་རྣམས་ཐོགས་པ་མེད་འགྲུབ་པ། །གནས་ཤིང་དེ་ཡི་སྐུ་དང་བཅས་པའང་ཡོད། །འདི་ནི་རབ་ཏུ་ཆོ་འཕྲུལ་ཆེ་བའི་གནས། །བགྲོད་པར་དཀའ་ཞེས་དཔལ་ལྡན་བླ་མས་གསུངས། །འདིའི་བྱང་གི་ཕྱོགས་སུ་གནས་པ་ནི། །གནོད་སྦྱིན་དྲེལ་ལ་དགའ་བ་ཞེས་བྱ་པ། །གནོད་སྦྱིན་དུ་མའི་འཁོར་དང་བཅས་པ་གནས། །འདི་དང་ཉེ་བའི་གནས་ཀྱི་ཕུག་པ་ན། །སྒྲུབ་པའི་གནས་མཆོག་ཆོས་འབྱུང་གིས་བརྒྱན་པ། །ཆོ་འཕྲུལ་དུ་མ་སྟོན་པ་ཡོད་ཅེས་གྲགས། །དེ་ལྟར་གྲུབ་པའི་གནས་མཆོག་གིས་བསྟེན་པ། །འདི་ནི་རོང་བཙན་ཁ་བ་དཀར་པོ་ཞེས། །ཀུན་ཏུ་ཁྱབ་པའི་མིང་གིས་མཚན་པ་ཡིན། །འདིའི་ཕྱོགས་རྣམས་ཀུན་ནས་རབ་བསལ་བའི། །ཆུ་བོ་སྒྲ་སྙན་འབྱིན་པའི་ཚོགས་རྣམས་དང་། །ལྟ་བས་མི་ངོམས་ཤིན་ཏུ་རབ་མཛེས་པ། །མཚོ་དང་ལྟེང་ཀའི་ཚོགས་ཀྱིས་བཀྲ་བར་གནས། །འདིའི་འཁོར་དུ་གངས་རིའི་ཕྲེང་བ་ནི། །ཤར་ཕྱོགས་གྷན་དྷ་རི་ཡི་ས་མཚམས་ནས། །རྡོ་རྗེ་འབར་བའི་གནས་ཀྱི་བར་དུ་ཡིན། །གནས་འདིའི་ཉེ་འཁོར་ཁོ་ར་ཁོར་ཡུག་ན། །དུས་མིན་འཆི་དང་མུ་གེའི་འཇིགས་པ་བྲལ། །ཨ་ཀ་རུ་དང་ཙན་དན་རྒུན་འབྲུམ་ཤིང་རྩ་སོགས། །ཤིང་མཆོག་རིགས་ནི་དཔག་ཏུ་མེད་པ་ཀུན། །དེ་དག་རྣམས་ཀྱང་སྨན་གྱི་ནུས་པར་ལྡན། ཉི་མ་བྱང་བགྲོད་ཤིན་ཏུ་དྲོ་བའི་དུས། །འདི་ནི་རབ་བསིལ་གངས་རིའི་ཕྲེང་བར་ལྡན། །ཉི་མའི་ལྷོར་བགྲོད་ཤིན་ཏུ་བསིལ་བའི་ཚེ། །འདི་ནི་མྱུ་གུ་ལ་ལ་འབྲས་བུའི་ཚོགས། །སྨིན་ཅིང་ཨིན་ཏྲའི་མདངས་ཅན་ཉིད་དུ་གནས། །རབ་བསལ་ཚོན་རྣམས་ཀུན་གྱིས་བསྒྱུར་འདྲ་བའི། །དྲི་ཞིམ་མེ་ཏོག་བརྒྱ་ཕྲག་དུ་མ་དང་། །ལོ་མ་འབྲས་བུའི་ཚོགས་རྣམས་བསམ་མི་ཁྱབ། །ཕྱོགས་རྣམས་ཀུན་ནས་སྤོས་ཀྱི་ངད་ལྡན་པ། །ལྷའི་རོལ་མོ་སྒྲ་སྙན་བསྒྲོགས་པ་དང་། །ངོ་མཚར་ཆེ་བའི་རྣམ་པ་དུ་མ་རྣམས། །དག་པའི་ཡིད་ཅན་རྣམས་ཀྱིས་སྣང་བ་ཡིན། །འདིའི་རྣམ་པ་དཔག་མེད་ཡོད་མོད་ཀྱི། །འདིར་ནི་རེ་ཞིག་མདོ་ཙམ་བརྗོད་པ་ཡིན། །རྒྱས་པར་བླ་མ་རྣམས་ཀྱིས་མཛད་པ་ཡི། །གསུང་དང་གནས་འདི་ཉིད་ལ་རྟོགས་པར་བྱ། །འདི་ནི་རེ་ཤིག་གནས་ལ་དད་པ་ཡི། །སྐྱེས་བུ་རྣམས་ཀྱིས་ཅུང་ཟད་བསྐུལ་བའི་ངོར། །སྙན་ངག་སྡེབས་སྦྱོར་ཚིག་རྣམས་སྤངས་ནས་ནི། །ཉུང་བསྡུས་གསལ་བར་སྦྱར་བའི་དགེ་བ་དེ། །འགྲོ་རྣམས་ཉོན་མོངས་གཡེང་བ་རབ་སྤངས་ནས། །བསམ་གཏན་ནད་མེད་བདེ་བ་མཆོག་ཐོབ་ཤོག །མཐར་ཐུག་སྲིད་ཞི་གཉིས་ལས་འདས་པ་ཡི། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག །སྤྲེལ་ལོ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་པར་རང་བྱུང་རྡོ་རྗེས་གནས་སྒོར་སྦྱར་བའོ། །
མཆན། གནས་ཡིག་འདི་ནི་ཀརྨ་པ་རང་བྱུང་རྡོ་རྗེས་བཀའ་འབུམ་ང་པོད་ལས་ཞལ་བཤུས་པའོ། །
༄༅། །གནས་མཆོག་ཁ་བ་དཀར་པོའི་ནང་གི་གནས་ཡིག་བཞུགས་སོ། །ཨོཾ་སྭ་སྟི། ཐབས་ཤེས་ཟུང་འབྲེལ་དངོས་གྲུབ་བཞི་ལྡན་མཆོག །ཆོས་དབྱིངས་དངོས་གྲུབ་རིགས་དྲུག་བྱང་ཆུབ་ཐོབ། །ཤེས་རབ་དངོས་གྲུབ་མཁས་གྲུབ་ཚོགས་ཀྱིས་བསྐོར། །བྱིན་རླབས་དངོས་གྲུབ་འདི་ཕྱིའི་ལས་སྒྲིབ་དག །ལོངས་སྤྱོད་དངོས་གྲུབ་རྒྱུ་ནོར་ཕུན་སུམ་ཚོགས། །དངོས་གྲུབ་བཞི་ལྡན་རོང་བཙན་ཁ་བ་གནས། །ཁ་བ་གནས་འདི་བརྒྱ་བྱིན་དཀྱིལ་འཁོར་དབྱིབས། །ཕུལ་བྱུང་གནས་མཆོག་ཡུལ་ནི་འཇང་བོད་མཚམས། །ཕྱོགས་བཞིར་བཞུགས་པའི་གྲུབ་ཆེན་དགྲ་ལྷ་བཞི། །ཤར་ན་བཞུགས་པའི་དགྲ་ལྷས་ཁྱུང་ཆེན་ཆིབས། །ལྷོ་ན་བཞུགས་པའི་དགྲ་ལྷས་རྨ་བྱ་ཆིབས། །ནུབ་ན་བཞུགས་པའི་དགྲ་ལྷས་སེང་གེ་ཆིབས། །བྱང་ན་བཞུགས་པའི་དགྲ་ལྷས་གཡུ་འབྲུག་ཆིབས། །དཀྱིལ་འཁོར་དབུས་སུ་འཁོར་བཅས་ཕྱོགས་བཅུ་བཞུགས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྔོན་དུ་བཞུགས། །རྟག་ཏུ་གཡུ་ཡི་རྦབ་ཆུ་ཁྲུས་གསོལ་མཛད། །དམུན་པོ་ཀླ་ཀློ་ངག་ལྐུགས་རྨོངས་པ་གསལ། །བོད་ཁམས་སྨད་དུ་སྐྱེས་པའི་བུད་མེད་རྣམས། །གྲེ་བ་བཟང་ཞིང་སྙན་འགྱུར་ངག་ཀྱང་བདེ། །ཁྲུས་གསོལ་རྦ་ཀླུང་འབབ་པའི་མར་གཤམ་ན། །ཨོ་རྒྱན་པདྨའི་སྒྲུབ་ཁང་དངོས་སུ་ཡོད། །དེ་ནང་བསྙེན་བཀུར་ལས་སྒྲིབ་སུས་སྦྱངས་ན། །བྱང་ཆུབ་ལམ་ལ་ཐོབ་པར་ཐེ་ཚོམ་མེད། །སྒྲུབ་ཕུག་མར་གཤམ་དཔག་ཚད་གཅིག་ཙམ་ན། །མཁའ་འགྲོ་གནས་གསར་མཆོག་ཏུ་གྱུར་པ་ཡོད། །གནས་གསར་ནང་དུ་བར་དོ་འཕྲང་ལམ་ཡོད། །འཕྲང་ལམ་ནང་དུ་མངོན་སུམ་འགྲོ་ཐོབ་ན། །འདི་ཕྱི་བར་ཆད་སེལ་བར་ཐེ་ཚོམ་མེད། །ཕོ་ཡི་མཚན་མ་རང་བྱོན་མངོན་སུམ་ཡོད། །བུད་མེད་ཡུན་རིང་སྦྲུམ་མ་མི་ཆགས་ཀུན། །མཚན་མ་དེ་ལ་མངོན་སུམ་མཇལ་ཐུབ་ན། །མངལ་ལྡན་མྱུར་དུ་ཆགས་པར་ཐེ་ཚོམ་མེད། །གླེགས་བམ་རི་ཡི་སྟོད་སྨད་མ་ལུས་ཀུན། །ཐམས་ཅད་རང་བྱོན་གནས་རི་བསམ་མི་ཁྱབ། །ཤར་དུ་གླེང་འབུམ་ནུབ་ཏུ་བརྒྱ་བྱིན་བང་། །བྱང་དང་མཚོ་དཀར་ལྷོ་རུ་ཨ་གསལ་ལ། །མ་ལུས་ཀུན་རྣམས་རང་བྱོན་ངོ་མཚར་ཡོད། །འཁྲི་ཤིང་ཀུན་རྣམས་བྲག་རྣམས་འཐུམ་ནས་སྐྱེས། །ཤིང་རྩ་གཅིག་ལ་རྩེ་མོ་སྣ་གསུམ་སྐྱེས། །འདབ་ཆགས་སྡེར་ཆགས་རྨིག་ཟླུམ་ཐམས་ཅད་དང་། །རྨིག་པ་ཁ་དབྲག་འབྲིང་དུ་ཐམས་ཅད་ཀྱི། །འདི་ཕྱོགས་མ་ཚང་བ་ཡང་གཅིག་ཀྱང་མེད། །ཤིང་དང་རྩྭ་དང་སྲོག་ཆགས་རིགས་རྣམས་ཀྱི། །རོ་མཆོག་སྨན་ལྡན་མིན་པ་གཅིག་ཀྱང་མེད། །གནས་བསྐོར་བཞུང་ལམ་ནགས་རྫོགས་ལ་ཡི་ནང་། །འཁྲི་ཤིང་སྣ་ཚོགས་ལག་ལ་དར་དཀར་ལེན། །གདུགས་དང་རྒྱལ་མཚན་ལམ་གྱི་གཡས་གཡོན་གཡོ། །གནས་བསྐོར་མི་སྣ་རྒྱུན་དུ་བསུ་སྐྱེལ་བྱེད། །བྱ་རིགས་སྣ་ཚོགས་ངག་སྙན་གླུ་དབྱངས་ལེན། །འགྲོ་ཀུན་ཐོས་ཤིང་སྣང་བ་རབ་ཏུ་སྤྲོ། །ཤར་ཏང་ཆུ་ཕུག་ཆུ་ཚན་སྣ་ཚོགས་འབབ། །བྱ་རྒྱལ་ཁྱུང་གི་ཆུ་ཚན་མངོན་སུམ་ཡིན། །སྐྱེ་བོ་ཀུན་གྱིས་ལུས་གཟུགས་འཁྲུ་བས་ན། །ནད་རིགས་མ་ལུས་འཇོམས་པར་ཐེ་ཚོམ་མེད། །དཀྱིལ་འཁོར་གཡས་སུ་བཞུགས་པའི་ཕྱུག་རྒན་རྗེ། །དཔྲལ་བའི་མཚམས་ནས་མུ་ཏིག་ཁྲ་བོ་ཡོད། །དབུ་ཞྭའི་རྔམ་ཆེན་མཐོ་ནས་ལྷ་ལམ་མཉམ། །བོད་ཁམས་སེར་སྐྱ་མཆོག་དམན་སྐྱེ་བོ་རྣམས། །སྟོབས་ཆེ་གཟུགས་བཟང་ཡན་ལག་བདེ་བར་འགྱུར། །གངས་ལྡན་སྨན་གྱི་བཙུན་མོ་མཚམས་ནས་བཞུགས། །བོད་ཁམས་སྨན་ཆུང་ན་གཞོན་སྐྱེས་གཟུགས་ལེགས། །དཀྱིལ་འཁོར་གཡོན་དུ་བཞུགས་པའི་དམག་དཔོན་ནི། །གྲུབ་ཆེན་དམག་དཔོན་དགྲ་འདུལ་དབང་ཕྱུག་རྒྱལ། །ཁོར་ཡུག་ཡུལ་ཁམས་དགྲ་མེད་བདེ་སྐྱིད་འགྱུར། །དཀྱིལ་འཁོར་གཡས་མཐའ་རྦ་སྐྱོབ་ཕག་མོ་གནས། །ཕག་མོ་གནས་མཆོག་གཡས་གཡོན་བྲག་རི་ཀུན། །ངོ་མཚར་མི་འདྲ་ཕྱག་རྗེས་སྣ་ཚོགས་ཡོད། །སེང་ཆེན་རྒྱལ་པོའི་ཞབས་རྗེས་མངོན་སུམ་ཡོད། །ཆོས་རྒྱལ་གོང་མ་ནམ་མཁའ་རྒྱལ་མཚན་གྱིས། །ཕྱག་རྗེས་མངོན་སུམ་བྲག་ལ་བཏབ་པ་ཡོད། །བར་དོ་འཕྲང་ལམ་མི་འདྲ་སྣ་ཚོགས་ཡོད། །ཡངས་འཛོམས་གྲོང་དཀྱིལ་གཞུང་ལམ་གཡོན་ཕྱོགས་སུ། །ལྷ་ཤིང་ཤུག་པ་ནོར་བུ་འཚོགས་འདྲ་ཞིག །དབྱར་དགུན་མེད་པར་གཡུ་མདོག་བཞིན་དུ་སྔོ། །དེ་ནི་བློན་པོ་ཕྱིང་སྔོན་བླ་ཤིང་ཡིན། །གནས་མཆོག་གཡས་གཡོན་སྨན་ཆུ་སྣ་ཚོགས་འབབ། །མངར་སྐྱུར་ཁ་གསུམ་ཆུ་མིག་བདུད་རྩི་ཡིན། །རླུང་དང་བད་ཀན་མཁྲིས་པ་མ་ལུས་ཀུན། །ནད་རིགས་མཐའ་དག་འཇོམས་པའི་གནས་ཆུ་ཡིན། །དཀྱིལ་འཁོར་མདུན་དུ་རིན་ཆེན་གསུམ་གྱི་སྡེར། །གསེར་སྡེར་སྟེང་དུ་ཤེལ་གྱི་མཆོད་རྟེན་བཞུགས། །འོད་གསལ་རང་བྱོན་མཆོད་རྟེན་མཇལ་ཐུབ་ན། །འཆི་ཉེ་འཚེ་མེད་ཚེ་དབང་རབ་ཏུ་བསྲིང་། །ཤར་གྱི་སྨིན་དྲུག་ལ་ཁ་གཡུ་སྡེར་གྲགས། །གཡུ་སྡེར་སྟེང་ན་ཇོ་བོ་ནམ་མཁའ་བཞུགས། །ལྷ་སའི་ཇོ་བོ་མཇལ་དང་ཁྱད་པར་མེད། །ཤེལ་གྱི་སྡེར་མ་བདེ་ཆེན་ཁྲོམ་རྭ་གྲགས། །རྒྱ་བོད་སོག་རིགས་མ་འདུས་གཅིག་ཀྱང་མེད། །ཟས་ནོར་ལོངས་སྤྱོད་འོག་ཕྱོགས་ཀླུ་དང་མཚུངས། །དཀྱིལ་འཁོར་རྒྱབ་ཏུ་རིན་ཆེན་གཏེར་གྱིས་སྤུངས། །ཚ་བའི་ཡུལ་དུ་རྒྱུ་ནོར་ཕུན་སུམ་ཚོགས། །དཀྱིལ་འཁོར་སྤྱི་ལ་རྒྱལ་བ་རིགས་ལྔ་བཞུགས། །ཡུལ་ཁམས་སྤྱི་ལྟར་རྐྱེན་ངན་བར་ཆད་སེལ། །དཀྱིལ་འཁོར་མཐའ་རུ་སྤང་ལྗོངས་མེ་ཏོག་མཛེས། །དྲང་སྲོང་སྨན་ལྷ་མེ་ཏོག་སྨོན་ལམ་ཐོབ། །ནད་རིགས་བཞི་བརྒྱ་རྩ་བཞི་ཁྱད་པར་སེལ། །དཀྱིལ་འཁོར་དབུས་སུ་གངས་རིའི་དབང་པོ་བཞུགས། །གནས་ཆེན་ཁ་བ་དཀར་པོ་གངས་རིའི་རྗེ། །རྩ་བ་རབ་བརྟན་རིན་ཆེན་གཞི་ལ་གནས། །གངས་རི་རང་བཞིན་མཆོད་རྟེན་གྲུབ་དང་མཚུངས། །དབུ་ཏོག་མཐོ་བའི་ལྷ་ལམ་མཁའ་ལ་བསྙེག །རབ་གསལ་ཉི་ཟླ་གཡས་གཡོན་ཕྲག་ནས་འཁྱིལ། །རབ་དཀར་དྭངས་པའི་ཤེལ་གྱི་མཆོད་རྟེན་མཚུངས། །རབ་མདངས་གངས་ལྡན་གཡུ་མདོག་འཇའ་ཡི་གུར། །རབ་རིབ་ཆུ་འཛིན་དཀར་པོའི་ན་གཟའ་བཀླུབས། །རབ་མཛེས་རི་ཕྲན་བརྒྱ་ཕྲག་ཚོགས་ལྟར་སྤུངས། །རབ་རྒྱན་ལྗོན་ཤིང་སྣ་ཚོགས་མཐའ་ནས་རྒྱས། །རབ་སྙན་བྱ་རིགས་སྣ་ཚོགས་གླུ་དབྱངས་ལེན། །རབ་འབབ་ཆུ་བོ་དུ་མ་གཏེར་ལྟར་འབབ། །རབ་འཇིགས་གཅན་གཟན་ཚོགས་ཀྱིས་མཆེ་སྡེར་ངོམ། །རབ་སྔོན་སྦ་སྨྱུག་དབྱར་དགུན་རྟག་ཏུ་མཛེས། །རབ་རྒྱས་གཡུ་མཚོ་སྔོན་མོ་དབྱར་ལྟར་རྒྱས། །རབ་ཞིམ་ཤིང་འབྲས་སྣ་ཚོགས་མཎྜལ་ཕུལ། །རབ་གཙང་ཤུག་པ་མཁན་དཀར་རྒྱུན་ལྟར་བསངས། །རབ་གནས་དངོས་གྲུབ་རང་འགྲུབ་ཁ་བའི་གནས། །གནས་འདི་ཕོ་བྲང་རང་བྱུང་ངོ་མཚར་བརྒྱན། །བརྒྱན་པའི་གངས་རིའི་དབང་པོ་ཁྲི་ལྡན་མཚམས། །མཚམས་ལྡན་ལྷ་མོས་སྐྱོང་བའི་བྱུ་རུའི་སྡོང་། །སྡོང་པོ་ཡལ་འདབ་རྒྱས་པའི་མདོམ་གང་ཙམ། །ཙམ་པ་ཀ་ཡི་མེ་ཏོག་རྒྱུན་ལྟར་མཛེས། །མཛེས་པའི་གཡུ་མདོག་འཁྱག་ཀླུང་མཐའ་ལ་སྐྱེས། །སྐྱེས་པའི་འཁྱག་ཀླུང་སྐྱེ་འཆི་རྒྱུན་མི་ཆད། །མི་ཆད་སྒྲ་ཆེན་ཡངས་པའི་ས་གཞི་ཁེངས། །ཁེངས་ཟས་མཚུངས་པའི་འབྲུ་དཀར་བཞིན་དུ་སྐྱེས། །སྐྱེས་རབ་དུ་མར་བཞེངས་པའི་གཞལ་ཡས་ཁང་། །ཁང་བཟང་ཡིད་དབང་འཕྲོག་པའི་བདེ་མཆོག་གནས། །གནས་མཆོག་གོང་ལ་བཞུགས་པའི་ཁ་བ་དཀར། །ཁྱད་པར་བོད་དང་རྒྱལ་ཁམས་ཡོངས་སུ་སྐྱོངས། །ཀྱེཿཕུལ་བྱུང་བདེ་མཆོག་གནས་པའི་ཕོ་བྲང་དུ། །གསལ་ལ་མཛེས་པའི་ལྷའི་གནས་གཞལ་ཡས་ཁང་། །ཁྱད་པར་གཞལ་ཡས་ཁང་གི་སྒོ་མདུན་དུ། །རབ་བྱུང་བཞི་པའི་ལྕགས་མོ་སྦྲུལ་ལོའི་དུས། །ཆོས་རྒྱལ་གོང་མས་ལུང་བསྟན་རྡོ་རིང་བྲིས། །བསྐལ་པ་མཐའ་མ་དུས་ཀྱི་སྙིགས་མའི་དུས། །འཇིགས་པ་བརྒྱད་པོས་སེམས་ཅན་ཡ་ང་མནར། །འཇིགས་བརྒྱད་གནོན་པའི་སྒྲོལ་མ་བསྙེན་པོ་བཞེངས། །བདེ་མཆོག་གཞལ་ཡས་ཁང་དེ་བཙུགས་པ་ཡིན། །བདེ་མཆོག་ཕོ་བྲང་ལྷ་ཁང་གཡས་གཡོན་རྣམས། །རང་བྱོན་དུ་མ་རྩིས་ཀྱང་མི་ལངས་པའི། །ཀརྨ་པཀྴི་དགུང་ལོ་བརྒྱད་ཀྱི་དུས། །བསྐོར་ལམ་གཡས་ནས་ཞབས་རྗེས་མངོན་སུམ་ཡོད། །ལྷ་ཁང་རྒྱབ་ཏུ་དུར་ཁྲོད་ཆེན་པོའི་ནང་། །མེས་པོའི་རུས་རྣམས་དེ་ནང་བསྲེག་ཐུབ་ན། །དལ་འབྱོར་མི་ལུས་ཐོབ་པར་ཐེ་ཚོམ་མེད། །དུར་ཁྲོད་རྒྱབ་ནས་དཔག་ཚད་གཉིས་གསུམ་ནང་། །ཨོ་རྒྱན་པདྨའི་བཞུགས་ཁྲི་མངོན་སུམ་ཡོད། །གསོལ་བ་རྩེ་གཅིག་མེད་པར་བཏབ་པ་ན། །དངོས་གྲུབ་ལག་ཏུ་ལོན་པར་གདོན་མི་ཟ། །ལྷ་ཁང་དཀྱིལ་ལ་བདེ་མཆོག་དཀྱིལ་འཁོར་ཡོད། །དཀྱིལ་འཁོར་ནང་དུ་རང་བྱོན་སྣ་ཚོགས་ཡོད། །སྐལ་མེད་རྣམས་ལ་མཇལ་བར་ཤིན་ཏུ་དཀའ། །ཡངས་ཅན་ཕུན་ཚོགས་གླིང་དང་བདེ་ཆེན་གླིང་། །ཤར་གྱི་ཕྱོགས་ལ་དཔལ་ལྡན་དོན་གྲུབ་གླིང་། །ཡབ་ཡུམ་གཉིས་དང་སྲས་དགོན་གསུམ་གྱི་གླིང་། །དགོན་གསུམ་གནས་ཆེན་ཞབས་བརྟན་སྒྲུབ་མི་གླིང་། །རྒྱུན་དུ་གནས་མཆོག་ཕོ་བྲང་དཀྱིལ་འཁོར་དུ། །མཁས་གྲུབ་བླ་གྲྭ་བསྙེན་བཀུར་ཞིང་མཆོག་མཛད། །པཎྜི་ཏ་དང་དགེ་འདུན་གྲུབ་མཐའ་རྣམས། །ཞག་རེ་བཞུགས་ན་ཟླ་རེར་བྱིན་བརླབས་འབྱུང་། །ཚེས་བཟང་དུས་བཟང་ཡར་ཚེས་བཅོ་ལྔའི་དུས། །བདེ་མཆོག་ཕོ་བྲང་མཁའ་དབྱིངས་འཇའ་ཚོན་བཀྲ། །གནས་བདག་ཨོ་རྒྱན་པད་འབྱུང་མཁའ་དབྱིངས་བྱོན། །ཁ་དོག་སྣ་ཚོགས་བཀྲ་བའི་འཇའ་ཡི་གུར། །གནས་བདག་བཞུགས་པའི་མཁའ་ལ་གདུགས་ལྟར་འཁྱིལ། །མཚོ་སྐྱེས་རྡོ་རྗེ་མཚན་བཟང་གསལ་ལ་མཛེས། །རི་རབ་ལྟ་བུར་སྐུ་ནི་ལྷུན་མདངས་མཐོ། །རི་རྒྱལ་བུམ་པ་ལྟ་བུ་སྐུ་ནི་ཟླུམ། །བུམ་པ་ཨུཏྤལ་ལྟ་བུར་དབུ་སྐྲ་མཛེས། །ཟླ་བ་རྒྱས་པ་ལྟ་བུར་དཔྲལ་བའི་དབྱེས། །སྐར་ཆེན་ཤར་འདྲ་སྤྱན་གཉིས་ནག་ལ་རིང་། །འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲ། །ཁྲ་གཤོག་བརྒྱངས་པ་ལྟ་བུ་རྫི་མ་ལེགས། །སྙན་ནི་གྲོ་ག་གཅུས་པ་ལྟ་བུར་འདྲ། །ཤངས་ནི་ལེགས་ཤིང་བལྟ་ན་སྡུག་པའི་ཤངས། །ཡ་མཆུ་མ་མཆུ་པདྨའི་ཟི་བ་འདྲ། །ལྗགས་རིང་སྲབ་མཉེན་པདྨའི་མདོག་ལྟར་དམར། །དཀར་ཚེམས་ཐགས་བཟང་དུང་མདོག་གངས་རི་འདྲ། །ཚེམས་ཕྲེང་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེས། །ཞི་བའི་ཞལ་མཐོང་ཨོལ་ཀོ་ལྷམ་མེ་བ། །ཀ་ལ་པིངྐ་ལྟ་བུར་ཚངས་པའི་དབྱངས། །ཞལ་ཚོམས་དོམ་ནག་དཀྱུས་འདྲ་ལྟ་བུར་རིང་། །སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲ། །མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགས། །འདི་ཡི་སྐུ་སྟོད་སེང་གེ་འགྱིང་བ་འདྲ། །དཔུང་པའི་མགོ་ཟླུམ་ཕྲག་པ་རབ་ཏུ་རྒྱས། །ཕྱག་ཞབས་སོར་རིང་དྲ་བས་འབྲེལ་བ་དང་། །སེན་མོའི་མདོག་ནི་ཟངས་དམར་ཤེལ་འོད་དཀར། །པདྨའི་སྦུ་གུ་ལྟ་བུར་ལྟེ་བ་མཛེས། །སྦ་བ་སྦུབས་སུ་རྟ་གླང་ལྟ་བུར་ནུབ། །བྱིན་པ་ཨེ་ན་ཡ་འདྲ་ཞབས་ལུང་འདུར། །མཁའ་ལ་འཇའ་འགྱུར་ལྟ་བུར་འཕུར་རྩལ་འགྲོས། །གཞོན་ནུའི་རྩལ་ལྡན་སྐུ་ལུས་ཡན་ལག་རྒྱས། །འཛུམ་ཞིང་ཤིན་ཏུ་མཛེས་པའི་ཟླ་མེད་ཞལ། །གཟུགས་བལྟས་མི་ངོམས་སྐྱེ་བོ་ལྟ་ན་སྡུག །འོད་ཟེར་དུ་མ་འབར་བས་འོད་ཁྱིམ་འདྲ། །རི་མཆོག་འཇམ་ཞིང་རྔམས་པ་མཆོག་རབ་འཕགས། །མི་ཤིག་རྡོ་རྗེ་ལྟ་བུར་ཟད་པ་མེད། །མཚན་དཔེ་དཔེ་ཟླ་བྲལ་བའི་གཞོན་ནུའི་སྐུ། །ཚངས་དབྱངས་དབྱངས་ཀྱི་ཡན་ལག་དྲུག་ཅུའི་གསུང་། །མཁྱེན་རབ་རབ་འབྱམས་ཤེས་བྱ་ཀུན་མཁྱེན་ཐུགས། །སྐུ་དངོས་བདེ་མཆོག་མཁའ་དབྱིངས་བྱོན་པའི་དུས། །ལྷ་རྣམས་མེ་ཏོག་ཆར་བ་ལྷང་ལྷང་འབེབས། །རོ་བརྒྱ་ལྡན་པའི་ལྷ་ཡི་ཞལ་ཟས་ཚོགས། །ནམ་མཁའི་མཛོད་བཞིན་ཟད་པ་མེད་པར་སྤྱོད། །ལྷ་ཡི་རྔ་ཆེན་ནམ་མཁའི་དབྱིངས་ནས་གྲགས། །པི་ཝང་གླིང་བུ་རོལ་མོའི་ཚོགས་ཀྱིས་མཆོད། །དྲི་ཞིམ་བདུག་སྤོས་སྤྲིན་གྱིས་བར་སྣང་གང་། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་དང་། །དར་འཕན་ཚོགས་ཀྱིས་ནམ་མཁའི་ཁྱོན་ཀུན་ཁྱབ། །ཡིད་འོང་མཛེས་པའི་ལྷ་ཡི་བུ་མོ་རྣམས། །མཛེས་པའི་རྒྱན་ལྟར་ཆོས་རྫས་ཐོབ་པ་ཡིན། །གླུ་དང་གར་གྱི་ཀུན་རྣམས་མཆོད་པ་བྱེད། །དགའ་བདེ་སྐྱིད་པའི་གླུ་དབྱངས་སྣ་ཚོགས་ལེན། །དམ་པ་ཆོས་ཀྱི་རྔ་ཆེན་རྒྱུན་དུ་བརྡུང་། །ཡོན་ཏན་རྒྱ་མཚོ་མཐོང་བས་བསྟོད་ཅིང་བསྔགས། །བློ་གཏད་ཆོས་ལ་བྱེད་པས་འདི་ཕྱི་སྐྱིད། །སེམས་ཅན་ཕ་མར་ཤེས་པས་རྒྱུ་འབྲས་སྲུང་། །རྒྱལ་ཁྲིམས་རང་སྲུང་བྱེད་ན་འགལ་ཟླ་མེད། །ཆོས་ཁྲིམས་རྒྱལ་ཁྲིམས་ཁྱད་པར་གང་ཡང་མེད། །འབྲི་ཀློག་དར་བའི་མི་རྣམས་ཤེས་རིག་གསལ། །སྡིག་པའི་གྲོགས་མེད་དགེ་བཅུའི་ནོར་བུར་རྙེད། །ཆར་ཆུ་དུས་འབབ་རྩི་བཅུད་འབྲུ་ཚོགས་འཕེལ། །ཟས་ནོར་ལོངས་སྤྱོད་ཆར་པ་བཞིན་དུ་འབབ། །ཡུལ་ཁམས་མི་རྣམས་བདེ་སྐྱིད་ལྷ་དང་མཚུངས། །ཁྱད་པར་གནས་མཆོག་མཇལ་བའི་སྐྱེ་བོ་ཀུན། །གང་དག་འདི་ལ་བསྐོར་བ་སུས་བསྐོར་བ། །ཤན་པ་ཡིན་ཡང་མཐོ་རིས་གནས་སུ་སྐྱེ། །བྱང་ཆུབ་ལམ་དུ་ཐོབ་པར་ཐེ་ཚོམ་མེད། །བསོད་ནམས་མེད་པའི་དཔོན་དམངས་བྱིན་པོ་རྣམས། །བདེ་མཆོག་གནས་འདི་མཇལ་བའི་ལས་འབྲས་དཀའ། །གནས་བསྐོར་ཕེབས་པའི་རྒྱལ་དམངས་ཐམས་ཅད་ཀྱིས། །རྐུ་རྫུན་བརྣབ་སེམས་མ་བྱིན་ལེན་པ་སོགས། །དགེ་བ་མི་འགྲུབ་སྡིག་པའི་ལམ་དུ་ལྷུང་། །བསྐལ་བ་དུ་མར་དལ་འབྱོར་རྙེད་ཐབས་དཀའ། །ཁྱད་པར་གནས་རིར་གནོད་འཚེ་བྱེད་པ་སོགས། །ས་གཡོ་ཆུ་ཐན་བཙའ་སད་ཡུལ་དགྲ་ཀུན། །མྱུར་དུ་ཡུལ་ཁམས་གནོད་པར་ཐེ་ཚོམ་མེད། །ཡིད་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །འཇིག་རྟེན་དག་ན་ཚེ་ཐར་ཡོད་མ་ཡིན། །གསོན་པར་འདོད་ཀྱང་རང་དབང་ཅུང་ཟད་མེད། །ལུས་ནི་མི་རྟག་གཡང་ཁའི་སྡོང་པོ་འདྲ། །དབུགས་ནི་མི་རྟག་ལ་ཁའི་ན་བུན་འདྲ། །ཡིད་ནི་མི་རྟག་ནམ་མཁའི་གློག་དང་འདྲ། །ཚེ་འདི་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །སྐྱེ་བའི་མཐའ་འཆི་འདུས་པའི་མཐའ་མ་འབྲལ། །ས་སྟེང་འདུས་བྱས་ཐམས་ཅད་འདི་དང་འདྲ། །འདས་དང་མ་འོངས་ད་ལྟ་དུས་གསུམ་དུ། །བདེ་མཆོག་གནས་འདི་མཇལ་བའི་སྨོན་ལམ་ཤོག །དེ་ཚེ་བཀྲ་ཤིས་ཉམས་དགའ་ཕྲིན་ལས་མཛོད། །ཡུལ་ཁམས་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །དགེ་བཅུའི་ཁྲིམས་ལ་མི་ཀུན་འགྱུར་བར་ཤོག །དམ་པ་ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །རྒྱལ་དམངས་བསོད་ནམས་གསོག་པར་བྱིན་གྱིས་རློབས། །
༄༅། །གནས་མཆོག་ཁ་བ་དཀར་པོའི་རྒྱབ་གནས་གནས་ཡིག་བཞུགས་སོ།།ན་མོ་གུ་རུ་དེ་ཝ་ཌཀྐི་ཡི། ཐབས་ཤེས་ཟུང་འབྲེལ་ཨེ་ཝཾ་གཞི་དང་ལྡན། །བདེ་སྟོང་ཟུང་དུ་འཇུག་པའི་ཨེ་ཝཾ་ལམ་དག་ནས། །བདེན་གཉིས་མཐའ་དག་ཨེ་ཝཾ་འབྲས་མཆོག་ལྡན། །འདི་ཕྱིའི་སྐྱབས་གནས་ཀུན་འདུས་གནས་མཆོག་དམ་པ་འདི། །ཕྱི་ལྟར་གངས་རིའི་ལྷུན་ཆགས་ལྟ་ན་སྡུག་པའི་མཆོད་རྟེན་བརྒྱད། ནང་ལྟར་བཅོམ་ལྡན་འཁོར་ལོ་བདེ་མཆོག་གི་བསྐལ་པ་བཟང་པོ་སངས་རྒྱས་སྟོང་། དཔའ་བོ་མཁའ་འགྲོ་འབུམ་ཚོགས་མཐའ་རུ་བསྐོར། གསང་བ་བདེ་སྟོང་ཟུང་དུ་འཇུག་པ་མཆོག་ལ་འོག་མིན་གནས་མཆོག་ཁ་བ་དཀར། ཕྱི་ལྟར་གངས་རི་དཀར་པོ་མཆོད་རྟེན་ལྟར། །ནང་ལྟར་ངོ་མཚར་ལྷ་ཡི་ཕོ་བྲང་མཛེས། །བསྐལ་བཟང་སངས་རྒྱས་སྟོང་སྐུ་དབུས་ན་བཞུགས། །དཔའ་བོ་མཁའ་འགྲོ་འབུམ་ཚོགས་མཐའ་རུ་བསྐོར། རྨད་བྱུང་དཔལ་གྱི་ཡ་མཚན་ཆེ་བའི་གནས། །དམ་པ་རྣམས་ཀྱིས་མཇལ་ཚད་མེ་ཏོག་འཐོར། །ལས་ངན་སྡིག་ཅན་རྣམས་ཀྱིས་མཇལ་བར་དཀའ། །ཞེས་བརྗོད་དོ། །
དངོས་གཞི་ལ། དང་པོ་འབྲས་ཞིང་ཐང་གི་གཡས་གཡོན་ལ་རྡོའི་སེང་གེ་རང་བྱོན་ཡོད། ལམ་ཁ་ལ་བདེ་མཆོག་གི་ཆིབས་སྒ་དང་གཏེར་སྒམ་རང་བྱོན་ཡོད། ལུང་པ་ཁ་ལ་འཕགས་པ་གནས་བརྟན་བཅུ་དྲུག་རང་བྱོན་ཡོད། ཞི་ཁྲོ་དམ་པ་རིགས་བརྒྱའི་རང་བྱོན་ཡོད། དེའི་སྟེང་ལ་བདེ་བ་ཅན་གྱི་ཞིང་ཁམས་ཡོད། འབྲས་ཞིང་ཐང་གི་ལྷ་ཁང་དུ་བོད་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་ཟླ་བ་སྒང་དུ་ནུབ་དུས་ཉམས་ཚར་གྱི་བྲག་མིག་ནང་གི་ཟླ་བ་གསལ་ཟླ་ལྷ་ཁང་དུ་ཕོག་ཐུབ། ཉིན་དེ་ནི་ལོ་འདིའི་གནས་སྒོ་དང་པོ་ཕྱེ་བ་རེད། ཉེ་འདབས་སུ་མཁས་གྲུབ་བླ་གྲྭ་རྣམས་ཀྱིས་བསྙེན་བཀུར་ཞིང་མཆོག་རྒྱ་ཆེར་མཛད་པར་མ་ཟད་དམངས་ཚོགས་ཁྲི་སྟོང་འོངས་ནས་ཕྱག་དང་བསྐོར་བ་བྱེད་པའི་སྔ་སྲོལ་དར་སྤེལ་བྱེད་ཀྱིན་ཡོད། གཡོན་ཕྱོགས་རྩྭ་ཐང་ལ་ནད་བརྒྱ་སེལ་བའི་སྨན་ཆུ་ཡོད། དེའི་གོང་མ་བྲག་ལ་སྒྲོལ་མ་དཀར་སྔོན་རང་བྱོན་ཡོད། ལམ་གཡས་ཕྱོགས་སུ་བྲག་ལ་ཀརྨ་པ་མཆོག་གི་ཞབས་རྗེས་ཁྲ་སིང་སིང་ཡོད། ལམ་ཁ་ལ་གུ་རུ་སྒྲུབ་ཕུག་ཡོད། གླང་འབྱོར་གྱི་ལམ་ལྟག་སློབ་དཔོན་གྱིས་ཕྱག་མཁར་བྲག་ལ་བཙུགས་པ་དང་ཕུར་བུ་རང་བྱོན་ཡོད། ལའི་རྒྱབ་ལ་བཻ་རོ་ཙ་ནའི་སྒྲུབ་ཆུ་ཡོད། དེའི་ལུང་པ་མདའ་ལ་ཆོས་འབྱུང་ཟུར་གསུམ་ཡོད། དེ་མཇལ་ན་བསིལ་བའི་ཚལ་གྱི་དུར་ཁྲོད་མཇལ་བ་དང་མཚུངས། རྒྱ་ལམ་ལྟག་ལ་བདེ་མཆོག་གི་ཕྱག་རྗེས་ཞབས་རྗེས་དང་། ཆུ་ཤག་གི་མགོ་ལ་རྒྱལ་བ་རིགས་གསུམ་མགོན་པོ་རང་བྱོན་ཡོད། དེའི་ལམ་ལྟག་ལ་གཤིན་རྗེ་འཇིགས་པའི་སྐུ་གདུང་རང་བྱོན་དང་། དེའི་རྒྱ་ལམ་ལམ་ལྟག་ལ་བཀའ་འགྱུར་དང་འབུམ་ཆ་རང་བྱོན། ལམ་འོག་ལ་མཆོད་རྟེན་དང་བུམ་པ་རང་བྱོན། ཨ་གསལ་རྒྱ་ལམ་ལྟག་ལ་བར་རྡོ་འཕྲང་ལམ། ལུང་ནགས་ཀྱི་ལུང་ཆུ་ཁ་ལ་ཆོས་སྐྱོང་བྱ་རོག་གདོང་ཅན་དང་ཡི་དམ་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མའི་སྔགས་ཆས་རང་བྱོན་ཡོད། དེའི་ལམ་ལྟག་ལ་མགོན་པོའི་བླ་མཚོ་དང་། སྟག་མ་དགབ་སྟེང་གཡས་ཕྱོགས་རི་མགོར་རྒྱ་གར་བྱ་རྒོད་ཕུང་རི། རྡོ་སྐས་ལམ་གྱི་གཡས་སུ་སངས་རྒྱས་དཔའ་བོ་རབ་བདུན་རང་བྱོན། གཡོན་དུ་མཁའ་འགྲོ་མ་ཚེ་རིང་མཆེད་ལྔ་བརྟན་མ་བཅུ་གཉིས་རང་བྱོན། མདུན་ངོས་སུ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་རང་བྱོན། ཡང་ལ་ཁ་ལ་རྒྱལ་བ་རིགས་གསུམ་མགོན་པོ་དང་སྟག་ཕག་ཡབ་ཡུམ་དང་སྤྱན་རས་གཟིགས་ཁ་སརྤ་ཎིའི་རང་བྱོན། རྒྱབ་ཏུ་ཆོས་སྐྱོང་བྱ་རོག་གདོང་ཅན་དང་། ལྷ་མོ་དབྱངས་ཅན་མའི་དུང་གི་བླ་མཚོ་ཡོད། ལྷ་མོ་དབྱངས་ཅན་མའི་མཚོ་དེ་མཇལ་ན་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སེལ། འཇམ་དབྱངས་བྱམས་པ་མགོན་པོ་ཉེ་བའི་སྲས་ཆེན་བརྒྱད་དེ་ཁྲ་ལམ་རང་བྱོན་དང་། རྩྭ་སོག་ཐང་གཡས་ཕྱོགས་ལ་བདེ་མཆོག་གི་དཀྱིལ་འཁོར་ཡོད། མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ཞི་རྒྱས་དབང་དྲག་བཞི་ཡི་དཀྱིལ་འཁོར། རྩྭ་སོག་ཐང་ལམ་ཁ་ཕ་བོང་ཐོག་ཏུ་བདེ་མཆོག་གི་ཞབས་རྗེས་ཁྲ་སིང་སིང་། སྦྲང་ཆར་ལམ་ཁ་ལ་སནྡྷུ་ར་ཡི་སྨན་ཆུ་ཡོད། དེ་ན་སྦ་སྨྱུག་རྩི་ཤིང་མེ་ཏོག་ཐམས་ཅད་མཁའ་འགྲོ་མའི་བླ་ཤིང་ཡིན། བྱ་དང་བྱིའུ་རི་དྭགས་གཅན་གཟན་ཐམས་ཅད་དཔའ་བོ་དང་དཔའ་མོའི་སྤྲུལ་པ་ཡིན། ལ་ལ་ནི་སྒོ་ནོར་དང་སྒོ་ཁྱི་ཡིན། དེ་ལ་འཇིགས་སྐྲག་བྱེད་མི་ཉན། རྩི་ཤིང་ནགས་ཚལ་ཐམས་ཅད་གདུགས་དང་རྒྱལ་མཚན་བ་དན་བླ་བྲེས་རང་བྱོན་ཡོད། ལྷོ་འོད་གསལ་གཡས་གཡོན་མར་བལྟས་ན་བདེ་མཆོག་གི་དཀྱིལ་འཁོར་ཁྲ་ལམ་མཇལ་བར་མཐོང་། རྣམ་རྒྱལ་མཆོད་རྟེན་དཔག་ཚད་བརྒྱད་ཁྲི་བདག་པོ་ཡོད། དེ་མཇལ་ན་བསམ་ཡས་ལྷ་ཁང་མཇལ་དང་མཚུངས། ལྷོ་རུ་སྦས་ཀྱི་ཕོ་བྲང་དུ་རྗེ་བཙུན་མི་ལའི་སྐུ་རྗེས་ཡོད། མཁའ་འགྲོ་མའི་སེའུ་ཝང་དང་བཀའ་གདམས་དྲག་པོ་ཆོས་འབྱུང་གནམ་ལྕགས་ཕུར་བུ་རང་བྱོན་ཡོད། བཀའ་བསྟན་འགྱུར་དང་སྤྱན་རས་གཟིགས་ནོར་བུ་ཆ་གཉིས་ཡོད། དུར་ཁྲོད་ལྷུན་གྲུབ་ཡོད། རྩེ་ལ་རྡོ་རྗེ་ཕག་མོའི་བླ་མཚོ་དང་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་རྗེའི་ཚེ་བུམ་བདུད་རྩི་བཅས་པ་ཡོད། སློབ་དཔོན་གྱི་ཀ་བ་ལ་བདུད་རྩི་དང་བཅས་པ་ཚེ་དཔག་མེད་ཀྱི་སྐུ་རྗེས་ཞབས་རྗེས་ཡོད། གཞན་ཡང་རང་བྱོན་སྣ་ཚོགས་ཡོད། དེ་རྣམས་མཇལ་ན་ཚེའི་བར་ཆད་ཐམས་ཅད་སེལ་བར་ཐེ་ཚོམ་མེད། ཆུ་སྲིན་མུ་ཏིག་སྔོན་མོ་གསེར་ར་སེར་པོ་འཕགས་པ་གནས་བརྟན་བཅུ་དྲུག་གི་ཕོ་བྲང་ཡོད། ཤིང་ཙན་དན་སྡོང་པོའི་དྲི་རྣམས་མཇལ་ན་རྒྱ་གར་བྱ་རྒོད་ཕུང་པོའི་རི་ལ་མཇལ་དང་མཚུངས། ཡང་ལབ་བཙས་དབུས་ལ་ཆོས་སྐྱོང་བྱ་རོག་མགོ་ཅན་དང་མཆོད་རྟེན་རང་བྱོན་དང་། ཆུ་ནག་ཐང་ལ་ཆོས་འབྱུང་གྲུ་གསུམ་དང་དྲག་པོ་གནམ་ལྕགས་ཕུར་བུ་རང་བྱོན་གསུམ། ཆུ་བོ་དེས་བདེ་མཆོག་གི་རྩ་སྔགས་ཆོས་སྒྲ་དང་འབུམ་བཀའ་འགྱུར་བགྲང་པ་ཡོད། ལ་ཁ་ཉེ་ལ་རང་བྱོན་མི་འདྲ་བ་སྣ་ཚོགས་ཡོད། ཡང་བདེ་མཆོག་གནས་ཡར་འགྲོ་བའི་སྐབས་སུ་ཆུ་གཡས་ཕྱོགས་ལ་དམར་ནག་གཤིན་རྗེའི་སྐུ་གདུང་དངོས་སུ་ཡོད། ལ་ཁ་ལ་ཨ་ཝ་གླང་མགོ་དང་། གཡོན་དུ་བྱ་རོག་རྒོད་གཤོག་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྗེས་དང་ཞབས་རྗེས་སྣ་ཚོགས་ཡོད། ཉེ་བའི་སྲས་བརྒྱད་བཅོམ་ལྡན་འདས་མར་མེ་མཛད་ཀྱི་སྐུ་རྗེས་དང་ཕྱག་རྗེས་སྣ་ཚོགས་དང་། ཤིང་ཁང་ལ་ཁ་ལ་ཀརྨ་པ་ཡི་སྒྲུབ་ཆུ་ཡོད་པ་དང་ཆོས་སྐྱོང་ཕག་གི་མགོ་ཅན་ཡོད། ལམ་ཁ་ལ་འབུམ་ཆ་རང་བྱོན་དང་། ཨ་བན་རི་ལངས་མདའ་ལ་ཨོ་རྒྱན་ཁ་ཊྭཱཾ་དང་མགོན་པོ་བེར་ནག་ཅན་གྱིས་དམ་སྲི་དམ་ཉམས་བསྒྲལ་བའི་ཤ་རུས་ཡོད། བྲག་རི་རྩེ་ལ་ཨ་ཡིག་རང་བྱོན་དང་། ཨོ་རྒྱན་པདྨ་ཡིས་སྲིན་མོ་འདུལ་སྐབས་ཕ་བོང་ཐོག་ཏུ་ཞབས་རྗེས་གསལ་ལྷམ་མེར་བཞག་ཡོད། ཕ་བོང་སྟེང་ལ་རྒྱུན་དུ་སྐམ་རྒྱུ་མེད་པའི་བདུད་རྩིའི་སྒྲུབ་ཆུ་དང་། ཨོ་རྒྱན་པདྨའི་བཞུགས་ཁྲི་དང་བར་དོ་འཕྲང་ལམ་རྣམས་ཁྲ་སིང་སིང་ཡོད། ལྷ་ཁང་རྭ་ཟམ་ཁ་ལ་དུང་དཀར་རང་བྱོན་དང་། སངས་རྒྱས་སྟོང་སྐུ་རྩ་གཉིས་རང་བྱོན། ལྷ་ཁང་རྭའི་ཕར་ཁ་ལ་ཨོ་རྒྱན་གྱི་སྐུ་རྗེས་ཡོད། དེ་མཇལ་ན་ཟངས་མདོག་དཔལ་རི་མཇལ་བ་དང་མཚུངས། ལྷ་འདྲེ་སྟོང་གི་མཆོད་རྟེན་དང་། ལྷ་ཁང་རྭ་ནི་རི་བཙན་བཞི་འཛོམས་དང་ཆུ་བཙན་གསུམ་འཛོམས་ཀྱི་ས་ཆ་ཞིག་རེད། སྔོན་དུས་ཨོ་རྒྱན་པདྨ་ཡུན་རིང་དུ་བཞུགས་མྱོང་བའི་གནས་མཆོག་ཅིག་རེད། ལྷ་ཁང་རྒྱབ་ཀྱི་ཕ་བོང་ཐོག་ལ་ཉི་མ་ཟླ་བ་རང་བྱོན་ཡོད། ཆུ་སྒྲོལ་ལམ་ཁ་ལ་འབུམ་ཆ་རང་བྱོན་ཡོད། ཐང་ཆེན་མགོ་ལ་མཁའ་འགྲོ་མའི་ཚོགས་གཞོང་ཡོད། དེ་མཇལ་ན་ནད་རིགས་ཐམས་ཅད་སེལ། ཚེ་བསྲིང་བར་ཐེ་ཚོམ་མེད། ལམ་ཁ་ལ་ཆུ་སྒྲོལ་མགོན་ལྔ་ཡོད། གནས་ཆེན་ལྔ་ཡི་ཞབས་ཆབ་ཡོད། དེ་འཐུང་ན་བསྐལ་བ་སྟོང་གི་སྡིག་སྒྲིབ་དག ལམ་ཁ་བར་དོ་འཕྲང་ལམ་ཡོད། སྡོད་ས་གོང་གི་བྲག་ལ་ཉི་མ་ཟླ་བ་རང་བྱོན་དང་ཡིག་དྲུག་རང་བྱོན་ཡོད། བྲག་རི་ཐམས་ཅད་དུ་ཀརྨ་པ་མཁྱེན་ནོ་ཞེས་པ་དང་། དེ་མིན་གསུང་རབ་ཡིག་ཆ་སྣ་ཚོགས་དང་བཅས་པ་བྲག་ལ་བརྐོས་པ་ཡོད། དེ་དག་མཇལ་ན་འཁྲུལ་སྣང་ཞི་ཞིང་། རྡུལ་དཀར་མགོ་ལ་རྒྱལ་བ་རིགས་ལྔ་སངས་རྒྱས་བྱེ་བ་ཁྲི་ཕྲག་བརྒྱ་ཐམས་ཅད་ཁྲ་སིང་སིང་ཡོད། རྒྱལ་བ་རིགས་གསུམ་མགོན་པོ་དང་བཀའ་བསྟན་འགྱུར་དང་འབུམ་ཆ་རང་བྱོན་ཡོད། རྡོ་འབྲུ་ཐམས་ཅད་སངས་རྒྱས་རྣམས་ཀྱི་ཕྱག་གནས་ཡིན། ཕར་ཁ་སྦྲུལ་ནག་དེ་ལ་ཁ་ནོན་མཛད་པ་ཡིན། སྐལ་ལྡན་རྣམས་ཀྱི་དངོས་གྲུབ་ལེན་པ་ཡིན། སྐལ་མེད་ཐམས་ཅད་ན་ཚ་སྡིག་སྒྲིབ་དག་པ་ཡིན། བྲག་སྣ་ཐང་གི་ཕུག་ལ་ལྷ་མོ་ནོར་རྒྱུན་མ་དང་ཡེ་ཤེས་ཀྱི་ཁྱུང་ཆེན་མཁའ་འགྲོ་སེང་གདོང་མ་རང་བྱོན་དང་། གདོང་དེ་ལ་སྦྲུལ་ནག་ཐུར་དུ་རྒྱུག་པ་ཡོད། དེ་མཇལ་ན་དུག་རིགས་སྣ་ཚོགས་ཀྱིས་མི་ཐུབ། ཆུའི་ཕུགས་ལ་བཻ་རོ་ཙ་ནའི་སྒྲུབ་ཕུག་ཚེ་ཆུ་དང་གཏེར་ལེན་པའི་རྟགས་སྣ་ཚོགས་དང་། ལུང་ཕུའི་རྡུལ་དཀར་དེ་ལ་ཆོས་ལོངས་སྤྲུལ་གསུམ་གྱི་ཕྱག་གནས་རང་བྱོན་དང་། སངས་རྒྱས་ཚེ་དཔག་མེད་ཀྱི་ཞབས་རྗེས་ཁྲ་སིང་སིང་ཡོད། དེ་མཇལ་ན་དུས་གསུམ་སངས་རྒྱས་ཐམས་ཅད་མཇལ་དང་མཚུངས། ལམ་ཁ་ལ་ཨོ་རྒྱན་པདྨ་ཡི་དབུ་ཞྭ་རང་བྱོན་དང་། ཐང་འདུས་ལ་ཡི་གཡས་ཕྱོགས་ལ་རྨ་བྱ་རང་བྱོན། དེའི་མགོ་ལ་སྤྱན་རས་གཟིགས་རང་བྱོན་ཡོད། ལ་རྒྱབ་ཆུ་ཕར་ཁ་ལ་མཁའ་འགྲོ་མའི་སྤྲིན་ཐག་རང་བྱོན་དང་། ལྟ་སྐོར་ལ་ཁ་ལ་བྱམས་པ་མགོན་པོ་རང་བྱོན། དགབ་རྩ་ལ་ལ་ཡེ་ཤེས་ཀྱི་ཁྱུང་ཆེན་དཀར་ནག་ཁྲ་གསུམ་རང་བྱོན། ལ་དུ་ཕར་ཁ་བྲག་ལ་གཤིན་རྗེའི་ཁྲོ་ཆུ་དུག་གདོང་དང་བཙན་རྒོད་རང་བྱོན། སྨན་མཆོག་སྤང་སྒང་ལ་སྨན་རིགས་མཆོག་ཏུ་གྱུར་པ་དང་། ཤོག་ལ་ལ་ཡི་གཡས་གཡོན་ཐམས་ཅད་ལ་ཆུ་བཙན་བྲག་བཙན་རོལ་པ་མཆེད་བདུན་སྤང་བཙན་ཀླུ་བཙན་དེ་རྣམས་དངོས་སུ་ཡོད། ཡང་མཚོ་དཀར་ཕུག་ཡར་ལ་འཇིགས་སྐྱོབ་རང་བྱོན་མང་པོ་དང་། ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་ནོར་བུ་སྣ་ཚོགས། དམ་ཅན་རྡོ་རྗེ་ལེགས་པ་སོགས་དྲག་པོ་སྣ་ཚོགས་ཡོད། དུག་ལུང་ཐང་ཟམ་ཁ་ལ་ཁ་བ་དཀར་པོའི་ཞབས་རྗེས་དང་རྟ་རྗེས་ཡོད། ཤྭ་ཆུ་ཁ་ལ་བུམ་པ་བདུད་རྩིའི་ཁ་ཡར་ལུད་པའི་རང་བྱོན་ཡོད། དེ་ལ་དད་པ་རྩེ་གཅིག་བྱེད་ན་ནད་ཡམས་རིམས་ནད་ཐམས་ཅད་ཐུབ་པ་ཐེ་ཚོམ་མེད། ཀོ་ཤོད་བྲག་གཡས་གཡོན་གཉིས་ལ་དམ་ཅན་མགར་བ་ནག་པོ་དང་སངས་རྒྱས་སྟོང་གི་ཕྱག་རྗེས་དང་ཞབས་རྗེས་ཡོད། བྲག་གཉིས་ལ་གནམ་ལྕགས་ཀྱི་རལ་གྲི་ཐུར་དུ་བཙུགས་པའི་རང་བྱོན་ཡོད། དེ་ལ་དད་པ་རྩེ་གཅིག་བྱེད་ན་ཉོན་མོངས་པའི་ལས་སྒྲིབ་ཐམས་ཅད་རྩ་ནས་གཅོད་པར་ཐེ་ཚོམ་མེད། དེའི་རྒྱབ་ཕ་བོང་རི་བོང་འདྲ་བ་ཞིག་དང་། རྨུ་ཤོད་ཆུའི་གཡོན་ལ་གསང་བདག་ཕྱག་ན་རྡོ་རྗེ་རང་བྱོན། སྡོང་མདའ་རོང་གི་ཆུའི་མདུན་ལ་དྲག་པོ་གནམ་ལྕགས་ཀྱི་གཏུན་ཁུང་ཚ་ཤིང་བཙུབས་པ་དང་། རྫ་ལ་ལ་སྟེང་གི་ལམ་ཁ་བྲག་ལ་ཨོ་རྒྱན་སྒྲུབ་ཕུག་ཡོད། ལམ་ཕ་ཁར་བཻ་རོ་ཙ་ནའི་སྒྲུབ་ཕུག་དང་། ཡར་ཀི་བྲག་ཕུག་ལ་ཨ་གེ་སྤྲེའུ་རང་བྱོན། སྡོང་མདའ་རོང་གི་བྲག་རི་ཐམས་ཅད་མཁའ་འགྲོ་མའི་རྒྱན་ཆ་ལུགས་སྣ་ཚོགས། གཡས་སུ་རྒྱ་ནག་ལྕགས་རི་དང་བྱ་ཁྱུང་དམར་པོ་དང་བསྟན་སྲུང་གཟའ་བདུད་ཆེན་པོ་བཅས་པ་དེ་རྣམས་ཡོད། སྡོང་མདའ་རོང་བྲག་སྒོ་ཡི་སྣེ་ལ་རྒྱལ་བ་ཡབ་སྲས་གསུམ་གྱི་ཞབས་རྗེས་དང་། ཀརྨ་པ་རང་བྱུང་རྡོ་རྗེའི་ཆིབས་རྟའི་རྨིག་རྗེས། ལམ་ཕར་ཁའི་བྲག་ལ་ལྷ་འདྲེ་སྟོང་གི་མཆོད་རྟེན། འཇོལ་བར་རྩེ་གྲོང་གི་གཡས་ཕྱོགས་སུ་ནོར་བུ་དགོས་འདོད་དཔུང་འཇོམས། དེའི་རྩ་ལ་ནད་བརྒྱ་ཕན་པའི་སྨན་ཆུ། ཆུ་རྩེ་ཤོད་ཟམ་ཆེན་ཁ་ལ་བདེ་མཆོག་གི་རྟའི་ཆབ་ལ་བད་ཀན་འཇོམས་པའི་སྨན་ཆུ། འཇོལ་མདའ་ཕུག་གི་བྲག་འོག་ལ་སྒྲོལ་མ་སྔོན་མོ་རང་བྱོན། ཡང་ཆུ་ཕུག་ལ་མཁའ་འགྲོ་མ་ཆེ་ཆུང་སྐུ་རང་བྱོན་མང་པོ། འཇོལ་མདའ་དམ་ཅན་ར་ཆུ་བྲག་ལ་རྗེ་བཙུན་སྒྲོལ་མ་སྔོན་མོ་རང་བྱོན། དུག་ཡོད་ལམ་ཁ་ལ་ཁ་བ་དཀར་པོའི་ཞབས་རྗེས་དང་ཆིབས་རྟའི་རྨིག་རྗེས། སྒང་ཉག་ལམ་གཡོན་ཕྱོགས་ལ་དུག་ནད་སེལ་བའི་སྨན་ཆུ་ཡོད། དེ་འཐུང་ན་དུག་རིགས་སྣ་ཚོགས་ཀྱིས་མི་ཐུབ། སྨན་ཆུ་དགབ་ཞབས་ལམ་ཁ་ཕ་བོང་སེར་པོའི་ཐོག་ལ་བདེ་མཆོག་གི་ཞབས་རྗེས་ཡོད། ཕ་བོང་སྔོན་པོའི་ཐོག་ཏུ་མཆོད་རྟེན་རང་བྱོན་རིང་ཐུང་ཚུན་གསུམ་དང་ཕྱེད། བང་རིམ་ཚིགས་ཉེར་ལྔ་ཡོད་ཅིང་ཧ་ཅང་ཉམས་མཚར་ཞིག་ཡིན། དེ་མཇལ་རྒྱུ་བྱུང་ན་བསྐལ་བ་སྟོང་གི་སྡིག་གྲིབ་དག་ཐུབ། གཞིས་རྩེ་ལྕང་ཐང་སྟེང་ལ་བདེ་མཆོག་ཆིབས་རྟའི་རྨིག་རྗེས་མངོན་སུམ་ཡོད། ལ་རྩ་བྲག་ལ་རྟ་ཕྱག་ཁྱུང་གསུམ་རང་བྱོན། ཕར་ཁ་ཆུ་མཚམས་བྲག་ལ་ཨོ་རྒྱན་པདྨའི་དབུ་ཞྭ་རང་བྱོན། ལམ་ཁ་ལ་བྱ་ཁྱུང་གི་སྨན་ཆུ། ཀླུ་གཉན་ས་བདག་གི་ནད་སེལ་ཐུབ་པར་ཐེ་ཚོམ་མེད་ཅེས་སྨྲས་སོ། །
སྐལ་ལྡན་རྣམས་ཀྱིས་ལན་གཅིག་མཇལ་ཐུབ་ན། །དག་པའི་ཞིང་མཆོག་ཐུན་མོང་དངོས་གྲུབ་ཐོབ། །སྐལ་འབྲིང་རྣམས་ཀྱིས་ཕྱག་བསྐོར་མཆོད་འབུལ་ན། །ཉོན་མོངས་ནད་དང་སྟོང་ཕྲག་བགེགས་རྣམས་འཇོམས། །སྡིག་ཅན་རྣམས་ཀྱིས་ཕྱག་དང་སྐོར་བ་དང་། །ལམ་བཟོ་ཟམ་བཅོས་ལུས་ཀྱི་སྒྲིབ་སྦྱངས་པས། །གནས་སྐབས་བདེ་ཞིང་མཐར་ཐུག་བྱང་ཆུབ་རྙེད། །རྒྱབ་བསྐོར་གྱི་ཕན་ཡོན་འགྱུར་ཁྱད་ནི། །མ་ཎི་དུང་གཅིག་ལོ་གསུམ་མཚམས་འདུག་ནས། །མ་རྟོག་དུང་ཕྱུར་འགྲོ་བ་ངེད་མ་མཐོང་། །དེ་ལམ་གནས་མཆོག་ཁ་བ་དཀར་པོ་ཡི་ཕྱི་སྐོར་གཅིག་གི་དུང་ནི་སྟོང་ཕྲག་གཅིག་དང་བདུན་བརྒྱ་ཉི་ཤུ་ཡོད། ལུག་ལོ་མིན་ཡང་ལོ་དར་མ་ནི་དུང་བདུན་བརྒྱ་ཉེར་ལྔ་ཡོད་པར་ཕྱག་བསྐོར་མཛད། ཞག་བཅུ་ཟླ་བ་གཅིག་གི་སྒྲུབ་པ་འདི། །ལུས་ངན་ཐ་མལ་ཐབས་ཀྱིས་ཨེ་ཡོད་དམ། །ནམ་ཞིག་དུང་གཅིག་ཁ་ལ་བསྒྲང་ཚད་རྣམས། །བདེ་ཆེན་ཞིང་དུ་སྐྱེ་བར་རྒྱལ་བས་གསུངས། །སྟོང་ཕྲག་གཅིག་དང་བདུན་བརྒྱ་ཉི་ཤུ་ནི། །ཕན་ཡོན་རྒྱལ་བས་གསུངས་ཀྱང་བརྗོད་མི་ནུས། །སྡིག་ཅན་ཤན་པས་མི་རྟ་བརྒྱ་བསད་པ། །ཉེས་པ་སྙིང་ནས་གནོང་འགྱོད་མཐོལ་བཤགས་ན། །སྡིག་པ་བྱང་ཞིང་བདེ་ཆེན་ཞིང་དུ་འགྲོ། འདིར་བསླུ་མེད་པ་རྒྱལ་བའི་བཀའ་ལས་གསུངས། །ཐུགས་ལ་ཞོག་ཅིག་སྐལ་ལྡན་ཕོ་མོ་རྣམས། །རྒྱལ་ཁམས་ཀུན་རྣམས་རྣ་བར་གོ་བར་བྱེད། །བསྐོར་བར་ཡོང་མི་དྲག་ཞན་མཐོ་དམན་ཀུན། །མཐུན་འཇུག་འཛོམས་པའི་སྐྱབས་སུ་བྱུང་བ་ན། །དེ་དག་དགེ་བ་དུང་ཕྱུར་འགྱུར་བར་ངེས། །གནོད་འཚེ་དུག་དང་ཟམ་པ་འགག་བྱེད་པ། །ལམ་གླ་ཟམ་གླ་ངན་བྱེད་སུས་བྱེད་པ། །ཚེ་འདི་མུ་གེ་སྣ་ཚོགས་མང་བྱུང་དང་། །བཙའ་སད་ལ་སོགས་མུ་གེ་ནད་ཡམས་དར། །གནས་སྲུང་ཁྲོས་ནས་སྲོག་རྩ་མྱུར་དུ་ཆོད། །ཕྱི་མ་དམྱལ་བར་སྐྱེ་བར་ཐེ་ཚོམ་མེད། །དེ་ཕྱིར་ཀུན་གྱིས་བསྐོར་བར་འོང་ཚད་ལ། །དགེ་སེམས་དག་པར་རབ་ཏུ་སྦྱར་བ་ནས། །བཟང་སེམས་འཛོམས་པར་སྐྱེལ་བསུ་ལེགས་པར་བྱེད། །དགེ་བས་བྱ་བ་མཐུན་སྦྱོར་བསོད་ནམས་ཀྱིས། །ཚེ་འདིར་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར། །ཆུ་མོ་ལུག་གི་ལོ་ལ། རྒྱ་གར་རྒྱ་ནག་བལ་ཡུལ་ལི་ཡུལ་བྱང་ཤམ་བྷ་ལ་གངས་ཏི་སེ་གཙོར་བཅས་བོད་ཁམས་ཐམས་ཅད་ཀྱི་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་སོགས་ཐམས་ཅད་ལུག་ལོའི་ནང་ཁ་བ་དཀར་པོ་གནས་ནང་དུ་བྱོན་ནས་བཞུགས་ཡོད་པ་ཡིན། དེའི་ཕྱིར་ཕྱག་དང་བསྐོར་བ་དད་པ་བྱེད་པ་དང་། ཚོགས་མཆོད་མར་མེ་ཇོ་དར་ཟམ་པ་བཙུགས་པ་མཚམས་བསྙེན་སྒྲུབ། གང་ཞིག་བསྒྲུབས་ཀྱང་དགེ་བ་འབུམ་འགྱུར་དུ་ཡོད་ཅེས་གསུངས།
སློབ་དཔོན་པདྨ་འབྱུང་གནས་ཀྱི་དག་སྣང་བཀའ་བབས་མཁའ་འགྲོའི་ལུང་བསྟན་ཐོབ་པའི་དཔའ་བོ་ཁྲག་འཐུང་ལས་རབ་རྡོ་རྗེ་ཡིས་བྲིས་པ་དགེའོ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
མཆན། ༡ གནས་ཡིག་འདི་གཉིས་ནི་རིན་ཆེན་རྡོ་རྗེ་དང་ཚེ་རིང་ཆོས་འཕེལ་གཉིས་ཀྱིས་བརྩམས་པའི་གནས་ཆེན་ཁ་བ་དཀར་པོའི་བསང་མཆོད་དང་གནས་ཡིག་ནས་ཞལ་བཤུས་པའོ། ། ༢.གནས་འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་མདུན་ཕྱོགས་སུ་བཞུགས་ཡོད། ད་ལྟ་གླང་འཇོམས་ལ་ནས་དུག་རི་གྲོང་བར་ལ་མི་ཕལ་བས་ཉིན་གསུམ་ལ་བསྐོར་ཐུབ།
༄༅། །གསུང་གི་གནས་མཆོག་བསྟན་པ་ནི༔ ལོ་ཧི་ཏ་ཡི་ཆུ་ཡི་མདོ་དག་ཏུ༔ སྦས་པའི་གནས་མཆོག་པདྨ་ཤེལ་གྱི་རི༔ འདི་ཡི་དཀར་ཆག་རུ་དམ་ནག་པོར་སྦས༔
༄༅། །གསུང་གི་གསུང་གནས་པདྨ་ཤེལ་རི་ནི། དངོས་དེ་ད་རུང་ཞལ་མ་འབྱེད། ཡན་ལག་རྟིང་ལྷུང་ཁང་མདོ་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དང་ཉེ་བའི་ཚུར་རི་ལ་ཡོད།
༄༅། །༔འཆི་མེད་པདྨ་ཤེལ་རིའི་གནས་ཀྱི་མདོ་བྱང་ཉི་མ་སྙིང་པོ་བཞུགས་སོ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཡོན་ཏན་རིན་ཆེན་འདོད་རྒུའི་གཏེར༔ མཉམ་པ་ཉིད་ཀྱི་ཡེ་ཤེས་རྩལ༔ མི་ཟད་རྒྱན་གྱི་འཁོར་ལོའི་ཚུལ༔ བདེ་གཤེགས་འདུས་པའི་རྫོང་ཆེན་པོའི༔ ལྷོ་ཕྱོགས་ངོ་མཚར་བཀོད་པའི་ཡུལ༔ ཁྲོ་བོ་འཆོལ་བའི་ཕོ་བྲང་གི༔ སྙིང་པོ་ཡེ་ཤེས་འོད་ལྔའི་ཞིང༔ འཆི་མེད་པདྨ་ཤེལ་གྱི་རི༔ ངོ་མཚར་མཐོང་བས་གྲོལ་བ་ཡོད༔ དེ་ན་རང་བྱུང་པདྨ་དང༔ ལོ་ཙཱ་ཆེན་པོ་རྣམ་སྣང་མཛད༔ གཟུངས་མ་ཡེ་ཤེས་མཚོ་རྒྱལ་ཆེ༔ ཆོས་ཀྱི་རྒྱལ་པོ་ཡབ་སྲས་བཅས༔ སྟོན་འཁོར་མཆོག་གི་ཚོམ་བུ་ཡིས༔ བྱིན་བརླབས་རང་བྱུང་བཀོད་པའི་རྒྱན༔ རྡོ་རྗེ་སེམས་དཔའི་མེ་ལོང་གི༔ འོད་གསལ་ཡེ་ཤེས་གཞལ་མེད་ལྔ༔ མཐོང་བས་ཉམས་ཀྱི་བབས་འབྱུང་ཞིང༔ ཐོས་པས་བདེ་ཆེན་ཡེ་ཤེས་སྐྱེ༔ ཡིད་ལ་དྲན་ཅིང་གསོལ་བཏབ་ན༔ ཀ་དག་ལྷུན་གྲུབ་དབྱེར་མེད་པའི༔ ཟབ་མོའི་དགོངས་པ་ལྷུག་པར་འཆར༔ ཉིན་མཚན་བྱེད་བཅིངས་རྣལ་འབྱོར་གྱིས༔ ཟླ་དྲུག་རྩེ་གཅིག་བསྒོམ་ནུས་ན༔ འཇའ་ལུས་རྡོ་རྗེའི་གོ་འཕང་འགྲུབ༔ ཁྱད་པར་ཚེ་ཡི་བསྙེན་སྒྲུབ་དང༔ རྡོ་རྗེ་ལུས་ཀྱི་བཅུད་བླངས་ན༔ གནས་སྐབས་ཚེ་ཡི་བར་ཆད་ཞི༔ མཐར་ཐུག་འཆི་མེད་རིག་འཛིན་འགྲུབ༔ གཞན་ཡང་འདུས་པ་ཕྱི་མ་ཡི༔ རྗེ་འབངས་ཚོམ་བུ་ཉེར་སུམ་གྱིས༔ བྱིན་གྱིས་བརླབས་པའི་ཕུག་པ་དང༔ ཐབས་དང་ཤེས་རབ་རང་བྱུང་རྟེན༔ ཨེ་ཝཾ་ཟུང་འཇུག་རྟགས་ཀྱི་རྒྱ༔ སྐུ་གསུང་ཐུགས་རྟེན་རང་བྱོན་དང༔ རྡོ་རྗེའི་ཕྱག་ཞབས་རྗེས་ལ་སོགས༔ དབང་པོ་བསྐལ་པའི་ཁྱད་པར་བཞིན༔ གྲངས་མེད་ཆུ་ཟླའི་གཟུགས་བཞིན་སྣང༔ དུས་རྣམས་ཀུན་དང་ཁྱད་པར་དུ༔ ཡར་མར་ཚེས་བཅུའི་ཉིན་དང་མཚན༔ ཨོ་རྒྱན་ཆེན་པོས་བྱིན་འབེབས་ཤིང༔ དཔའ་བོ་ཌཱཀི་དངོས་སུ་འདུ༔ རབ་ལ་ཉེ་རྒྱུའི་དབུགས་འབྱིན་མཛད༔ འབྲིང་ལ་བདེ་སྟོང་རྗེས་མཐུན་སྐྱེད༔ དད་དང་མོས་གུས་ལྡན་གྱུར་ན༔ དབང་པོ་ཐ་མ་ཡིན་ཡང་རུང༔ དངོས་གྲུབ་སྣ་རེ་ངེས་པར་འབྱུང༔ དེ་ཕྱིར་མ་འོངས་དད་ལྡན་རྣམས༔ ཕྱག་དང་བསྐོར་བ་གནས་འདིར་མཛོད༔ ལུས་ཀྱི་སྒྲིབ་པ་ངེས་པར་འདག༔ གསོལ་འདེབས་བཟླས་བརྗོད་གནས་འདིར་འབུངས༔ ངག་ལ་ནུས་པ་རྩོལ་མེད་འབར༔ ཏིང་འཛིན་རྩེ་གཅིག་གནས་འདིར་སྒོམས༔ སྤྱན་དང་མངོན་ཤེས་འཕྲལ་དུ་འབྱུང༔ ཁྱད་པར་འོད་གསལ་རྫོགས་པ་ཆེ༔ དབྱིངས་རིག་དབྱེར་མེད་ཉམས་བླངས་ན༔ ཚེ་གཅིག་སྣང་བཞི་མཐར་ཕྱིན་ནས༔ བསྟན་པའི་བཙས་ཆེན་དེ་ཡིས་བྱེད༔ ཚོགས་དང་གཏོར་མའི་ལོངས་སྤྱོད་ཀྱིས༔ འདོད་རྒུའི་འབྱོར་པ་སྤྲིན་ལྟར་གཏིབས༔ མཆོག་ཏུ་ཚེ་ཡི་སྒྲུབ་པ་ལ༔ བརྩོན་ན་འཆི་མེད་ངེས་འགྲུབ་བོ༔ ས་མ་ཡ༔ དེ་ལྟར་གྲོལ་བ་བཞི་ལྡན་གྱི༔ སྒྲུབ་ཕུག་ཀུན་གྱི་རྒྱལ་པོ་ནི༔ འཆི་མེད་པདྨ་ཤེལ་གྱི་རི༔ ལྷ་མི་ཀུན་གྱི་མཆོད་སྡོང་ཆེའི༔ དཀར་ཆག་ངེས་པའི་མདོ་བྱང་སྟེ༔ རྗེ་བཙུན་མ་ཧཱ་གུ་རུ་ཡིས༔ རྡོ་རྗེའི་རང་སྒྲར་བསྟན་པའི་ཚིག༔ རྗེ་འབངས་གྲོགས་ཀྱིས་བཟུང་བའི་བཅུད༔ འཕེལ་འགྲིབ་བྲལ་བའི་ཡི་གེ་འདི༔ བསྐལ་བཟང་རྣམས་ཀྱི་དཔལ་དུ་ཤོག༔ རྒྱ་རྒྱ་རྒྱ༔ ཞེས་སྤྲུལ་པའི་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པ་དང་། པདྨ་འོད་གསལ་མདོ་སྔགས་གླིང་པ་ཟུང་གིས་གཏན་ལ་ཕབ་ཅིང་། པདྨ་གར་གྱི་དབང་ཕྱུག་གཡུང་དྲུང་གླིང་པ་རྩལ་གྱིས་ཡི་གེར་བྲིས་པ་འབྲེལ་ཚད་དོན་དང་ལྡན་པའི་ཕྲིན་ལས་མཁའ་ཁྱབ་ཏུ་འཕེལ་ཞིང་རྟག་པའི་རྒྱུར་གྱུར་ཅིག །
མཆན། ༡.གནས་ཡིག་འདི་ནི་གཏེར་ཆེན་མཆོག་གྱུར་གླིང་པའི་བཀའ་འབུམ་ཁ་པོད་ལས་ཞལ་བཤུས་པའོ། །༢.གནས་འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གཏེར་ལྷུང་ཞང་ཁང་དམར་དགོན་གྱི་མདུན་ཕྱོགས་ཡིན་ཏེ། དཔལ་ཡུལ་ནས་སྤྱི་ལེ༧༢ཙམ་གྱི་སར་གནས་ཤིང་། མཐའ་བསྐོར་ལ་པདྨ་ཤེལ་རི་དང་རི་བོ་དབང་ཞུ། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་བཅས་གནས་གསུམ་པོ་ཁྱབ་གཅིག་ཏུ་བསྐོར་ན་ཉིན་གསུམ་ལྷག་འགོར་ཞིང་། ནང་བསྐོར་པདྨ་ཤེལ་རི་ཁོ་ན་བསྐོར་ན་ཉིན་གཅིག་གིས་སྔ་མོར་སླེབས་ཐུབ།
༄༅། །གསུང་གི་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཟླ་ཞེས་བྱ་རུ༔ ན་བུན་ཞེས་བྱའི་བྲག་རི་དུག་སྦྲུལ་འདྲ༔ ནམ་མཁའི་སྙིང་པོ་བཻ་རོ་ཙ་ན་ཡིས༔ རྫུ་འཕྲུལ་ཕ་ཝང་བརྩིགས་པའི་ཕུག་པ་རུ༔ པདྨ་བདག་གིས་ཧཱུྃ་སྒྲུབ་ཟླ་གསུམ་བགྱིས༔ དེ་རུ་དམ་སྲི་རལ་ནག་བཏུལ་བ་ཡི༔ ཀླད་པས་བྲིས་པའི་ཡི་གེ་འབྲུ་བདུན་ཡོད༔ ཐུགས་ཀྱི་གཏེར་ལྔ་སྐུ་ཡི་གཏེར་ལྔ་སྦས༔ ཁྱད་པར་འཕགས་པའི་གསུང་གི་གཏེར་གཅིག་སྦས༔ ཞེས་གསུངས་སོ། །
༄༅། །གསུང་གི་ཐུགས་ཀྱི་གནས་ན་བུན་ཞེས་བྱ་བ་ནི། ནང་ཆེན་ཆམ་གཤིས་ན་བུན་རྫོང་བདུད་འདུལ་མི་འགྱུར་རྡོ་རྗེ་ཆགས་མེད་སོགས་ཕེབས་ནས་གནས་ཞལ་ཕྱེས་ཤིང་བདུད་འདུལ་བའི་གནས་ཡིག་ཀྱང་ཡོད། གཏེར་ཆེན་ཉིད་ནས་གཏེར་ཁའི་ཐོག་མ་པདྨ་གཙུག་ཏོར་དྲི་མེད་ཀྱི་སྐོར་སྤྱན་དྲངས་སོ། །
༄༅། །འཛམ་གླིང་གནས་ཀྱི་ཡ་གྱལ། །ཆམ་ཀྱི་ན་བུན་རྫོང་ཆེན། །བྲག་རི་ནོར་བུ་བརྩེགས་འདྲ། །ཤར་ཕྱོགས་ཤེལ་སྦྲུལ་གདེངས་ཁ། །པད་འབྱུང་ཡབ་ཡུམ་ཕྱག་གིས། །བྲིས་པའི་ཡི་གེ་འབྲུ་དྲུག །ཞབས་རྗེས་མཐོང་བ་རང་གྲོལ། །ངོ་མཚར་ཅན་འགའ་བཞུགས་ཡོད། །གུ་རུ་རྡོ་རྗེ་གྲོ་ལོད། །བྱོན་པ་སྟག་མོའི་ཞབས་རྗེས། །ཤར་ལྷོ་ཆོས་རྫོང་ཕུག་མོ། །ཙན་ལྡན་སྦྲུལ་གྱི་སྙིང་པོ། །ལྷ་རྟ་རྐྱང་སྐྱིད་གཏོད་ཕུར། །སྤོས་དྲི་ངད་ལྡན་བཞུགས་ཡོད། །ལྷོ་ཕྱོགས་བཻཌཱུ་ཡ་ལ། །མི་ལ་རས་པའི་སྒྲུབ་གནས། །ཨོ་རྒྱན་ཕྱག་གི་ཁ་ཊྭཱཾ། །མཐོང་བ་འཛུམ་ཤོར་བཞུགས་ཡོད། །ལྷོ་ནུབ་བསམ་འགྲུབ་གླིང་ན། །སྐྱོབས་པ་འཇིག་རྟེན་གསུམ་མགོན། །ས་ཁྲི་སྣང་སྲིད་ཟིལ་གནོན། །ཆོས་མིན་ཁ་ནོན་བཞུགས་ཡོད། །སྒྲུབ་ཕུག་པདྨ་འོད་ལ། །ཟངས་མདོག་དཔལ་རི་བཀོད་པ། །སྒོ་ལ་ཧཱུྃ་དམར་བཅུ་གསུམ། །གོང་ལ་རྗེ་འབངས་ཉེར་ལྔས། །ཆོས་བྲོ་བརྡུངས་པའི་ཞབས་རྗེས། །ངོ་མཚར་ཅན་འགའ་བཞུགས་ཡོད། །ནུབ་ཕྱོགས་པདྨ་འོད་ལ། །མགོན་པོ་ཚེ་དཔག་མེད་མགོན། །ཞིང་ཁམས་མཐོ་རིས་ཐར་ལམ། །གནས་ཆེན་རྩ་རི་འདྲ་འདུག །ནུབ་བྱང་ཤམ་བྷ་ལ་ལ། །གཏེར་མ་བརྒྱ་དང་རྩ་བརྒྱད། །ཤིང་ལོ་ཏ་ལའི་ལོ་མ། །མཐིང་ཤོག་བཻཌཱུ་ཡ་ལ། །ཨོ་རྒྱན་མཁའ་འགྲོའི་བརྡ་ཡིག །བྲིས་པའི་ཆུ་གཏེར་འགའ་བཞུགས། །བྱང་ཕྱོགས་ཨིནྡྲ་ནཱི་ལ། །རིན་ཆེན་གཏེར་གྱི་སྒྲོམ་བུ། །ཁ་ལེབ་རྡོ་རྗེ་ཕ་ལམ། །སྟོང་དང་རྩ་གཉིས་ནང་དུ། །གཏེར་རྫས་དངོས་གྲུབ་ཀུན་འབྱུང་། །སྐལ་ལྡན་རིན་ཆེན་གཟིགས་སོང་། །བྱང་ཤར་མ་ལ་ཡ་ལ། །སྐུ་གཟུགས་ཡིག་འབྲུ་ཕྱག་མཚན། །རྒྱ་གར་རྒྱ་ནག་བོད་ཀྱི། །ཡིག་རིགས་མང་པོའི་རང་བྱུང་། །ཡི་གེ་ཧ་རི་ནི་ས། །ར་ཙཱ་ཧྲཱི་ཡ་བརྒྱད་པོ། །སྐྱེས་བུ་མང་པོའི་མཇལ་འདུག །མདུན་རི་ཡོན་ཆབ་གཤམ་འདྲ། །ཆུ་བོ་ཡན་ལག་བརྒྱད་ལྡན། །ནང་གི་གཞལ་ཡས་ཁང་པ། །ཀུན་ཏུ་བཟང་པོའི་ཞིང་ཁམས། །ངན་སོང་འཁོར་བ་དོང་སྤྲུགས། །གངས་རྒྱལ་ཏི་སེ་འདྲ་སོང་། །པད་འབྱུང་རྒྱལ་བའི་རྒྱལ་ཚབ། །གཏེར་ཆེན་མཆོག་གྱུར་གླིང་པ། །སེང་ཁྲི་པདྨའི་གདན་ལ། ཐུགས་རྗེས་གཡོ་བ་མེད་པ། །ནམ་མཁའ་གཡའ་དག་ལྟ་བུ། །འགྱུར་བ་མེད་པར་བཞུགས་ཡོད། །འཛམ་གླིང་དར་བར་གྱུར་ཅིག །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །
༄༅། །ན་མོ་གུ་རུ་དེ་ཝ་ཌཱཀི་ནཱི་ཧཱུྃ། གནས་ན་བུན་ཡེ་ཤེས་ཀྱི་ཕུག་པ་ན། །རྟེན་སྐུ་ཚབ་དང་ཤོག་སེར་གཏེར་ཁ་མང་། །གནས་པདྨ་འོད་དང་གཉིས་སུ་མེད། །ཨོ་རྒྱན་རྗེ་འབངས་ཉེར་ལྔ་ལ་གསོལ་བ་འདེབས། །བྱིན་བརླབས་སེམས་ལ་འཇུག་པར་བྱིན་གྱིས་བརློབས། །གནས་རྩ་གསུམ་འཁོར་ལོ་ལྔ་ཡི་ཚུལ། །དག་པ་མཁའ་སྤྱོད་གནས་དང་གཉིས་སུ་མེད། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརློབས། །གནས་ཧྲཱིཿམ་ཧཱུྃ་གིས་ཡིག་འབྲུ་གསལ། །རང་བྱུང་ཨོ་རྒྱན་གྱི་གནས་དང་གཉིས་སུ་མེད། །དབང་ཆེན་རྟ་ཕག་ཡབ་ཡུམ་ལ་གསོལ་བ་འདེབས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་བརློབས། །གནས་ཤར་ཕྱོགས་ཧཿདང་རཿཡིག་དཀར། །ཤར་གཏུམ་དྲག་གནས་དང་གཉིས་སུ་མེད། །རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལ་གསོལ་བ་འདེབས། །ནད་གདོན་བར་ཆད་ཞི་བར་བྱིན་གྱིས་བརློབས། །གནས་ལྷོ་ཕྱོགས་རི་དང་ཙཿཡིག་སེར། །ལྷོ་གད་རྒྱངས་ཀྱི་གནས་དང་གཉིས་སུ་མེད། །རིན་ཆེན་མཁའ་འགྲོ་ཡབ་ཡུམ་ལ་གསོལ་བ་འདེབས། །ཚེ་དང་ལོངས་སྤྱོད་རྒྱས་པར་བྱིན་གྱིས་བརློབས། །གནས་ནུབ་ཕྱོགས་ནིཿདང་ཧྲཱི་ཡིག་དམར། །ནུབ་པདྨ་འཁྱིལ་དང་གཉིས་སུ་མེད། །པདྨ་མཁའ་འགྲོ་ཡབ་ཡུམ་ལ་གསོལ་བ་འདེབས། །རླུང་སེམས་དབང་དུ་འདུ་བར་བྱིན་གྱིས་བརློབས། །གནས་བྱང་ཕྱོགས་སཿདང་ཡཿཡིག་ལྗང་། །བྱང་ཀཱི་ལ་ཡ་དང་གཉིས་སུ་མེད། །ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལ་གསོལ་བ་འདེབས། །བདུད་བཞིའི་གཡུལ་ལས་རྒྱལ་བར་བྱིན་གྱིས་བརློབས། །དྷཱ་ཀི་དང་ཞིང་སྐྱོང་གནས་བདག་ཚོགས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །དོན་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་འགྲུབ། །བཀྲ་ཤིས་དང་བདེ་ལེགས་མཛད་དུ་གསོལ། །ཅེས་པ་འདི་རིག་སྔགས་འཆང་བའི་དགེ་སློང་རཱ་ག་ཨ་སྱས་གནས་འབྲེལ་བྱེད་དུས་བྲིས་པའོ། །སརྦ་མངྒ་ལཾ། །
མཆན། གོང་གི་གནས་ཡིག་འདི་གཉིས་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་གི་པོད་ལས་ཞལ་བཤུས་པའོ། །
༄༅། །ན་བུན་རྫོང་གི་ཡེ་ཤེས་ཕུག་སོགས་ཀྱི་གནས་ཡིག་རྣམས་བཞུགས་སོ། །ན་མོ་གུ་རུ་ཛྙན་ཌཱཀྐི་ཡེ། ཤུད་བུ་དཔལ་སེང་དངོས་སྤྲུལ་རིག་འཛིན་མི་འགྱུར་རྡོ་རྗེའི་ཞལ་གཟིགས་ལ། ན་བུན་རྫོང་གི་ཡེ་ཤེས་ཕུག་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་བརྒྱད་དང་། ཞབས་རྗེས་ལ་ཨོཾ་ཨཱཿཧཱུྃ་ཧྲཱིཿས་མཚན་པ། ཕྱག་རྗེས། ཡི་གེ་ཧྲཱིཿ མཁའ་འགྲོ་སྡེ་བཞིའི་སྙིང་པོ་ཡི་གེ་ཧ་རི་ནི་ས། ཡི་གེ་ཨོཾ་དང་ཊ་ཧཱུྃ་རྒྱ་ཡིག མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་སྐུ། རྗེ་འབངས་རྡོ་རྗེ་དཔལ་གྱི་ཞབས་རྗེས། གནུབས་ནམ་མཁའི་སྙིང་པོའི་ཞབས་རྗེས། ཆོས་འབྱུང་རང་བྱོན། ཕུག་སྒོ་ན་ཡེ་ཤེས་མཚོ་རྒྱལ་གྱི་བྷནྡྷའི་རྗེས། ཕུག་པ་རང་གྲོལ་གྱི་རྩ་དབུ་མ་རོ་མ་རྐྱང་མ་གསུམ་འཁོར་ལོ། བདེ་ཆེན་འཁོར་ལོ། ལོངས་སྤྱོད་འཁོར་ལོ། ཆོས་ཀྱི་འཁོར་ལོ། སྤྲུལ་པའི་འཁོར་ལོ། བདེ་སྤྱོད་འཁོར་ལོ། རང་དོད་ལ་ཚང་བ། ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། རྡོ་རྗེ་གྲོ་ལོད་ཀྱི་སྐུ། ཕག་མོ་ཞལ་གཉིས་མའི་སྐུ། ཁྱེའུ་ཆུང་ལོ་ཙཱའི་ཞབས་རྗེས། ཕུག་གོང་མར་ཡི་གེ་ཨ་དང་ཧཱུྃ་དང་ཧྲཱིཿགཉིས་ཡང་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཡོད། ཡི་གེ་དྷཱིཿ དེ་ལས་གོང་དུ་ཕུག་པ་ཆེ་བའི་བཀོད་པ་དབྱིབས་འདྲ་བ། སྒོ་གཡས་རྡོ་རྗེ་གྲོ་ལོད་ཀྱི་སྐུ། དེ་གོང་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། ཨོཾ་གསལ་པོ། ཐབས་ཤེས་ཉི་ཟླའི་རྗེས། ཐར་པ་བྱང་ཆུབ་བགྲོད་པའི་ལམ། ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། རྗེ་འབངས་ཉེར་ལྔའི་བྱོན་ལམ། ཨོ་རྒྱན་ཡབ་ཡུམ་གྱི་ཕྱག་མཛུབ་རྗེས། མཚོ་རྒྱལ་ཞབས་རྗེས། དུར་ཁྲོད་སོ་ས་གླིང་རྡོ་ལ་ཧྲཱིཿབྱོན་པ། ཨོ་རྒྱན་གྱི་ཞབས་རྗེས་འཁོར་ལོ་ལ་ཧཱུྃ་གིས་མཚན་པ་ཡོད། ཨོ་རྒྱན་རིན་པོ་ཆེའི་ཆིབས་པའི་རྗེས། འབྱུང་པོ་འདུལ་བྱེད་ཀྱི་སྤྲུལ་རྒྱན། ཕྱོགས་བཞིར་དཔའ་བོ་སྡེ་བཞིའི་ས་བོན་ཤར་དུ་ཡི་གེ་ར་དཀར་པོ། ལྷོར་ཙ་སེར་པོ། ནུབ་ཏུ་ཧྲཱིཿདམར་པོ། བྱང་དུ་ཡ་ལྗང་གུ་ཡོད། ཡང་ཤར་དུ་ཧ་དཀར་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་གུ་སྟེ་མཁའ་འགྲོ་སྡེ་བཞིའི་ས་བོན་གསལ་བོ་ཡོད། སྐོར་ལམ་དུ་ཡང་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཞབས་རྗེས་རིང་བསྲེལ་གྱིས་མཚན་པ་བཞུགས་སོ། །རི་མགོར་ཕེབས་པའི་ཚེ་འཇའ་གུར་དང་ཡོལ་བ། ཐམས་ཅད་ཀྱི་མཐོང་བའི་ལེགས་ཚོགས་ཀྱི་རྟེན་འབྲེལ་ངོ་མཚར་ཅན་འབྱུང་ངོ་། །ཞེས་པ་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེས་བཀའ་སྩལ་པ་ལྟར་དྲུང་ཡིག་པ་ཀརྨ་ཚུལ་ཁྲིམས་ཡང་དག་གིས་བཀོད་པའོ། །མངྒ་ལཾ།
མཆན། གནས་ཡིག་འདི་ནི་གནམ་ཆོས་མི་འགྱུར་རྡོ་རྗེའི་བཀའ་འབུམ་ཁྲོད་ཀྱི་ཝཾ་པོད་ལས་ཞལ་བཤུས་པའོ། །
༄༅། །ན་མོ་པདྨ་བཛྲ་ཡེ། སྐྱབས་གནས་ཨོ་རྒྱན་པདྨ་འབྱུང་། །རིག་འཛིན་མཁའ་འགྲོའི་ཚོགས་ལ་འདུད། །གནས་མཁའ་སྤྱོད་དག་པའི་སེང་ཧ་རྫོང་། །མི་བདག་གིས་མཇལ་པའི་འཁྲུལ་སྣང་ངོར། །ཉམས་ཤར་ཚུལ་བརྗོད་ལ་བཀའ་གནང་སྩོལ། །གནས་སེང་རྫོང་ཀེའུ་ཚང་ཕུག་པའི་ནང་། །བདག་མཉམ་བཞག་ཅུང་ཟད་འདུག་པའི་དུས། །རྗེ་པད་འབྱུང་གྲུབ་ཐོབ་མི་གཟུགས་ཚུལ། །བྱིན་གཟི་བྱིན་འབར་བ་དངོས་སུ་མཐོང་། །སྐུ་གཡས་གཡོན་ཕུག་པའི་ངོས་ལོག་ལ། །རྒྱ་ཡིག་དང་བོད་ཡིག་བརྡ་ཡིག་སོགས། །སྒྲ་གྲགས་སྟོང་ཡི་གེར་སྣང་སྟོང་ཤར། །ཕྱག་གསེར་གྱིས་རྡོ་རྗེ་རྩེ་ལྔ་དང་། །གཡོན་དངུལ་གྱིས་དྲིལ་བུ་ཡུམ་གྱི་ཚུལ། །མི་འགྱུར་བའི་ཐིག་ལེ་དགའ་བ་འཁྱིལ། །རྟ་ཕག་དགོས་སྒྲུབ་ཀྱིས་སྤོ་ཏི་བཞུགས། །ཟབ་ཆོས་ཀྱི་གཏེར་ཁ་འགའ་ཡང་མཐོང་། །ཨོཾ་པདྨ་བཛྲ་ཧཱུྃ་གིས་སྒྲ། །དུས་རྒྱུན་ཆད་མེད་པར་རང་སྒྲ་ཐོས། །བྲག་ཤེལ་གྱིས་མཆོད་སྡོང་ལྟ་བུ་ལ། །བཀའ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བཞུགས། །དཔའ་བོ་དང་མཁའ་འགྲོ་སྤྲིན་ལྟར་འཁྲིགས། །སྟེང་ནམ་མཁའི་ཁམས་ལ་ཡར་བལྟས་པས། །སྤྲིན་འཇའ་ཚོན་འོད་གུར་འཁྱིལ་བའི་དབུས། །རྗེ་རིག་འཛིན་པདྨ་འབྱུང་གནས་དང་། །འཁོར་གྲུབ་ཐོབ་རྒྱ་མཚོ་དངོས་སུ་མཇལ། །ཡིད་མོས་གུས་གསོལ་བ་ཡང་ཡང་བཏབ། །ལེགས་ཉེས་ཀྱིས་རྟེན་འབྲེལ་སྨོན་འབྲས་འགྲུབ། །དོན་བདེན་གཉིས་ཚོགས་ཀྱིས་འཁོར་ལོ་བསྐོར། །དོན་གཉིས་ལྷུན་གྲུབ་ཀྱི་འབྲས་བུ་སྨིན། །སྐུ་གསུམ་མངོན་གྱུར་གྱི་རྟོགས་པ་ཤར། །རིག་འཛིན་གྲུབ་ཐོབ་དང་ཚོགས་གྲལ་འགྲིགས། །མགོན་བྱ་རོག་གདོང་གིས་དཀར་གཏོར་ཁྱེར། །བཀའ་རྒྱུད་ཀྱིས་རྒྱལ་མཚན་རྩེ་མོར་རོལ། །ཡ་མཚན་རྨད་བྱུང་གིས་ལྟད་མོ་མཐོང་། །བར་སྣང་གི་དབྱིངས་སུ་ཕར་བལྟས་པས། །མ་མཁའ་འགྲོ་རྣམ་གཉིས་བྱ་རྒོད་སྤྲུལ། །སྐྱེ་མེད་ཨ་ཡིག་གིས་དཀྱིལ་འཁོར་བསྟན། །འཁོར་འདས་མཉམ་ཉིད་ནམ་མཁའི་ཚུལ། །མཐའ་དབུས་མེད་པའི་བརྡ་ཆོས་བསྟན། །ང་རྣལ་འབྱོར་ས་གཞིའི་སྟེང་དུ་འདུག ཁོང་ཌཱཀྐི་རྣམ་གཉིས་དབྱིངས་སུ་འཕྱོ། །ལར་ནམ་མཁའ་ས་གཞི་ཐབས་ཤེས་ཚུལ། །ཁོང་དཔའ་བོ་དང་མཁའ་འགྲོ་འབྲལ་མེད་རྟགས། །མདུན་ནམ་མཁའི་དབྱིངས་སུ་ཡང་ཡང་མཇལ། །བདག་སྐྱོ་ཤས་ཀྱི་མཆི་མ་ཁོང་ནས་འཁྲུགས། །སྔོན་ཕ་མའི་འདུ་བྱེད་སྐྱེས་ཚུལ་ཤར། །དུས་ད་ལྟ་མིག་གིས་བལྟས་དང་མཚུངས། །སྐྱོ་བ་དང་མཚར་པ་འདྲ་འདྲ་བྱུང་། །ཁོང་དཔལ་འདྲེན་མ་ཡིས་འདི་སྐད་ཟེར། །ཁྱོད་ང་དང་འབྲལ་མེད་འདུག་པ་ལ། །བྱུང་ཚུལ་དང་སྐྱེས་ཚུལ་རྣམ་ཐར་ཡི་གེར་ཐོབ། །ལོ་དྲུག་ཅུ་ཡན་མན་ཅི་འདྲ་ཨཾ། །དེ་ཚུན་ལ་ཡང་ཅི་ཡོང་ཅི་ཆ་མེད། །ཁོ་རྡོ་རྗེ་མན་ཆད་ལུས་ཀྱིས་བུ། །ཧ་ཧ་ཧ། །དེ་མིན་གནས་བསིལ་བ་ཚལ་ནས་འོང་། །ཁོང་གྲུབ་པའི་དཔལ་མོས་འདི་སྐད་ཟེར། །ཁྱེད་གཉིས་ལས་མཚར་བའི་མི་མི་འདུག། །གོ་ཆེན་པོ་ཆོད་པ་ང་ཡིས་ཤེས། །ང་འབྲལ་མེད་ཡོད་རྟེན་ལྟ་བ་ལས། །སེམས་སྐྱོ་ཤས་ཀྱི་ངོ་ཤེས་ད་ལྟ་ཙམ། །ང་བྱ་ཐུལ་གྱོན་ཚེ་ངོ་མཚར་མཐོང་། །གོས་ཧྲུལ་པོ་གྱོན་ནས་བྲེན་གཡོག་བྱེད། །མི་ལས་ཅན་བདེ་ཆེན་མཚན་མས་འདྲེན། །མི་སྐལ་མེད་དམ་ལོག་མཚན་མས་འདུལ། །མི་དད་ལྡན་གྱི་ཉམས་ཆགས་མཚན་མས་བསྐང་། །མི་དྲིན་ཅན་མ་བྱུར་རྟོགས་པས་འདྲེན། །ཉམས་རྩ་རླུང་ཐུགས་རྗེའི་ཉམས་རྟོགས་སྤེལ། །ཡུལ་ས་བཅུད་བསོད་ནམས་གཡང་གིས་བདག ཆོས་ཟབ་རྒྱས་འཁོར་ལོ་རྣལ་འབྱོར་མ། །ང་གཉིས་ཉི་ཟླ་ལྟར་འགྲོ་བའི་མགོན། །ཡུམ་ཆོས་སྐུ་ཀུན་ཏུ་བཟང་མོ་ཡིན། །ཁྱོད་འཁོར་བ་མེ་འོབ་ཀྱི་གྲོང་ཁྱེར་ལ། །ཁྱེད་འགྲོ་འདྲེན་ཆུ་ཤེལ་ཟླ་བ་ཤར། །ཐུགས་རྗེས་བསིལ་བའི་ཆུ་རྒྱུན་ཕོབས། །གྲོགས་ཨུ་དུམ་ཝ་རའི་མེ་ཏོག་ཁྱོད། །ལམ་རྒྱ་ལམ་དུ་འདུག་པ་ང་རེ་སྐྱིད། །ཞེས་མི་མོ་མཛེས་མའི་གཟུགས་སུ་བསྟན། །ཞལ་མཛེས་པའི་འཛུམ་མདངས་བསྟན་ནས་སུ། །མགྲིན་གཅིག་ཏུ་བསྡད་དབྱངས་འདི་སྐད་ཟེར། །ཨ་ཧམ། །ལུས་འདི་ལྟར་སྤྲུལ་བརྒྱུད་མ་ནུས་ན། །མིང་འཇའ་ལུས་ཟེར་ཡང་སྒྱུ་ལུས་ཡིན། །ལུས་འབྱུང་བཞི་མི་རྟགས་ཆུ་བུར་ཟེར། །རྐྱེན་གློ་བུར་ཟེར་མའི་རླུང་དང་འདྲ། །ཚེ་ཡད་ཡུད་པ་ལ་བློ་གཏད་ཆུང་། །ནོར་དངོས་རྫས་རྟགས་པ་མེད་ལགས་ཀྱང་། །མཆོག་རྣམ་གཉིས་ཀྱིས་དངོས་གྲུབ་ཡིན་ནོ་ཨང་། །ང་ཀོ་ལོང་དམ་པས་བཏང་སྙོམས་ལ་བཞག །ཚོགས་རྫོགས་པ་མ་གཏོགས་སྤང་མི་འཚལ། །སེམས་ཏིང་འཛིན་ཡིད་བཞིན་ནོར་བུ་དེ། །བྷ་གའི་ཆོས་དབྱིངས་མཁའ་ལ་གནས། །དེ་ཕྱིར་ཀུན་ཏུ་བཟང་མོ་ཡིན། །ཁྱོད་ངེས་མེད་འགྲོ་དོན་ཕྱོགས་བཅུར་སྤེལ། །རིགས་དྲུག་གིས་སེམས་ཅན་ལམ་སྣ་དྲོངས། །ང་རང་སེམས་ཡངས་པ་མཁའ་སྤྱོད་ཞིང་། །རང་རིག་ཆོས་སྐུ་རྡོ་རྗེ་འཆང་། །ད་སངས་རྒྱས་ཟེར་བ་དེ་ཀ་ཡིན། །དེ་གཞན་ནས་ཚོལ་བ་འཁྲུལ་པའི་རྒྱུ། །ད་ཐེ་ཚོམ་སྤངས་ལ་འགྲོ་དོན་སྤྱོད། །གནས་འདི་ལ་ལན་གཅིག་ཕྱག་བསྐོར་བྱས། །ལས་མཚམས་མེད་སྤྱད་པའི་སྡིག་སྒྲིབ་བྱང་། །ཚོགས་འཁོར་ལོ་སོགས་ལ་ནན་ཏན་བྱས་ན། ང་རང་དེར་འབྲལ་མེད་འོང་གསུངས་སོ། དེ་ལྟར་མདོར་བསྡུས་སུ། རིག་འཛིན་བླ་མ་དམ་པ་པདྨ་ལྷུན་གྲུབ་གང་གིས་དགོངས་བཞེད་ལྟར་བྲིས་པས་དགེ་ལེགས་འཕེལ། འབྲུག་པ་རྟོགས་ལྡན་གྱིས་རྫུན་གཏམ་ལགས་སོ། །
༄༅། །།ན་མོ་ཤཱཀྱ་མུ་ནེ་ཡེ། །མཉམ་མེད་ཐུབ་པའི་དབང་པོར་འདུད། །སྡེ་སྣོད་གསུམ་གྱིས་བསྟན་པ་ནི། །ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །ན་མོ་པདྨ་བཛྲ་ཡེ། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །བསྟན་པའི་གཙུག་རྒྱན་པདྨ་འབྱུང་། །གསང་སྔགས་མཛོད་འཛིན་མཚོ་རྒྱལ་ཡུམ། །མན་དྷ་ར་བ་བདེ་ཆེན་རྒྱལ། །གུ་རུ་མཚན་བརྒྱད་གྲུབ་ཆེན་བརྒྱད། །ཐོད་ཕྲེང་སྡེ་ལྔ་གྲུབ་ཆེན་བརྒྱ། །རྗེས་འབངས་ཉེར་ལྔ་གཏེར་ཆེན་བརྒྱ། །ཡང་སྤྲུལ་གཏེར་ཕྲན་སྟོང་རྩ་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །དམར་མཐིང་ཅོད་པཎ་འཆགས་བ་ཡིས། །བསྟན་པའི་གཙུག་རྒྱན་ཀརྨ་པ། །རིམ་བྱོན་ཡབ་སྲས་བརྒྱུད་པ་དང་། །དོན་བརྒྱུད་སྙིང་པོའི་བསྟན་སྲོག་འཛིན། །རྒྱལ་བ་འབྲི་འབྲུག་འབམས་རོམ་པ། །མར་མི་དགས་པོ་བརྒྱུད་པར་བཅས། །མོས་གུས་གདུང་བས་གསོལ་བ་འདེབས། །མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་ནས། །རྫོགས་པ་ཆེན་པོ་མངོན་གྱུར་ཤོག །ཅེས་གསོལ་བ་བཏབ། །ན་མོ་གུ་རུ་དང་རྗེ་བླ་མ་དམ་པའི་ཞབས་ལ་འདུད། །བདག་རྒྱལ་དབང་པདྨའི་བྱིན་རླབས་མཐུས། །གཉིད་འོད་གསལ་འདྲེས་པའི་སྣང་ངོ་ལ། །ཡུལ་མདོ་ཁམས་བར་མར་སྦས་པའི་གནས། །ཆམ་ན་བུན་རྫོང་ཞེས་ཁྱད་འཕགས་གནས། །རྒྱུ་རྡོ་རྗེའི་བྲག་གིས་རི་བོ་ལ། །ཕྱི་སྐུ་གཟུགས་ཡིག་འབྲུ་རང་བྱོན་བརྒྱན། །བར་ཟབ་མོའི་གཏེར་གྱིས་ཕྱུར་བུར་གཏམས། ། ནང་ཡེ་ཤེས་ལྷ་ཡི་གཞལ་ཡས་ཁང་། །རྗེ་རིག་འཛིན་པདྨ་བཛྲ་ཡིས། །ཐུགས་ཡང་སྙིང་ཧཱུྃ་བསྒྲུབ་མཛད་པའི་གནས། །བཀའ་བརྒྱད་ཀྱིས་མ་མོ་རྦོད་གཏོང་གནས། །ཡང་གསང་དུ་རྡོ་རྗེ་ཕག་མོའི་གནས། །སྟེང་བླ་མ་ཆོས་སྐུའི་ཞིང་ཁམས་ལ། །བར་དག་པ་ལོངས་སྐུའི་ཞིང་ཁམས་ཡིན། །འོག་ས་སྤྱོད་སྤྲུལ་སྐུའི་ཞིང་ཁམས་ཡིན། །འདི་སྐུ་གསུམ་མངོན་གྱུར་ཞིང་ཁམས་ཡིན། །སངས་རྒྱས་སྐུ་མཆོག་འཇམ་དཔལ་གནས། །གསུང་མཆོག་ཏུ་སྤྱན་རས་གཟིགས་ཀྱི་གནས། །ཐུག་མཆོག་ལྟར་ཕྱག་ན་རྡོ་རྗེའི་གནས། །ཕྲིན་ལས་སུ་རྡོ་རྗེ་ཕུར་པའི་གནས། །ཡོན་ཏན་ཏུ་མཁའ་འགྲོ་ཡང་གསང་གནས། །སྐུ་ལྔ་ཡི་རྒྱལ་བ་རིགས་ལྔའི་གནས། །ཞིང་ཁམས་ལྟར་རང་བཞིན་ལྷུན་གྱིས་གྲུབ། །དོན་ཆོས་སྐུ་ཐིག་ལེ་ཉག་གཅིག་གནས། །གནས་འདི་ཡི་ཡོན་ཏན་བརྗོད་ལས་འདས། །སྔོན་གཏེར་ཆེན་གྲུབ་ཐོབ་གོང་མ་ཡིས། །བསྐོར་ཚད་དང་ཡོན་ཏན་སྔགས་བརྗོད་པ། །མཛད་པ་དེ་བསླུ་མེད་བདེན་ཚིག་ལགས། །རྗེ་པད་འབྱུང་ཀྱིས་ལུང་བསྟན་མཛད་པ་ལས། །བདག་རྨོངས་པས་ཚོད་རྫོས་འོས་མེད་ཀྱང་། །ལས་སྐལ་པར་ལྡན་པས་ཡང་ཡང་བསྐུལ། །དེ་ཕྱིར་དུ་པད་འབྱུང་ཡབ་ཡུམ་དང་། །རྗེ་བླ་མར་གསོལ་བ་བཏབ་མཐུས་ལས། །མ་མཚོ་རྒྱལ་ལུང་བསྟན་འདི་འདྲ་བྱུང་། གནས་ཟངས་མདོག་དཔལ་རི་དང་གཉིས་སུ་མེད༔ གནས་འདི་ལ་ཚོགས་འཁོར་སུས་བསྐོར་བ༔ ཚེ་འདི་ལ་ཚེ་རིང་བདེ་སྐྱིད་ལྡན༔ དུས་འཕོས་ཚེ་བདེ་ཆེན་ཞིང་དུ་འདྲེན༔ གནས་འདི་ལ་ལུས་ངག་ཡིད་གསུམ་གྱིས༔ ཚུལ་བཞིན་དུ་དགེ་བའི་སེམས་ལྡན་པས༔ ལན་གསུམ་དུ་བསྐོར་བ་བགྱིས་པ་ནི༔ དུས་ཉ་སྟོང་བརྒྱད་གསུམ་དག་ལ་ནི༔ རང་མ་ཎི་བཛྲ་གང་བཟླས་པ༔ ཡིད་ཐེ་ཚོམ་མི་དགོས་དུང་ཕྱུར་ཡོད༔ དེ་བཞིན་དུ་མཆོག་དམན་སུས་བསྐོར་བ༔ ལན་བདུན་ལ་དུང་ཕྱུར་ངེས་པར་ཡོད༔ དུས་སྙིགས་མའི་སེམས་ཅན་གནས་ཀྱིས་འདྲེན༔ དོན་མ་ནོར་ཐར་པའི་ལམ་མཆོག་ཡིན༔ ལས་སྐལ་བར་ལྡན་པའི་ཐུགས་ལ་ཞོག༔ ལོ་སྤྲེལ་ལོ་གནམ་ཤར་དུས་ཆེན་ལ༔ གནས་སྤྱི་འབྱམས་གཙོར་བྱས་འདི་ཉིད་ལ༔ འཛམ་གླིང་གི་གནས་གསུམ་བསྐོར་དང་མཚུངས༔ བུ་ལྷ་སྲས་ཀྱིས་འདི་ལྟར་སྨྲོས་ཤིག་གསུངས༔ སྡིག་མི་དགེའི་ལས་བྱས་ཉེས་པ་དེ༔ ས་གཞན་ལས་བརྒྱ་འགྱུར་ཡོད་པས་སྤོང༔ ལས་དཀར་པོའི་དགེ་བཅུ་བསྒྲུབ་པ་ཡང༔ ས་འདི་ལ་ཁྲི་དང་འབུམ་འགྱུར་ཡོད་པས་བསྒྲུབ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཞེས་གསུངས་ནས་བདག་གིས་སྙིང་ཁར་ཐིམ་པའི་ཉམས་ཤར་ནས། ལས་འབྲས་བཟང་པོའི་སྐལ་པར་ལྡན་པ། པདྨ་དབང་ཕྱུག་གིས་སྔ་ནས་བསྐུལ་མཛད་པ་དང་། འཕྲལ་དུ་གནས་འཛིན་གྱིས་རིམ་གྲོ་ཚོགས་བརྒྱ་བགྱིས་སྐབས། ཀརྨ་ཉི་མས་འབྲུ་ཡིས་མཎྜལ་བཅས་བསྐུལ་བས། གནས་དེར་སྐྱེ་སྔོན་བསྒྲུབ་པའི་སྐྱེ་བ་ཕྱི་མ། རིག་འཛིན་ཆོས་རྒྱལ་རྡོ་རྗེས་ས་ལུག་ཟླ༡༡པའི་ཚེས༡༢ལ་བྲིས་པས་འབྲེལ་ཐོག་ཨུ་རྒྱན་མཁའ་སྤྱོད་ཀྱིས་ཞིང་དུ་ཚོམ་བུ་འབུམ་དང་བཅས་ནས་སངས་རྒྱས་པར་གྱུར་ཅིག །
མཆན། གནས་ཡིག་འདི་ནི་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་བཀའ་འབུམ་ལས་ཞལ་བཤུས་པའོ། །
༄༅། །གུ་རུའི་སྒྲུབ་གནས་ཁམས་ཀྱི་ན་བུན་རྫོང་གི་གནས་ཡིག་ཐོས་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿཧྲཱིཿདུས་གསུམ་རྒྱལ་ཀུན་དབང་ཕྱུག་རིགས་ཀྱི་བདག༔ སྣང་སྲིད་ཟིལ་གནོན་གདུག་པ་ཚར་གཅོད་པ༔ གཞོམ་ཞིག་མི་མངའ་ཀུན་བཟང་ཐོད་ཕྲེང་རྩལ༔ མཚོ་པད་ལས་འཁྲུངས་ཀུན་བཟང་པདྨར་འདུད༔ རྒྱལ་བ་ཐུབ་པ་ཆེན་པོའི་ཞལ་སྔ་ནས༔ འདི་ནས་བྱང་གི་ཕྱོགས་རོལ་ནས༔ རི་བོ་ནག་པོ་བདུན་འདས་པར༔ པདྨ་འབྱུང་གནས་ཞེས་བྱ་བས༔ ང་ཡི་བཀའ་གསང་བསྟན་པ་དེ་རུ་འཕེལ༔ གཞན་ཡང་མདོ་རྒྱུད་ཐམས་ཅད་ནས༔ རྒྱལ་བ་རྣམས་ཀྱི་ལུང་བསྟན་བཞིན༔ རིག་འཛིན་པདྨ་འབྱུང་གནས་ཞེས་བྱ་བས༔ བོད་ཁམས་ཀུན་ཏུ་ཉི་ཟླ་དང་ནོར་བུ་ལྟར་གྲགས༔ དེ་ཉིད་སྐུ་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བོད་ཡུལ་ཁ་བའི་ལྗོངས་འདིར་སྤྱན་དྲངས་ནས༔ ལྷ་སྲིན་དྲེགས་ཚོགས་ཐམས་ཅད་ཚར་གཅོད་ཅིང༔ གངས་ཅན་རི་བྲག་ཐམས་ཅད་ཀུན༔ བསྒྲུབ་པའི་གནས་བྱིན་གཏེར་ཁ་དཔག་མེད་སྦས༔ ཆེད་དུ་གངས་ཅན་ཉེར་ལྔ་ཆུ་བཞི་དང༔ དྲག་པོའི་མཚོ་བཞི་ཡང་དབེན་ཆེན་པོ་བརྒྱད༔ ཕུག་བཞི་རྫོངས་བརྒྱད་གནས་མཆོག་གྲངས་མེད་ལས༔ ཁྱད་པར་འཕགས་པའི་སྒྲུབ་གནས་ན་བུན་རྫོངས༔ གནས་མཆོག་འདི་རུ་པད་འབྱུང་ཟླ་གསུམ་བཞུགས༔ དྲག་པོ་ཧཱུྃ་གི་སྒྲུབ་པ་མཛད༔ ལྷ་སྲིན་དྲེགས་པའི་ཚོགས་རྣམས་དམ་ལ་བཏགས༔ ཆེད་དུ་ཀླུ་བཙན་དམར་པོ་སྲོག་འཕྲོག་ཉིད༔ དམ་བཞག་གནས་གཏེར་འདིའི་སྲུང་མར་བཅོལ༔ གསང་མཚན་རྡོ་རྗེ་ཡེ་ཤེས་རྩལ་དུ་བཏགས༔ སྐལ་ལྡན་རྣམས་ཀྱིས་དངོས་གྲུབ་རྣམ་གཉིས་ལེན་པའི་གནས༔ སྐལ་མེད་དམ་ཉམས་རྣམས་ཀྱི་ཚེ་སྲོག་བསྟུང་བའི་གནས༔ ཕྱག་སྐོར་འབྲེལ་པས་སྡིག་སྒྲིབ་དག་པའི་གནས༔ ཚོགས་འཁོར་བསྐོར་བས་རིག་འཛིན་ས་ལ་བཀོད་པའི་གནས༔ གནས་འབྲེལ་རེག་པས་བདེ་ཆེན་ཐར་གླིང་བགྲོད་པའི་གནས༔ དེ་ནས་སྒྲུབ་ཕུག་གཡས་ཀྱི་སྒོ་ངོས་ལ༔ རྗེ་མ་ཧཱ་གུ་རུའི་ཕྱག་མཁར་གྱི་རྗེས་ལ་སྐྱེ་མེད་ཀྱི་ཡི་གེ་ཨ་དང༔ སྣ་ནམ་རྡོ་རྗེ་འཇོམས་ཀྱི་ཞབས་རྗེས་དང༔ གྲུབ་ཆེན་དྲན་པ་ནམ་མཁའི་ཞབས་རྗེས་དང༔ གྲུབ་ཆེན་འབྲོག་བན་ལོ་ཙཱའི་ཞབས་རྗེས་དང༔ དེའི་གོང་ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས་དང༔ རྟ་ཕག་ཡབ་ཡུམ་གཉིས་ཀྱི་སྐུ་དང༔ གསང་ལམ་དུ་ཡི་གེ་ཨཱོཾ་རྣམས་གསལ་བར་བཞུགས༔ དེའི་གོང་དུ་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱི་ཞབས་རྗེས་དང༔ ལོ་ཆེན་བཻ་རོ་ཙ་ནའི་ཞབས་རྗེས་དང༔ གྲུབ་ཆེན་ནམ་མཁའི་སྙིང་པོའི་ཞབས་རྗེས་དང༔ དེའི་གོང་དུ་རིག་འཛིན་པདྨ་འབྱུང་གནས་ཀྱི་ཞབས་གཡས་པའི་རྗེས་རྣམས་གསལ་བར་བཞུགས༔ དེ་ནས་གནམ་ཕུག་གི་བྲག་གདོང་ལ༔ རྗེ་མ་ཧཱ་གུ་རུའི་ཞབས་རྗེས་དང༔ གཏེར་གྱི་རྒྱ་ནོར་བུ་དགའ་བ་འཁྱིལ་པ་དང༔ ལོངས་སྐུ་རྡོ་རྗེ་ཕག་མོའི་སྐུ་རྣམས་གསལ་བར་བཞུགས༔ དེ་འོག་ཏུ་ཨོ་རྒྱན་རིན་པོ་ཆེའི་ཕྱག་གཡས་པའི་རྗེས་དང༔ འཁར་རྒྱལ་བ་དཔལ་གྱི་ཞབས་རྗེས་རྣམས་གསལ་བར་བཞུགས༔ དེ་ནས་སྒྲུབ་ཕུག་གི་གོང་དུ༔ གྲུབ་ཆེན་སྐ་བ་དཔལ་བརྩེགས་ཀྱི་ཞབས་རྗེས་དང༔ ལྡན་མ་རྩེ་མང་གི་ཞབས་རྗེས་རྣམས་བཞུགས༔ དེའི་གོང་དུ་སྲིན་མོ་བསྒྲལ་བའི་ཁོག་པ་རུ༔ ཨོ་རྒྱན་གྱི་ཕྱག་མཚན་གྱི་རྗེས་གསལ་བར་ཡོད་པས༔ དེ་ལ་གསོལ་བ་བཏབ་ན༔ སེམས་ཅན་བུ་འདོད་པ་རྣམས་ལ་བུ་ཐོབ༔ ནོར་འདོད་པ་རྣམས་ལ་ནོར་ཐོབ༔ ཡིད་ལ་རེ་བའི་འདོད་དགུ་མ་ལུས་པ་འབྱུང་བར་འགྱུར་རོ༔ དེའི་འོག་ཏུ་སྲིན་པོ་བསྒྲལ་བའི་ཁོག་པ་ལ༔ མ་དང་མཁའ་འགྲོ་རིག་འཛིན་རྣམས་གར་འཁྲབ་པའི་རྗེས་དང༔ ཨོ་རྒྱན་རིན་པོ་ཆེའི་ཆིབས་པ་རྟ་མཆོག་ངང་པ་གསེར་ལྡན་གྱི་རྗེས་དང༔ ཕུག་མདུན་དུ་ཕ་བོང་གི་ངོས་ལ༔ དུང་དཀར་རང་བྱོན་དང༔ གཞན་ཡང་གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ཞབས་རྗེས་གསལ་བར་བཞུགས༔ ཁྱད་པར་དུ་འཕགས་པའི་གནས་མཆོག་འདི༔ ཕྱི་ལྟར་རིགས་གསུམ་མགོན་པོའི་གནས་མཆོག་ཡིན༔ ནང་ལྟར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས་མཆོག་ཡིན༔ གསང་བ་ཞི་ཁྲོ་དམ་པ་རིགས་བརྒྱའི་ཕོ་བྲང་ཡིན༔ ཞལ་གཟིགས་ནམ་མཁའི་སྐར་ཚོགས་འདྲ༔ སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ་འབྲུ་དྲུག་དང༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ ཕྱག་མཛུབ་ཀྱིས་བྲིས་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡི་གེ་འབྲུ་གསུམ་པ་ལ་སོགས་ཡ་མཚན་གྱི་པྲ་རྟགས་དཔག་ཏུ་མེད་པ་རྣམས་བཞུགས༔ གནས་མཆོག་འདིར་བསྐོར་བ་བདུན་གཉིས་སུས་བསྐོར་བ༔ བཛྲ་གུ་རུའམ་ཡིག་དྲུག་དུང་ཕྱུར་འགྲོ་བ་ཐེ་ཚོམ་མེད༔ གནས་འདིར་མ་དད་དམ་ཉམས་ལོག་གཤེད་བདུད་རིགས་ཐམས་ཅད་ཀུན༔ སྲོག་རྩ་ཆོད་ལ་སྙིང་ཁྲག་མྱུར་དུ་ཕོས༔ གནས་འདིར་དད་པའི་གང་ཟག་སྐལ་ལྡན་ཀུན༔ ཚེ་གཅིག་ཉིད་ལ་རིག་འཛིན་མཆོག་འགྲུབ་ཤོག༔ ཅེས་གནས་ཡིག་མཐོང་བ་རང་གྲོལ་འདི༔ ཟོབ་དང་གཡོ་སྒྱུས་མ་གོས་པར༔ རིག་འཛིན་ཆེན་པོ་པདྨའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་ཁྲག་འཐུང་བདུད་འདུལ་རྡོ་རྗེས་བཀོད་པ༔ ཡི་གེའི་རིས་བྱེད་ཨོ་རྒྱན་རྒྱ་མཚོའོ༔ ས་ཕྱོགས་ཡུལ་རིས་རྒྱལ་ཁམས་འདི་དག་ཐམས་ཅད་དུ༔ བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པར་ཤོག༔ སརྦ་མངྒལཾ༔ སྔོན་ཚེ་རིག་འཛིན་པདྨའི་བཀའ་བཞིན་དུ༔ དགེ་བསྙེན་ཆེན་པོ་ཡེ་ཤེས་རྩལ་ཁྱོད་ཀྱིས༔ བཀའ་དང་གནས་གཏེར་རྒྱུད་འཛིན་ཐམས་ཅད་སྲུངས་ཤིག་བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
མཆན།གནས་ཡིག་འདི་ནི་གཏེར་སྟོན་བདུད་འདུལ་རྡོ་རྗེའི་བཀའ་འབུམ་ལས་ཞལ་བཤུས་པའོ། །
༄༅། །འདིར་སྔོན་ཚེ་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་ཐུབ་པ། བདེ་མཆོག་ཡབ་ཡུམ། སྤྱན་རས་གཟིགས་དབང་རྣམས་ཀྱི་སྐུ་ཡི་འོད་ཟེར་ཕོག ཐུགས་ཀྱི་དགོངས་པ་གཏད་ནས་གནས་འདི་མཐོང་ཐོས་དྲན་རེག་ཏུ་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་ཞལ་གྱིས་བཞེས། དེ་ནས་སློབ་དཔོན་པདྨ། མནྡ་ར་བ། ཡེ་ཤེས་མཚོ་རྒྱལ། སངས་རྒྱས་ཡེ་ཤེས། ཕ་དམ་པ། བདུད་འདུལ་རྡོ་རྗེ། དྲུང་རྨ་སེ་བློ་གྲོས་རིན་ཆེན། མཆོག་གྱུར་གླིང་པ་རྣམས་ཀྱིས་ཡུན་རིང་དུ་སྒྲུབ་པ་མཛད་ཅིང་། ཟངས་མདོག་དཔལ་རིར་བྱིན་གྱིས་བརླབས་ཤིང་། གཞན་ཡང་ནམ་མཁའི་སྙིང་པོ་བཻ་རོ་ཙ་ན་ཡི། རྫུ་འཕྲུལ་ཕ་བོང་བརྩིགས་པའི་ཕུག་པ་རུ། པདྨ་བདག་གིས་ཧཱུྃ་སྒྲུབ་ཟླ་གསུམ་མཛད། རྗེ་འབངས་ཉེར་ལྔས་དེ་དང་འདྲ་བའི་སྒྲུབ་པ་མང་དུ་མཛད། ལྷོ་ཕྱོགས་བཻཌཱུརྱ་ཡི་སྒྲུབ་ཕུག་དུ། ཇོ་མོ་མཚོ་རྒྱལ་གྱིས་ཟླ་བ་དྲུག་ཏུ་སྒྲུབ་པ་མཛད། མི་ལ་རས་པས་ཀྱང་སྒྲུབ་པ་མང་དུ་མཛད། དེ་བཞིན་དུ་བླ་མ་དང་གྲུབ་ཐོབ། མཁའ་འགྲོ་སོགས་མང་པོས་སྒྲུབ་པ་མཛད་ཅིང་གནས་འདིར་སྤྱིར་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་སྒོས་བདེ་བ་ཅན། པོ་ཏ་ལ། ཟངས་མདོག་དཔལ་རི། དགའ་ལྡན་ལྷ་ཡུལ། གནས་ཉི་ཤུ་རྩ་བཞི། ཡུལ་ཆེན་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། ཙ་རི། གངས་རི། ཁ་བ་དཀར་པོ། ལྷ་ས། བསམ་ཡས། ཁྲ་འབྲུག་སོགས་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་རྩ་རྣམས་དང་མཉམ་པར་ཞལ་གྱིས་བཞེས་པ་ཡིན་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ལུས་ཀྱིས་ཕྱག་དང་བསྐོར་བ། ངག་མ་ཎི་དང་སྐྱབས་འགྲོ། ཡིད་མོས་གུས་དང་དད་པ་དག་སྣང་། ཡིད་རྩེ་གཅིག་པོས་བྱས་ན་སངས་རྒྱས་པར་གསུངས་པ་ཡིན། གཞན་ཡང་ཤར་ཕྱོགས་རྡོ་རྗེ་བྲག་ལ། གུ་རུ་རིན་པོ་ཆེའི་ཞབས་རྗེས། གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་སྲིན་པོ་རལ་ནག་བཏུལ་བར་བྱོན་པའི་སྟག་མོའི་ཞབས་རྗེས་དང་། སྲིན་པོའི་ཀླད་པ་བྲག་ལ་བཏབ་པའི་མ་ཎི་དང་མཚོ་རྒྱལ་ཕྱག་གིས་བྲིས་པའི་མ་ཎི་བཅས་བཞུགས་ཡོད། ཤར་ལྷོ་གཡུ་འབྲུག་བྲག་ལ་གེ་སར་རྒྱལ་པོའི་ཆིབས་སྒ་འཛམ་གླིང་གཡས་བཞག་དང་། ཆིབས་པ་རྐྱང་སྐྱིད་གཏོད་ཕུར་བཅས་ཡོད། ལྷོ་ཕྱོགས་བཻཌཱུརྱ་ཡ་ལ། མཚོ་རྒྱལ་གྱི་སྒྲུབ་ཕུག གཡོན་ཕྱོགས་སུ་ཚེ་ཡི་བུམ་པ་ལ་དཔལ་གྱི་ཉི་ཟླས་བརྒྱན་པ་པ་ཊ་ལྟ་བུ། དེ་ཡི་གཡོན་ཕྱོགས་སུ་ཚེ་ཡི་ཆུ་བོ་བབས་པའི་རྗེས་བཅས་བཞུགས་ཡོད། ནུབ་ཕྱོགས་པདྨ་འོད་ལ་རྒྱལ་ཆེན་རྣམ་སྲས་ཀྱི་རང་བྱུང་གསལ་ལམ་མེར་བ་གཅིག་ཕ་ཝང་ཉ་ཡི་ཁོག་སྟོད་ལྟ་བུའི་སྟེང་ན། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ཡོད། ཞབས་རྗེས་དེ་ལ་རང་གིས་མོས་པས་བསྙེན་པ་བཏོན་ཞིང་བསྐོར་བ་གསུམ་བྱས་ན་བྱེ་བ་གཅིག་ཡོད་པར་གསུངས། བྱང་ཕྱོགས་ཨིནྡྲ་ནཱི་ལ། གུ་རུ་རིན་པོ་ཆེས་སྐུའི་རང་བྱོན་དང་། མ་མཁའ་འགྲོ་རྣམས་ཀྱི་བྲོ་ར་གཏེར་གྱི་སྒྲོམ་བུ་བཅས་ཡོད། མཛེ་དང་ཀླུ་ནད་ཞི་བའི་ཕྱིར་དུ། བྱ་ཁྱུང་གི་རང་བྱོན་གསུང་གྲག་པ་ལྟ་བུ་བཅས་ཡོད། ད་ནི་གནས་ཀྱི་ཕན་ཡོན་བརྗོད་པ་ནི། ཕྱག་བསྐོར་བྱས་ན་ངན་སོང་སྐྱེ་སྒོ་ཆོད། །བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ། །ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས། །ཚོགས་འཁོར་ལན་གཉིས་བྱས་ན་ལས་ངན་རྣམ་སྨིན་སྦྱོང་། །ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ། །ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ། །མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་པས་འགྲུབ། །འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ། །ཞེས་དང་བསྐོར་བ་རེ་རེ་ལ་བཛྲ་དུང་ཕྱུར་བརྒྱ་ཡོད། ཕྱག་བསྐོར་རེ་བྱས་ན་བསྐོར་བ་བརྒྱ་དང་མཉམ་པར་སློབ་དཔོན་བཻ་རོ་ཙ་ན་ཡིས་གསུངས་པ་ལྟར། དུས་མཐའི་སེར་གཟུགས་ཚོགས་དྲུག་རང་གྲོལ་མིང་ཅན་གྱིས་བྲིས་པའོ། །གནས་འདི་མཐོང་ཐོས་དྲན་རེག་ཏུ་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་ཤོག དགེ་ལེགས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག འགྲོ་དྲུག་སྡུག་བསྔལ་ཞི་ནས་པདྨ་འོད་འབར་གོ་འཕང་ཐོབ་པར་ཤོག སརྦ་མངྒ་ལཾ། ཚོགས་དྲུག་རང་གྲོལ་ནས།
མཆན། ༡.གནས་ཡིག་འདི་ནང་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས་པའི་གནས་ཡིག་ཕྱོགས་བསྒྲིགས་ལས་ཞལ་བཤུས་པའོ། །༢.གནས་འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་ཆམ་སྨད་གྲོང་གི་ཤར་ཕྱོགས་ཏེ། ནང་ཆེན་རྫོང་ནས་སྤྱི་ལེ༡༣ལྷག་གི་སར་ཡོད།
༄༅། །གསུང་གི་ཡོན་ཏན་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཞེས་བྱ་བ་རུ༔ སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ཅེས་བྱ༔ བྲག་རི་ཁྲ་བོ་གཡུ་འབྲུག་གནམ་འགྲོ་འདྲ༔ སྐལ་བཟང་སངས་རྒྱས་སྟོང་རྩ་རང་བྱོན་ཡོད༔ མཐའ་གྲུའི་ནོར་སྣ་བརྒྱ་དང་རྩ་བརྒྱད་སྦས༔ གསང་བའི་ཕུག་པ་མདའ་རྒྱང་གང་ཙམ་ཡོད༔ དེ་རུ་པདྨ་བདག་གིས་ལོ་བདུན་བསྒྲུབས༔ གསུང་གི་གཏེར་ལྔ་ཡོན་ཏན་གཏེར་ལྔ་སྦས༔ ཡུལ་གྱི་ཆགས་ཚུལ་དགའ་འཁྱིལ་ལྟ་བུ་ལ༔ དབུས་ཀྱི་ཆ་ལ་རྫུ་འཕྲུལ་ཞབས་རྗེས་ཡོད༔ གཡོན་གྱི་རི་ནི་དུང་སེང་འགྱིང་བ་འདྲ༔ དེ་རུ་གཉག་བན་སྤྲུལ(སངས་རྒྱས་ཡེལ་པ)པ་ཡེ་ཤེས་འབྱུང༔ (ཡེ་ཤེས་བརྩེགས)༔
༄༅། །གསུང་གི་ཡོན་ཏན་གནས་ནི་ཕར་ནང་རི་བོ་ཆེ་ཚུར་རི་ནང་ཆེན་ས་འབྲི་གུང་ཆོས་གྲགས་ཕེབས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་ངོས་འཛིན་མཛད་ཅིང་། ཡོངས་གྲགས་ལྷོ་ཡེལ་ཕུག་དང་ཉེ་བ་ཡེ་རྒྱལ་ནམ་མཁའ་མཛོད་ཅེས་མཛོད་ལྔ་སྒྲོམ་གསུམ་གྱི་ཟབ་གཏེར་ཆེན་པོ་བཞུགས་པ་ལས། གཏེར་ཆེན་ཉིད་ནས་ཀྱང་གཏེར་ཁ་དུ་མ་ཞིག་སྤྱན་འདྲེན་པར་མཛད། ཆགས་མེད་རིན་པོ་ཆེའི་གནས་ཡིག་ཀྱང་ཡོད། དེ་རུ་གཉག་བན་གྱི་སྤྲུལ་པ་ཡེ་ཤེས་འབྱུང་གསུངས་པ་ནི་ཡེལ་པ་ཡེ་ཤེས་བརྩེགས་པའི་གདན་སའི་གཙོ་བོ་ཉིད་ཡིན་པས་སོ། །
༄༅། །མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཡེ་རྒྱལ་ནམ་མཁའ་མཛོད་འདི་ཉིད་ནི་གསུང་གི་ཡོན་ཏན་གྱི་གནས་མཆོག་སྟེ། སངས་རྒྱས་གཉིས་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་དང་པོར་ཞབས་ཀྱི་བཅགས་ཤིང་། ལྷ་སྲིན་དམ་ལ་བཏགས། ཡང་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། རྗེ་འབངས་ཉེར་ལྔ་སྟེ་འདུས་པ་ཕྱི་མ་དང་བཅས་པས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་གདམས་པ་གནང་། ཕྱོགས་བཞིར་རྗེ་འབངས་ཉེར་ལྔ་དང་བཅས་པས་རྩེ་གཅིག་ལོ་བདུན་དུ་སྒྲུབ་པ་མཛད་པ་ལས་མངའ་བདག་རྒྱལ་པོས་རི་བྲག་ཟངས་ཐལ་སོགས་གྲུབ་པའི་མཚན་མ་བསམ་གྱིས་མི་ཁྱབ་པ་བསྟན། དེ་ཡང་ཨོ་རྒྱན་བཀའ་ཐང་དཔག་བསམ་ལྗོན་ཤིང་ལས། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། །ལྷ་སྲས་ཆེ་བ་མུ་ནེ་བཙན་པོ་དང་། །ལྷ་སྲས་འབྲིང་བ་མུ་རུབ་བཙན་པོ་དང་། །ལྷ་སྲས་ཆུང་བ་མུ་ཏིག་བཙན་པོ་དང་། །རྒྱལ་བ་མཆོག་དབྱངས་ལང་འགྲོ་ལོ་ཙཱ་དང་། །གཉགས་ཆེན་ཛྙཱ་ན་ཀུ་མཱ་ར་སོགས་དང་། །བཻ་རོ་ཙཱ་ན་ཤུད་བུ་དཔལ་སེང་དང་། །ཏིང་འཛིན་བཟང་པོ་རྡོ་རྗེ་བདུད་འཇོམས་དང་། །དཔལ་གྱི་དབང་ཕྱུག་འོ་བྲན་དབང་ཕྱུག་དང་། །ཨ་ཙར་ས་ལེ་ཤེལ་དཀར་རྡོ་རྗེ་མཚོ། །འབྲོག་བན་ལོ་ཙཱ་མཚོ་རྒྱལ་བྲན་གསུམ་དང་། །ལྷ་སྲས་གསུམ་གྱི་བཙུན་མོ་རྣམ་གསུམ་སོགས། །འཁོར་བཅས་ཁམས་ཀྱི་ནམ་མཁའ་མཛོད་དུ་བྱོན། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞལ་ཕྱེས་ཏེ། །རྗེ་འབངས་རྣམས་ལ་སྨིན་བྱེད་དབང་བསྐུར་ཞིང་། །གྲོལ་བྱེད་མན་ངག་གནད་རྣམས་ལེགས་པར་བཀྲོལ། །འཁོར་བཅས་ལོ་བདུན་བར་དུ་རྩེ་གཅིག་བསྒྲུབས། །མངའ་བདག་རྒྱལ་པོས་རི་བྲག་ཟང་ཐལ་མཛད། །མུ་ནེ་བཙན་པོས་ལྷ་ཞལ་དངོས་སུ་གཟིགས། །མུ་རུབ་བཙན་པོས་བདེ་ཆེན་ཡེ་ཤེས་བརྙེས། །མུ་ཁྲི་བཙན་པོས་རང་སེམས་ངོ་བོ་མཐོང་། །བཻ་རོ་ཙ་ན་ནམ་མཁར་བྱ་ལྟར་ལྡིང། །རྒྱལ་བ་མཆོག་དབྱངས་སྐུ་ནི་མེ་དཔུང་བསྒྱུར། །ལང་འགྲོ་དཀོན་མཆོག་འོད་ཀྱི་ཕུང་པོར་གྱུར། །སངས་རྒྱས་ཡེ་ཤེས་ཀུན་འོད་ས་ལ་གཤེགས། །གཉགས་ཆེན་ཛྙཱ་ན་ཆོས་ཉིད་ཟད་སར་འཁྱོལ། །མཁར་ཆེན་མཚོ་རྒྱལ་བྲག་ལས་ཚེ་ཆུ་ཐོན། །ཨ་ཙར་ས་ལེས་ཕྱག་གིས་བྲག་རི་གཏོར། །འབྲོག་མི་དཔལ་གྱི་སྤྱན་གྱིས་ནགས་ཚལ་བསྲེགས། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་ལྡིངས། །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་མེད་རྒྱུག །ཏིང་འཛིན་བཟང་པོས་རི་བྲག་ཟང་ཐལ་ཕུག། ཤེལ་དཀར་བཟའ་ཡིས་མ་མོ་བྲན་དུ་འཁོལ། །གཞན་ཡང་རྗེ་འབངས་རྣམས་ཀྱི་གྲུབ་རྟགས་མང་། །ཞེས་གསུངས་པ་ལྟར་རྗེས་ཤུལ་རྣམས་སོ་སོར་མཇལ་རྒྱུ་ཡོད་ཁར། དེ་ལྟར་ལུང་བསྟན་དུས་ལ་བབས་ཏེ་འགྲོ་མགོན་སངས་རྒྱས་ཡེལ་པས་གདན་ས་ཐོག་མ་མཛད་ནས་བགྲང་བྱ་བཅོ་བརྒྱད་ལ་བཞུགས། ཡེལ་བསྟན་ལོ་དྲུག་བརྒྱ་ལྷག་རིང་དར་རྒྱས་ཆེ་བར་བསྐྱངས། དེ་ནས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་མཛོད་ལྔ་དང་། སྒྲོམ་བདུན། སྐུ་ཚབ་རྣམ་གསུམ། ཟབ་པ་སྐོར་བདུན་གྱི་ཆ་ལག་ཐམས་ཅད་དང་ཁྱད་པར་རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས། རྫོགས་ཆེན་གསེར་ཞུན་མ། རིགས་གསུམ་སྙིང་ཐིག བླ་མ་དངོས་གྲུབ་རྒྱ་མཚོ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བསྟན་པ་སྲུང་བའི་སྐོར་བཞི། བོད་ཁམས་བདེ་ཐབས་ཀྱི་ཆོས་བཅུ་སོགས་ཟབ་ཆོས་གྲངས་ལས་འདས་པ་གཏེར་དུ་བཞེས། གནས་བརྟན་བཅུ་དྲུག་གི་གསོ་སྦྱོང་མཛད། ས་སོགས་དག་སྣང་མཐའ་ཡས་པ་གཟིགས་ཚུལ་ནི་གཏེར་གཞུང་ལས། ཁམས་ཕྱོགས་རི་བོ་དུང་སེང་འགྱིང༔ སྐལ་བཟང་སངས་རྒྱས་རང་བྱོན་གནས༔ ཞེས་དང་རྗེ་གཏེར་ཆེན་མཆོག་གི་གསུང་ལས། དང་པོ་ཡེ་མེད་སྟོང་པ་ཆོས་ཀྱི་དབྱིངས། །བར་དུ་རང་བྱུང་ཡེ་ཤེས་འོད་ལྔ་ལས། །སྐུ་གཉིས་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཤར། །དེ་ལས་མི་འབྱེད་འཇིག་རྟེན་ལྷོ་ཡི་ཕྱོགས། །འཛམ་གླིང་ཡུལ་གྲུ་དྲུག་གི་བོད་ཀྱི་ལྗོངས། །མདོ་ཁམས་ཟལ་མོ་སྒང་གི་དབུས་ཀྱི་ཆ། །དཔལ་གྱི་ལུང་པ་ཡིད་གཞུང་དགའ་འཁྱིལ་དབྱིབས། །རི་བོ་ཕྱི་ལྟར་སངས་རྒྱས་སྟོང་གི་སྐུ། །ནང་ལྟར་ཞི་ཁྲོ་དམ་པ་རིགས་མཆོག་བརྒྱ། །གསང་བ་ཧེ་རུ་ཀ་དཔལ་དྲུག་ཅུའི་གནས། ཞེས་གསུངས་པས། ལྷ་དེ་དག་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པ་བཞུགས་ཡོད་ཁར། ཡེ་རྒྱལ་དབུ་རྩེ་མདུན་རྒྱབ་རྣམས་སུ་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཁ་བྱང་དང་བཅས་པ་དངོས་སུ་མཇལ་རྒྱུ་ཡོད། འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོ། སྟག་ལུང་པ་དང་སངས་རྒྱས་ཡེལ་པ་བཅས་ཀྱིས་ལུང་བསྟན་པའི་གནས། ནམ་རུ་དཀར་པོ་དུང་བརྒྱ་མ་ཞེས་གསུངས། རྗེ་གཏེར་ཆེན་མཆོག་ཡེ་རྒྱལ་གནས་སྐོར་ཕེབས་སྐབས་སངས་རྒྱས་གླིང་པ་དང་འབྲི་གུང་ཆོས་ཀྱི་གྲགས་པ་གཉིས་ཀྱི་སྐྱེ་བ་བཞེས་སྐབས་གནས་འདིར་ཕེབས་ཤིང་གནས་སྒོ་འབྱེད་མྱོང་བ་སྔོན་ལས་རྗེས་དྲན་དུ་གསུངས་པ་གཏེར་ཆེན་རྣམ་ཐར་དུ་གསལ་བ་ལྟར། རྗེ་དྲུང་བྱམས་པ་འབྱུང་གནས་དང་དཔའ་བོ་མཆོག་སྤྲུལ་རིན་པོ་ཆེ་སོགས་གཟིགས་སྣང་གཅིག་པར་གནས་འདི་ནི་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་དང་ཨོ་རྒྱན་རིན་པོ་ཆེ་སྟོན་འཁོར་གྱི་ཚོམ་བུ་གྲངས་ལས་འདས་པ་བཞུགས་ཚུལ་གཟིགས། འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག ཁ་བ་སྟེང་དུ་ཕེབས་ནས་ལྷ་སྲིན་དམ་བཏགས་པ་དང་གནས་ཆེན་བྱིན་འབེབས་མཛད་སྐབས་ཡེ་རྒྱལ་རྩེ་མོར་འཇའ་འོད་གྱི་ཀློང་ནས་གུ་རུ་ཡབ་ཡུམ་དཔའ་བོ་ཌཱཀྐིའི་འཁོར་གྱིས་བསྐོར་ཏེ་དྦྷ་ཡི་ལུང་བསྟན་དང་བྱིན་འབེབས་སོགས་མཛད་པའི་དག་སྣང་ཞལ་གཟིགས་མང་པོ་བྱུང་ཚུལ་ཁྲོམ་ཚོགས་ཀུན་ལ་གསལ་བར་གསུངས། དེ་བཞིན་མཁན་པོ་རིན་ཆེན་དར་རྒྱས་ཀྱི་གསུང་ལས་གཡུ་འབར་རྒྱལ་ཀུན་གསང་བའི་བདག་པོའི་གནས། །ཞེས་དང་། ཛམ་དམར་བྲག་རི་བདེ་ཆེན་དབང་གི་གནས། །པདྨ་མཁའ་འགྲོ་ཛམ་དམར་རང་བྱོན་ཡོད། །ཕྲ་མས་གསང་བའི་གཏེར་ཁའང་ཡོད། །ཅེས་གསུངས། ཞེས་དང་། ཡར་རྫོང་ངོས་ཡངས་ཀླུ་ཡི་བ་གམ་དུ། །གནས་བརྟན་ཀླུ་སྡེ་འཁོར་བཅས་རྟག་ཏུ་བཞུགས། །མི་འགྱུར་ཨ་ཡིག་ཤིན་ཏུ་གསལ་བར་བཀྲ། །ལྷ་སྐུ་ཕྱག་མཚན་རང་བྱོན་མང་དུ་ཡོད། །ཅེས་དང་།མར་རྫོང་བོད་ཀྱི་རི་བོ་རྩེ་ལྔ་རུ། །འཇམ་དཔལ་དབྱངས་དང་བི་མ་མི་ཏྲ་བཞུགས། །གངས་རྒྱལ་གངས་རིའི་གནས་ལག་སྤང་ངོས་སུ། །ཚེ་བུམ་ནོར་བུའི་མཚན་པའི་རང་བྱོན་གསལ། །ཞེས་དང་། དབལ་གནམ་རྡོ་རྗེ་གཞོན་ནུའི་གནས་མཆོག་དངོས། །རྗེ་འབངས་ཉེར་ལྔ་ཡོད་གསུངས་ཕལ་ཆེར་གསལ། །ཞེས་དང་དབུ་བྲག་མཚོ་ཡི་གནམ་ལྕགས་འབར་བའི་བྲག །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ་ཡིན་པས། །ཅེས་དང་། དྲེད་མོང་རོང་དུ་མཁའ་འགྲོའི་གསང་དཀྱིལ་ཡོད། །གནས་ཀྱི་སྲུང་མ་དུར་ཁྲོད་མ་མོ་གནས། །གནས་དེའི་ནུབ་ཕྱོགས་ཁ་བ་སྟེང་ཞེས་པ། །ལྕི་ཡི་གད་པ་དམར་པོ་ཞེས་སུ་གྲགས། །ཞེས་བསམ་ཡས་ཀྱི་གནས་ཚབ་དང་། གསེར་ཟོ་ནི་ཧས་པོ་རི་དང་སྒོ་བ་ནི་མཆིམས་ཕུ། ཡེ་རྒྱལ་ནི་ཤེལ་བྲག་ཚེ་རྒྱལ་བྲག་ནས་ཟབ་གཏེར་ངོ་མཚར་བཞེས། ཚེ་རྟ་ཟུང་འབྲེལ་གསུང་གི་གནས་ཡིན་གསུངས། ཞེས་དང་། གཡའ་མ་ལུང་གི་གནས་ཚབ་ཡིན་ཚུལ་དང་། ཡེ་རྒྱལ་མཐའ་བསྐོར་རྒྱས་པ་བྱས་ཙ་ན། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་བར་གསུངས། །ཞེས་སོགས་གནས་ཀྱི་ཕན་ཡོན་དང་བཤད་པ་མཐའ་ཡས་ཀྱང་མདོར་ན་གདུལ་བྱ་སྐལ་བ་ལྡན་པ་རྣམས་ཀྱིས་ཕྱག་དང་བསྐོར་བ་བྱས་ན་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་འགོད་པ་དང་། དད་པ་མོས་གུས་དག་སྣང་དང་ལྡན་པས་ཕྱག་དང་བསྐོར་བ་བསྙེན་སྒྲུབ་སོགས་དགེ་བའི་ལས་བྱས་ན་ནི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དེ་ཡང་གནས་ཆེན་མདོ་བྱང་ལས། ད་ནི་གནས་ཀྱི་ཕན་ཡོན་བརྗོད་པ་ནི༔ ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་ཆོད༔ བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ ཚོགས་འཁོར་གཅིག་གིས་བསོད་ནམས་ཚོགས་ཆེན་རྫོགས༔ ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་སྦྱོང༔ ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག༔ དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་པས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ༔ ཞེས་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་གི་བདེན་ཚིག་གིས་ཡང་ཡང་བསྔགས་པ་ཡིན་པས་སྐྱེ་བོ་མཐོ་དམན་དང་། དྲག་ཞན་སྐྱ་སེར་ཕོ་མོ་རྒན་གཞོན་སུ་ཡིན་ལ་མ་ལྟོས་པར་སེམས་དུག་ལྔ་དང་། ལུང་མ་བསྟན་དུ་མ་སོང་བར་ཡང་དག་པའི་ལྟ་བ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་དང་། གནས་ཀྱི་ཡོན་ཏན་ལ་དང་བའི་དད་པ་དང་། རང་རྒྱུད་ལ་བྱིན་བརླབས་ཐོབ་པར་འདོད་པའི་དད་པ་སྟེ་དད་པ་གསུམ་དང་མ་བྲལ་བ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད། མོས་གུས་དྲག་པོས་རྒྱུད་སྦྱངས་ཏེ་བསྐོར་བ་ལན་གཅིག་བསྐོར་ན་ཁ་ནས་བཏོན་པའི་བཛྲ་དུང་ཕྱུར་བརྒྱ་རེའི་ཕན་ཡོན་དང་། ཀུན་སློང་དེ་དག་ཅུང་ཟད་ཙམ་རེ་ཡོད་པར་བསྐོར་ན་བསྐོར་བ་རེར་དུང་ཕྱུར་བཅུ་རེ། གང་ཡང་མེད་པའི་ལུང་མ་བསྟན་གྱི་ངང་ནས་བསྐོར་ན་བསྐོར་བ་རེར་བཛྲ་དུང་ཕྱུར་རེ་ཡི་ཕན་ཡོན་ཡོད་པ་ནི་ངེས་པ་ཁོ་ནའོ། །ལུག་ལོ་དང་འབྲུག་ལོར་གནས་འདུས་ཆེ་བ། ཁྱི་ལོ་དང་རྟ་ལོར་གནས་འདུས་ཆུང་བ། དེ་བཞིན་སངས་རྒྱས་ཀྱི་ཆོ་འཕྲུལ་དུས་ཆེན་དང་སངས་རྒྱས་པ་དང་མྱ་ངན་འདས་པ། ཆོས་འཁོར། ལྷུམས་ཞུགས་སོགས་དུས་ཆེན་རྣམས་དང་། གུ་རུའི་སྤྲེལ་ཟླ་ཚེས་བཅུ་ཁྲུམས་སྟོད་ཟླ་བ། ཆུ་སྟོད་ཟླ་བ། ཐ་སྐར་ཟླ་བ་། ཉི་འཛིན། ཟླ་འཛིན། ཉི་མ་ལྡོག་འགྱུར་སོགས་ལ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས་ཀྱི་འགྱུར་ཁྱད་ཡོད་པ་ནི་ཚང་མས་ཐུགས་གསལ་ལྟར་རོ། །དེ་ལས་ལྡོག་ཏེ་གནས་ལ་ལོག་ལྟ་དང་། ངན་སྨྲས། གོང་གསལ་གྱི་རྒྱུ་མཚན་རྣམས་ལ་མི་བདེན་ཟེར་བའི་སྐུར་འདེབས། གནས་ཀྱི་ཤིང་ནགས་གཅོད་པ་དང་། འབུ་དང་རྫ་ཡུངས་བརྐོ་བ། མི་ཕྱུགས་སེམས་ཅན་དང་རི་དྭགས་ཆེ་ཕྲ་གསོད་པ་སོགས་མི་དགེ་བའི་ལས་ངན་བསགས་ན། ཚེ་འདིར་གནས་སྲུང་གི་ཆད་པས་ལོ་ཉེས་པ་དང་། མི་ཕྱུགས་ལ་ནད་ཡམས་རྒྱུན་མི་ཆད་པ་སོགས་མི་དགེ་བ་དང་བཀྲ་མི་ཤིས་པ་འབྱུང་བ་དང་ཕྱི་མ་ངན་སོང་གསུམ་སོགས་སྡུག་བསྔལ་དོ་ཟླ་མེད་པའི་གནས་སུ་བསྐལ་པ་འབུམ་ཕྲག་མང་པོར་གནས་དགོས་པ་ནི་བཟློག་མེད་ངེས་ཅན་ཡིན་པས་སྤང་བླང་གོ་མ་ནོར་བར་བདག་གཞན་ཕ་མ་སེམས་ཅན་ཐམས་ཅད་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་ཐབས་ཤིག་ཅི་ནས་གལ་ཆེ་ཞེས་ཞུ་བ་ལན་བརྒྱར་འབུལ་བ་ལགས་ན་ཐུགས་མི་ཁྲེལ་བར་མཐོང་ཐོས་དོན་ལྡན་དུ་འགྱུར་བ་ཞིག་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་པ་འདི་ཡང་གཏེར་ཆེན་དབོན་རྒྱུད་ལྷ་རིས་པ་འགྱུར་མེད་པདྨ་བདེ་ཆེན་ནས་གོང་མ་རྣམས་ཀྱི་གསུང་རྒྱུན་གང་ཤེས་གང་མཇལ་རྣམས་ཆབ་མ་ཆོབ་ཏུ་བསྒྲིགས་ནས་བྲིས་པའི་དགེ་བས་བདག་དང་བདག་འདྲའི་སྐྱེ་བོ་བྱིས་པའི་བློ་ཅན་རྣམས་ལ་དགེ་བསྐུལ་རྒྱ་ཆེན་པོ་འབྱུང་བར་སྨོན་ནོ། །
དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །ཐར་མེད་ལས་ངན་རྒྱུ་རུ་མི་འགྱུར་ཤོག །རྒྱལ་ཁམས་འགྲིམས་ལ་འདྲ་ཞིག་ཡོད། །ལྟད་མོ་བལྟ་བའི་མཚར་འདོད་གཅིག །དད་པ་མ་སྐྱེས་གནས་མཇལ་གཉིས། །ཕན་ཡོན་མི་ཤེས་བསྐོར་བ་གསུམ། །ཟ་འདོད་བསྙད་ཚོལ་ཁྲམ་པ་བཞི། །བསམ་བློ་མ་བཏང་བསྐོར་རྒྱུག་ལྔ། ། གནས་བསྐོར་འདྲ་སྟེ་གནས་བསྐོར་མིན། །
མཆན། ༡.གནས་ཡིག་འདི་ནང་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས་པའི་ནང་ཆེན་གནས་ཡིག་ཕྱོགས་བསྒྲིགས་ལས་ཞལ་བཤུས་པའོ། །
ན་མོ་གུ་རུ་པདྨ་ཀ་ར་ཡེ། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ། །གཅིག་ཏུ་བསྡུས་པ་སངས་རྒྱས་པདྨ་འབྱུང་། །རྗེ་འབངས་ཉེར་ལྔ་འཁོར་ཚོགས་མ་ལུས་པ། །སྒྱུ་འཕྲུལ་རོལ་པར་བཅས་ལ་གུས་ཕྱག་འཚལ། །དཀྱིལ་འཁོར་ཀུན་གཙོ་སྐུ་གསུམ་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཕྲིན་ལས་ཧེ་རུ་ཀ །སྣང་སྲིད་ཟིལ་གནོན་ལོག་འདྲེན་བདུད་བགེགས་འདུལ། །འདྲེན་མཆོག་པདྨ་ཐོད་འཕྲེང་གིས་སྐྱོངས་ཤིག །དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས། །མཆོག་གསུམ་བླ་མ་ལྷ་དང་ཌཱཀྐཱི་ཚོགས། །ཆོས་སྐྱོང་གཏེར་བདག་རྣམས་ལ་ཕྱག་བྱས་ནས། །གནས་ཀྱི་ཞལ་གཟིགས་ཞིབ་པར་བཀོད་པར་བྱ། །འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལོ་བདུན་སྒྲུབ་གནས་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ངོ་མཚར་གནས་བཤད་སྒྲོ་སྐུར་དང་བྲལ་བའི་སྒོ་ནས་ཇི་མ་ཇི་བཞིན་འགོད་པར་བྱ་བ་ནི། །དང་པོ་ལུང་གིས་ཟིན་ཚུལ་དང་གནས་ཀྱི་ཆེ་བ་དག་སྣང་སྐོར་བསྟན་པ། གཉིས་པ་གནས་ལ་ཕྱག་བསྐོར་བགྱིས་པའི་ཕན་ཡོན་བསྟན་པ་གཉིས་ལས། དང་པོ་འདུལ་བའི་ལུང་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་བསྩལ་པ། དགེ་སློང་དག་བྱང་ཕྱོགས་གངས་རིའི་ཁྲོད་ན་ས་རྡོ་དང་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པར་ཡོད་དོ། །ཞེས་གསུངས་པ་དང་། ཡང་ལུང་བསྟན་ཆེན་པོ་བཀའ་བརྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི༔ ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན༔ མཐོང་ཐོས་དང་གང་འབྲེལ་ངན་སོང་མེད༔ ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས༔ ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར༔ དེ་བཞིན་དུས་ལ་མ་ངེས་ནམ་ཡང་འབྱོན༔ ཡུན་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར༔ ཞེས་དང་། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང༔ ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ༔ བསྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕར་ཆེར་གནས་སུ་ལོ་གཅིག་སྒྲུབ་པ་བས༔ དེ་དག་རྣམས་སུ་ཟླ་གཅིག་འགྲུབ་ཐག་ཉེ༔ དེ་དོན་ཤེས་པར་མཛོད་ཅིག་རྗེས་འཇུག་རྣམས༔ ཞེས་གསུངས་པ་ལྟར།
དེ་ལྟར་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པའི། ངོ་མཚར་གནས་ཆེན་ཉེར་ལྔ་ལས། གསུང་གི་ཡོན་ཏན་གནས་མཆོག་ནམ་མཁའ་མཛོད་འདིར། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུང་བསྟན་མི་འགྱུར་རྡོ་རྗེའི་སྒྲ་དབྱངས་ལས། གསུང་གི་ཡོན་ཏན་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ལྷོ་ཞེས་བྱ་བ་རུ༔ སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ཅེས་བྱ༔ བྲག་རི་ཁྲ་བོ་གཡུ་འབྲུག་གནམ་འགྲོ་འདྲ༔ བསྐལ་བཟང་སངས་རྒྱས་སྟོང་རྩ་རང་བྱོན་ཡོད༔ མཐའ་གྲུའི་ནོར་སྣ་བརྒྱ་དང་རྩ་བརྒྱད་སྦས༔ གསང་བའི་ཕུག་པ་མདའ་རྒྱང་གང་ཙམ་ཡོད༔ དེ་རུ་པདྨ་བདག་གིས་ལོ་བདུན་བསྒྲུབ༔ ཞེས་ལུང་དོན་དང་མཐུན་པར་མཆོག་གླིང་གཏེར་མ་དཔག་བསམ་ལྗོན་ཤིང་ལས། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ ལྷ་སྲས་ཆེ་བ་མུ་ནེ་བཙན་པོ་དང༔ ལྷ་སྲས་འབྲིང་བ་མུ་རུབ་བཙན་པོ་དང༔ ལྷ་སྲས་ཆུང་བ་མུ་ཏིག་བཙན་པོ་དང༔ རྒྱལ་བ་མཆོག་དབྱངས་ལང་གྲོ་ལོ་ཙཱ་དང༔ གཉགས་ཆེན་ཛྙཱ་ན་ཀུ་མ་ར་སོགས་དང༔ བཻ་རོ་ཙཱ་ན་ཤུད་བུ་དཔལ་སེང་དང༔ ཏིང་འཛིན་བཟང་པོ་རྡོ་རྗེ་བདུད་འཇོམས་དང༔ དཔལ་གྱི་དབང་ཕྱུག་འོ་བྲན་དབང་ཕྱུག་དང༔ ཨ་ཙར་ས་ལེ་ཤེལ་དཀར་རྡོ་རྗེ་མཚོ༔ འབྲོག་བན་ལོ་ཙཱ་མཚོ་རྒྱལ་བྲན་གསུམ་དང༔ ལྷ་སྲས་གསུམ་གྱི་བཙུན་མོ་རྣམས་གསུམ་སོགས༔ འཁོར་བཅས་ཁམས་ཀྱི་ནམ་མཁའ་མཛོད་དུ་བྱོན༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཞལ་ཕྱེས་ཏེ༔ རྗེ་འབངས་རྣམས་ལ་སྨིན་བྱེད་དབང་བསྐུལ་ཞིང༔ གྲོལ་བྱེད་མན་ངག་གནད་རྣམས་ལེགས་པར་བཀྲོལ༔ འཁོར་བཅས་ལོ་བདུན་བར་དུ་རྩེ་གཅིག་བསྒྲུབས༔ མངའ་བདག་རྒྱལ་པོས་རི་བྲག་ཟང་ཐལ་མཛད༔ མུ་ནེ་བཙན་པོས་ལྷ་ཞལ་དངོས་སུ་གཟིགས༔ མུ་རུབ་བཙན་པོས་བདེ་ཆེན་ཡེ་ཤེས་བརྙེས༔ མུ་ཁྲི་བཙན་པོས་རང་སེམས་ངོ་བོ་མཐོང༔ བཻ་རོ་ཙཱ་ན་ནམ་མཁར་བྱ་ལྟར་ལྡིང༔ རྒྱལ་བ་མཆོག་དབྱངས་སྐུ་ནི་མེ་དཔུང་བསྒྱུར༔ ལང་གྲོ་དཀོན་མཆོག་འོད་ཀྱི་ཕུང་པོར་གྱུར༔ སངས་རྒྱས་ཡེ་ཤེས་ཀུན་འོད་ས་ལ་གཤེགས༔ གཉགས་ཆེན་ཛྙཱ་ན་ཆོས་ཉིད་ཟད་སར་འཕྱོར༔ མཁར་ཆེན་མཚོ་རྒྱལ་བྲག་ལས་ཚེ་ཆུ་ཐོན༔ ཨ་ཙར་ས་ལེའི་ཕྱག་གིས་བྲག་རི་གཏོར༔ འབྲོག་མི་དཔལ་གྱི་སྤྱན་གྱིས་ནགས་ཚལ་བསྲེགས༔ འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་ལྡིང༔ རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོག་མེད་རྒྱུགས༔ ཏིང་འཛིན་བཟང་པོས་རི་བྲག་ཟང་ཐལ་ཕུག༔ ཤེལ་དཀར་བཟའ་ཡིས་མ་མོ་བྲན་དུ་འཁོལ༔ གཞན་ཡང་རྗེ་འབངས་རྣམས་ཀྱི་གྲུབ་རྟགས་མང༔ ཞེས་གསུངས་པ་ལྟར་རྗེས་ཤུལ་རྣམས་ད་ལྟ་ཡང་སོ་སོར་མཇལ་རྒྱུ་ཡོད།
དེ་ཡང་གུ་རུ་པདྨ་འབྱུང་གནས་ཉིད་མི་ལོ་སུམ་སྟོང་ལྔ་བརྒྱར་རྒྱ་གར་དང་བལ་ཡུལ་ལ་བཞུགས་ནས་འགྲོ་དོན་མཐའ་ཡས་བསྐྱངས་ནས་བོད་ལ་མི་ལོ་བརྒྱ་དང་བཅུ་གཅིག་ཙམ་བཞུགས་ནས། རི་བྲག་མཚོ་རྣམས་ལ་སྒྲུབ་པ་མཛད་ཅིང་བྱིན་རླབས་རྒྱ་ཆེན་པོ་གནང་བའི་ནང་ཚན་ཡེ་རྒྱལ་ནམ་མཁའ་མཛོད་དུ་ལོ་བདུན། ཟླ་བ་བདུན། ཞག་བདུན་བཅས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྩེ་གཅིག་ཏུ་སྒྲུབ་ནས་གྲུབ་པའི་རྟགས་རྣམས་མངོན་དུ་གྱུར་པའི་གནས་ཁྱད་པར་དུ་འཕགས་པ་ཡིན་པ་དང་། མདོ་བྱང་ལས། གསུང་གི་གཏེར་ལྔ་ཡོན་ཏན་གནས་ལྔ་སྦས༔ ཡུལ་གྱི་ཆགས་ཚུལ་དགའ་འཁྱིལ་ལྟ་བུ་ལ༔ དབུས་ཀྱི་ཆ་ལ་རྫུ་འཕྲུལ་ཞབས་རྗེས་ཡོད༔ གཡོན་གྱི་རི་ནི་དུང་སེང་འགྱིང་བ་འདྲ༔ དེ་རུ་གཉགས་བན་སྤྲུལ་པ་ཡེ་ཤེས་འབྱུང༔ ཞེས་གསུངས་པའི་ལུང་བྱང་ལ་ཀོང་སྤྲུལ་མཆོག་ནས་ལུང་འབྲེལ་ཟིན་ཐུང་ལས་ཇི་སྐད་གསུངས་པའི་ཡོན་ཏན་གནས་ནི། ཕར་ནང་རི་བོ་ཆེ། ཚུར་རི་ནང་ཆེན་གྱི་ས་འབྲི་གུང་ཆོས་གྲགས་ཕེབས་ནས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་ངོས་འཛིན་མཛད་ཅིང་། ཡོངས་གྲགས་ཤར་ཡེལ་ཕུག་དང་ཉེ་བ་ཡེ་རྒྱལ་ནམ་མཁའ་མཛོད་ཅེས་མཛོད་ལྔ་སྦྲོམ་གསུམ་གྱི་ཟབ་གཏེར་ཆེན་པོ་བཞུགས་པ་ལས། གཏེར་ཆེན་ཉིད་ནས་ཀྱང་གཏེར་ཁ་དུ་མ་ཞིག་སྤྱན་འདྲེན་པར་མཛད། ཆགས་མེད་རིན་པོ་ཆེའི་གནས་ཡིག་ཀྱང་ཡོད། དེ་རུ་གཉགས་བན་སྤྲུལ་པ་ཡེ་ཤེས་འབྱུང་གསུངས་པ་ནི། ཡེལ་པ་ཡེ་ཤེས་བརྩེགས་པའི་གདན་སའི་གཙོ་བོ་ཉིད་ཡོད་པས་སོ། །ཞེས་ལུང་འབྲེལ་མཛད་པ་དང་། ཆགས་མེད་རིན་པོ་ཆེའི་གནས་ཡིག་ནི་དུས་འགྱུར་གྱི་དབང་གིས་འཇིག་རྟེན་ལ་མི་མངོན་པར་གྱུར། ཡང་སངས་རྒྱས་འཁོར་བ་འཇིག་ཕག་མོ་གྲུ་པའི་ལུང་བསྟན་ལས། ཤར་གྱི་གདན་ས་གཡུ་འབྲུག་གནམ་འཆོང་འདྲ། །ལྷོ་ཡི་གདན་ས་གླང་ཆེན་འགྱིངས་པ་འདྲ། །ནུབ་ཀྱི་གདན་ས་རྨ་བྱ་ཚང་ཉལ་འདྲ། །བྱང་གི་གདན་ས་རྟ་མཆོག་གནམ་བསླངས་འདྲ། །གནས་དེའི་མཚན་ཉིད་མ་ནོར་ན། །བཀའ་བརྒྱུད་བསྟན་པ་རྒྱས་པར་འགྱུར། །ཞེས་བསླུ་མེད་ལུང་གིས་བསྔགས་བཞིན། འགྲོ་མགོན་ཡེལ་པས་གདན་ས་མཛད་ནས་གནས་བསྟོད་དང་གནས་ཡིག་སོགས་མང་ཡང་དེང་སང་མཐོང་རྒྱུན་དུ་མ་བཞུགས་ཀྱང་། ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་ཡེལ་པ་ཡེ་ཤེས་བརྩེགས་ཟུང་གི་དགོངས་པ་གཅིག་མཐུན་གྱི་ལུང་བསྟན་དོན། ཁ་བའི་ཞིང་འདིར་གནས་ཆེན་དཀར་པོ་བཞི། །སྟོད་ན་གྲགས་ཆེ་བ་ཏི་སེ་གངས་རི་དཀར་མོའི་གནས། བར་ན་ཡེ་རྒྱལ་ནམ་རི་དཀར་མོ་དུང་བརྒྱ་མ་དང་རྟ་བྲག་དཀར་མོ་དུང་བརྒྱ་ཞེས་པའི་གནས། སྨད་ན་ཁ་བ་དཀར་པོ་དུང་བརྒྱ་མ་ཞེས་གནས་ཆེན་དཀར་པོ་བཞི་ལྡན་ཏེ། དཀར་བཞི་བྱིན་རླབས་གནས་ཆེན་ནི། །རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །ཁ་བ་ཅན་གྱི་ཡུལ་འདི་ལ། །སྟོད་ན་གངས་རྒྱལ་ཏི་སེ་སྐུ་ཡི་གནས། །སངས་རྒྱས་སྐུ་ཡིས་གདུལ་བྱའི་གནས། །བར་ན་ནམ་རི་རྟ་བྲག་གསུང་གི་གནས། །ཐེག་ཆེན་གསུང་གི་གདུལ་གནས་ཡིན། །སྨད་ན་ཙ་རི་ཐུགས་ཀྱི་གནས། །ཏིང་འཛིན་སྒོམ་པའི་གདུལ་གནས་ཡིན། །དེ་ལས་གྱེས་པའི་གནས་ཕྲན་ནི། །གྲངས་མེད་གཞལ་མེད་ཡོད་ན་ཡང་། །གྲངས་ལྡན་གུ་རུ་པདྨ་ཡི། །སྒྲུབ་གནས་བྱིན་རླབས་གནས་ཆེན་ནི། །དཀར་བཞི་མཛོད་གཅིག་རྫོང་གསུམ་ལ། །ཁྱད་པར་གུ་རུ་པདྨ་འབྱུང་། །བྱིན་རླབས་རབ་གནས་སྒྲུབ་པ་བྱས། །ཕྱག་རྗེས་ཞབས་རྗེས་ངོ་མཚར་བཀོད། །ཞེས་གསུངས་པ་ལྟར། མ་བཞེངས་ལྷུན་གྱིས་གྲུབ་པའི་རྩ་གསུམ་འཁོར་ལོ་ལྔ་ཡི་ཕོ་བྲང་འདིར། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་དང་། འགྲོ་མགོན་སངས་རྒྱས་ཡེལ་པ། འབྲི་གུང་ཆོས་གྲགས། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས། གྲུབ་དབང་ཚོགས་གཉིས་སོགས་ཀྱི་དག་སྣང་ཞལ་གཟིགས་མང་པོ་བྱུང་ཚུལ་དད་འདུས་ཀུན་ལ་གསུངས་པའི་ངག་རྒྱུན་ལས། ཡེ་རྒྱལ་གནས་ཀྱི་ཕྱོགས་བཞིའི་རྡོ་ཕུར་བཞི། །རིན་ཆེན་སྣ་ཚོགས་ལས་གྲུབ་མདོག་མཚུངས་ནི། །ཤར་དུ་རྡོ་རྗེ་མཁའ་འགྲོའི་ཐག་ཕུར་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོའི་ཉིན་རྫོང་བྲག་ཕུར་སེར། །ནུབ་ཏུ་པདྨ་མཁའ་འགྲོའི་རྡོ་ཕུར་དམར། །བྱང་དུ་ལས་ཀྱི་མཁའ་འགྲོའི་བྲག་ཕུར་ནག་པོ་སྟེ་བཞིའོ། །
གཞན་ཡང་གནས་ཆེན་དེ་ཡི་མཚམས་བཞི་ལ། གནད་ཀྱི་རང་བྱོན་བཞི་ཡིས་བརྒྱན་པ་དག་ནི། གད་ཧུབ་རྟེན་མཆོག་སཙྪ་མཆོད་པའི་རྒྱན། །ཆུ་འཛུལ་གསུང་མཆོག་ཨ་ཡིག་དཀར་པོས་བརྒྱན། །སྲག་སྔོན་སྐུ་མཆོག་ཐུབ་པའི་རང་བྱོན་རྒྱན། །སྡོམ་བྲག་གུ་རུའི་ཞབས་རྗེས་མཛེས་པའི་རྒྱན་ཏེ་བཞིའོ། །ཕྱི་ན་སྒོ་བཞི་ནང་ན་གླིང་བཞི་ཡོད། དབུས་རི་ལྟེ་བར་རིན་ཆེན་ནམ་མཁའ་མཛོད། ཕྱི་ནས་མཇལ་ན་བུམ་པའི་སྒོ་གཟུགས་འདྲ། ནང་དུ་རིན་ཆེན་ནོར་སྣ་བརྒྱ་དང་རྩ་བརྒྱད་བཞུགས། གནས་འབྲེལ་ཙམ་གྱིས་མཆོག་གི་དངོས་གྲུབ་ཐོབ། ནམ་མཁའ་མཛོད་ཀྱི་སྒྲུབ་གནས་སུ། །མེ་ཏོག་སྣ་ཚོགས་སྐྱེ་བའི་ས། །བདུད་རྩིའི་ཆུ་རྒྱུན་སྔགས་སྒྲ་སྒྲོག །བྱ་བྱེའུ་རྣམས་ཀྱིས་མགྲིན་གླུ་ལེན། །ཏིང་འཛིན་ཉམས་རྟོགས་འཕེལ་བའི་གནས། །རྩེ་གཅིག་སྒྲུབ་ན་འགྲུབ་རྟགས་ཉེ། །ཆོས་ཀྱི་སྒྲ་སྙན་རྟག་ཏུ་སྒྲོག་པའི་གནས། །ཞེས་གསུངས་སོ། །ཡེ་རྒྱལ་དབུ་རྩེར་བཅོམ་ལྡན་ཐུབ་པ་དྲུག །གཙོར་བྱས་སངས་རྒྱས་སྟོང་རྩ་རང་བྱོན་བཞུགས། །རྩེ་སྐོར་ལམ་དུ་བར་དོའི་འཕྲང་ཆེན་ཡོད། །སུ་བགྲོད་བར་དོའི་འཇིགས་པ་ཞི་བར་གསུངས། །ཡེ་རྒྱལ་དབུ་རྩེའི་མདུན་རྒྱབ་རྣམས་སུ་ཨོ་རྒྱན་རིན་པོ་ཆེ་དང་རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་ཁ་བྱང་དང་བཅས་པ་དངོས་སུ་མཇལ་རྒྱུ་ཡོད། ལོགས་སུ་མཚོ་རྒྱལ་ཚེ་ཡི་སྒྲུབ་པ་མཛད། །གྲུབ་པའི་རྟགས་སུ་བྲག་གཡང་གཟར་བའི་ངོགས། །དྲི་མེད་ཡན་ལག་བརྒྱད་ལྡན་ཚེ་ཆུ་འབབ། །ཁྲུས་བྱས་ནད་གདོན་སྡིག་སྒྲིབ་དག་པར་ངེས། །གཏུང་བས་ཚེ་རིང་ནད་ཉུང་ལུས་སེམས་བདེ། །ཡེ་རྒྱལ་རྩེ་མོར་མི་མངོན་བྲག་འཁོར་ནང་། །མཚོ་མོ་དྭངས་མ་ཤིན་ཏུ་མཛེས་པ་ཡོད། །གུ་རུ་པདྨའི་བླ་མཚོ་ཡིན་པར་གསུངས། །དབྱར་དགུན་མེད་པར་ཆུ་ཆེན་རྩེ་ནས་འབབ། བཀྲུ་འཐུང་བྱས་པས་ནད་རྣམས་སངས་གྲགས་འགྱུར། ཡེ་རྒྱལ་རི་བོ་མཐོ་ཞིང་བརྗིད་ཉམས་ལྡན་ལ་རྩེ་མོ་སུམ་ཟུར་ནས་བལྟས་ན་བོད་ཀྱི་རི་རྣམས་ཕལ་ཆེར་མཐོང་ཞིང་། སྔ་མིའི་ཁ་རྒྱུན་ལ། རྒྱ་གར་ཡུལ་ནས་རྟ་སྟན་ཙམ། རྒྱ་ནག་ཡུལ་ནས་དྲེལ་སྟན་ཙམ་མཐོང་ཞེས་པའི་བཤད་སྲོལ་ཡོད་པ་དང་། རྩེ་མོ་དེ་རུ་སྔར་དགོན་ཁག་མང་པོས་ལྷ་གསོལ་རྟེན་མཁར་མང་པོ་བརྩིགས་པའི་ཤུལ་ཡོད་ལ། ད་ལྟ་ཤེས་ཚོད་ཙམ་ལ། གནས་བརྟན་མཆོག་གླིང་དགོན། ནང་ཆེན་ཚེས་བཅུ་དགོན། མགར་མགོན། བྱམས་མེ་དགོན་སོགས་ཀྱིས་བར་མ་ཆད་པར་ལྷ་གསོལ་བྱེད་པར་སྣང་། རྩེ་བསྐོར་ལམ་དུ། ཤེལ་རྡོ། ཅོང་ཞི། ཅུ་གང་། འབྲུག་རུས། སིནྡྷུ་ར་སོགས་སྨན་སྣ་གང་འདོད་ལེན་རྒྱུ་ཡོད། གནས་མཆོག་དེ་དང་འབྲེལ་བའི་གནས་ལག་ནི། ཇི་སྐད་དུ། ནམ་རུ་དཀར་མོ་དུང་བརྒྱ་ལ་གནས་ཕྲན་བརྒྱ་དང་རྩ་བརྒྱད་ཀྱིས་བསྐོར་ཞེས་གསུངས་པ་ལྟར། དཔའ་རྒྱལ་ནོར་བུ་ཚེ་དབང་རྩལ་ནི། གཏེར་ཆེན་གང་གི་བཀའ་ལུང་ལས། ཡེ་ཤེས་ལས་གྲུབ་ལོངས་སྐུའི་ཞིང་ཁམས་ཡིན། །གུ་རུ་ཚེ་དཔག་མེད་མགོན་སོགས། །ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་བཞུགས། །ཕྱག་སྐོར་བྱས་ན་ཚེ་ཡི་དངོས་གྲུབ་ཐོབ་ཞེས་སོ། །
༈ གནས་མཆོག་ཚེ་རྒྱལ་བྲག་ནི། གཏེར་ཆེན་གང་གིས་ཟབ་གཏེར་ངོ་མཚར་བཞེས། ཚེ་རྟ་ཟུང་འབྲེལ་གསུང་གི་གནས་ཡིན་གསུངས། ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་དང་། ཟབ་བདུན་གྱི་ཆ་ལག་རྟ་མགྲིན་བཅས་སྤྱན་དྲངས་པའི་གཏེར་གནས་ཡིན། དེའི་བྲག་སྐྱིབ་ལ་གཏེར་ཆེན་གྱི་གཟིམ་ཁང་དང་། སངས་རྒྱས་དབོན་གྱི་གཟིམ་ཁང་སོགས་ད་ལྟ་ཀུན་གྱིས་མཐོང་ལམ་དུ་ཡོད་དོ། །
༈ མཁྱེན་ཀོང་མཆོག་གསུམ་དུས་གཅིག་རྒྱས་འཛོམས་བྱུང་བའི་གནས་ཁ་བ་སྟེང་ཞེས་པ། ལྕི་ཡི་གད་པ་དམར་པོ་ཞེས་སུ་གྲགས། བསམ་ཡས་ཀྱི་གནས་ཚབ་དང་། གསེར་ཟོ་ནི་ཧས་པོ་རི་དང་། སྒོ་བ་བཀྲ་ཤིས་ལྷ་རྩེ་ནི་མཆིམས་ཕུའི་གནས་ཚབ་ཡིན་པར་གསུངས། གདུང་རྩེ་ནི་ཡེ་རྒྱལ་འཁོར་གྱི་བདུད་བཙན་གྱི་གནས་དང་། རྨོག་དཀར་ནི་གནོད་སྦྱིན་གྱི་གནས། དཀར་པོ་རི་ནི་ལྷ་ཡི་གནས། རྡོ་རྗེ་ནི་ཀླུ་སྨན་གྱི་གནས་ཡིན་པར་གསུངས།
༈ ཛྃ་དམར་བྲག་རི་བདེ་ཆེན་དབང་གི་གནས། པདྨ་མཁའ་འགྲོ་ཛྃ་དམར་རང་བྱོན་ཡོད། ཕྲ་མན་གསང་བའི་གཏེར་ཁ་ཡོད།
༈ གཡུལ་འབར་རྒྱལ་ཀུན་གསང་བའི་བདག་པོའི་གནས་ཡིན་ཏེ། གཡུལ་འབར་བྲག་ལ་ཞི་བ་བཞི་བཅུ་རྩ་གཉིས་དང་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་རང་བྱུང་ཡོད་པ་ནི་ཀེ་ལ་མཆོག་གླིང་ཞལ་ནས་གསུངས། གཏེར་ཆེན་མཆོག་གྱུར་གླིང་པས། སྐུ་ཚབ་དངོས་གྲུབ་དཔལ་འབར། སྐུ་ཚབ་བདེ་བ་ཆེན་པོ། ཁྲ་མན་གཟི་ཡི་ཕུར་པ། སྨུག་པོ་མཆོང་གི་ཕུར་པ། རྡོ་རྗེ་སེམས་དཔའི་སྐུ་འཁྲུལ་མེད། ལེགས་སོ་གསུམ་གྱི་སྒྲོལ་མ་གསུང་འབྱོན་མ། སངས་རྒྱས་འོད་སྲུང་རིང་བསྲེལ། དམ་རྫས་ཧེ་རུ་ཀ་འདུས་པའི་རིལ་བུ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་ཁྲུ་གང་བ་ཁྲོམ་གཏེར་དུ་བཞེས། དམ་ཆོས་རྫོགས་པ་ཆེན་པོ་ཀུན་བཟང་ཐུགས་ཐིག་རྒྱབ་ཆོས་ཡེ་ཤེས་སྙིང་པོ་དམ་རྫས་རོལ་པ་ཆེན་པོ། ལྕགས་མིན་ཁྲོ་མིན་གྱི་མགོན་པོའི་སྐུ་སོགས་ཟབ་གཏེར་མང་དུ་བཞེས་པའི་གཏེར་གནས་ཡིན་ནོ། །
༈ ཡར་རྫོང་ངོས་ཡངས་ཀླུ་ཡི་བ་གམ་དུ། །གནས་བརྟན་ཀླུ་སྡེ་འཁོར་བཅས་རྟག་ཏུ་བཞུགས། །མི་འགྱུར་ཨ་ཡིག་ཤིན་ཏུ་གསལ་བ་བཀྲ། །ལྷ་སྐུ་ཕྱག་མཚན་རང་བྱོན་མང་དུ་ཡོད། །
༈ སྐེད་ཕུག་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ནི་མ་ར་ཏི་ཀའི་གནས་ཚབ་ཡིན་པ་རྩེར་ཨ་ཡིག་དཀར་པོའི་རང་བྱོན་གྱིས་མཚན་པ། ཞབས་རྗེས་འགགས་ལ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་དང་བློན་གིང་ཆེན་གསལ་བ་འོད་ལྡན་གསོལ་ཐབ་མཛོད་སྡིས་ཁྲ་མོ། སྒོ་སྲུང་སྐུ་ལྷ་དཀར་ཡག ཤུག་བརྩེགས། ཆིབས་པ་བཏགས་ཤུལ། ཛོ་ཁེབ་འཁོར་བ་དུང་སྤྲུགས་ཀྱི་གནས་ཡིན་པ་བསྐོར་བ་རེ་བྱས་ཚེ་མ་ཎི་བྱེ་བ་བཏོན་པའི་ཕན་ཡོན་ཡོད་ཅེས་གསུངས་ནས་ཚོགས་གཉིས་མཆོག་གི་ཞལ་གྱིས་བཞེས།
༈ མར་རྫོང་བོད་ཀྱི་རི་བོ་རྩེ་ལྔ་རུ། །འཇམ་དཔལ་དབྱངས་དང་བི་མ་མི་ཏྲ་བཞུགས། །གངས་རྒྱལ་གངས་རིའི་གནས་ལག་སྤང་ངོས་སུ། །ཚེ་བུམ་ནོར་བུས་མཚན་པའི་རང་བྱོན་གསལ།
༈ དཔལ་གནམ་རྡོ་རྗེ་གཞོན་ནུའི་གནས་མཆོག་དོངས། །རྗེ་འབངས་ཉེར་ལྔ་ཡོད་ཅེས་ཕལ་ཆེར་གསལ།
༈ དབུ་བྲག་མཚོ་ནི་གནམ་ལྕགས་འབར་བའི་བྲག །ཀོ་ཀ་ཐང་དམར་རྒྱ་མཚོ་དོ་ཡིན། དེ་ཡང་སངས་རྒྱས་དབོན་ལ་མཁའ་འགྲོས་ལུང་བསྟན་པའི་གནས། ཆུ་ཨ་ཡིག་འདྲ་བའི་ཁུག་སོ་ལ། །དཔལ་མ་ཧཱ་ཀཱ་ལའི་སྒྲུབ་གནས་ཡོད། །སྟོན་ཟླ་ཆུ་ལ་མཁའ་འགྲོས་དར་ལམ་གཏོད། །ཅེས་པའི་གནས་འདིར་རྗེ་སངས་རྒྱས་དབོན་ཡུན་རིང་དུ་བཞུགས་པའི་གཟིམ་ཁང་ད་ལྟ་ཡང་མཇའ་རྒྱུ་ཡོད་པ་དང་རྗེ་སངས་རྒྱས་དབོན་ལ་མགོན་པོ་ཕྱག་བཞི་པའི་ཞལ་གཟིགས། གནས་དེར་སངས་རྒྱས་དབོན་བཞུགས་པའི་རིང་ལ། ཤར་ཡེལ་པ་དགོན། ལྷོ་རི་བོ་ཆེ། བྱང་རྟ་རྣ་རྣམས་ལ་ཡུན་རིང་ཞིག་བཞུགས་པའི་གནས་ཚད་མས་གྲུབ་པར་སྣང་། བོད་ཟླ་བཅུ་པའི་ཚེས་བཅོ་ལྔར་ཆུ་ལ་དར་འགྲིགས། བོད་ཟླ་དང་པོའི་ཚེས་གཅིག་ལ་རྒྱ་མཐོང་འབུག་རྒྱུ་ནི་མཐོང་བ་རྒྱུན་འཇགས་ལྟར་གནས་པས་དབུ་བྲག་ཁྲིམས་དར་ཞེས་བཤད་སྲོལ་ཡོད། དེ་ཡང་ལོ་འཁོར་ནང་ཟླ་ལྷག་ཡོད་མེད་ཁྲིམས་དར་དེས་གསལ་བོར་སྟོན་ཐུབ། གང་ཡིན་ཟེར་ན་རྗེ་སངས་རྒྱས་དབོན་ཆུ་ཕ་རོལ་ཕེབས་པར་དགོངས་པ་ཙམ་གྱིས་མཁའ་འགྲོ་མ་རྣམས་ཀྱིས་རྫུ་འཕྲུལ་གྱིས་ཆུ་ལ་དར་ལམ་འཐེན་པའི་ཤུལ་ལ་ཕྱིས་སུ་དེ་ཡི་དུས་ཚོད་ལ་དར་ཆགས་པས་སྟོན་ཟླའི་ཆུ་ལ་མཁའ་འགྲོའི་དར་ལམ་གཏོད་ཞེས་པའི་དོན་རྣམས་ངེས་དོན་ཚད་མས་གྲུབ་པའོ། །
༈ དྲེད་མོ་རོང་ནི་གཤིན་རྗེའི་གཏེར་གནས་ཡིན། བསྟན་པ་སྲུང་བའི་སྐོར་བཞི་དང་མཁའ་འགྲོའི་གསང་དཀྱིལ་ལ་སོགས་ཡོད། གནས་ཀྱི་སྲུང་མ་དུར་ཁྲོད་མ་མོའི་གནས། ཐེའུ་རང་དམ་ལ་བཏགས་ས་ཁམས་ཀྱི་གླ་བ་རྐང་གཅིག་དབའ་རྒྱ་བྲག་ཅེས་པར་གུ་རུའི་རྫུ་འཕྲུལ་གྱིས་ཐུན་རྡོ་གཏོར་བའི་ཕ་ཝམ་དང་གུ་རུའི་ཞབས་རྗེས་སོགས་ངོ་མཚར་བཞུགས། ཡུམ་ཆེན་མ་ཞེས་ཡེ་རྒྱལ་གྱི་གསང་ཡུམ་གྱི་གནས་ཡིན་པར་གསུངས་སོ། །
གཉིས་པ། གནས་འདིར་ཕྱག་བསྐོར་བགྱིས་པའི་ཕན་ཡོན་བསྟན་པ་ནི། འདུལ་བའི་ལུང་ལས། གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་གསུངས་པ་ལྟར་གནས་མཆོག་འདིའི་ནང་ན་མཆོད་རྟེན་རང་བྱོན་དང་གང་ཟག་མང་པོའི་སྐུ་ཕྱག་ཞབས་རྗེས་ཀྱི་རང་བྱུང་མང་པོ་བཞུགས་པས། དེའི་ཕྱིར་དད་མོས་ཀྱི་སྒོ་ནས་དཀོན་མཆོག་གི་རྟེན་ལ་ཕྱག་བསྐོར་བྱ་སྙམ་པའི་འདུན་པས་གོམ་པ་གཅིག་འདོར་བའི་ཕན་ཡོན་ཡང་། གསེར་སྲང་སྟོང་ཕྲག་བརྒྱ་ཡིས་མཆོད་སྦྱིན་བྱས་པ་ལས་ཀྱང་ཕན་ཡོན་ཆེ་བར་གསུངས་ན། འདིར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཞུགས་པའི་གནས་མཆོག་ལ་ཕྱག་བསྐོར་བགྱིས་ན། ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བ་སྨོས་མ་དགོས་ཏེ། བདེ་གཤེགས་ཕག་མོ་གྲུ་པ་དང་། ཡེལ་པ་ཡེ་ཤེས་བརྩེགས་སོགས་གང་ཟག་མང་པོའི་དགོངས་པ་གཅིག་མཐུན་གྱིས་ཁ་བའི་ཞིང་གི་དཀར་པོ་བཞི་ལྡན་གནས་དག་ཕན་ཡོན་མཉམ་པར་གསུངས་པ་ནི། སྟོད་ཀྱི་གངས་རི་དཀར་པོ་དང་། བར་གྱི་ཡེལ་རྒྱལ་ནམ་རུ་དཀར་མོ་དུང་བརྒྱ་མ་དང་། བྱང་གི་རྟ་བྲག་དཀར་མོ་དུང་བརྒྱ་མ། སྨད་ཀྱི་ཁ་བ་དཀར་པོ་དུང་བརྒྱ་ཞེས་དཀར་པོ་བཞི་ལྡན་ཡིན་ཚུལ་སངས་རྒྱས་འཁོར་བ་འཇིག་དངོས་གཉགས་སྤྲུལ་ཡེ་ཤེས་བརྩེགས་སོགས་ཀྱིས་ལུང་བསྟན་བྱིན་གྱིས་རླབས་པའི་གནས་ལ་ཐེ་ཚོམ་མ་བྱེད་སེམས་ཅན་རྣམས་ཞེས་གསུངས་པ་ཡིད་ལ་བྱོས་ཤིག །གནས་ཁྲིད་བྱེད་ཅིང་རང་བྱོན་གྱི་རྟེན་དེ་དག་གཞན་ལ་བསྟན་ན་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་ཅིང་། སོ་སོ་ཡང་དག་པར་རིག་པ་རྒྱ་ཆེན་པོའི་དོན་ཡང་རྟོགས་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་རྒྱལ་བའི་གསུང་ཉིད་སྟོན་བྱེད་པ། །དེ་དག་གླིང་བུ་སྒྲ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་ཐོབ་པ་དང་། །སོ་སོ་ཡང་དག་རིག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་གནས་རི་བཟང་པོ་འདི་དག་ལ་དར་ལྕོག་འཛུགས་པ་དང་། ཚོགས་མཆོད་བགྱིས་པ་དང་། དཀར་མེ་འབུལ་བ་སོགས་བཀུར་བསྟི་སུས་བྱས་ན་འདི་ཕྱི་གཉིས་ལ་དངོས་གྲུབ་རྣམ་གཉིས་ཐོབ། གནས་འདི་ཉིད་གནས་འདུས་ཀྱི་དུས་ཆེན་ནི་རྟ་ལོར་ཡིན་པས་དུང་བརྒྱ་འགྱུར། རྟ་ཟླའི་ཉ་ལ་དུང་བྱེ་འགྱུར། ཟླ་བ་འབྱུང་ངོ་ཅོག་གི་ཡར་ཚེས་བཅུ་དང་། བཅོ་ལྔ། མར་ངོའི་ཉེར་ལྔ་དང་གནམ་གང་རྣམས་ལ་དུང་ཁྲི་འགྱུར་གྱི་ཕན་ཡོན་འབྱུང་ངོ་། །ལྷག་ཏུ་གནས་བསྐོར་གྱི་སྐབས་སུ་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་བྱེད་པ་གལ་ཆེ། ཐོག་མར་བསྐོར་བ་པས་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པའི་སྦྱོར་བ་སེམས་བསྐྱེད་དམ་པ། བར་དུ་རང་སེམས་དུག་ལྔའི་རྟོགས་པ་ངན་པས་མ་བསླད་པར་དད་པ་དག་སྣང་གིས་གཞི་བཟུང་། གསོལ་འདེབས་མོས་གུས་དྲག་པོས་བརྒྱུད་བསྐུལ་ཏེ། ལུས་ངག་ཡིད་གསུམ་ཆིག་བསྒྲིལ་གྱིས་ཕྱག་བསྐོར་བ་ལ་འབད་པ་དངོས་གཞི་ཚོགས་བསགས་དམ་པ། ཐ་མར་ཕྱག་བསྐོར་བགྱིས་པའི་དགེ་ཚོགས་ཅི་མཆིས་པ་ཐམས་ཅད་མཁའ་ཁྱབ་སེམས་ཅན་རྣམས་གཏན་བདེ་རྫོགས་བྱང་ཐོབ་པའི་ཆེད་དུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་འདེབས་པ་ནི་མཇུག་བསྔོ་བ་དམ་པ་སྟེ། དམ་པ་གསུམ་གྱི་རྩིས་ཟིན་པ་ཞིག་བྱུང་ན་གནས་བསྐོར་ལྟ་བུ་ཟག་བཅས་ཀྱི་དགེ་བ་ཡང་ཐར་པ་ཆ་མཐུན་གྱི་དགེ་ཚོགས་རྒྱ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ལྟར་འབྲེལ་ཚད་དོན་ལྡན་པའི། །ངོ་མཚར་གནས་མཆོག་ནམ་མཁའ་མཛོད། །རིག་གྲོལ་རྒྱལ་བའི་ཕྲིན་ལས་མཐུས། །སྤྱི་མཐུན་བསོད་ནམས་དཔལ་དུ་ཤར། །དེ་ལྟའི་སྔོན་བྱུང་གནས་བཤད་དང་། །ཕྱི་ནང་གསང་བའི་བཀོད་པ་རྣམས། །གཏེར་ཆེན་མཆོག་དང་གང་ཟག་གི །རྡོ་རྗེའི་གསུང་ལ་གཞི་བྱས་ཏེ། །འགྲོ་ལ་ཕན་ཕྱིར་རགས་ཙམ་འགྲེལ། །འདི་ལ་ནོངས་པའི་ཆ་གང་མཆིས། །རྩ་གསུམ་ལྷ་ལ་བཤགས་བགྱི་ཞིང་། །དགེ་བ་གང་དེས་འགྲོ་བ་ཀུན། །མཁའ་སྤྱོད་གནས་སུ་སྐྱེ་བར་ཤོག །ཅེས་པ་འདི་ཡང་གནས་ཡིག་སྔར་ཡོད་དག་ལ་གཞི་བཅོལ་ཏེ། ཚད་ལྡན་གྱི་ལོ་རྒྱུས་སྨྲ་བ་རྒན་རབས་དག་གི་ངག་རྒྱུན་དང་། རྣམ་ཐར་དང་ལོ་རྒྱུས་ཚད་ལྡན་དག་ལ་ཁུངས་གཏུགས་ནས་ཆུ་སྐྱེས་རཱ་ཛ་གང་དེས་སྦྱར་བ་དགེའོ། །བཀྲ་ཤིས།
མཆན། ༡ གནས་ཡིག་འདི་གནས་རྟེན་དགོན་པས་འདོན་སྤྲོད་གནང་།
༢ གནས་འདི་ནི་དེང་གི་ནང་ཆེན་རྫོང་ལྕི་ཆུ་ཞང་དང་བོད་ལྗོངས་རི་བོ་ཆེ་རྫོང་གཉིས་ཀྱི་ས་མཚམས་སུ་གནས་ཤིང་། ནང་ཆེན་རྫོང་ནས་གནས་བར་དུ་སྤྱི་ལེ༨༠ལྷག་ཙམ་ཡོད། གནས་འདི་ལ་མཐའ་བསྐོར་དང་བར་བསྐོར། རྩེ་བསྐོར་གསུམ་ཡོད་པས། མི་ཕལ་བས་རྐང་ཐང་དུ་ཉི་མ་རེར་བར་བསྐོར་རེ་བསྐོར་ཞིང། མཐའ་བསྐོར་ལ་ཉིན་ཕྱེད་གཉིས་ཙམ་འགོར།
༄༅། །གསུང་གི་ཕྲིན་ལས་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ཀྲེ་ཞེས་བྱ་བ་རུ༔ ཐོད་དཀར་ཞེས་བྱ་རི་བོ་དུང་དཀར་འདྲ༔ ཤར་གྱི་ཕྱོགས་སུ་ང་ཡི་སྒྲུབ་ཕུག་དང༔ བྲག་ལ་ཧེ་རུ་ཀ་དཔལ་རང་བྱོན་བཞུགས༔ གཙོ་བོ་གསུང་གི་གནས་མཆོག་གཅིག་ཏུ་བསྡུས༔ དེ་དག་གསུང་གི་གནས་མཆོག་ལྔ་པའོ༔ འགྱེད་པའི་སྐྱེས་བུ་གླང་ལོ་པ་ཞིག་འབྱུང༔
༄༅། །གསུང་གི་ཕྲིན་ལས་ཀྱི་གནས་ནི་ཧོར་ཏྲེ་ཤོད་ལ་བཞུགས་པའམ། ལྕགས་མདུད་ཁ་བ་ལུང་རིང་གང་ཡིན་དཔྱད་དགོས། ཕྱི་མ་འདི་ལ་གྲུབ་ཆེན་གསལ་སྟོང་ཤོ་སྒོམ་གྱི་གནས་ཡིག་ཡོད་སྐད་དོ། །
༄༅། །རབ་བྱུང་བཅུ་བདུན་པའི་མེ་གླང་ལོའི་ཧོར་ཟླ་བཞི་པའི་ནང་དུ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་མཚོ་ཕུ་རྡོ་ལོ་རིན་པོ་ཆེས་གདན་ཞུས་ལྟར་ལྷ་འབུམ་དགོན་དུ་བྱོན་ཞིང་། ཟངས་མདོག་དཔལ་རི་ལ་རབ་གནས་མཛད་དེ་འཇམ་དཔལ་སྐུ་ཡི་གནས་མཆོག་ཁ་བ་ལུང་རིའི་གནས་སྒོ་འབྱེད་པར་མཛད་སྐབས། ནམ་མཁའ་ནས་འཇའ་ཤར་ཞིང་མེ་ཏོག་གི་ཆར་བབས། གནས་ངོས་སུ་སྔར་མེད་ཀྱི་རང་བྱོན་མང་དུ་བྱུང་བ་སོགས་རྟགས་མཚན་ཆེས་ལེགས་པོ་བྱུང་བས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད། གཏེར་ལུང་ལས༔ ཨེ་མ༔ ཆོས་དབྱིངས་རང་མདངས་བཀོད་པ་རྒྱལ་བའི་ཞིང༔ སྐུ་གསུམ་ལྷུན་གྲུབ་བདེ་ཆེན་ཡེ་ཤེས་རྩལ༔ ཕྱི་སྣོད་འཇིག་རྟེན་ཞིང་དང་ནང་བཅུད་ལྷ༔ དག་པ་རབ་འབྱམས་གནས་ཡུལ་ཚོགས་དུ་མ༔ ཡོངས་སུ་བཀོད་པ་འཛམ་གླིང་བྱང་གི་ཕྱོགས༔ གངས་ཅན་ཤར་ཕྱོགས་རྨ་རི་ལྷོ་ཡི་ཆ༔ ཨ་ཛི་ཉག་སྟོད་ཏྲེ་ཤོད་ཧོར་གྱི་སྨད༔ ཁ་བ་ལུང་རི་མདོ་སྨད་གནས་ཀྱི་གཙོ༔ དཔལ་ལྡན་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས༔ རྒྱལ་བས་ལུང་བསྟན་བྱང་ཕྱོགས་རྟ་རྣ་རི༔ པདྨས་ལུང་བསྟན་དྲེལ་རྣ་འཛིན་གཉིས་པ༔ གནས་ཀྱི་བརྡ་རྟགས་རྫོགས་པའི་གངས་རི་ཟུང༔ ཞེས་དང་། སྔོན་གེ་སར་ནོར་རུ་དགྲ་འདུལ་གྱིས། སྟག་གཟིག་ནོར་རྫོང་ཕབ་ནས། ནོར་འགྱེད་བྱས་ཚེ་འབྲུ་གཡང་ཁྱུང་གི་སྒོ་ང་དེ། ཤོད་ཆེན་བཅོ་བརྒྱད་ལས་ཏྲེ་ཤོད་ཁ་བ་ལུང་རི་ལ་ཐོབ་པས། འདི་ཕྱོགས་འབྲུ་ཡི་བང་མཛོད་རྒྱས་ཤིང་བསོད་ནམས་བདེ་སྐྱིད་ལྡན་པའི་མི་རྒྱུད་དབྱར་མཚོ་ལྟར་རྒྱས་པ། སྐར་ཚོགས་ལྟར་བཀྲ་བ། ཉི་ཟླ་ལྟར་གསལ་བ། མདོ་ཁམས་སྒང་དྲུག་གི་གནས་བདག་ཀུན་གྱི་ནང་ནས་ས་ཕྱོགས་གང་ནས་བལྟས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་དཀར་ཟིང་ངེར་མངོན་པར་མཐོ་བ། དེ་ཡང་དུས་ཀྱི་འགྱུར་ཁུགས་ལྟར་རི་བོ་འདི་ཉིད་ཀྱང་། ཐོག་མ་དཀར་པོ་དུང་འདྲ། བར་དུ་ཁྲ་བོ་སྟག་འདྲ། ཐ་མ་ནག་པོ་ཕག་འདྲ་བར་འགྱུར་དུས་ཁམས་གསུམ་སྲོག་གི་བདག་པོར་འགྱུར་བའང་བཤད་དོ། །
གཉིས་པ་ནང་ལྟར་ན། རྒྱལ་བ་ཐུབ་པའི་དབང་པོས་ལུང་གིས་ཟིན་ཅིང་ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དགེ་སློང་ནམ་མཁའི་སྙིང་པོ། རྣམ་སྣང་ལོ་ཙཱ་བ་བཻ་རོ་ཙ་ན། སོག་པོ་དཔལ་གྱི་ཡེ་ཤེས། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་རྒྱ་བོད་ཀྱི་རིག་འཛིན་གྲུབ་བརྙེས་མང་དུ་བྱོན་ཅིང་བཞུགས་ཏེ་བྱིན་གྱིས་བརླབས་པའི་གནས། ཡི་དམ་བདེ་མཆོག་འཁོར་ལོའི་ཕོ་བྲང་། མ་གཤིན་ཌཱཀྐིའི་ཚོགས་ཀྱི་གནས་མཆོག་དཔལ་ལྡན་ཡེ་ཤེས་མགོན་པོའི་རྣམ་རོལ་དགེ་བསྙེན་མཆེད་གསུམ་བཞུགས་པའི་རྟེན་རྫོང་སྟེ། ཙཱ་རི་ཀོ་ཊ་ཡ་དང་འདུ་བ་མཉམ་ཞིང་། མདུན་གནས་པདྨ་ཤེལ་བྲག་སྟག་ཚང་ཕུག་བཀའ་བརྒྱད་ཀྱི་གནས་དངོས་དང་། ཕྱོགས་མཚམས་སུ་ཆེ་མཆོག །ཡང་དག་གཤིན་རྗེ། རྟ་མགྲིན། ཕུར་བ་སོགས་ཀྱི་གནས་སུ། སྐུ་དང་། སྲོག་ཡིག ཕྱག་མཚན། སྐུ་རྗེས་སོགས་མངོན་པར་བཀྲ་བ། གཞན་ཐུགས་རྗེ་ཆེན་པོའི་གནས་ལ་སྐུ་ཕྱག་སྟོང་སྤྱན་སྟོང་སྐུ་བརྙེན་དངོས་སུ་བཀྲ་བ། སྒྲོལ་མ། འཇམ་དཔལ། ཛམ་བྷ་ལྷ། སེང་གདོང་མ། གེ་སར། ཐང་ལྷ་རྣམས་ཀྱི་སྒྲུབ་གནས་སོ་སོའི་སྒྲུབ་ཕུག་དང་། དེ་དག་ཏུ། བཀའ་རྟགས། ཕྱག་རྗེས་གྲུབ་རྟགས་རང་བྱོན་ངོ་མཚར་ཅན་མཐོང་ཆོས་སུ་ཡོད་ཅིང་། དེ་ཡི་གནས་ཡིག་རྒྱས་པ་ཤོག་དྲིལ་བཅུ་དྲུག་ཙམ་བཞུགས་ཀྱང་དུས་འགྱུར་གྱི་དབང་གིས་གཏན་མེད་དུ་གྱུར་སོང་། དེང་འདིར་བཞུགས་པ་ཉུང་བསྡུས་ཏེ། རིག་འཛིན་འཇིགས་མེད་གླིང་པའི་སྐྱེ་སྤྲུལ། གཏེར་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་ཕབ་མཛད་པ་ཆུ་ཟླ་གར་བསྒྱུར་ཞེས་བཞུགས་པ་འདིའོ། །གནས་འདིར་སྔོན་རྗེ་སྒམ་པོ་བའི་སློབ་མ་མཆོག་གྱུར། ཁམས་པ་མི་གསུམ་ལས། གསལ་སྟོང་ཤྭ་སྒོམ་བྱོན་ཏེ་ཡུན་རིང་པོར་སྒྲུབ་པ་མཛད་ནས་བཞུགས་པའི་གནས་ཁྱད་པར་བ་ཞིག་ཡིན་པར་གསུངས་སོ། །
མཆན། གནས་ཡིག་འདི་གྲུབ་དབང་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོའི་གསུང་འབུམ་གླེགས་བམ་བཞི་པ་ལས་ཞལ་བཤུས་པའོ། །
༄༅། །ན་མོ་གུ་རུ། ཡུལ་གནས་ཀྱི་གསལ་བཤད་རྒན་པོའི་བརྡ་སྤྲོད་མདོར་བསྡུས་ཙམ་བརྗོད་པ་ལ། སྤྱིར་སེམས་ཅན་རང་རང་གི་བག་ཆགས་སྣ་ཚོགས་པའི་ལས་ཀྱི་རྣམ་པར་བཀྲམ་པའི་ཞིང་བསམ་གྱིས་མི་ཁྱབ་པ་སྣང་བ་ལས། བྱེ་བྲག་ཏུ་བསྐལ་བཟང་སངས་རྒྱས་སྟོང་གི་གདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས། གླིང་བཞིའི་ནང་ཚན་ལྷོ་འཛམ་བུ་གླིང་འདིར། ཡུལ་ཆེན་པོ་དྲུག་སྟེ། རྒྱ་གར་རྡོ་རྗེ་གདན། བོད་ཁ་བ་ཅན། ལི་ཡུལ་ལྕང་ར་སྨུག་པོ། རྒྱ་ནག་རི་བོ་རྩེ་ལྔ། བྱང་ཤམ་བྷ་ལ། རི་བོ་གངས་ལྡན་ཏེ་དྲུག་ལས། འདི་ནི་མདོ་སྡེ་པདྨ་དཀར་པོ་ལས་སྟོན་པ་ཐུབ་པའི་དབང་པོ་འོད་མའི་ཚལ་དུ་བཞུགས་པའི་ཚེ། མཛོད་སྤུ་ནས་འོད་ཟེར་བྱང་ཕྱོགས་སུ་སྤྲོས་ཏེ་ཞལ་འཛུམ་པ་མཛད་པས། བྱང་སེམས་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་ཞུས་པས། བཀའ་བསྩལ་པ། རིགས་ཀྱི་བུ། དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་འདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་སུ་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུག་སྟེ་སེམས་ཅན་དེ་རྣམས་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ནོ། །ཞེས་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་དང་། དགེ་བ་ཅན་གྱི་ས་ཕྱོགས་ནས། །བྱང་ཕྱོགས་གངས་རིའི་རྒྱུད་བར་དུ། །ལོ་ནི་ཆིག་སྟོང་ལྔ་བརྒྱ་ན། །དམ་པའི་ཆོས་ནི་འབྱུང་བར་འགྱུར། །ཞེས་སོགས་ལུང་བསྟན་པ་ལྟར། དང་པོ་བོད་འདི་མཚོ་ཆེན་པོར་གྱུར་པའི་དབུས་སུ་གངས་རི་ཆེན་པོ་རྟ་ཡི་རྣ་ཅོག་འདྲ་བ་ཞིག་ཡོད་པ་དེ་བྱང་ཕྱོགས་རྟ་རྣ་ཅན་གྱི་རི་ཞེས་གྲགས་པ་དེ། ཁ་བ་ལུང་རའི་འདི་ཡིན་ཏེ། གནས་བསང་ལས། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །མདོ་སྡེའི་ནང་དུ་ལུང་བསྟན་པ། །རྟ་རྣ་རི་ཞེས་བྱ་བར་གྲགས། །གྲུབ་པ་ཐོབ་པའི་གནས་སུ་བསྟན། །ཞེས་འབྱུང་ལ། མཚོ་དེ་རིམ་གྱིས་བྲི་ནས་སཱ་ལའི་ནགས་ཚལ་ཞིག་ཆགས་པར་གྱུར། དེར་འཕགས་པའི་ཐུགས་ལས་སྤྲུལ་པའི་སྤྲེའུ་ཞིག་ལ་དགེ་བསྙེན་གྱི་སྡོམ་པ་ཕོག་ནས། བོད་ཡུལ་འདྲེ་སྲིན་གྱི་ཡུལ་མི་རུ་བསྒྱུར་ཆེད། ཁམས་ཀྱི་རྨ་ལུང་བྲག་ཏུ་སྒོམ་སྒྲུབ་ལ་ཞུགས་ཚེ། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ཞིག་གིས། ཁྱིམ་ཐབ་དགོས་པའི་བརྡ་ཡང་ཡང་བསྐུལ་བར། འཕགས་པར་ཞུས་པས། གནང་ཞིང་བྱས་པས། སྤྲེའུ་ཕྲུག་དྲུག་སྐྱེས་པ་བོད་མིའུ་གདུང་དྲུག་ཏུ་གྲགས་ལ། དེ་ནས་རིམ་བཞིན་མི་རྒྱུད་འཕེལ་ཏེ། གདོང་དམར་བྷོ་ཊའི་ཡུལ་ཁ་བ་ཅན་ཞེས་སྣོད་བཅུད་གཞན་དང་མ་འདྲེས་པ། འཕགས་པ་སྤྱན་རས་གཟིགས་ཀྱི་བདག་གིར་བཞེས་པའི་ཡུལ་ཁྱད་པར་ཅན་ལ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ལས། མདོ་སྨད་ས་ཡི་ཐིག་ལེ། ཆུ་བཞི། རོང་བཞི། ཤོད་ཆེན་བཅོ་བརྒྱད། སོགས་ཀྱི་མཚན་པ་ལས། ཆུ་བོ་རྫ་ཆུ་འབབ་པའི་གཡོན་ཟུར། བྱང་ཨ་རྟ་རོང་གི་ཉེ་ཆར། ཏྲེ་ཤོད་ཉག་རོང་། དང་པོ་སྦས་ཡུལ་དུ་གནས་ཤིང་། བརྡ་རྟགས་ཨཱཿཡིག་གིས་ཁུང་སུ་འཛིན་པས། སྦས་ཡུལ་ཉག་ཤོད་ཨཿའཛིན་རོང་ཞེས་པ་དེ་ལས། སྦས་ཡུལ་སྒོ་ཕྱེས་ཏེ་ཨཱཿཡིག་དེ་ཕྱེད་ཕྱེད་བསྒོ་ནས་གནས་སྒོ་ཕྱེས་པས། ཡུལ་དེ་ལ་དང་པོ་ཨ་གསལ་དང་། རྗེས་ཨ་བསད་ཅེས་གྲགས་པ། ད་ལྟ་སྐད་ཟུར་ཆགས་ནས། ཨ་བསེ་ཞེས་པའི་ས་ཆ་འདི་ཡིན་ལ། ལུང་པའི་ཕར་ཚུར་དུ་ཨ་ཡིག་ཕྱེད་ཕྱེད་དུ་གནས་པར་གདའ། སྤྱིར་གངས་ཅན་གྱི་ལྗོངས་འདིར། ལུང་ལྔ། གླིང་གཅིག ལྗོངས་གསུམ། གངས་ཆེན་ཉེར་གཅིག སྦས་གནས་ཉེར་ལྔ་སོགས། ས་ཆུ་ཤིང་གངས་རི་བྲག་མཚོ་གླིང་སོགས་རྒྱལ་བའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དང་། གཞི་བདག་གྲངས་ཀྱིས་མི་ལོངས་ལ། བྱེ་བྲག་ཉག་ཨཱཿཛི་རོང་འདིར། ཉག་སྟོད་ཁ་བ་ལུང་རི་དེ་སེང་ལྕམ་མ་བུ་འདྲེས་འདྲ། ཉག་སྨད་སྐྱ་འབྱིན་སེང་ཉག་དེ་ནགས་ལ་སྟག་མོ་འགྱིང་འདྲ། བཞག་བྲ་ལྷ་རྩེ་གཉན་པོ་དེ་མཁའ་ལ་རི་དར་ཕྱར་འདྲ་སྟེ། གཞི་བདག་མཆེད་བློན་སྤུན་གསུམ་དང་། སྐུ་ཡི་གནས་ཞལ་དཀར་བྲག གསུང་གི་གནས་ཨ་གསལ་བྲག་དཀར། ཐུགས་ཀྱི་གནས་ཤང་ལང་བྲག་དཀར། ཡོན་ཏན་གནས་དགའ་བ་བྲག་དཀར། ཕྲིན་ལས་གནས་སྣ་ཆབ་བྲག་དཀར་སྟེ་སྐུ་ལྔའི་གནས་ཆེན་ལྔ་དང་། གཞན་ཡང་གནས་ཕྲན་མང་ངོ་། །དེ་ལས་ཁྱད་པར་དུ་གྱུར་པ་ནི། ཉག་སྟོད་ཁ་བ་ལུང་རི་འདི་ཡིན་ལ། དེ་ལ་ཕྱི་ནང་གསང་གསུམ་ལས། ཕྱི་ལྟར་ན་གངས་དཀར་དུང་གི་བཤོས་བཟང་ཆེ་ཆུང་གསུམ། རྩེ་མོ་མཁའ་ལ་བསྙེགས་ཤིང་འཇའ་ཚོན་བཀྲ་བ། སེང་གེ་དཀར་མོ་གཡུ་རལ་ཅན་གྱི་གནས། སྐེད་པ་སྤང་རི་བཀྲ་ཤིང་ནགས་ཚལ་རྒྱས་པ་ལ། རི་དྭགས་སྣ་ཚོགས་རྩེད་འཇོ་འཁྲབ་ཅིང་། གཅན་གཟན་སྣ་ཚོགས་ཀྱི་ངར་སྐད་སྒྲོག་པ། མཐར་ཆུ་བོ་གཡུ་ཡི་མཚོ་མོ་ལ། ཆུ་གནས་སྣ་ཚོགས་དང་གསེར་མིག་ཉ་མོས་ཉམས་འགྱུར་རྩེ་བ་སྟེ། རི་མཐོན་པོ་གནམ་གྱི་ཀ་བ། ས་དམའ་མོ་གཡུ་ཡི་མཎྜལ། གངས་དཀར་པོ་ཤེལ་གྱི་མཆོད་རྟེན། འོད་འཁྱིམ་བ་འཇའ་ཚོན་སྣ་ལྔ། བྱིན་ཆགས་པ་སྒྲུབ་གནས་བརྒྱ་རྩ། སྤང་སེར་པོ་གསེར་གྱི་མེ་ཏོག དབྱིབས་མཛེས་པ་པདྨ་སྟོང་ལྡན། དྲི་ཞིམ་པོ་སྨན་སྣའི་བདུག་སྤོས། བག་ཕེབས་པ་རི་དྭགས་རྩེད་བྲོ། ཉམས་དགའ་བ་བྱ་ཚོགས་སྐད་སྙན། ཆབ་ཆུ་བོ་ཡན་ལག་བརྒྱད་ལྡན། ནགས་ཕྱུག་མོའི་ཡལ་འདབ་རྒྱས་པ་སྟེ། གནས་ཀྱི་ཡོན་ཏན་ལྡན་པ། བཀྲ་ཤིས་པའི་ས་དཔྱད་ཀྱང་། གངས་རྩེ་གསུམ་མཁའ་ལ་བསྙེགས་པ། དར་དཀར་པོའི་རྒྱལ་མཚན་ཕྱར་འདྲ། ཆོས་བསྟན་པ་རྒྱས་པའི་རྟེན་འབྲེལ། དུང་དཀར་པོ་གཡས་སུ་འཁྱིལ་བ། དར་སྣ་ཚོགས་ཅོད་པན་བཏགས་འདྲ། དཔལ་སྙན་གྲགས་རྒྱས་པའི་རྟེན་འབྲེལ། མདུན་རི་བོ་གླང་ཆེན་འགྱིངས་འདྲ། སྤྲ་སྤྲེའུ་ཡངས་རྩལ་སྦྱོང་བ། ཉམས་རྟོགས་པ་རྒྱས་པའི་རྟེན་འབྲེལ། ཐང་ཆེན་པོ་དཔལ་གྱི་བེའུ། འབྲུ་སྣ་ཚོགས་སྨིན་པའི་ཞིང་ས། ཕྱུག་བང་མཛོད་རྒྱས་པའི་རྟེན་འབྲེལ། དེ་ལྟར་ཡ་མཚན་གྱི་ཁྱར་པར་དུ་མ་དང་ལྡན་པ་ལ། མཐའ་བསྐོར་དུ་རི་བོ་བརྒྱ་དང་རྩ་བརྒྱད། རི་ཕྲན་བརྒྱ་རྩ། ཆུ་བོ་བརྒྱ་རྩ། ཆུ་མིག་བརྒྱ་རྩ། མཚོ་ཆེན་བརྒྱ་དང་བརྒྱད། མཚོ་ཕྲན་སྟོང་དང་རྩ་གཉིས་ཀྱིས་བསྐོར་བའོ། །གནས་དེའི་བདག་པོ་ནི་ལུང་རི་མཆེད་གསུམ་སྟེ། སྔོན་བསྐལ་པ་དང་པོ་ལ། ཡབ་རྨ་རྒྱལ་སྦོམ་ར། ཡུམ་ཁྲི་ཤོར་རྒྱལ་མོ། ཞང་པོ་གཉན་ཆེན་ཐང་ལྷ་སྟེ། སྲས་རྩེ་བླ་བཅུ་གསུམ་ཡོད་པའི་ཆེ་བ་ལུང་རི་མཆེད་གསུམ་ཡིན།
དང་པོ་གཡུང་དྲུང་བོན་གྱི་ཐ་ཚིག་ལ་གནས་པས། ཆེ་བ་གཡུང་དྲུང་ལྷ་རྩེ། འབྲིང་བ་ཁ་བ་དུང་རྩེ། ཆུང་བ་སེང་གེ་སྟག་རྩེ། ཡུམ་ནི་ར་ཉ་བྲག་ནག སྲས་ལ་དམ་ངར་ལྷ་རྩེ་ཞེས་བཏགས་པས། གཡུང་དྲུང་བོན་གྱི་བསྟན་པ་སྐྱོང་བའི་རྟགས་ཕྱག་གཡས་ན་གཡུང་དྲུང་འཛིན་པའོ། །བར་དུ་རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་ཉིད་བོད་གངས་ཅན་གྱི་ལྗོངས་འདིར་གདུལ་བྱ་སྐྱོང་ཞིང་། ཆོས་མདོ་སྔགས་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་ཕྱིར། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ས་འདུལ་ཞིང་། བྲག་དམར་དཔལ་གྱི་ཀེའུ་ཚང་དུ། མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས། རྒྱ་བོད་ཀྱི་ལྷ་སྲིན་ཆེ་དགུ་ཐམས་ཅད་དམ་ལ་བཏགས་ཤིང་། ཆོས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་། རྗེས་འཇུག་བུ་ལྟར་སྐྱོང་བར་བཀའ་ཡི་གཉེར་གཏད་པའི་ཚེ། ལུང་རི་མཆེད་གསུམ་ལ། སྤྱི་བོར་རྡོ་རྗེ་བཞག ལྕེ་ལ་དམ་ཆུང་བླུད། སྲོག་གི་སྙིང་པོ་ཕུལ། དབང་རྟགས་རྡོ་རྗེ་ལག་ཏུ་བྱིན་ནས། གསང་ཚན། ཆེ་བ་གཡུང་དྲུང་རྡོ་རྗེ། འབྲིང་བ་མི་བསྐྱོད་རྡོ་རྗེ། ཆུང་བ་རོལ་པའི་རྡོ་རྗེ། ཡུམ་ལ་མེ་ལོང་བྲག་ནག སྲས་ནི་ལྷ་སྲས་ནམ་མཁའ་ཞེས་བཏགས་ལ། གཏེར་ཁ་སྟོང་དང་རྩ་གཉིས་དང་གསང་སྔགས་བཀའ་ཡི་གཉེར་སྐྱོང་གཏད། དེ་འོག་པདྨ་གསུང་གི་སྤྲུལ་པ། རབ་མིག་ཆོས་འབྱུང་ལ། དགེ་བསྙེན་གྱི་སྡོམ་པ་བླངས་ནས། གསང་སྔགས་ཀྱི་དབང་བསྐུར་ཏེ་ཆེ་བ་རྡོ་རྗེ་དཔལ་རྩེ། འབྲིང་བ་འོད་ཆེན་ཐང་ལྷ། ཆུང་བ་ལྷ་ཆེན་བཙན་རར། ཡུམ་ལ་ཨ་ནེ་མཚོ་སྨན། སྲས་ལ་ནམ་མཁའ་གཉེན་པོ་ཞེས་བཏགས་ཏེ། གསལ་བའི་འོད་ཟེར་ལུང་བསྟན་ནས། ནག་ཕྱོགས་འཇོམ་ཞིང་། དཀར་ཕྱོགས་སྐྱོང་བ་དང་། བསྟན་པའི་སྲུང་མར་བཞག གཏེར་ཁ་ལྔ་བརྒྱ་གཉེར་དུ་གཏད། དེ་ཡང་། ཞལ་གཟིགས་པ་ཧོར་གྱི་ཡུལ་ལ་གཟིགས། མགོན་བྱེད་པ་ཉག་གི་ཕྱོགས་ལ་མཛད། ཅེས་པ་ལྟར་ལ། འདིའི་འཁོར་དུ། ཆེ་བ་དགེ་བསྙེན་བརྒྱ་ཡིས་བསྐོར། འབྲིང་བ་བློན་པོ་བརྒྱ། ཆུང་བར་སྟག་ཆས་བརྒྱ། སྲས་ལ་ལྷ་སྲས་བརྒྱ། ཡུམ་ལ་ལྷ་མོ་ཀླུ་མོ་བརྒྱ་ཡིས་བསྐོར། ནང་བློན་བཞི་ནི་རུས་སྦལ་གནམ་ལྟས་ལྕགས་ཁྲབ་ཅན། ལྕགས་ཁྲབ་ཅན་ལ་བརྒྱ་ཡིས་བསྐོར། ཁ་བ་ལྷ་ཁང་དུང་ཁྲབ་ཅན། དུང་ཁྲབ་ཅན་ལ་བརྒྱ་ཡིས་བསྐོར། རྨེ་རྒྱལ་ལྷ་ཕྱུག་གསེར་ཁྲབ་ཅན། གསེར་ཁྲབ་ཅན་ལ་བརྒྱས་བསྐོར། ར་ནུ་རྣམ་གཉིས་དངུལ་ཁྲབ་ཅན། དངུལ་ཁྲབ་ཅན་ལ་བརྒྱས་བསྐོར། ཕྱི་ཡི་བློན་པོ་བཞི་ནི། བུ་མོ་སྤུན་གསུམ་སྨན་གྱི་གཙོ། །སྨན་མོ་གླུ་ལེན་སྟོང་གིས་བསྐོར། །སེ་ར་གཉེན་པོ་གཉེན་གྱི་གཙོ། གོ་མཚོན་ཐོག་པ་སྟོང་གིས་བསྐོར། །མོ་ནམ་མཆེད་བརྒྱད་ཀླུ་ཡི་གཙོ། །མི་དཀར་རྟ་དཀར་སྟོང་གིས་བསྐོར། །དང་མོ་གཉེན་པོ་བསྭེ་ཁྲབ་ཅན། །བཙན་རྒོད་འབར་བ་སྟོང་གིས་བསྐོར། །གཞན་ཡང་། ཁ་ཏི་གཡུ་མཚོ་མཚོ་སྨན་བརྒྱད། ལྷ་སྨན་ཀླུ་སྨན་འབུམ་འབུམ་དང་། སྒོ་སྲུང་འབུམ་སྒོ་སྟག་ཐུལ་སྟག་ཞྭ་ཅན། སྟག་སྒོ་གཡུ་རབ་གཟིག་ཤུབ་ཅན། དཀར་མོ་དམར་མོ་འབིག་མོ་ལ། ལྷ་མོ་ཀླུ་མོས་སྐུ་ཁྲུས་གསོལ། ཡང་འཁོར་བྱེ་བ་འབུམ་སྡེས་ཚོགས་ཀྱིས་བསྐོར་བར་གསུངས། དེ་ལྟ་བུའི་གནས་དང་གཞི་བདག ཀི་ཀིས་བོས་ན་མགོན་མཛད་པ། བསྭོ་བསྭོས་བསྐུལ་ན་གྲོགས་བྱེད་པ། དྲག་རྩལ་ཐོག་ལྟ་བུ། མྱུར་མགྱོགས་གློག་ལྟ་བུའི་རྫུ་འཕྲུལ་དང་ལྡན་པ། སྐྱེས་པ་ཕོ་ཡི་དགྲ་བླ། དགྲ་རྐུན་ཇག་གསུམ་གྱི་གཉའ་གནོན། དམ་ཉམ་སྲོག་གི་གཤེད་མ། ཟ་མ་མོ་ཡི་ཁ་འཛིན། ཟས་ནོར་གཡང་གི་མཚོ་མོ། བདེ་སྐྱིད་སྤེལ་བའི་བདག་པོ། སྔོན་གེ་སར་ནོར་བུ་དགྲ་འདུལ་གྱིས། སྟག་གཟིག་ནོར་རྫོང་ཕབ་ནས་ནོར་འབྱེད་བྱེད་དུས། འབྲུ་གཡང་ཁྱུང་གི་སྒོ་ང་དེ། ཤོད་ཆེན་བཅོ་བརྒྱད་ལས། བྲེ་ཤོད་ཁ་བ་ལུང་རི་ལ་ཐོབ་པས། འདི་ཕྱོགས་འབྲུ་ཡི་བང་མཛོད་རྒྱས་ཤིང་། བསོད་ནམས་བདེ་སྐྱིད་ལྡན་པ། མི་རྒྱུད་གཡར་མཚོ་ལྟར་རྒྱས་པ། སྐར་ཚོགས་ལྟར་བཀྲ་བ། ཉི་ཟླ་ལྟར་གསལ་བ། མདོ་ཁམས་སྒང་དྲུག་གི་གནས་བདག་ཀུན་གྱི་ནང་ནས། ས་ཕྱོགས་གང་ནས་བལྟས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་དཀར་ཟང་ངེ་བ། མངོན་པར་མཐོང་བ། དེ་ཡང་དུས་ཀྱི་འགྱུར་ཁུག་ལྟར། རི་བོ་འདི་ཉིད་ཀྱང་ཐོག་མ་དཀར་པོ་དུང་འདྲ། བར་དུ་ཁྲ་བོ་སྟག་འདྲ། ཐ་མ་ནག་པོ་ཕག་འདྲ་འགྱུར་དུས་ཁམས་གསུམ་སྲོག་གི་བདག་པོར་འགྱུར་བར་བཤད་དོ། །
གཉིས་པ་ནང་ལྟར་ན། རྒྱལ་བ་ཐུབ་པའི་དབང་པོས་ལུང་གིས་ཟིན་ཞིང་། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དགེ་སློང་ནམ་མཁའི་སྙིང་པོ། རྣམ་སྣང་ལོ་ཙཱ་བཻ་རོ་ཙ་ན། སོག་པོ་དཔལ་གྱི་ཡེ་ཤེས། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་རྒྱ་བོད་ཀྱི་རིག་འཛིན་གྲུབ་བརྙེས་མང་དུ་བྱོན་ཞིང་བཞུགས་སྟེ་བྱིན་གྱིས་བརླབས་པའི་གནས། ཡི་དམ་བདེ་མཆོག་འཁོར་ལོའི་ཕོ་བྲང་། མ་གཤིན་ཌཀྐི་ཚོགས་ཀྱི་གནས་མཆོག དཔལ་ལྡན་ཡེ་ཤེས་མགོན་པོའི་རྣམ་རོལ། དགེ་བསྙེན་མཆེད་གསུམ་བཞུགས་པའི་རྟེན་རྫོང་ཏེ། ཙ་རི་ཀོ་ཊ་ཡ་དང་འདུ་བ་མཉམ་ཞིང་། མདུན་གནས་པདྨ་ཤེལ་བྲག་སྟག་ཚང་ཕུག་བཅས་ཀྱི་གནས་དངོས་དང་ཕྱོགས་མཚམས་སུ། ཆེ་མཆོག ཡང་དག གཤིན་རྗེ། རྟ་མགྲིན། ཕུར་པ་སོགས་ཀྱི་གནས་སུ། སྐུ་དང་། སྲོག་ཡིག ཕྱག་མཚན སྐུ་རྗེས་སོགས་མངོན་པར་བཀྲ་བ། གཞན་ཐུགས་རྗེ་ཆེན་པོ་གནས་ལ་སྐུ་ཕྱག་སྟོང་སྤྱན་སྟོང་སྐུ་བརྙན་དངོས་སུ་བཀྲ་བ། སྒྲོལ་མ། འཇམ་དཔལ། ཛཾ་བྷ་ལ། སེང་གདོང་མ། གེ་སར། ཐང་ལྷ་རྣམས་ཀྱི་སྒྲུབ་གནས་སོ་སོར་སྒྲུབ་ཕུག་དང་དེ་དག་ཏུ། བཀའ་རྟགས། ཕྱག་རྗེས། གྲུབ་རྟགས་རང་བྱོན་ངོ་མཚར་ཅན་མཐོང་ཆོས་སུ་ཡོད་ཅིང་། དེ་ཡི་གནས་ཡིག་རྒྱས་པ་ཤོག་དྲིལ་བཅུ་དྲུག་ཙམ་བཞུགས་ཀྱང་དུས་འགྱུར་གིས་གཏོར་ཏེ་གཏན་མེད་དུ་གྱུར་སོང་། དེང་འདིར་བཞུགས་པ་ཉུང་བསྡུས་དེ། རིག་འཛིན་འཇིགས་མེད་གླིང་པའི་སྐྱེ་སྤྲུལ། གཏེར་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་ཕབ་མཛད་པ་ཆུ་ཟླ་གར་བསྒྱུར་ཞེས་བཞུགས་པ་འདིའོ། །གནས་འདིར་སྔོན་རྗེ་སྒམ་པོ་པའི་སློབ་མ་མཆོག་གྱུར། ཁམས་པ་མི་གསུམ་ལས། གསལ་སྟོང་ཤྭ་སྒོམ་བྱོན་ཏེ་ཡུན་རིང་བཞུགས་ཤིང་དེའི་སློབ་མ་སྣང་སེམས་ལ་རང་དབང་ཐོབ་པ་སྐར་ཚོགས་ཙམ་བྱོན་ཅིང་། རྩ་རླུང་ལ་གྲུབ་པ་ཐོབ་པས། དེ་དག་གིས་བཞུགས་གནས། བྱ་ཕྱག འགུར་ཐོག དགོན་ཉིན། སྤྱན་སྔ་རི་ཁྲོད། མཚོ་འབྲོག་སྟོད་སྨད། ཆུ་ཕྱར། རྫ་དམར། གཡང་སྙིང་མགོ འབྲུག་ཆིབས་འགོར་སོགས་བཅས་ལ། རྡོ་ཡི་སྒྲུབ་ཁང་གྲུ་བཞི་འདོམ་གང་བ་མང་དུ་བཞུགས་ལ་བཅུ་ཕྲག་འགའ་རེ་ད་ལྟའང་མ་ཞིག་པ་མཇལ་དུ་ཡོད་ཅིང་། འདི་དག་ཏུ་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་ཟླ་ཤར་བ་བཞིན་བཞུགས་ཅིང་། ཟག་མེད་འཇའ་ལུས་སུ་འགྲུབ་པ་ཡང་མང་དུ་བྱོན། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ། རྡོ་གྲུབ་ཆེན་རིན་པོ་ཆེ་སོགས་བྱོན་ཅིང་ཙྭ་གདན་ཀྱང་པ་རེ་ཙམ་སྟེང་ཡུན་རིང་བཞུགས་ཅིང་། འགུར་བཞེས་པའི་གསུང་སྙེན་ལ། བྱ་བྱེའུ་རི་དྭགས་སོགས་ཀྱི་ཉན་ཏེ་མདུན་དུ་འདུག་པས་གནས་དེར་འགུར་ཐོག་ཞེས་མིང་ཐོག་པ། གཡུ་འབྲུག་ཆིབས་ནས་བྱོན་པས། འབྲུག་ཆིབས་མགོ་ཞེས་གྲགས་པ་སོགས་དེ་དག་གིས་རྣམ་ཐར་ན་གསལ། རྗེས་སུ་ཁྲོམ་དགེ་མཁའ་སྤྱོད་ཀློང་ཆེན་འོད་གསལ་སྙིང་པོ་བྱོན་ནས་འཇའ་ལུས་སྒྲུབ་ཕུག་ཏུ་བཞུགས་སྐབས། སྐྱེ་སྔོན་འཇའ་ལུས་གྲུབ་པ། རྗེས་དྲན་གིས་གཟིམ་མལ་འོག་ནས། ཏིང་ཤག་བླང་ད་ལྟ་ཁྲོམ་དགའི་བརྟན་སྒམ་དུ་བཞུགས་པ་དང་། གྲུབ་ཆེན་པདྨ་བདུད་འདུལ། ཁྲོ་ཟུར་དྷརྨ་བཛྲ། བདུད་འདུལ་འཇའ་ཚོན་གླིང་པ་སོགས་བྱོན་ནས་བཞུགས་ཤིང་གཏེར་ཁ་མང་དུ་བཞེས་པ་སོགས་ལོ་རྒྱུས་མང་ངོ་། །
གསུམ་པ་གསང་བ་ལྟར་ན། རང་སྣང་སྤྲུལ་སྐུའི་ཞིང་མཆོག་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་གི་བཀོད་པ་ལྷུན་གྱིས་གྲུབ་པ་ན། ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། འཁོར་རྗེ་འབངས་རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ལ། ཆོས་སྟོན་ནས་བཞུགས་པ་སོགས་སྐྱེས་མཆོག་དག་པའི་སྣང་ངོར་བསམ་གྱིས་མི་ཁྱབ་ཏེ་གང་ཟག་རང་སྐལ་དུ་སྣང་བ་ཉིད། ཇི་སྐད་དུ། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་ཆེན་ཞིང་ཡང་ངན་སོང་གནས་སུ་སྣང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་འགྲོའི་གནས་ཀྱང་དགའ་ལྡན་ལྷ་ཡི་གནས། །ཞེས་གསུངས་པ་ལྟར་དག་དང་མ་དག་རང་རང་གི་མཐོང་སྣང་འགོགས་དུ་མེད་ལ། དུས་རྒྱུན་པར་ཚེས་བཟང་དུས་བཟང་ལ། རྔ་དང་། མཁར་རྔ། གླིང་བུ། སིལ་སྙན། དུང་སྐད་སོགས་ཀྱི་སྒྲ་ཐོས་པ་ཡང་མང་དུ་ཡོད། དེ་ལྟ་བུའི་ཡ་མཚན་དང་ལྡན་པའི་གནས་འདི་ནི། བརྒྱུད་པ་གསུམ་གྱི་བྱིན་རླབས་འཛིན་པ། དཀོན་མཆོག་གསུམ་གྱི་བསྟན་པ་སྲུང་བ། བདེན་པ་གསུམ་གྱི་ཆོས་འཁོར་བསྐོར་བ། དགོས་འདོད་གསུམ་གྱི་ཆར་པ་འབེབས་པ། སྲིད་པ་གསུམ་ལ་བྱ་ར་མཛད་པའི་འཕྲིན་ལས་རྩལ་དང་ལྡན་པ་སྟེ། དེ་ལ་སྤྲེལ་ལོ་ནམ་ཤར་གྱི་ཚེ་ཟླ་བ་དང་པོ་ནས། དྲུག་པའི་བར་དང་གནས་འདུས་ཆེ་ཚེ་ཟླ་བ་དང་པོ་ནས་གསུམ་པའི་བར། འཛམ་གླིང་གི་གནས་ཡུལ་ཀུན་ནས་ཞིང་སྐྱེས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ་བའི་དུས་ཚིགས་ལ། ཕྱག་མཆོད་མར་མེ། ཇོ་དར། བསང་མཆོད་ཕུལ་བ་སོགས་དགེ་བ་གང་འགྲུབ་དང་། རྩེ་བསྐོར། བར་བསྐོར། མཐའ་བསྐོར་སོགས་སྡིག་སྤོང་དགེ་སྒྲུབ་བགྱི་བ་ལ། སྟོང་འགྱུར་གྱིས་འགྱུར་སྟོབས་ཆེ་ཞིང་། ལྷག་པར་བསྐོར་བ་གཅིག་ལ་མ་ཎི་དུང་བཅུ་གསུམ། སི་དྡྷི་དུང་བདུན་སོགས་ཀྱི་ཕན་ཡོན་ཡོད་པར་གསུང་ཞིང་། དེ་ཚུལ་ཡུལ་འདིར་ཡང་སྔར་སྲོལ་གོམ་གཤིས་ལ། ས་ཕྱོགས་རི་རྒྱུད་གནས་མཐའ་ཚུན། རི་རྒྱ་རྔོན་ཁྲིམས། རྐུ་རྒྱ་ཇག་ཁྲིམས། མི་ཚེ་མི་རབས་ལ་གནས་གཞི་ལ་གནོད་པའི་ཕག་དང་། བོང་བུ་མི་གསོ་བའི་སྲོལ་ཁྲིམས་བཅས་པ་ཡ་རབས་བཟང་པོའི་སྤྱོད་པས་རྟག་ཏུ་འཚོ་ཞིང་གནས་པ་ལ། རྗེས་འཇུག་ཕྱི་རབས་པས་ཀྱང་དེ་དེ་བཞིན་དུ་སྒྲུབ་པར་གལ་ཆེ་བར་གདམས་སོ། །དེ་སྐད་རིགས་རྒྱུད་རྒྱ་ལས་སྐྱེས་ཤིང་། མི་ཚེ་བོད་དུ་སྐྱེལ་བའི་མཚོ་རྡོ་མིང་རིག་འཛིན་རྒན་པོ་རང་ལོ་དོན་གཅིག་པར་ཆུ་ལུག་ཟླ་གསུམ་པའི་ཚེས་བཅུ་ལ་བྲིས་པ་འདིས་ཀྱང་རྣམ་མཁྱེན་སངས་རྒྱས་མྱུར་འགྲུབ་ཤོག དགེའོ། །
མཆན། ༡.ལྷ་འབུམ་དགོན་པས་འདོན་སྤྲོད་གནང་བའི་མཚོ་ཕུ་རྡོ་ལོ་པདྨ་འགྱུར་མེད་རྒྱ་མཚོའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ། །
༄༅། །ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི། གནས་ཆེན་ཁ་བ་ལུང་རིའི་དཀར་ཆག་གསོལ་མཆོད་བཀོད་པ་ནི། ཀྱེ༔ འཛམ་གླིང་ཁ་བའི་བྱང་ཕྱོགས་ནས༔ གངས་དཀར་རྩེ་མཐོ་གཉན་པོའི་རི༔ གངས་དཀར་དུང་གི་བཤོས་བཟང་ལ༔གཞི་བདག་གཡུང་དྲུང་རྡོ་རྗེ་ཞེས༔ ཅོད་པན་ཤེལ་གྱི་ཟུར་ཕུད་ལ༔ གསལ་བའི་འོད་ཟེར་རྒྱུད་མ་ནི༔ ཉི་ཟླ་ཟུང་ཞི་རྟག་ཏུ་འཁོར༔ སྐར་ཕྲེང་ལྟ་བུར་བཀྲ་བའི་གནས༔ འཇའ་ཚོན་སྣ་ལྔའི་སྦྲ་གུར་བསྐོར༔ བོད་ཡུལ་མདོ་ཁམས་སྒང་དུ་གྲགས༔ སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱི༔ མདོ་སྡེ་ནང་དུ་ལུང་བསྟན་པ༔ རྟ་རྣ་རི་ཞེས་བྱ་བར་གྲགས༔ གྲུབ་པ་ཐོབ་པའི་གནས་སུ་སྟོན༔ གནས་མཆོག་དེ་ཡི་མཚན་ཉིད་ནི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་འདི་ཉིད་དུང་ལས་གྲུབ༔ གླིང་བཞི་མི་འགྱུར་རྟག་བཞི་ལ༔ ཆུ་བཞི་འབབ་པ་རྒྱལ་བའི་གསུང༔ ཀླུ་བདུད་ནག་པོ་རྗེས་སུ་འབྲང༔ ཀུན་དགའ་གཞོན་ནུས་ཕོ་ཉ་མཛད༔ རྡོ་རྗེ་ཕག་མོའི་ཚོགས་ཁང་གནས༔ བདེ་མཆོག་འཁོར་ལོའི་ཕོ་བྲང་ཡིན༔ དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ཏེ༔ དུང་སེང་དཀར་མོ་རྩེ་ལ་བབས༔ ལྷ་ཆེན་བརྒྱད་ཀྱི་བཞུགས་གནས་ཡིན༔ ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་སྟེ༔ སྐལ་ལྡན་བྱང་ཆུབ་སྒྲུབ་པའི་གནས༔ སེང་ཁྱུང་ལྟ་བུར་སྒོམ་ཆེན་བཞུགས༔ ཕྱི་རབ་སྐལ་ལྡན་སྤྲིན་ལྟར་གཏིབ༔ སྨན་ནུས་པ་ཅན་རྣམས་འཁྲུངས་པའི་གནས༔ མེ་ཏོག་སྣ་ཚོགས་བཀྲ་བའི་གླིང༔ སྤུ་སྡུག་རི་དྭགས་སྣ་ཚོགས་འཁོར༔ སྐད་སྙན་བྱ་རིགས་འདུ་བའི་གནས༔ གནས་མཆོག་དེ་ཡི་ཟོ་དོར་ལ༔ རི་བོ་བརྒྱ་དང་བརྒྱད་ཀྱིས་བསྐོར༔ རི་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར༔ ཆུ་བོ་བརྒྱ་དང་བརྒྱད་ཀྱིས་བསྐོར༔ ཆུ་མིག་བརྒྱ་དང་བརྒྱད་ཀྱིས་བསྐོར༔ མཚོ་མོ་བརྒྱ་དང་བརྒྱད་ཀྱིས་བསྐོར༔ མཚོ་ཕྲན་སྟོང་དང་རྩ་གཉིས་བསྐོར༔ གྲུབ་ཆེན་བརྒྱད་ཅུ་བཞུགས་པའི་རྟགས༔ བཀའ་རྒྱུད་གསེར་ཕྲེང་ལུང་ཡང་བསྟན༔ མ་མགོན་ལྕམ་དྲལ་དུར་ཁྲོད་ཡིན༔ སྐལ་ལྡན་ལས་ཅན་ཐར་ལམ་གནས༔ སྲིད་པའི་མགུར་ལྷ་བཅུ་གསུམ་དང༔ དམ་ཅན་བརྟན་མ་བཅུ་གཉིས་དང༔ བོད་ཀྱི་རྩེ་ལྷ་བཅུ་གསུམ་སོགས༔ ཀུན་གྱི་གཙོ་ལ་བཞུགས་པ་ནི༔ རིན་ཆེན་ཤེལ་གྱི་ཟུར་ཕུད་ལ༔ དགྲ་བཅོམ་སྟོང་དང་ལྔ་བརྒྱ་བཞུགས༔ འཇའ་ཚོན་སྤེལ་མས་གདུག་ཁང་མཛེས༔ དེ་ན་བཞུགས་པའི་གནས་བདག་ནི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཡབ་ནི་རྨ་རྒྱལ་སྤོམ་ར་བཞུགས༔ ཡུམ་ནི་ཁྲི་ཤོར་རྒྱལ་མོ་ལ༔ ཞང་པོ་གཉན་ཆེན་ཐང་ལྷ་སྟེ༔ སྲས་ནི་རྩེ་ལྷ་བཅུ་གསུམ་ནི༔ ཆེ་བ་ལུང་རི་མཆེད་གསུམ་ནི༔ གཡུང་དྲུང་བོན་གྱི་མཚན་གསོལ་བ༔ ཆེ་བ་གཡུང་དྲུང་ལྷ་རྩེ་དང༔ འབྲིང་བ་ཁ་བ་དུང་རྩེ་དང༔ ཆུང་བ་སེང་གེ་སྟག་རྩེ་དང༔ ཡུམ་ནི་ར་ཉ་བྲག་ནག་དང༔ སྲས་ནི་དམ་ངར་ལྷ་རྩེ་ཡིན། གཡུང་དྲུང་བོན་གྱི་བསྟན་པ་སྲུང༔ དེ་འོག་བསྐལ་པ་བར་མ་ལ༔ སློབ་དཔོན་པད་མ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་པའི་ཚེ༔ ཁྱོད་ཀྱི་སྲོག་གི་སྙིང་པོ་ཕུལ༔ སྤྱི་བོར་དམ་ཚིག་རྡོ་རྗེ་བཞག༔ ལྕེ་ལ་དམ་ཚིག་བདུད་རྩི་བླུད༔ དབང་རྟག་རྡོ་རྗེ་ལག་ཏུ་བྱིན། ཁྱེད་ལ་གསང་བའི་མཚན་བཏག་པ༔ ཆེ་བ་གཡུང་དྲུང་རྡོ་རྗེ་དང༔ འབྲིང་བ་མི་བསྐྱོད་རྡོ་རྗེ་དང༔ ཆུང་བ་རོལ་པའི་རྡོ་རྗེ་བཏགས༔ ཡུམ་ནི་མེ་ལུང་བྲག་ནག་དང༔ སྲས་ལ་ནམ་མཁའི་མིང་དུ་བཏགས༔ གཏེར་ཁ་སྟོང་དང་རྩ་གཉིས་དང༔ གསང་སྔགས་བཀའི་གཉེར་དུ་གཏད༔ དེ་འོག་བསྐལ་པ་ཐ་མ་ལ༔ པདྨ་གསུང་གི་སྤྲུལ་པ་ནི༔ སྤྲུལ་སྐུ་རབ་མིག་ཆོས་འབྱུང་ལ༔ དགེ་བསྙན་སྡོམ་པ་བླངས་པའི་ཚེ༔ གསང་སྔགས་དཀྱིལ་འཁོར་དབང་ཡང་བསྐུར༔ ཁྱེད་ལ་གསང་བའི་མཚན་གསོལ་བ༔ ཆེ་བ་རྡོ་རྗེ་དཔལ་བརྩེགས་དང༔ འབྲིང་བ་འོད་ཆེན་ཐང་ལྷ་དང༔ ཆུང་བ་ལྷ་ཆེན་བཙན་དྲ་དང༔ ཡུམ་ལ་མཚོ་སྨན་ཞེས་ཀྱང་བྱ༔ སྲས་ནི་ནམ་མཁའི་གཉན་པོ་སྟེ༔ རྒྱལ་བའི་འོད་ཟེར་ལུང་ཡང་སྟོན༔ དེའི་བསྟན་པ་སྲུང་བར་བསྐོས།
གཏེར་ཁ་ལྔ་བརྒྱ་གཉེར་དུ་གཏད༔ གཟིགས་ནི་ཕར་རྒྱབ་ཡུལ་ལ་གཟིགས༔ མགོན་ནི་སེང་ཁྱུང་སྦྲ་ལ་མགོན༔ དེ་ལྟར་ཁས་བླངས་དམ་བཅས་པ༔ གསང་སྔགས་བཀའི་བསྟན་སྲུང་སྟེ༔ ཆེ་བ་དགེ་བསྙེན་བརྒྱའི་བསྐོར༔ འབྲིང་བ་བློན་པོ་བརྒྱའི་བསྐོར༔ ཆུང་བ་སྟག་ཆས་བརྒྱའི་བསྐོར༔ ཡུམ་ལ་ལྷ་མོ་ཀླུ་མོ་བརྒྱའི༔ སྲས་ལ་ལྷ་སྲས་བརྒྱའི་བསྐོར༔ ནང་གི་བློན་ཆེན་བཞི་ཡིས་བསྐོར༔ རུ་སྦལ་གནམ་ལྟས་ལྕགས་ཁྲབ་ཅན༔ ལྕགས་ཁྲབ་ཅན་ལ་བརྒྱའི་བསྐོར༔ ཁ་བ་ལྷ་ཁང་དུང་ཁྲབ་ཅན༔ དུང་ཁྲབ་ཅན་ལ་བརྒྱའི་བསྐོར༔ རྨ་རྒྱལ་ལྷ་ཕྱུག་གསེར་ཁྲབ་ཅན༔ གསེར་ཁྲབ་ཅན་ལ་བརྒྱའི་བསྐོར༔ ར་ནུ་རྣམས་གཉིས་དངུལ་ཁྲབ་ཅན༔ དངུལ་ཁྲབ་ཅན་ལ་བརྒྱའི་བསྐོར༔ ཕྱིའི་བློན་པོ་ཆེན་པོ་བཞི༔ བུ་མོ་སྤུན་གསུམ་སྨན་གྱི་གཙོ༔ སྨན་མོ་གླུ་ལེན་ཀྱུ་རུ་རུ༔ མི་དམར་རྟ་དམར་ཤ་ར་ར༔ སེ་ར་གཉེན་པོ་གཉེན་གྱི་གཙོ༔ མི་སེར་རྟ་སེར་སྟོང་གིས་བསྐོར༔ གོ་ཆ་སིལ་སྒྲ་སི་ལི་ལི༔ མཚོན་ཆ་འོད་མདངས་ལྷངས་སེ་ལྷང༔ མོ་རྣམས་མཆོད་བརྒྱད་ཀླུའི་གཙོ༔ མི་དཀར་རྟ་དཀར་སྟོང་གིས་བསྐོར༔ ཀླུའི་དམག་དཔུང་ཤ་ར་ར༔ དང་མོ་གཉེན་པོ་བསྭེ་ཁྲབ་ཅན༔ བཙན་རྒོད་འབར་བ་སྟོང་གིས་བསྐོར༔ བཙན་གྱི་བསྭོ་སྒྲ་ཏི་རི་རི༔ ཁྭ་ཏི་གཡུ་མཚོ་མཚོ་སྨན་བརྒྱད༔ ལྷ་སྨན་ཀླུ་སྨན་འབུམ་གྱིས་བསྐོར༔ འབུམ་སྒོ་སྟག་ཐུལ་སྟག་ཞྭ་ཅན༔ སྟག་སྒོ་གཡུ་རལ་གཟིག་ཤུབ་ཅན༔ དཀར་མོ་དམར་མོ་འབིག་མོ་ལ༔ ལྷ་མོ་ཀླུ་མོ་སྐུ་ཁྲུས་གསོལ༔ ཡང་སྤྲུལ་བྱེ་བ་འབུམ་སྡེས་བསྐོར༔ ཀུན་ཀྱང་རྫུ་འཕྲུལ་རྟ་ལ་ཆིབས༔ སྐུ་ལ་གོ་ཆ་སྣ་ཚོགས་གསོལ༔ དབུ་ལ་ཤེལ་གྱི་རྨོག་མོ་གསོལ༔ དར་འཕྲུ་རྒོད་འཕྲུ་ལྡེམ་སེ་ལྡེམ༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ ཉག་ཕྲན་མདའ་འཕེན་ཤ་ར་ར༔ མཁར་ལུང་ཡངས་པ་ཐམས་ཅད་ཀུན༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཅི་ལྟར་ཁས་བླངས་དམ་བཅས་བཞིན༔ མཆོད་པའི་གནས་འདིར་སྤྱན་འདྲེན་ནས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ༔ བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་བསྒྲལ་ཕྱིར་གཤེགས་སུ་གསོལ༔ རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ སྡོང་གྲོགས་མཛད་ཕྱིར་གཤེགས་སུ་གསོལ༔ བསོད་ནམས་རྒྱས་ཕྱིར་གཤེགས་སུ་གསོལ༔ བཀོར་ནོར་འཕེལ་ཕྱིར་གཤེགས་སུ་གསོལ༔
ཆགས་ཉམས་བསྐང་ཕྱིར་གཤེགས་སུ་གསོལ༔ དགྲ་སྣ་བཟློག་ཕྱིར་གཤེགས་སུ་གསོལ༔ བྱ་ར་མཛད་ཕྱིར་གཤེགས་སུ་གསོལ༔ ལམ་ལྷ་མཛད་ཕྱིར་གཤེགས་སུ་གསོལ༔ དགྲ་དཔུང་ཐུལ་ཕྱིར་གཤེགས་སུ་གསོལ༔ བགེགས་དཔུང་འཇོམས་ཕྱིར་གཤེགས་སུ་གསོལ༔ འཁོར་འདས་གནས་འདིར་གཤེགས་སུ་གསོལ༔ འདིར་བྱོན་དགྱེས་པའི་གདན་ལ་བཞུགས༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ དཀར་གསུམ་དམར་གསུམ་གྱི་ལི་ལི༔ ཕྱེ་མར་ཞལ་ཟས་དཔུང་སེ་དཔུང༔ དྲི་ཞུམ་དུད་པ་ཕྱུ་རུ་རུ༔ དྲི་བཟང་སྤོས་ངད་ཐུ་ལུ་ལུ༔ སིལ་སྙན་རོལ་མོ་འུ་རུ་རུ༔ རྩི་ཤིང་དུད་པ་ཕྱུ་རུ་རུ༔ འཕེན་དང་བླ་བྲེ་ལྷབ་སེ་ལྷབ༔ གདུག་དང་བ་དན་ཡོང་སེ་ཡོང༔ རི་དྭགས་སྣ་ཚོགས་ཐ་ར་ར༔ གཅན་གཟན་འདུར་སྒྲ་ཁྲ་ལ་ལ༔ འདབ་ཆགས་གཤོག་སྒྲ་སི་རི་རི༔ གཡུང་དྭགས་ཐམས་ཅད་སྒ་ར་ར༔ ཕྱི་ནང་གསང་བའི་མཆོད་སྤྲིན་འདི༔ ཁ་བ་ལུང་རི་འཁོར་བཅས་མཆོད༔ དྲི་བཟང་སྣ་ཚོགས་དུད་པ་འདི༔ ཁ་བ་ལུང་རི་འཁོར་བཅས་བསང༔ དགྲ་བགེགས་ཤ་ནི་རི་ལྟར་སྤུང༔ ཁ་བ་ལུང་རི་འཁོར་བཅས་བསང༔ དགྲ་བགེགས་ཁྲག་ནི་མཚོ་ལྟར་སྐྱིལ༔ ཁ་བ་ལུང་རི་འཁོར་བཅས་བསང༔ དགེ་བགེགས་རུས་ནི་བྲག་ལྟར་བརྩེགས༔ ཁ་བ་ལུང་རི་འཁོར་བཅས་བསང༔ ལུང་རི་མཆེད་གསུམ་འཁོར་བཅས་ལ༔ ལྷ་རྫས་ཕྱིའི་མཆོད་པ་འབུལ༔ སྒྲུབ་རྫས་ནང་གི་མཆོད་པ་འབུལ༔ གཉིས་མེད་གསང་བའི་མཆོད་པ་འབུལ༔ དམ་རྫས་རྒྱན་གྱི་གཏོར་མ་འབུལ༔ གསེར་སྐྱེམས་བདུད་རྩིའི་ཆང་གིས་མཆོད༔ དགྱེས་པར་བཞེས་ལ་སྡོང་གྲོགས་མཛོད༔ དེ་ནས་བསྐུལ་པ་བསང་གཏད་ནི། ཧཱུཾཿདྲག་པོའི་ལས་ལ་བསྐུལ་པ་ནི༔ ལུང་རི་དགྲ་ལ་ཆས་ཙམ་ན༔ སྟོང་གསུམ་འཇིག་རྟེན་ཤིག་སེ་ཤིག༔ དམག་ཚོགས་སྤྲིན་ལྟར་ཐིབ་སེ་ཐིབ༔ མྱུར་མགྱོགས་གློག་ལྟར་ཁྱུག་སེ་ཁྱུག མཚོན་ཆ་ཐོག་ལྟར་ཤ་ར་ར༔ བསྟན་དགྲ་དམ་ཉམས་སྡིག་ཅན་འདི༔ སྟོང་གསུམ་འཇིག་རྟེན་གར་གནས་ཀྱང༔ རང་དབང་མེད་པར་ཁུག་ལ་ཤོག༔ དགྲ་བགེགས་ཤ་ཁྲག་ཞལ་དུ་གསོལ༔ བདག་ལ་སྡང་དགྲ་གནོད་བྱེད་ཀྱི༔ མི་ནོར་འཁོར་དང་བཅས་པ་རྣམས༔ བསང་མཆོད་འདི་དང་མཉམ་པར་བཞེས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པ་འདི་ནི་སྤྲུལ་སྐུ་རབ་མིག་ཆོས་འབྱུང་གི་གསུང་ལས་ཇི་ལྟར་བྱུང་བ་བཞིན་དུ་ཚིག་གཅིག་ཀྱང་ནོར་བཅོས་མེད་པར་བྲིས་པ་དགེའོ། །
༄༅། །ཀྱེེ་སྔོན་གྱི་བསྐལ་པ་དང་པོ་ལ། །རི་རྒྱལ་ལྷུན་པོ་ལྷོ་ཕྱོགས་ནས། །འཛམ་བུ་གླིང་གི་བྱང་ཕྱོགས་ནས། །ཁ་བ་ཅན་ལྗོངས་བོད་ཀྱི་ཡུལ། །ཏི་སེ་གངས་དཀར་ཤར་ཕྱོགས་སུ། །རི་རྒྱལ་ཁ་བ་ལུང་རི་ནི། །སྔོན་ནོ་གཡུ་ཡི་མདོག་འདྲ་ལ། །དཀར་པོ་དུང་གི་ན་བཟའ་གསོལ། །རི་རྒྱལ་དེ་ཡི་འདབ་མ་ལ། །རྩི་ཤིང་སྣ་ཚོགས་སྐྱེས་པའི་ས། ལྗང་དཀར་ཐང་སྐྱེས་བྱེད་པའི་གནས། །མེ་ཏོག་སྣ་ཚོགས་འཁྲུངས་པའི་ལྗོངས། །འདབ་ཆགས་སྣ་ཚོགས་ལྡིང་ཞིང་འཁོར། །རི་དྭགས་སྣ་ཚོགས་འདུས་པའི་གནས། །གཅན་གཟན་སྣ་ཚོགས་ངར་སྐད་སྒྲོགས། །བདེ་བར་གཤེགས་པའི་གནས་མཆོག་འདིར། །དཔའ་བོ་མཁའ་འགྲོ་འདུས་པའི་གནས། །རྩ་བ་གཡུའི་མཚོ་མོ་འཁྱིལ། །རྩེ་མོ་སྤྲིན་དང་འཇའ་ཚོན་འཁྲིགས། །གཡུ་ཡི་ཆར་པ་སི་ལི་ལི། །དུང་གི་ཁ་བ་ཐིབ་སེ་ཐིབ། །ལྕགས་ཀྱི་སེར་བ་ཤ་ར་ར། །ཟངས་ཀྱི་ཁུ་འཕང་ཐ་ར་ར། །རི་དེར་གནས་པའི་གཞི་བདག་ནི། །དགེ་བསྙེན་གཡུང་དྲུང་རྡོ་རྗེ་མཚན། །སྐུ་གཟུགས་དཀར་ལ་འཛུམ་མདངས་ཅན། །སྐུ་ལ་དར་དཀར་ན་བཟའ་མནབ། མཛེས་པའི་རྒྱན་ཆ་སྣ་ཚོགས་གསོལ། །དཔའ་བོའི་གོ་ཆ་ཐམས་ཅད་གསོལ། །ཕྱག་གཡས་སྦ་ལྕག་ཀླད་ལ་གཡུག །གཡོན་པས་བ་དན་ཁྲ་བོ་བསྣམས། །ཆིབས་སུ་རྟ་དཀར་རྔོག་དམར་བཅིབས། །འཁོར་དུ་དམག་ཚོགས་འབུམ་གྱིས་བསྐོར། །སློབ་དཔོན་པདྨ་འབྱུང་གནས་ལ། །ཇི་ལྟར་ཁས་བླངས་ཐམས་ཅད་བཞིན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་འབྱོར་བའི་མཆོད་པ་དང་། །བདུད་རྩི་གསེར་སྐྱེམས་མཆོད་པ་བཞེས། །དམ་རྫས་རྒྱན་གྱི་གཏོར་མ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མཐུན་རྐྱེན་བསྒྲུབ་པའི་སྡོང་གྲོགས་མཛོད། །བསྐུལ་བ་ནི། ཧཱུཾ། དགྲ་བགེགས་སྟེང་དུ་བསྐུལ་བའི་ཚེ། །དཔའ་གཏུམ་རྔམ་པའི་ཆགས་ཚུགས་ཅན། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །སྐུ་ཡི་འོད་ཟེར་གྱི་ལི་ལི། །གོ་ཆ་སིལ་སྒྲ་ཏི་རི་རི། །མཚོན་ཆ་འོད་མདངས་ལྷང་སེ་ལྷང་། །ལྷ་སྲིན་སྡེ་བརྒྱད་ཤ་ར་ར། །འཁོར་གྱི་དམག་ཚོགས་དཔུང་སེ་དཔུང་། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་ཐུལ་བའི་ཕྲིན་ལས་མཛོད། །སྡང་བའི་དགྲ་ལ་རྟག་ཕྱུང་ཞིང་། །གནོད་པའི་བགེགས་ལ་ལས་མཛོད་ཅིག །སྔོན་ཚེ་ཁས་བླངས་དམ་བཅའ་བཞིན། །སངས་རྒྱས་བསྟན་པ་སྲུང་མཛོད་ཅིག །རང་ལ་འགོ་བའི་ཡུལ་ལྷ་བསང་། །རང་ལ་ཕན་པའི་དགེ་ལྷ་བསང་། །རང་ལ་འགོ་བའི་ལྷ་མོ་བསང་། །རང་ལ་འགོ་བའི་དམ་ཅན་བསང་། །བཟང་བྱེད་ཡག་བྱེད་ཐམས་ཅད་བསང་། །བསང་མཆོད་དམ་པ་འདི་འབུལ་ལོ། །བདག་གི་ལས་བཅོལ་འགྲུབ་པར་མཛོད། །གཞི་བདག་ཁ་བ་ལུང་རིའི་བསང་མཆོད་བསྡུས་པ་རེ་ཞིག་རྫོགས་སོ། །
མཆན། ༡.གནས་ཡིག་འདི་ནི་སྤྲུལ་སྐུ་རབ་མིག་ཆོས་འབྱུང་ངམ་ལྷ་ལུང་དཔལ་རྡོར་གྱིས་མཛད་ཅིང་ལྷ་འབུམ་དགོན་གྱིས་འདོན་སྤྲོད་བྱས་པའི་དཔེ་རྙིང་བྲིས་མ་ལས་ཞལ་བཤུས་པའོ། །༢.གནས་འདི་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་དར་ཀེ་ཞང་ལྷ་འབུམ་དགོན་པའི་རྒྱབ་ལོག་ཡིན། གནས་མདུན་གྱི་འགྲོ་ལམ་ནི་དཀར་མཛེས་རྫོང་ནས་ཉག་རོང་རྫོང་དུ་འགྲོ་བའི་ལམ་བར་ན་ཡོད་ཅིང་། དཀར་མཛེས་རྫོང་ནས་གནས་འདིའི་བར་དུ་སྤྱི་ལེ༤༠ཡོད།
༄༅། །ད་ནི་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་རྨ་ཟླ་ཞེས་བྱ་རུ༔ ཐུགས་ཀྱི་གནས་གཙོ་དན་ཏིག་ཤེལ་གྱི་བྲག༔ དབུས་ཀྱི་བྲག་རི་རིན་ཆེན་ཙི་ཏྟའི་དབྱིབས༔ ཤར་གྱི་ལྗོན་ཤིང་ལུང་ལ་དེ་བཞིན་ལྷོར༔ རིན་ཆེན་ནུབ་ཏུ་སྒྲོམ་ལུང་བྱ་ཀ་ལུང༔ ཤར་ལྷོར་སྨན་ལུང་ལྷོ་ནུབ་ཆུ་ཕྱར་དང༔ ནུབ་བྱང་གསལ་ལུང་བྱང་ཤར་རོང་ལུང་སྟེ༔ བརྒྱད་པོ་འདི་ནི་པདྨ་ཁ་བྱེ་འདྲ༔ གཡས་གཡོན་སྐྱོར་ཆུ་གཉིས་དང་དབུས་ཕྱོགས་ཀྱི༔ རྨ་ལུང་ཆུ་བོ་རྩ་གསུམ་ཚུལ་དུ་གནས༔ བདེ་ཆེན་ཐུགས་ཀྱི་འཁོར་ལོ་ཆེན་པོར་རྫོགས༔ ཙིཏྟའི་དབྱིབས་ཀྱི་ཤར་ཕྱོགས་ངོས་ཡངས་པར༔ ཟ་འོག་གུར་ཁྱིམ་འདྲ་བའི་ཕུག་པ་རུ༔ ཨོ་རྒྱན་ང་ཡིས་ལོ་གསུམ་སྒྲུབ་པ་བྱས༔ རིན་ཆེན་གུར་ཁྱིམ་འདྲ་བ་བཀྲ་ཤིས་གནས༔ གནམ་ལ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས་གནས༔ ས་ལ་པདྨ་འདབ་བརྒྱད་བཀྲ་ཤིས་གནས༔ ལུང་བརྒྱད་གུ་རུ་བཀྲ་ཤིས་རྟགས་བརྒྱད་བཀྲ༔ མཚོ་སྔོན་མཎྜལ་འདྲ་བ་བཀྲ་ཤིས་གནས༔ ལྗོན་ཤིང་བ་དན་འདྲ་བ་བཀྲ་ཤིས་གནས༔ འདི་ནི་ཨོ་རྒྱན་གནྡོ་ལ་དང་མཚུངས༔ གྲུབ་རྟགས་ཕྱག་ཞབས་མཚན་མ་བཀྲ་ཤིས་གནས༔ ཕུག་པའི་ནང་དུ་རྡོར་དབྱིངས་དཀྱིལ་འཁོར་བཞུགས༔ གཡས་ཕྱོགས་ནུབ་བྱང་གཡུ་འབྲུག་གྱེན་འགྲོ་རུ༔ འབྲུག་གི་ལག་གཡས་མཚོ་རྒྱལ་གསང་ཕུག་དང༔ དེ་ནས་རིམ་པར་ནམ་སྙིང་བཻ་རོ་དང༔ རྒྱལ་བ་མཆོག་དབྱངས་ཤུད་བུ་དཔལ་སེང་སོགས༔ ལས་ཅན་དག་པའི་འཁོར་བདུན་བཞུགས་པའི་ཕུག༔ གཡོན་ལོགས་བུམ་པ་འདྲ་ལ་ཚེ་ཆུ་དང༔ ཡི་གེ་འབྲུ་བདུན་ཨོཾ་ཨཱཿཧཱུྃ་གསུམ་གསལ༔ དེ་རུ་ཐུགས་ཀྱི་གཏེར་ཁ་ཉེར་ལྔ་སྦས༔
༄༅། །ཐུགས་ཀྱི་གནས་གཙོ་དན་ཏིག་ཤེལ་གྱི་བྲག་ནི་བྱང་ཕྱོགས་རྨ་ཁོག་སྟོད་བླ་ཆེན་དགོངས་པ་རབ་གསལ་སོགས་བཞུགས་པའི་གནས། ཡོངས་གྲགས་འདི་འགའ་ཞིག་གིས་རྒྱལ་བུ་དྲི་མེད་ཀུན་ལྡན་སྤྱུགས་པའི་གནས་བདུད་རི་བྱ་རོག་སྒྲ་གཅན་དེ་ཡིན་པར་ཡང་བཞེད།
༄༅། །ན་མོ་གུ་རུ་ཤཱཀྱ་མུ་ནེ་ཡེ། སློབ་པའི་དུས་སུ་བྱ་དཀའི་མཛད་པ་ཡིས། །མ་རུང་གདུལ་དཀའི་རེ་བ་ཡིད་བཞིན་བསྐངས། །ནམ་ཞིག་བྱང་ཆུབ་མཆོག་གི་རྒྱལ་ཐབས་ལ། །དབང་བསྒྱུར་ཤཱཀྱའི་བླ་མ་རྒྱལ་གྱུར་ཅིག །གང་ཡང་སྔོན་རབས་ཡུལ་གྲུའི་བཀོད་པ་དང་། །དམ་པའི་རྣམ་ཐར་མཁས་པའི་ཕྱག་རྗེས་སོགས། །ཕྱི་རབས་ཀུན་གྱི་སྙིང་ནོར་གཅིག་གྱུར་གང་། །ཡི་གེའི་ལམ་མིན་གཞན་གྱིས་ཇི་ལྟར་མཚོན། །དེ་ཕྱིར་འཕགས་ཡུལ་ཙི་ནའི་ཞིང་ཁམས་སུ། །ཆོས་སྲིད་གཙུག་ལག་ལམ་ལས་ཉེར་དྲངས་པའི། །སྔོན་བྱུང་གཏམ་གྱི་སྦྱོར་བ་ཇི་སྙེད་ཅིག །མཆིས་པ་དག་ཀྱང་ཡི་གེའི་ལམ་ལས་ཐོན། །ཁྱད་པར་གངས་ལྗོངས་འཛིན་མའི་ཐིག་ལེ་རུ། །མཁས་གྲུབ་ལོ་པཎ་རྒྱལ་བློན་རིམ་བྱོན་གྱིས། །ཅི་མཛད་འཕྲིན་ལས་ཕྲ་མོའི་ཆ་རེ་ཡང་། །ད་དུང་ཉམས་མེད་ངག་གི་སྤྱོད་ཡུལ་ཅན། །འདི་ཀོ་རིག་པའི་མཛོད་ལ་བློ་གྲོས་ཀྱི། །སྣང་བ་བདོ་བའི་དྲན་དབང་དེ་དང་དེའི། །ཕྱག་སོར་བསྐྱོད་པའི་བྱིན་གྱིས་བདག་ལྟ་ཡང་། །ལོ་རྒྱུས་སྨྲ་བའི་མགྲིན་པ་ཕྱུག་མིན་ནམ། །དེ་ལྟ་ན་ཡང་ས་འདིར་གནའ་དུས་ནས། །མཁས་པའི་རྗེས་ཞུགས་མཛད་པའི་རི་མོ་ཅན། །རྩོམ་འཆད་རྩོད་པའི་ཁུར་ཆེན་རྣམ་དཔྱོད་ཀྱི། །དཔུང་བས་འདེགས་བཟོད་བགྲང་ཡས་བྱོན་མོད་ཀྱང་། །ཕལ་ཆེར་ཏིང་འཛིན་འཁྱིལ་བའི་བྲག་སྐྱིབས་སུ། །རིམ་གཉིས་ཟབ་མོའི་ཀློང་དུ་སིམ་པ་ལས། །ལོ་རྒྱུས་ཞིབ་ཐོན་ངག་སྒོ་ཡངས་པའི་འཕྲུལ། །སྤེལ་བའི་གཏམ་ཡང་བཙལ་དུ་མེད་འདིས་སྐྱོ། །འོན་ཀྱང་བླ་བྲང་བསྟན་པའི་འབྱུང་གནས་ཆེར། །སྦྱངས་བརྩོན་སྔོ་ཁོས་བརྩམས་པའི་གནས་འདི་ཡི། །དཀར་ཆག་བསྐལ་བཟང་གཏམ་སྙན་འདི་ཙམ་ཞིག །ད་ལྟ་ས་འདིའི་རིན་ཆེན་གྲས་སུ་ཚུད། །གང་འདིར་སྔོན་མེད་བྱས་རྗེས་བསྐྲུན་པ་ཞིག །ཡིན་སྙམ་རྨི་ལམ་དུ་ཡང་མི་སེམས་མོད། །དོན་གཉེར་དབྱུ་གུས་བདག་བློ་དུནྡྷི་བྷིར། །བསྐུལ་བས་མ་སྲོན་མཉན་འོས་རྔ་གསང་ལྡིར། །དེ་ཡང་ཁུངས་བཙུན་ལུང་ལ་བློ་ཕུག་གཏད། །བརྒྱུད་པའི་ངག་སྒྲོས་ཐོས་ཚད་དཔྱད་གཞིར་དྲངས། །རབ་བཏགས་ཕུལ་བྱུང་འུད་ཀྱིས་མ་གོས་པའི། །རྨད་བྱུང་གཏམ་གྱི་སྦྱོར་བ་ཅི་ནུས་དགོད། །
དེ་ལ་འདིར་བོད་ཁ་བ་ཅན་གྱི་ཡུལ་གྲུ་ལ་ས་ཚིགས་ཀྱི་དབང་དུ་བྱས་ན་ཆོལ་ཁ་གསུམ་ལས་མདོ་སྨད་རྟའི་ཆོལ་ཁ། རྨ་ཀླུང་དལ་གྱིས་འབབ་པའི་ཆུ་རྒྱུན་གྱིས་ལྷོ་བྱང་གཉིས་སུ་བགོས་པའི་བྱང་རྒྱུད། ཙོང་ཁ་བདེ་ཁམས་དང་ཙོང་ལ་རིང་མོ་ཞེས་འབོད་པའི་ལྗོངས་དང་རྫ་རྒྱུན་གྱི་ཤར་མཐའི་ཆ། མཉམ་མེད་ཤཱཀྱའི་དབང་པོ་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་སྲས་ཀྱི་སྤྱོད་པ་བྱ་དཀའ་བ་ཐུགས་ཉམས་སུ་བསྟར་བའི་རྩོད་མེད་ཀྱི་སྒྲུབ་གནས། དམར་གཡོ་གཙང་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་གང་ནས་གསོས་པའི་མདོ་ཁམས་སྨད་ཀྱི་སའི་ཐིག་ལེ། མཁས་ཤིང་གྲུབ་པའི་སྐྱེས་ཆེན་རིམ་བྱོན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་བྲག་རྫོང་། དཔལ་དན་ཏིག་ཡང་ཏིག་ཤེལ་གྱི་རི་བོ་ལེ་ལག་དང་བཅས་པའི་གནས་ཀྱི་དཀར་ཆག་ཅུང་ཟད་སྤྲོས་ཏེ་བརྗོད་པ་ལ་གསུམ། དན་ཏིག་གྲུབ་པའི་གནས་ཀྱི་རང་བཞིན་སྤྲོས་པའི་ཚུལ་དུ་བརྗོད་པ་དང་། སྒར་བ་ཁ་དྲུག་གི་སྒྲུབ་སྡེ་གཞན་ལེ་ལག་དང་བཅས་པའི་ལོ་རྒྱུས་ཤེས་ཚད་མདོ་ཙམ་དུ་བརྗོད་པ་དང་། སྒར་བ་ཁ་དྲུག་གི་འཛིན་བདག་ཚེ་ཏན་སྐུ་ཞབས་རྣམ་གཉིས་གོང་མ་ཚོའི་ལོ་རྒྱུས་ངེས་ཚོད་ཙམ་བརྗོད་པའོ། །
དང་བོ་ནི། འཛམ་བུའི་ལྗོན་ཤིང་གིས་ཉེ་བར་མཚན་པའི་གླིང་འདི་ལ། རྒྱ་ནག རྒྱ་གར། ཨུ་རྒྱན། པར་སིག ཨ་རབ། ཏུ་རུ་ཥ། མོང་གོལ་སོགས་ཡུལ་ཁམས་ཆེན་པོ་དང་། ཁྲའོ་ཞན། རི་པིན། ཧྥས་ལས་པིན། གསེར་གླིང་། མ་ལ་ཡ། ཧིན་དུ་ཏྲི་ན་སོགས་གླིང་ཕྲན་དང་ཕྱེད་གླིང་འདབས་འབྲེལ་གྱི་གླིང་ཆེན་པོ་འདི་ནི་ད་ལྟ་ཡ་ཀྲུའུ་ཞེས་གླིང་ཆེན་བདུན་གྱི་ནང་ནས་ཆེ་ཤོས་སུ་བརྩི་བར་བྱེད་ལ། གླིང་དེའི་ཤར་ལྷོ་བྱང་གི་ངོས་གསུམ་ནི་རྒྱ་མཚོ་ཆེན་པོ་ལ་ཐུག་པ་དང་། ནུབ་ངོས་ཡོ་རུབ་གླིང་གི་རི་རྒྱུན་དང་འབྲེལ་ཞིང་། ཧྥས་གླིང་གི་བཅོས་མའི་མཚོ་ཡུར་དང་སྣེ་སྦྲེལ་པའི་གླིང་གི་ཤར་ངོས་སུ་རང་རེའི་རྒྱལ་ཁམས་ཆེན་པོ་འདི་ཆགས་ལ། དེར་རྒྱ་མཚོ་འབབ་པའི་ཆུ་ཀླུང་ལ་བྱང་ཤར་མཚམས་སུ་ཧེ་ལུང་ཆུ་དང་། ལྷོ་ཕྱོགས་སུ་རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ་དང་། ཡར་ཀླུང་གཙང་བོ་སོགས་དང་། ཤར་དྲང་ཐད་དུ་འབབ་པ་ལ་གཡུ་འབྲུག་སྔོན་མོ་ས་ལ་འཁྱིལ་བ་ལྟ་བུའི་ཀླུང་ཆེན་འབྲི་ཆུ་དང་། རྨ་ཆུའི་ཐོན་ཁུངས་བ་ཡན་ཧ་རི་སྟེ་དེ་ལས་བབས་པའི་རྒྱུན་རྨ་གཡང་ཕྱུག་མོའི་གཞུང་དང་མཚོ་སྐྱ་རིང་སྔོ་རིང་གི་གཞུང་གཤགས་ནས་མཛོད་དགེ་སྟོད་ཀྱི་རྐ་ཆུ་དང་དམེ་ཆུ་འདྲེས་མཚམས་ནས་རིམ་གྱིས་ནུབ་བྱང་དུ་བསྐོར་ཏེ་ཁྲི་ཀའི་ཕྱོགས་སུ་འབབ་པའི་དབང་གིས་ས་དབྱིབས་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་གཅིག་དང་། དེ་ནས་ཤར་དྲང་ཐད་དུ་རྒྱུགས་ཏེ་ལན་ཀྲུའུ་དང་ཐུང་ཀུན་ཕྱོགས་སུ་སླར་ཡང་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་སྔར་ལས་ཀྱང་མངོན་ཆེ་བ་ཞིག་བསྐོར་བའི་མཐར། སྔོན་གྱི་རྒྱའི་སློབ་དཔོན་ཁུང་ཙིའི་འཁྲུངས་ཡུལ་ཤར་ཕྱོགས་ཧྲན་ཏུང་ཞིང་ཆེན་གཏུབ་ནས་རྒྱ་མཚོ་ཆེན་པོར་འབབ་བོ། །
དེ་ལྟར་ན་རྨ་ཆུའི་དབུ་ཞབས་ཀྱི་སྲིད་ལ་རྒྱའི་ལུགས་ཀྱི་རྒྱང་གྲགས་བདུན་སྟོང་དྲུག་བརྒྱ་དྲུག་ཅུ་ཡོད་ཅིང་དགའ་འཁྱིལ་དང་པོའི་མཐར་རྨ་ཆུའི་ཡུར་ཐག་གིས་ཕྱེ་བའི་རྨ་ལྷོ་རྒྱུད་དང་། རྨ་བྱང་རྒྱུད་ཅེས་ཡོངས་སུ་གྲགས་པ་ལས་འདིར་གང་བཤད་པར་བྱ་བའི་མདོ་སྨད་གྲུབ་པའི་གནས་ཆེན་མཐའ་དག་གི་ཕྱི་མོ་དན་ཏིག་ཤེལ་གྱི་ཡང་དགོན་ནི་དགའ་འཁྱིལ་དང་བོའི་མཇུག་དང་ཉེ་བའི་ཆ་བྱང་རྒྱུད་དུ་གཏོགས་སོ། །
དེ་ཡང་དན་ཏིག་གི་རི་རྒྱུད་ནི། ཙོང་ལ་རིང་མོའི་རི་རྒྱུད་ནི། ཙོང་ལ་རིང་མོའི་རི་རྒྱུད་ཤར་རྒྱུད་དུ་རྒྱུགས་པ་ལས་ལྷོར་གྱེས་པའི་རི་ལག་ལྟ་བུ་ཞིག་སྟེ། རྨ་ཆུའི་འགྲམ་ལས་རིམ་གྱིས་མཐོ་རུ་བརྩེགས་པའི་བྲག་རི་ནག་པོ་སྲ་ཞིང་མཁྲེགས་པའི་གཤིས་ཅན། ཕྱོགས་ཀུན་ནས་ཕྱིན་ཀྱང་བགྲོད་བདེ་བའི་ལམ་མེད་པས་སྲིབ་ཕྱོགས་ཀྱི་ལམ་ལ་སྡིག་སྦྱང་ལ་དང་། འདིར་ཁ་བ་བབས་དུས་ནང་རེ་བཞིན་མ་ཕྱགས་ན་འགྲོ་ལམ་འགོག་གོ །ཉིན་ཕྱོགས་ཀྱི་ལམ་ལ་ཀྲོང་ཀྲོང་གི་ལ་ཟེར་བས་ཀྱང་ཤེས་པར་ནུས་ལ། ཀྲོང་ཀྲོང་ཞེས་པ་རྣ་བའི་ཁ་རྒྱུན་གྱི་མིང་དུ་གྲགས་སོ། །དན་ཏིག་དངོས་ཀྱི་ལུང་བའི་དབུ་ཞབས་རྒྱའི་རྒྱང་གྲགས་བཅོ་ལྔ་ཙམ་ཡོད་པའི་ལུང་བའི་ཁ་ཤར་དུ་བསྟན་པའི་མདོར་སྔོན་ཆད་ཧྭ་ཤང་གི་དགོན་ཤུལ་ལམ་དན་ཏིག་གི་དགོན་རྙིང་ད་ལྟ་མཐིལ་བ་ཞེས་པའི་བརྡ་ཕལ་སྐད་དུ་ཐིས་པ་ཞེས་གྲགས་པའི་ས་མིག་དང་ལྷོ་ངོས་ཀྱི་ལུང་ལག་གཅིག་ཏུ་དཀྱིལ་འཁོར་ནང་ཞེས་པ་དང་། ཡང་ལུང་ལག་གཅིག་ཏུ་ཡང་ཏིག་དང་རྡོ་བཀའ་འགྱུར་དུ་གྲགས་པ་བཅས་ཡོད་དོ། །
དེ་ལྟ་བུའི་དན་ཏིག་གི་གནས་ཀྱི་རང་བཞིན་བརྗོད་པ་ལ། རྒྱལ་བུ་དོན་གྲུབ་ཕེབས་ནས་རྒྱལ་སྲས་ཀྱི་སྤྱོད་པ་བྱ་དཀའ་བ་ཐུགས་ཉམས་སུ་བཞེས་ཚུལ་དང་། དམར་གཡོ་གཙང་གསུམ་དང་བླ་ཆེན་པོས་བསྟན་པའི་མེ་རོ་གནས་འདི་ནས་ཇི་ལྟར་གསོས་ཚུལ་དང་། རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་མཁས་གྲུབ་རིམ་བྱོན་གྱིས་བྱིན་གྱིས་བརླབས་ཚུལ་དང་། གནས་མཇལ་བ་རྣམས་ལ་ཉེ་བར་མཁོ་བའི་གྲུབ་གནས་དང་རྟེན་གྱི་དཀར་ཆག་གསལ་བར་བརྗོད་པ་སྟེ་དོན་ཚན་བཞི་ལས། རེ་ཞིག་དང་བོ་དེ་བརྗོད་ནས་ཐོག་མར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རང་ཉིད་ཀྱི་བཀའ་ཚད་མ་ལས་བྱུང་བའི་རྒྱལ་བུ་དོན་གྲུབ་གྱི་མདོའི་བྱུང་བ་ལྟར་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱིས་བྱ་དཀའ་བ་རྒྱལ་སྲས་ཀྱི་སྤྱོད་པ་ཐུགས་ཉམས་སུ་བཞེས་ནས་གནས་འདི་བྱིན་གྱིས་བརླབས་པ་ཡིན་ལ། དེའི་ཕྱིར་སྔོན་བྱུང་གི་ལོ་རྒྱུས་གནས་ཀྱི་རྟོགས་པ་བརྗོད་པའི་སྙིང་བོར་བསྒྲིལ་ཏེ་བསྡུས་ཙམ་ཞིག་འགོད་ན། སྔོན་བསྐལ་བ་གྲངས་མེད་པའི་སྔ་རོལ་ཏུ་བཅོམ་ལྡན་འདས་སློབ་པ་ལམ་གྱི་གནས་སྐབས་སུ། ཡུལ་ཡ་བ་ཞེས་པར་ཡབ་རྒྱལ་བོ་དགེ་བ་ཅན་གྱི་སྲས་སུ་འཁྲུངས་པར་རྒྱལ་བུ་དོན་གྲུབ་ཏུ་མཚན་གསོལ། རྒྱལ་བུ་དེ་གཞོན་ནུ་ནས་སྐྱེ་བོ་སློང་མོ་བ་ལ་གཏོང་ཕོད་ཆེ་བས་རྒྱལ་བོའི་དཀོར་མཛོད་ནས་གཏན་པ་མེད་པའི་ཚུལ་གྱིས་སྤྱིན་གཏོང་རྒྱ་ཆེར་མཛད་པར་བརྟེན་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། ནམ་ཞིག་ན་ཡབ་རྒྱལ་བོའི་དགྲ་ཟླར་གྱུར་པའི་རྒྱལ་ཕྲན་ཞིག་གིས་བསམ་པ་དྲི་མ་ཅན་གྱིས། རྒྱལ་བོ་དགེ་བའི་བསོད་ནམས་ལས་གྲུབ་པའི་བལ་གྱི་གླང་བོ་བལ་གླང་དྲུག་ཅུའི་སྟོབས་དང་ལྡན་པ། ཕ་རོལ་གྱི་སྡེ་ལས་རྒྱལ་བར་བྱེད་པའི་གླང་བོ་སུ་ད་ཡ་ན་ཞེས་པ་ཞིག་ཡོད་པ་འཕྲོག་པར་འདོད་ནས། གཡོ་སྒྱུ་ལ་གོམས་པའི་བྲམ་ཟེ་མི་བརྒྱད་སློང་དུ་བཏང་། དེའི་ཚེ་རྒྱལ་བུའི་སྦྱན་སྔར་བྲམ་ཟེ་དེ་དག་ལམ་གྱིས་དུབ་ཅིང་ཉམ་ཐག་པའི་ཟོལ་གྱིས་འོངས་ནས། གླང་བོ་དེ་བསླངས་པར། རྒྱལ་བུའི་བསམ་པ་ལ་གལ་ཏེ་མ་ཕྱིན་ན་སྦྱིན་པའི་དམ་བཅའ་ཉམས་ཤིང་། བྱིན་ན་ནི་ཡབ་རྒྱལ་བོའི་གཅེས་ནོར། དགྲ་ལས་རྒྱལ་བྱེད་ཉག་གཅིག་ཡིན་པས་རྒྱལ་བོ་མི་དགྱེས་སུ་དོགས་ནས། གླང་བོ་སྟོབས་ཅན་གཞན་གང་དགོས་སྟེར་རྩིས་བྱས་པ་ན། སློང་མཁན་རྣམས་ནས། གལ་ཏེ་གླང་བོ་སུ་ད་ཡ་ན་མི་སྟེར་ན་གླང་བོ་གཞན་མི་དགོས། དེ་བས་ངེད་ཅག་རེ་ཆད་དང་བཅས་ཕྱིར་ལྡོག་གི ཁྱེད་ཀྱི་སྦྱིན་པའི་སྙིང་སྟོབས་ཀྱི་གྲགས་པ་ཡང་དེ་ཙམ་དུ་ཐལ། ཞེས་བརྙས་ཚིག་སྨྲས་ཤིང་མ་མགུ་བ་ལ། རྒྱལ་བུས་གཏོང་ཕོད་བསྐྱེད་དེ། གླང་པོ་རིན་པོ་ཆེ་རྒྱན་གྱིས་བརྒྱན་ནས་གནང་ཞིང་། ཁྱེད་ཅག་མགྱོགས་པོར་མ་སོང་ན་རྒྱལ་པོས་གསན་ཚེ་སླར་འཕྲོག་ཏུ་ཡང་དོགས་སོ། །ཞེས་བསྒོས་ནས་གླང་པོ་སུ་ད་ཡ་ན་སྦྱིན་པར་བཏང་ངོ་། །དེའི་ཚེ་རྒྱལ་བོ་འཁོར་དང་བཅས་པས་ཤེས་ཏེ་མི་དགའ་བཞིན་དུ་བློན་པོ་རྣམས་དང་བགྲོས་ནས་ད་ནི་ཇི་ལྟར་བྱ་ཞེས་པ་ན་ཐམས་ཅད་ཀྱིས་རྒྱལ་བུ་ལ་ཆད་ལས་གཏོང་བར་འཆམས་ཤིང་། ཕལ་ཆེར་གྱིས་རང་རེའི་རྒྱལ་སྲིད་སྲུང་བའི་གླང་པོ་དགྲ་ལག་ཏུ་བྱིན་པ་འདི་ལས་མི་འོས་པ་སུས་ཀྱང་བྱེད་ཐབས་མེད་པས་རྒྱལ་བུའི་རྐང་ལག་གཅོད་པའམ་མིག་འབྲུ་བའམ་གསད་པར་འོས་ཞེས་པ་དང་། བློན་པོ་མཁས་པ་ཁ་ཅིག་གིས་རྒྱལ་ཚབ་ཏུ་འོས་པའི་རིགས་སྲས་གཅིག་པུར་གྱུར་པ་དང་། ཡབ་རྒྱལ་བོ་ཉིད་སྲས་ལ་ཐུགས་ནང་ཤིན་ཏུ་གཤིན་པས་ཆད་ལས་དེ་དག་མི་འོས་པར་བསམས་ནས། རེ་ཞིག་རྒྱལ་བུ་གནས་སྤངས་ཏེ་འབྲོག་དགོན་པ་ཆེན་པོར་སྤྱུགས་ན། དམའ་ཕབ་པར་འགྱུར་ལ། གླང་བོ་བྱིན་པའི་ཉེས་པ་ཡང་ཤེས་པར་འགྱུར་རོ། །ཞེས་པའི་གྲོས་བཏོན་པ་རྒྱལ་པོས་ཀྱང་བཞེད་ནས་རྒྱལ་བུ་ལ་འདི་སྐད་ཅེས་བཀའ་ཕབ་བོ། །ཀྱེ་གཞོན་ནུ་དོན་གྲུབ། ཁྱོད་བདག་གིས་འབད་པ་དུ་མས་ཚོགས་བསགས་པ་དང་། ལྷ་ལ་གསོལ་བ་བཏབ་པ་ལས་བྱུང་བའི་བུ་ཐུ་བོ་སྙིང་དང་འདྲ་བས་ཅི་ནས་ཀྱང་འབྲལ་མི་ཕོད་ཀྱང་རྒྱལ་སྲིད་སྲུང་བའི་གླང་པོ་རིན་ཆེན་དགྲ་ཟླ་ལ་བྱིན་པའི་ཉེས་པས། འདི་ནས་བྱང་དུ་དཔག་ཚད་སྟོང་གི་ཕ་རོལ་རི་བོ་དན་ཏིག་ཏུ་ལོ་བཅུ་གཉིས་ཀྱི་བར་ལ་སྤངས་པ་ཡིན་ནོ་ཞེས་བཀའ་གནང་ངོ་། །དེའི་ཚེ་རྒྱལ་བུས་ཀྱང་ཡབ་ཀྱི་བཀའ་དང་དུ་བླངས་ཏེ། རང་གི་བཙུན་མོ་མ་ཏྲི་ལ་རྒྱུ་མཚན་དང་བཅས་ཁྱེད་རང་བུ་དང་བུ་མོ་ཕོ་བྲང་དུ་སྡོད་ཅིག ཁོ་བོ་ལོ་བཅུ་གཉིས་ཀྱི་བར་དུ་ནགས་སུ་འགྲོའོ། །ཞེས་སྨྲས་པ་དང་། བཙུན་མོས་ཁྱོད་དང་བྲལ་ཏེ་འདིར་སྡོད་པར་མི་མོས་པས་བདག་ཀྱང་འཁྲིད་དགོས་ཞེས་ཞུས་པར། ལན་དུ། ཁྱོད་བུད་མེད་སྙིང་སྟོབས་ཆུང་། ན་གཞོན་དུས་ནས་ཟས་གོས་གནས་མལ་བཟང་ཞིང་སྐྱིད་བདེ་ཡིན་པས་དཀའ་ཐུབ་བསྟེན་མི་ནུས། རི་བོ་དན་ཏིག་གི་གནས་ནི་འབྲོག་དགོན་པ་དང་། རོང་རྩུབ་པས་བགྲོད་པ་དང་སྡོད་དཀའ། བཟའ་བཏུང་ནི་ཆུ་དང་ཤིང་འབྲས་ཙམ་དང་། གོས་ནི་རྩྭ་དང་ཤིང་ཤུན་ཙམ་དང་། སྡོད་གནས་ནི་བྲག་སྐྱིབས་དང་རྩྭའི་སྤྱིལ་བུ་ཙམ་ལ་བརྟེན་དགོས་ཤིང་། གཅན་གཟན་གཏུམ་པོ་དང་། རི་དྭགས་དང་། བྲག་སྲིན་མི་མ་ཡིན་སོགས་རྒྱུ་ཞིང་སྐྱི་གཡའ་བའི་གནས་ཚུལ་རྣམས་བཤད་ཀྱང་མ་ཉན་པར་བཙུན་མོ་སྲས་མིང་སྲིང་དང་བཅས་པ་འགྲོ་བར་ཆས། རྒྱལ་བུས་རང་གི་མ་ལ་ཕྱི་ཕྱག་འཚལ་དུ་ཕྱིན་པས། ཤིན་ཏུ་གཅེས་པའི་ཤུགས་ཀྱི་མྱ་ངན་གྱིས་བརྒྱལ་བ་སངས་ནས། སླར་རིང་མིན་འཕྲད་པའི་སྨོན་ལམ་བཏབ། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་ཤེས་ཏེ་མྱ་ངན་དྲག་པོས་ནོན་བཞིན་རྒྱལ་བུ་འཁོར་བཅས་ལམ་དུ་བསྐྱལ་ཏེ། འགའ་ཞིག་སེམས་འཕྲེང་བའི་གདུང་བ་དང་། འགའ་ཞིག་དཀའ་ཐུབ་རྟེན་དགོས་པར་སེམས་ཁྲལ་དང་། ཕལ་ཆེར་མཛའ་བའི་ཤུགས་ཀྱིས་འབྲལ་མི་ཕོད་པ་དང་། ཀུན་གྱིས་ཀྱང་ལམ་བགྲོད་བདེ་ཞིང་སླར་མགྱོགས་པོར་འཁོར་བའི་སྨོན་འདུན་བགྱིས་པའི་ངང་ནས་ལམ་དུ་ཞུགས། ལམ་དུ་སློང་མོ་བ་སོ་སོར་བདོག་པ་ཅི་འདོད་དུ་བཏང་ཞིང་། གཅིག་ལ་རྒྱལ་བོས་བྱིན་པའི་ཤིང་རྟ་འདྲེན་པའི་རྟ་ཕོ་ཡང་ཅི་བདེར་བྱིན། ཡང་སོང་བ་ན་ཤིང་རྟ་སློང་མཁན་ཞིག་ལ་དེ་ཡང་བྱིན་ཏེ་བྱིས་པ་གཉིས་པང་དུ་བཏེགས་པ་དང་ཕྲག་ཏུ་ཁུར་བ་སོགས་རྐང་གིས་བགྲོད། གོས་རྒྱན་ཁྱད་པར་དུ་འཕགས་པ་ཡང་སློང་བའི་སྐྱེ་བོ་ལ་རིམ་གྱིས་བྱིན་ཏེ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་དན་ཏིག་དང་ཉེ་བར་སླེབས། དེའི་ཚེ་རྨ་ཀླུང་གི་ཆུ་བོའི་འགྲམ་དུ་སླེབས་པ་ན། ལྷ་རྣམས་ཀྱི་མཐུས་ཆུའི་ནང་ནས་རྡོ་སྤུངས་པའི་རི་རྒྱུད་བརྟན་པོ་ཞིག་བྱུང་བ་ལ་བརྟེན་ནས་ཆུ་བོ་བརྒལ་བའི་མཐར་རྒྱལ་བུའི་བདེན་ཚིག་གིས་ཆུ་སྔ་མ་ཁོ་བཞིན་དུ་འབབ་པར་བྱས། དེ་ནས་རི་བོ་དན་ཏིག་ཏུ་ཕེབས་པ་ན། རི་དྭགས་དང་གཅན་གཟན་གཏུམ་པོ་དག་ཀྱང་བག་ཕབ་པས་བསུ་བའི་ཚུལ་གྱིས་མདུན་དུ་འོངས་ཤིང་དགའ་བའི་རྣམ་འགྱུར་སྣ་ཚོགས་སྟོན། དེར་གནས་པའི་ལྷ་ཀླུ་འབྱུང་བོ་རྣམས་ཀྱིས་ལམ་བདེ་བར་བགྲོད་པའི་མཐུན་རྐྱེན་བསྒྲུབས་ཤིང་། ལྷ་རྣམས་ཀྱིས་བར་སྣང་ལས་འཇའ་སྤྲིན་མེ་ཏོག་གི་ཆར་བས་མངོན་པར་བསུས། མིས་མི་ཐར་བའི་བྲག་གི་ངོས་ལ་དུང་ཆེན། རྒྱ་གླིང་། དུང་དཀར། མཁར་རྔ་དང་། དེ་རྡེག་བྱེད་ཀྱི་དབྱུ་གུའི་རྣམ་པ་བཅས་བུ་ག་རང་བརྡོལ་དུ་བྱུང་བ་རྣམས་ནས་རོལ་མོའི་སྒྲ་འབྱིན་ཞིང་། རྒྱལ་བུ་བསུས་པ་ཡིན་ཟེར་བ་ད་ལྟའང་བསྟན་དུ་ཡོད་དོ། །
དེར་བྲག་སྐྱིབས་ཤིག་ཏུ་སྒོམ་མཛད་པའི་དགེ་སྦྱོང་ཨ་ཆུ་ཏ་ཟེར་བ་ལོ་ལྔ་བརྒྱ་ལོན་པ་ཞིག་བཞུགས་པའི་དྲུང་དུ་རྒྱལ་བུ་ཕེབས་ནས་ཆོས་ཀྱི་བགྲོ་བ་མཛད་པས། དེ་མགུ་ནས་རྒྱལ་བུ་ལ་བསམ་གཏན་སྒོམ་པའི་བྲག་སྐྱིབ་བསྟབས་པ་ལ། དེང་སང་རཱ་ཛ་ཕུག་ཏུ་གྲགས་པ་འདི་ཡིན་ཏེ་དགེ་སློང་ཨ་ཆུ་ཏ་འདི་ཕྱིས་སུ་མོའུ་འགལ་གྱི་བུ་ཡིན་པར་མདོ་རང་ན་གསུངས་སོ། །དེར་རེ་ཞིག་རྒྱལ་བུ་ཡུམ་སྲས་བག་ཕབ་ཅིང་། བཙུན་མོས་ཉིན་རེ་བཞིན་ཤིང་ཏོག་འཚོལ་བ་དང་། མེ་ཏོག་སོགས་བཏུས་ནས་རྒྱལ་བུ་སྒོམ་མཛད་པ་ལ་མཐུན་རྐྱེན་བསྒྲུབས་ཤིང་། སྲས་མིང་སྲིང་གཉིས་ཀྱང་རི་དྭགས་རྣམས་དང་ལྷན་དུ་དགའ་བའི་རོལ་རྩེད་ཀྱིས་དུས་འདའ་བར་བྱས། དེའི་ཕྱིར་ཉིན་གཅིག་སྲས་ཁྱེའུ་རི་དྭགས་ལ་ཞོན་ནས་བརྒྱུགས་པས་ས་ལ་བརྡབས་པར་ལུས་རྨས་པའི་ཁྲག་སྤྲེའུ་ཞིག་གིས་ཤིང་ལོས་ཕྱིས་ཤིང་། ཆུ་འགྲམ་དུ་ཆུས་བཀྲུས་པའི་ཁྲག་ལྷུང་བའི་སར་ཙན་དན་གྱི་ལྗོན་པ་འཁྲུངས་པ་ཕྱིས་སུ་དེ་སྙིང་བོར་བཅུག་པའི་རྡོ་འབུམ་སྤུངས་པར་བྱས། དེ་ལྟར་སྒོམ་ཞིང་བཞུགས་པའི་ཚེ་ན་བྲམ་ཟེ་དབུལ་བོ་ཞིག་སླེབས་ནས་བྱིས་པ་མིང་སྲིང་གཉིས་གཡོག་ཏུ་བསླངས་པར་རྒྱལ་བུས་ཅི་དགར་བྱིན་པའི་ཚེ། བཙུན་མོ་ལ་ངན་ལྟས་བྱུང་སྟེ་རི་ནས་སླར་ལྡོག་པར་བརྩམས་པ་ན། སྦྱིན་པའི་བར་ཆད་དུ་འགྱུར་བ་འགོག་ཆེད་ལྷས་སེང་གེ་སྤྲུལ་ནས་བཙུན་མོའི་ལམ་བཀག་པའི་གནས་སེང་གེའི་འགག་མདོར་གྲགས་པ་དང་། བྲམ་ཟེས་བྱིས་པ་གཉིས་ཁྲིད་དེ་འགྲོར་མ་ཉན་པ་ན་སྡོང་བུ་ལ་བཅིངས་ཏེ་བསྡིགས་པའི་གནས་ཡིན་ཟེར་བ་དང་། ལ་ལས་བྲམ་ཟེས་བྱིས་པ་དེ་གཉིས་ཁྲིད་པ་རྔོན་པ་རྒྱུས་ཡོད་ཅིག་གིས་མཐོང་ནས་བྲམ་ཟེ་སྡོང་བུར་བཅིངས་པའི་ས་ཡིན་ཟེར་ཏེ། གང་ལྟར་ཡང་ས་དེ་ལ་ད་ལྟ་སྡོང་བཀྱིགས་ནའི་ཁུགས་སུ་གྲགས་པ་དང་། བཙུན་མོ་རྒྱལ་བུའི་སར་སླེབས་ནས་བྱིས་པ་གཉིས་མ་མཐོང་བའི་མྱ་ངན་གྱིས་གཟིར་བས། རང་གི་ནུ་མ་བཅད་དེ་ས་ལ་བོར་བ་ཡིན་ཟེར་བའི་རྡོ་འཇམ་སྣུམ་ནུ་མའི་དབྱིབས་ཅན་ད་ལྟ་དན་ཏིག་འདུ་ཁང་གི་རྟེན་ཁྲོད་དུ་ཡོད་པ་འདི་ཡིན་པར་གྲགས། རྒྱལ་བུ་བྱང་ཆུབ་སེམས་དཔས་དེ་ལྟར་སྲས་མིང་སྲིང་གཉིས་སྦྱིན་པར་བཏང་བའི་སྤྱོད་པ་ངོ་མཚར་བའི་སྟོབས་ཀྱིས་ས་རྣམ་པ་དྲུག་ཏུ་གཡོས་པས་བརྒྱ་བྱིན་ཡང་ངོ་མཚར་ནས་ཉམས་སད་ཕྱིར། བྲམ་ཟེའི་ཆ་བྱད་དུ་སྤྲུལ་ནས་རྒྱལ་བུ་ལ་བཙུན་མོ་བསླངས་པས་ཞུམ་པ་མེད་པར་ཤིས་པ་བརྗོད་པའི་ཚིག་དང་བཅས་སྦྱིན་པར་བཏང་བ་ན། བརྒྱ་བྱིན་ལྷག་པར་ཡ་མཚན་ནས་རང་ལུས་མངོན་སུམ་དུ་བསྟན་ཏེ་བཙུན་མོ་སླར་ཕུལ་ཅིང་བཟོད་པར་གསོལ། ཆེད་དུ་བརྗོད་པ་དང་བཅས་ཁྱེད་ཀྱིས་ཅི་ཞིག་འདོད་ནས་འདི་འདྲའི་དཀའ་བ་སྤྱད་པ་ཡིན་ཞུས་པར། ལན་དུ། བདག་གིས་ཉམ་ཐག་པའི་འགྲོ་བ་རྣམས་འཁོར་བ་ལས་བསྒྲལ་ཏེ་བྱང་ཆུབ་ཆེན་པོ་འཐོབ་པར་འདོད་པ་ཡིན། ཞེས་གསུངས་པ་ལ་ལེགས་སོ་དང་བཅས་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར། བརྒྱ་བྱིན་གྱི་མཐུས་བྱིས་པ་གཉིས་བྲམ་ཟེ་དབུལ་བོས་ལྟོ་གོས་ཆེད་དུ་འཚོང་བར་ཡུལ་གྲོང་སྣ་ཚོགས་སུ་འཁྱམས་ནས། མཐར་རྒྱལ་པོ་དགེ་བའི་ཡུལ་ག་ལ་བར་ཕྱིན། གྲོང་ཁྱེར་བ་རྣམས་ཀྱིས་ངོ་ཤེས་ནས་རྒྱལ་པོ་ལ་སྦྲན་པར། རྒྱལ་བོ་ཡང་སྲས་ཀྱི་སྦྱིན་པའི་སྙིང་སྟོབས་ལ་ཧ་ལས་ནས། བྱིས་པ་གཉིས་ཕོ་བྲང་དུ་བླངས་ཤིང་བྲམ་ཟེ་དབུལ་བོར་བྱ་དགའ་ཚད་མེད་པས་དགའ་བར་བྱས། དེ་ནས་ལོ་ཚད་བཅུ་གཉིས་ལས་ལོ་གཅིག་གིས་མ་ཚང་ཡང་རྒྱལ་བུ་ཡུམ་སྲས་བསུ་བའི་དོན་དུ་བཀོད་པ་དང་། བཀུར་སྟི་ཆེན་པོས་ཕོ་ཉ་བརྫངས། རྒྱལ་བུ་རི་བོ་དན་ཏིག་ནས་ཕེབས་ཁར་ཞབས་ཕྱག་གཉིས་རྗེས་དྲན་གྱི་རྟེན་སྐལ་དུ་བཞག་པ། ལྷ་རྣམས་ཀྱིས་ཆུད་མི་ཟ་བའི་ཕྱིར་རྡོ་བར་བྱིན་གྱིས་བརླབས་པའི་ངོ་མཚར་བ་གཅིག་འདུ་ཁང་གི་རྟེན་ཁྲོད་དུ་བཞུགས་ཤིང་། ཡ་གཅིག་རོང་བོ་མར་ནང་ཤིང་ལེ་ཁའི་དགོན་པར་ཡོད་པའི་ངག་རྒྱུན་འདུག དེར་མ་ཟད་རྒྱལ་བོའི་གསོལ་ཕོར་བཞག་པའི་རྗེས་བཏོད་པའི་རྡོ་བ་གཅིག་ཀྱང་རྟེན་ཁྲོད་དུ་སྣང་ངོ་། །དེ་ནས་རྒྱལ་བུ་ཡབ་ཡུམ་བདེ་བར་ཕོ་བྲང་དུ་འབྱོར་བ་ན་གཏོང་བའི་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་རྩེའི་བར་དུ་བསྐྱོད་པས་སྔར་གྱི་དགྲ་ཟླར་གྱུར་པའི་རྒྱལ་ཕྲན་གྱིས་ཀྱང་གླང་པོ་སུ་ད་ཡ་ན་སླར་གུས་པས་ཕུལ། ཡབ་ཀྱིས་ཀྱང་རྒྱལ་སྲིད་སྲས་ལ་གཏད་ནས་ཡུལ་མི་རྣམས་དགའ་བདེས་འཚོ་ཞིང་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པ་ཞིག་སྟེ། རྒྱས་པར་ཤེས་འདོད་ན་རྒྱལ་བུ་དོན་གྲུབ་ཀྱི་མདོ་རང་ལ་བལྟས་ནས་རྒྱལ་སྲས་སྙིང་སྟོབས་ཆེན་པོའི་མཛད་པ་ལ་གུས་ཤིང་རྗེས་སུ་བསླབ་པ་ལ་སྨོན་པར་བྱའོ། །རྣམ་ཐར་འདི་དང་ཕྱོགས་ཙམ་ཆ་འདྲ་བའི་རྒྱལ་བོ་དྲི་མེད་ཀུན་ལྡན་ཟེར་བ་བདུད་རི་ནག་པོ་ཧྭ་ཤང་གི་ཡུལ་དུ་སྤྱུགས་པའི་ལོ་རྒྱུས་ཤིག་ཡོད་པར་བརྟེན། ལ་ལས་རྒྱལ་བུ་དེ་གཉིས་གཅིག་པར་འདོད་པས་རཱ་ཛ་ཕུག་ལ་དྲི་མེད་ཀུན་ལྡན་གྱི་ལྷ་ཁང་ཞེས་མིང་འདོགས་ཀྱང་བྱེད་མོད། རྣམ་ཐར་དེའི་ཁུངས་ཞིབ་རྩར་མ་ཆོད་ཅེས་སྔོ་ཁོའི་དཀར་ཆག་ཏུ་གསུངས་པ་ཐུགས་ཤིན་ཏུ་མད་ལ། སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་བར་བསྟན་པའི་རྒྱལ་བོ་ཐམས་ཅད་སྒྲོལ་ཡང་རྒྱལ་བུ་དོན་གྲུབ་དང་གཅིག་པར་རྒྱལ་དབང་ལྔ་བའི་གསན་ཡིག་གངྒཱར་གསུངས་སོ། །
གཞན་ཡང་གྲུབ་པའི་དབང་ཕྱུག་རྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེ་དགུང་ལོ་མཐོ་བའི་སྐབས་ཀྱི་ཕྱག་བྲིས་དངོས་མ་ཚེ་ཏན་བླ་བྲང་གི་ཕྱག་དཔེ་ཁྲོད་དུ་མདའ་ཚད་མ་སྡེབ་གཅིག་བཞུགས་པ་ཞིག་ལས་འདི་ལྟར་འབྱུང་སྟེ། མཚན་ཡང་དག་པར་བརྗོད་པ་མན་ངག་གི་འགྲེལ་པ་རྒྱ་གར་གྱི་མཁན་པོ་གཞོན་ནུ་གྲགས་པས་མཛད་པ་ལས། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག་པ་ནི་སྔོན་གྱི་རྒྱལ་བོ་བཞིན་བཟང་ཞེས་པ་རི་བོ་དན་ཏིག་ན་དགོངས་པ་མཛད་པ་ན་བདུད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་གནོད་པ་དྲག་པོ་བྱས་པས་མ་ཚུགས་ནས། དེར་བདུད་དེ་ཚོས་བུད་མེད་ཉི་ཁྲིར་སྤྲུལ་ནས་འདོད་པའི་ཡོན་ཏན་ལྔས་ཅི་འགྱུར་བྱས་པས་ཀྱང་མ་ཚུགས་སོ། །ཞེས་པའི་ལུང་འདྲེན་མཛད་པ་འདི་བཞིན་སྡེ་དགེ་བསྟན་འགྱུར་བར་མ་ལྟར་ན་རྒྱུད་གུ་པོད་ཀྱི་བརྒྱ་ཉེར་བདུན་གྱི་ཉིན་ཕྲེང་དྲུག་པར་ཡོད་དེ། འདི་ཡང་རྒྱལ་བུ་དོན་གྲུབ་གྱི་མཚན་གྱི་རྣམ་གྲངས་ཤིག་གམ། གཞན་ཞིག་ཡིན་བརྟག་པར་འཚལ་ལོ། །དགེ་སློང་ཨ་ཆུ་ཏའི་སྐུ་གདུང་གར་བཞུགས་ལ་ལོ་རྒྱུས་འདི་སྐད་ཐོས་ཏེ། ཀ་རིང་ཚོ་ལྔ་ཕྱོགས་སུ་ཨ་མྱེས་ཤ་བོ་ཟེར་བའི་གཞི་བདག་དྲག་རྩལ་ཅན་ཞིག་གནས་པར། ཟ་ལར་གྱིས་བཞེངས་པའི་ལྷ་ཁང་ཤེ་ཡག་ཏུ་འབོད་པ་ཞིག་གི་ནང་དུ་གདུང་དུར་གྱི་རྣམ་པ་ཞིག་ཡོད་པ་དེ་ལ། ཚོ་ལྔ་དྲང་སྲོང་གི་སྐུ་གདུང་ངམ། ཨ་ཆུ་ཏའི་སྐུ་གདུང་དུ་གྲགས་པ་རྒྱ་བོད་ཟ་ལར་སོགས་ཀུན་གྱིས་དད་མོས་དང་མཆོད་བཀུར་གྱི་གནས་སུ་བྱེད་ཅིང་། ནད་པའམ་བྱིས་པ་བདེ་མིན་སོགས་ཞི་དྲག་གི་དོན་གང་ལ་གསོལ་བ་བཏབ་ཀྱང་དངོས་གྲུབ་མྱུར་བ་ཅན་དུ་རྩི་བ་དེ་ཉིད། ཨ་རིག་དགེ་བཤེས་ཆེན་མོ། ཡབ་རྗེ་གསེར་ཁང་བ། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་ཨ་བྷྱ་ཞབས་སོགས་ཚད་ལྡན་གྱི་སྐྱེས་བུ་རྣམས་ཤ་བོ་སྒང་དུ་དངོས་ཕེབས་ཀྱིས་ཨ་ཆུ་ཏ་ཡིན་ཤག་གིས་ཤེ་ཡག་སྐུ་གདུང་སོགས་ལ་ཡུལ་ཁྲུས་མཛད་པ་དང་། ཁྱད་པར་དུ་ཨ་རོལ་རིན་པོ་ཆེས་སྐུ་གདུང་དེ་གཞི་བདག་ཤ་བོས་མཆོད་ཡུལ་དུ་བཟུང་ཞིང་། ལྷ་དེ་མཐུ་བོ་ཆེ་ཞིག་ཡིན་པས་དེར་གུས་མཆོད་བྱེད་པ་ལ་རོགས་དན་བྱེད་པ་ཞིག་རེད་ཅེས་ཕེབས་སྒོ་སྩལ་བར་ཐོས་ཏེ། ཡུལ་དེ་གའི་བྱིས་པ་ཕལ་ཆེར་ལ་ཤ་བོ་ཚེ་རིང་ངམ། ཤ་བོ་སྐྱིད་སོགས་སུ་མིང་འདོགས་པའང་རྒྱུ་མཚན་དེ་ལ་བརྟེན་ཏོ། །
ཡང་ཏིག་གི་དྲང་ཐད་རྨ་ཆུའི་ཕ་ཁར་དུང་གི་དབྱིབས་སུ་ཡོད་པས་དུང་རིའམ་རི་ཕྲན་སྟོང་གིས་བསྐོར་བས་སྟོང་རི་ཟེར་བའི་རྫ་རི་མཐོན་པོ་ནགས་ཚལ་སྣ་ཚོགས་དང་། ཨ་ག་རུ་སོགས་དྲི་ཞིམ་པའི་མེ་ཏོག་དང་། རི་དྭགས་དང་། སྐད་སྙན་པའི་བྱ་རིགས་མི་འདྲ་བ་དུ་མ་ཡོད་པའི་རི་ལྗོངས་དེར། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་དང་། དེ་དང་ཉེ་བའི་རྒྱབ་ངོས་རི་ཤོད་དུ་རྒྱལ་བུ་དོན་གྲུབ་ཀྱི་སྤྱན་ཆབ་ཀྱི་རྒྱུན་ལས་བྱུང་ཟེར་བའི་ལོ་རྒྱུས་ཡོད་པའི་མཚོ་ཆེན་ནོར་བུའི་དབྱིབས་ཅན་ཡིད་དུ་འོང་བ། དབྱར་སྟོན་མཚོ་ཁར་ཤིང་ལོ་དང་རྩྭ་སྦུར་ལྷུང་ན་བྱ་བྱིའུ་རྣམས་ཀྱིས་བླངས་ཏེ་སེལ་བར་བྱེད་པ་དང་། མཚོ་ལ་དར་ཆགས་པའི་དུས་སུ་བཀྲ་ཤིས་རྟགས་བརྒྱད་དང་མཆོད་རྟེན་སོགས་བཀྲ་ཤིས་པའི་རི་མོའི་དབྱིབས་སུ་ཆགས་པ་སོགས་བྱང་ཆུབ་སེམས་དཔའི་སྒྱུ་མའི་རྣམ་འཕྲུལ་ད་ལྟ་ཡང་ཀུན་ལ་མཐུན་སྣང་དུ་གྲུབ་པ་ཞིག་ཡོད་དོ། །
དེ་ལ་འདིར་བསྐལ་པའི་སྲིད་ལ་བློ་གྲོས་ཀྱི་སོར་མོས་ཆ་ཚད་ལེན་འདོད་པ་འགའ་ཞིག་གིས་འདི་ལྟར་གླེང་བ་ཐོས་ཏེ། ཅི་རྒྱལ་བུ་དོན་གྲུབ་ཀྱི་བྱུང་བ་དེ་མདོ་རང་ན་གསལ་བ་ལྟར། བསྐལ་པ་དུ་མའི་སྔ་རོལ་ཞིག་ཏུ་བྱུང་བ་མིན་ནམ། ཡིན་ན་ནི་ཐ་ན་དེ་དུས་ཀྱི་སྒྲུབ་ཕུག་དང་། བྲག་སྐྱིབས་སུ་མེ་བཏང་བའི་དུད་པ་ཆགས་པ་ཚུན་ཆད་ད་དུང་མ་འཇིག་པར་གནས་སྲིད་དམ། ཞེས་སོགས་བློ་གྲོས་ཀྱི་བུ་ག་ཤིན་ཏུ་ཕྲ་མོའི་འཇུར་མིག་ལས་བྱུང་བའི་བརྟག་ཚིག་ཐོས་པའི་ནོར་གྱིས་དབུལ་བ་ཞིག་གིས་ཉན་ན་བདེན་བདེན་འདྲ་བ་འདི་ལ་བདག་གིས་ལན་འདི་ལྟར་གདབ་སྟེ། བརྟན་གཡོའི་སྣོད་བཅུད་ལ་དབང་ཐོབ་པ་ལྟར་ན། འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པ་ལྟར་རྡུལ་ཕྲ་རབ་གཅིག་གི་གོ་སར་འཇིག་རྟེན་ཁམས་ཀྱི་རྡུལ་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཆུད་ཆོག་བ་དང་། འཇིག་རྟེན་གྱི་ཁམས་ཞེས་པའང་སྟོང་ཆེན་གྱི་འཇིག་རྟེན་དང་། ཞིང་ཁམས་རབ་འབྱམས་ཀྱི་འཇིག་རྟེན་སོགས་ལ་གོ་དགོས་ཀྱི། ཤའི་མིག་གིས་མཐོང་བའི་འཇིག་རྟེན་གོང་བུ་ཙམ་ལ་གོ་བར་མི་བྱའོ། །རྗེ་ཐམས་ཅད་མཁྱེན་པས། ལ་ལར་བལྟམ་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། །བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་མཛད་ཆེན་རྣམས་དུས་གཅིག་ལ་སྣང་ཆོག་པ་དང་། གསུང་རབ་རྣམས་ལས་བསྐལ་བ་བསྟན་ཚུལ་གྱི་དབང་དུ་བྱས་ན་ཡང་། མཛོད་ལས། བསྐལ་བ་རྣམ་པ་མང་བཤད་པ། །ཞེས་པ་དང་། ཐུབ་པ་དགོངས་རྒྱན་ལས། བསྐལ་བ་འགའ་ཞིག་ནི་བརྒྱད་ཅུར་མ་ངེས་ཏེ། དགེ་རྩ་དང་སྨོན་ལམ་གྱི་དབང་གིས་རིང་བ་སྐར་མ་ལྟ་བུ་ལ་སོགས་པའོ། །ཞེས་དང་། བྱང་ས་ལས། བསྐལ་བ་ཆེན་པོ་དེ་ཡང་ཉིན་མཚན་དང་། ཟླ་བ་དང་། ཟླ་བ་ཕྱེད་དུ་བགྲང་བའི་ཚུལ་གྱིས་དཔག་ཏུ་མེད་པའི་ཕྱིར་གྲངས་མེད་པ་ཞེས་བྱའོ། །ཞེས་དང་། ཕལ་ཆེན་ལས། ཞིང་རྣམས་ལ་ལ་རྡུལ་མཉམ་པའི། །བསྐལ་བ་བྱེ་བར་བརྗོད་པ་ཡིན། །ཞེས་དང་། དུས་འཁོར་ལས། ཆུ་ཞིང་དཔག་ཚད་གཅིག་པའི་དོང་གི་སྐྲ་རྩེ་བགྲང་བའི་རིགས་པས་བསྐལ་ཆུང་དང་། བསྐལ་བ་བར་མ་དང་། མཆོག་གི་བསྐལ་བ་དང་། བསྐལ་བ་ཆེན་པོ་སོགས་བསྐལ་པ་བརྩི་ཚུལ་མི་འདྲ་བ་མང་དུ་གསུངས་པ་དང་། གནས་གཅིག་ཏུ་མཛད་པ་ཡང་ཡང་བསྟན་ཆོག་པ་ཡང་། མདོ་ལས། བྱ་རྒོད་ཕུང་བོའི་རི་འདི་ཉིད་དུ། །བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ་དང་། སྡོང་བོ་གཅིག་གི་དྲུང་ནས་དབུ་ལན་སྟོང་དུ་སྦྱིན་པ་བཏང་བར་གསུངས་པ་དང་། གཞན་ཡང་ཤེར་མདོ་ལས་བསྟན་པའི་འཕགས་པ་ཆོས་འཕགས་དང་རྟག་ཏུ་ངུ་གང་དུ་བྱོན་པའི་གནས་ལ་ད་ལྟའི་ཟི་ཁྲོན་ཞིང་ཆེན་གྱི་ཁྲིན་འདུ་ཧྥུ་ལ་ངོས་འཛིན་པ་ལྟར། སྟག་མོ་ལུས་སྦྱིན་དང་དྲང་སྲོང་བཟོད་པ་སྨྲ་བ་སོགས་མཛངས་བླུན་གྱི་མདོ་སོགས་ནས་གསུངས་པའི་སྟོན་པའི་སྔོན་གྱི་སྐྱེས་རབས་སོ་སོའི་མཛད་ཆེན་གྱི་གནས་ཕལ་ཆེ་བ་ཞིག་ད་ལྟ་བལ་པོ་དང་། རྒྱ་གར་ཕྱོགས་སུ་བསྟན་དུ་ཡོད་པ་དེ་དག་ཐམས་ཅད་ཀྱིས་ངེས་པ་ལེགས་པར་དྲངས་ནས་དཔྱོད་པའི་སྒོ་ཡངས་པོར་དབྱེ་བར་རིགས་སོ། །ད་དུང་འདི་ལ་སྤྲོ་བྱ་ཡོད་ཀྱང་གཞུང་མང་བས་འཇིགས་སོ། །ཤིན་ཏུ་གཅེས་པའི་སྲས་དང་བཙུན་མོ་ཡང་། །སློང་ལ་ཟན་གོང་བཞིན་དུ་གཏོང་བའི་སྤོབས། །ལྷན་སྐྱེས་ཉིད་དུ་གོམས་པའི་སྤྱོད་བཟང་གིས། །ད་སྟེ་འདྲེན་མཆོག་ཤཱཀྱའི་ཏོག་ཏུ་གྱུར། །རང་ཅག་ཁབ་སྐུད་ཙམ་གྱི་ཟང་ཟིང་ལའང་། །ཤི་སྤར་འཐམས་ནས་གཏོང་བའི་བློ་ཞན་ཅིང་། །ལོ་མའི་སེར་ས་ཐུད་ཀྱི་སྔོ་ས་ནས། །མཆོད་ཁུལ་བགྱིས་པས་ད་དུང་འཁྱམས་འདིས་སྐྱོ། །ཀྱེ་མ་དབུགས་ཀྱི་འགྱུ་བའི་ཉག་ཐག་ལས། །བར་ཆོད་མེད་པའི་ཚེ་ལ་ལོང་ཡོད་ལྟར། །བྲིད་མིན་རྒྱལ་སྲས་གྲུབ་པའི་ཕུག་དེ་རུ། །ཉིན་མཚན་འདའ་བའི་དགེ་སྦྱོར་དཔལ་ལ་སྨོན། །ཞེས་བྱ་བ་ནི་ངེས་འབྱུང་སྤུ་ཟིན་གྱིས་ཡིད་ཅུང་ཟད་བསྐུལ་ནས་ངག་ལམ་དུ་ཐོན་པའི་བར་སྐབས་ཚིགས་བཅད་དོ། །
གཉིས་པ་དམར་གཡོ་གཙང་གསུམ་དང་བླ་ཆེན་པོས་བསྟན་པའི་མེ་རོ་གནས་འདི་ནས་ཇི་ལྟར་གསོས་པའི་ཚུལ་དེ་བརྗོད་ན། ཐོག་མར་དམར་གཡོ་གཙང་གསུམ་མམ་བོད་ཀྱི་མཁས་པ་རྣམ་གསུམ་དུ་གྲགས་པ་འདི་ཉིད་ནམ་ཕེབས་ཤེས་དགོས་པས། དེ་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་དར་བ་དང་། ཡང་སྒོས་རང་རེའི་བོད་གངས་ཅན་དུ་བསྟན་པ་སྔ་དར་དང་ཕྱི་དར་གྱི་ལོ་ཚིགས་ནམ་བྱུང་བཅས་ཤེས་ན་བདེ་བླག་ཏུ་ཤེས་པར་འགྱུར་རོ། །དེའི་ཕྱིར་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་བོ་དེ་ཉིད་འཁྲུངས་པ་དང་། ཁྱིམ་ནས་མངོན་པར་བྱུང་བ་དང་། མངོན་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པའི་དུས་ལ་སོགས་པ་དང་། མ་མཐའ་ཡང་སྟོན་པའི་འདས་ལོ་ཙམ་ཡིན་ཡང་ངེས་པ་གལ་ཆེ་ཞིང་། དེ་ལ་ཡང་སྔོན་བྱོན་རྒྱ་དཀར་ནག་གི་མཁས་པ་དང་། བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་མཐུན་པ་མང་དུ་སྣང་ན་ཡང་། གྲགས་ཆེ་བ་ནི་འདི་ཙམ་ཞིག་ཡོད་དོ། །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་བཞེད་པ་ལྟར་ན། འགོས་ལོ་གཞོན་ནུ་དཔལ་བའི་དེབ་ཐེར་སྔོན་པོའི་སྨད་ཆ་ལས། དེ་ཡང་པཎ་ཆེན་ཉིད་ཀྱིས་བོད་དུ་མེ་མོ་ཡོས་ཀྱི་ལོ་ལ་སོལ་ནག་ཐང་བོ་ཆེར་བསྟན་རྩིས་མཛད་པར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་རབ་འདས། །ཞེས་གསུངས་ཏེ། དེ་ལྟ་བུའི་ལོ་དེ་རྣམས་ལ་དྲུག་ཅུས་བགོས་ན་ལྷག་མ་བཅུར་འགྱུར་བའི་ཕྱིར་བསྟན་པའི་ཐོག་མ་ནི་མེ་མོ་སྦྲུལ་ཡིན་པར་ཤེས་པར་བྱའོ། །
དེའི་ཚེ་དུས་འཁོར་བ་རྣམས་ཀྱི་འདས་ལོའི་ཐོག་མ་མེ་མོ་ཡོས་ནས་དྲུག་ཅུ་སྐོར་གསུམ་སྟེ་བརྒྱ་བརྒྱད་ཅུ་སོང་བ་ཡང་ཤེས་པར་བྱའོ། །ཐང་དུ་བརྩིས་པའི་མེ་ཡོས་དེ་ནས་དེང་སང་གི་མེ་ཕོ་སྤྲེའུ་འདི་ཡན་ལ་དྲུག་ཅུ་སྐོར་བཞི་དང་སུམ་ཅུ་སོང་བས་ན། ཐུབ་པ་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་གཉིས་དང་ཉི་ཤུ་སོང་བ་ཡིན་ནོ། །ཞེས་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། སྟོན་པའི་འདས་ལོ་བརྩིས་པའི་མེ་ཡོས་ཀྱི་ལོ་དེ་ནི་དུས་འཁོར་བའི་འདས་ལོ་ཐོག་མ་རབ་བྱུང་དང་བོའི་མེ་ཡོས་ནས་ལོ་བརྒྱ་བརྒྱད་ཅུ་སོང་བ་སྟེ་དྲུག་ཅུ་སྐོར་གསུམ་སོང་རྗེས་ཀྱི་རབ་བྱུང་བཞི་བའི་ཐོག་མའི་ལོ་དེ་ཡིན་ལ། སྟོན་པའི་འདས་ལོ་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་དེ་དྲུག་ཅུས་བགོས་པའི་ནོར་ལ་ཉེར་དགུ་དང་ལྷག་མ་བཅུ་འབྱུང་བས་དྲུག་ཅུ་སྐོར་ཉེར་དགུ་དང་། ལོ་རྐྱང་བཅུ་འདས་པ་སྟོན་ལ། ལོ་རྐྱང་བཅུ་བོ་དེ་ནི་དྲུག་ཅུ་སྐོར་མ་ལོངས་པའི་ང་གཅིག་པ་མེ་སྦྲུལ་ནས་དྲུག་ཅུ་བ་མེ་སྟག་གི་བར་གྱི་ལོ་བཅུ་བོ་དེ་ཡིན་པས། སྟོན་པ་འདས་པའི་ཕྱི་ལོའི་མེ་སྦྲུལ་དེ་ཉིད་བསྟན་རྩིས་ཀྱི་ཐོག་མ་ཡིན་པར་བསྟན། འགོས་ལོས་རབ་བྱུང་བརྒྱད་པའི་བགྲང་བྱ་སུམ་ཅུ་བ་མེ་སྤྲེལ་ལ་དེབ་སྔོན་རྩོམ་པའི་མགོ་ཚུགས་ནས་བགྲང་བྱ་སོ་གསུམ་པ་ལ་བརྩམས་གྲུབ་པས་ན། རབ་བྱུང་བརྒྱད་པའི་མེ་སྤྲེལ་ཡན་ལ་ལོ་ཉིས་སྟོང་ཉི་ཤུ་སོང་། དེར་ད་ལྟའི་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སུམ་ཅུ་བ་མེ་སྤྲེལ་ཏེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་དྲུག་ལོའི་བར་དུ་དྲུག་ཅུ་སྐོར་བརྒྱད་ཀྱི་ལོ་གྲངས་བཞི་བརྒྱ་བརྒྱད་ཅུ་བསྲེས་པས་ལོ་ཉིས་སྟོང་ལྔ་བརྒྱ་ཐམ་པ་འབྱུང་ངོ་། །དེ་ལྟར་ན་འཕགས་ཡུལ་གྱི་པཎ་ཆེན་ཨ་བྷ་ཡ་ཀ་ར་གུབྟ་དང་། བོད་ཀྱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་སོགས་དང་། ད་ཚོད་སིང་ག་ལ་ནས་དར་བའི་གནས་བརྟན་སྡེ་བ་རྣམས་ཀྱིས་བཞེད་པའི་སྟོན་པའི་འདས་ལོ་ཡང་འདི་ཇི་ལྟ་བ་བཞིན་དུ་འདུག་པས། ད་ལྟ་འཇིག་རྟེན་ཁྱོན་དུ་ནང་པ་སངས་རྒྱས་པའི་རང་བསྟན་ལ་ཞུགས་པའི་ཕྱི་གླིང་བ་རྣམས་ནས་ཀྱང་སྟོན་པའི་འདས་ལོ་ལ་འདི་ཁོ་ན་བཞིན་རྩི་བར་བྱེད་མོད། ས་སྐྱ་པཎྚི་ཏས་དགག་པ་མཛད་སྣང་སྟེ་རྒྱས་པར་བདག་གིས་གཞན་དུ་འགོད་པར་འདོད་དོ། །
དགེ་འདུན་ཆོས་འཕེལ་གྱིས་བྱས་པའི་དེབ་ཐེར་དཀར་བོར། ཁ་ཆེ་པཎ་ཆེན་བོད་དུ་བྱོན་ལོ་ཆུ་ཕག་ལ་བྱས་པ་དང་། དེའི་ཕྱི་ལོའི་ཤིང་བྱི་དེ་གནས་བརྟན་པའི་ལུགས་ཀྱི་ཆིག་སྟོང་བདུན་བརྒྱ་ཞེ་བརྒྱད་བར་བྱས་པ་དང་། སོལ་ནག་ཐང་བོ་ཆེར་འདས་ལོ་རྩི་བའི་ལོ་དེ་ཤིང་བྱིའི་ལོ་དེ་གར་བྱས་པ་སོགས་རྩ་བ་ནས་ནོར་བོའི་རྐྱེན་གྱིས་པཎ་ཆེན་ལུགས་ལ་རྩིས་ཀྱི་དབང་གིས་ལོ་གཉིས་མ་མཐུན་པ་ཙམ་བྱུང་། ཞེས་པའི་དོན་མེད་ཀྱི་དགོངས་པ་ཞིག་ཀྱང་འཇོག་དགོས་བྱུང་། དེ་ལྟར་ན་ཁ་ཆེ་པཎ་ཆེན་བོད་དུ་བྱོན་ལོ་རབ་བྱུང་གསུམ་པའི་ཤིང་བྱི་ཡིན་གྱི་ཆུ་ཕག་མ་ཡིན། ཤིང་བྱི་ལོ་དེར་གནས་བརྟན་པའི་ལུགས་ཀྱི་འདས་ལོ་ཆིག་སྟོང་བདུན་བརྒྱ་ཞེ་བདུན་ཡིན་གྱི་ཞེ་བརྒྱད་མ་ཡིན། ཐང་བོ་ཆེར་རབ་བྱུང་བཞི་བའི་ཐོག་མ་མེ་ཡོས་ལོར་འདས་ལོ་བརྩིས་པ་ཡིན་གྱི་ཤིང་བྱི་ལོར་བརྩིས་པ་མིན་པས་དེ་དག་གིས་འཁྲུལ་གཞི་བྱས་སོ། །ས་པཎྚི་ཏས་མཛད་པའི་ས་ཆེན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ལས། ཁ་ཆེའི་པཎྚི་ཏ་ཆེན་པོ་སྡོམ་བརྩོན་བསོད་སྙོམས་པའི་ཞལ་སྔ་ནས་ཀྱིས་དཔལ་ས་སྐྱར་ལྕགས་ཕོ་རྟའི་ལོ་ལ་དབྱར་གནས་པའི་ཚེ་བརྩིས་པས། མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་གཅིག་དང་བདུན་བརྒྱ་ལྔ་བཅུ་ང་གསུམ་མོ། །ཞེས་གསུངས་པ་འདི་ལ་ལྟོས་དང་ཧ་ཅང་གསལ་ལོ། །དེས་ན་འདས་ལོ་འདི་ཕུག་པ་ཡབ་སྲས་ཀྱིས་བཞེད་པའི་སྟོན་པའི་འདས་ལོ་ལས་ལོ་གྲངས་སུམ་བརྒྱ་སོ་བདུན་གྱིས་ཉུང་བར་སྣང་ངོ་། །རྒྱ་ནག་ཙན་དན་ཇོ་བོའི་ལོ་རྒྱུས་ལྟར་ན། སྣར་ཐང་བསྟན་འགྱུར་སྔགས་ཕྱོགས་རུ་བོད་ཀྱི་མཇུག་ཏུ་བཞུགས་པའི་ལོ་རྒྱུས་ཤོག་བྱང་གི་སྙིང་བོ་བསྡུ་ན། རྒྱ་ནག་གི་རྒྱལ་རབས་ཅེའུ་ཞེས་བྱ་བའི་རྒྱལ་རིང་བཞི་བ་ཅེའུ་དབང་གི་ཁྲི་ལོ་ཉེར་བཞི་བ་ཤིང་སྟག་ཟླ་བ་བཞི་པའི་ཚེས་བརྒྱད་ལ་ཤཱཀྱ་ཐུབ་པ་སྐུ་བལྟམས། ཁྲི་ལོ་ཞེ་གཉིས་པ་རྒྱལ་བུ་དོན་གྲུབ་ལོ་བཅུ་དགུ་བར་ཁབ་ནས་བྱུང་། རྒྱལ་རིང་ལྔ་བ་མུ་དབང་ཁྲི་ལོ་གསུམ་པ་ཆུ་ལུག་ལོ་སྟོན་པ་དགུང་ལོ་སུམ་ཅུ་བཞེས་ཐོག་མངོན་པར་སངས་རྒྱས། དེ་ནས་ལོ་བརྒྱད་ལོན་པའི་དབྱར་ཟླ་གསུམ་ལྷ་ཡུལ་དུ་བཞུགས། དེའི་ཚེ་རྒྱལ་བོ་ཨུ་ཏྲ་ཡ་ནས་ཙན་དན་གྱི་ཇོ་སྐུ་དེ་བཞེངས། སྐུ་དེ་རྒྱ་གར་དུ་ལོ་ཆིག་སྟོང་ཉིས་བརྒྱ་གྱ་ལྔར་བཞུགས། དེ་ནས་ལི་ཡུལ་དང་མི་ཉག་གི་ཡུལ་དང་རྒྱ་ཡུལ་དུ་ཕེབས། སྐུ་དེ་བཞེངས་ནས་ལོ་རྒྱུས་འདི་བརྩམས་ལོའི་ཆུ་ཕག་ཡན་ལ་ལོ་ཉིས་སྟོང་ང་ལྔ་འདས། འདིའི་ལུགས་ཀྱིས་སྟོན་པ་འདས་ནས་ཆུ་ཕག་ལོ་དེ་ཡན་ཆད་ལ་ལོ་ཉིས་སྟོང་བཅུ་གསུམ་ལོན། ཞེས་འབྱུང་ལ། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ཙན་དན་ཇོ་བོའི་ལོ་རྒྱུས་སུ་ཡང་། སྟོན་པ་ཅེའུ་གུར་བྱི་དུས་ཤིང་སྟག་ལ་འཁྲུངས་ནས་ད་ལྟ་གནམ་སྐྱོང་ལོ་སོ་ལྔ་བ་ལྕགས་སྟག་གི་ལོ་འདི་ཉིས་སྟོང་བདུན་བརྒྱ་གོ་བདུན་པ་ཡིན་པར་སྣང་ངོ་། །ཞེས་གསུང་སྟེ། ཆེན་ལུང་ཁྲི་ལོ་སོ་ལྔ་བ་དེ་ནི་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ཉེར་བཞི་བ་ལྕགས་སྟག་གི་ལོ་ཡིན་ནོ། །དེའི་ཕྱིར་ལུགས་འདི་ལྟར་ན་སྟོན་པ་ཤིང་སྟག་ལ་འཁྲུངས་ནས་དགུང་ལོ་རེ་བདུན་བཞེས་པའི་སྟེང་ཕུག་པའི་འཁྲུངས་ལོ་དྲག་པོ་ལྕགས་སྦྲེལ་ལ་འབབ་བོ། །གུང་ལོ་ཆེན་རྒྱ་ནག་ཆོས་འབྱུང་གི་རྒྱལ་བསྟན་བྱུང་ཚུལ་སྐབས་སུ། འཁྲུངས་ལོའི་ཤིང་སྟག་དེ་ཅེའུ་དབང་གི་ཁྲི་ལོ་ཉེར་དྲུག་བྱས་ན་དག་ཟེར། ཨ་ཀྱཱ་བློ་བཟང་བསྟན་རྒྱན་གྱིས་ལུགས་འདི་ལས་ལོ་གྲངས་གཉིས་ཀྱིས་སྔ་བ་ཆུ་བྱི་ལ་སྟོན་པ་འཁྲུངས་པར་བཤད་དོ། །བོད་གངས་ཅན་གྱི་མཁས་པ་རྣམས་ཀྱི་བཞེད་པ་ལའང་མི་མཐུན་པ་མང་མོད་ཀྱང་། གྲགས་ཆེ་བ་ནི། བུ་སྟོན་གྱི་བཞེད་པ་དང་། ཕུག་པའི་བཞེད་པ་གཉིས་ལས། དང་པོ་ལྟར་ན། མེ་རྟ་ལོའི་ས་ག་ཤོལ་བཅས་སྔ་མའི་ས་གའི་ཉ་ལ་ལྷུམས་སུ་ཞུགས་ནས་ཟླ་བ་དགུ་དང་ཞག་ཉེར་གསུམ་འདས་པ། ལོ་དེའི་དགུན་ཟླ་ཐ་ཆུང་རྟ་ཟླ་སྟེ་ཧོར་ཟླ་དང་པོའི་ཚེས་བདུན་གྱི་སྔ་དྲོར་སྐུ་བལྟམས། ཉེར་དགུ་བ་ཤིང་ཁྱི་ལ་ཁབ་ནས་བྱུང་། སོ་དྲུག་པ་ལྕགས་སྦྲུལ་ལོའི་དཔྱིད་ཟླ་ཐ་ཆུང་ས་གའི་ཉའི་མཚན་གྱི་ཐུན་ཐ་མ་ལ་མངོན་པར་སངས་རྒྱས། དགུང་ལོ་གྱ་གཅིག་གི་ངོ་མཐོང་བའི་མེ་སྟག་ས་གའི་ཉའི་ནམ་ཕྱེད་ལ་མྱ་ངན་ལས་འདས་ཏེ། དེ་ལྟར་ན་ཕུག་ལུགས་ཀྱི་སྟོན་པ་དགུང་ལོ་ཞེ་བདུན་བཞེས་པའི་སྟེང་བུ་ལུགས་ཀྱི་འཁྲུངས་ལོ་མེ་རྟར་འབབ་བོ། །ཕུག་པ་ཡབ་སྲས་ཀྱི་བཞེད་པ་ལྟར་ན་ས་མོ་ལུག་གི་ལོའི་དབྱར་འབྲིང་ཆུ་སྟོད་ཉའི་སྐར་མ་རྒྱལ་གྱི་དུས་ལྷུམས་སུ་ཞུགས། དེ་ནས་ཟླ་བ་དགུ་དང་ཞག་ཉེར་གསུམ་རྫོགས་པ་ལྕགས་སྤྲེལ་ས་གའི་ཚེས་བདུན་གྱི་མཚན་མོ་སྐུ་བལྟམས། ཉེར་དགུ་བ་ས་བྱི་ལ་ཁབ་ནས་བྱུང་། སོ་ལྔ་པ་ཤིང་རྟ་ལོའི་ས་གའི་ཉ་སྟེ་ཚེས་བཅུ་དྲུག་ལ་སངས་རྒྱས། དགུང་ལོ་གྱ་གཅིག་ལྕགས་འབྲུག་ས་ག་ཟླ་བའི་ཉའི་མཚན་གྱི་ཐུན་བར་ཐའི་མཇུག་ནས་བརྩམས་ཏེ་ཐུན་ཐ་མའི་མགོ་རྩོམ་པའི་ཆ་ལ་མྱ་ངན་ལས་འདས། དེ་ལྟར་ན་སྟོན་པ་འདས་པའི་ལོ་དེ་ནས་ད་ལྟ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་དྲུག་དང་། རབ་རྒྱལ་མེ་སྤྲེལ་ལོ་འདི་ཡན་ལ་ཉིས་སྟོང་བརྒྱད་བརྒྱ་སོ་དྲུག་འདས་པར་བཞེད་དེ་ཁོ་བོ་ནི་ལུགས་འདིའི་རྗེས་སུ་འབྲང་བ་ལ་དགའ་ཞིང་། ཚེ་སྨད་བརྩམས་པའི་བསྟན་རྩིས་ཀྱི་རེའུ་མིག་རྒྱས་པའང་ཕུག་ལུགས་གཞིར་བཞག་ནས་བྲིས་ཡོད་དོ། །སྒོ་མང་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་དུ་སྐབས་འགར་བུ་ལུགས་དང་། སྐབས་འགར་ཕུག་ལུགས་ལྟར་གསུངས་པ་ལ། དེ་ཡང་འདུལ་བའི་མཐའ་དཔྱོད་དུ་ཕུག་ལུགས་ལྟར་ལྕགས་སྤྲེལ་ལ་འཁྲུངས་པར་བཤད། བསྟན་རྩིས་སུ་མེ་རྟའི་ས་ག་ཤོལ་བཅས་ཀྱི་སྔ་མའི་ཉ་ལ་ལྷུམས་སུ་ཞུགས་པ་སོགས་བུ་ལུགས་ཇི་མ་ཇི་བཞིན་དང་། ཕར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་པར་མེ་རྟའི་ས་གའི་ཉ་ལ་ལྷུམས་སུ་ཞུགས། ཆུ་སྟོད་ཤོལ་བཅས་ཟླ་བ་བཅུ་རྫོགས་པའི་དགུན་ཟླ་ཐ་ཆུང་རྟ་ཟླའི་ཚེས་བདུན་ལ་བལྟམས་ཞེས་པ་དང་། མཆུའི་ཟླ་བའི་ཉ་དང་སྐར་མ་རྒྱལ་གྱི་སྔ་དྲོར་བལྟམས་ཞེས་པའི་བཤད་ལུགས་གཉིས་དང་། ཉེར་དགུ་པ་ཤིང་ཁྱི་ལ་ཁབ་ནས་བྱུང་། སོ་ལྔ་བ་ལྕགས་འབྲུག་ས་གའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ་ཅིང་། སོ་དྲུག་པ་ལྕགས་སྦྲུལ་གྱི་ས་གའི་ཉའི་སྲོད་ལ་བདུད་བཏུལ་ཞེས་པའི་བཤད་ལུགས་གཉིས་དང་། སོ་དྲུག་པ་ཁོ་ན་ལ་སངས་རྒྱས་པ་ཡིན། སངས་རྒྱས་ནས་ལོ་ཞེ་ལྔ་བ་ཤིང་གླང་འདས་ནས་མེ་སྟག་ས་གའི་ཉའི་ནམ་ཕྱེད་ལ་འདས་ཤིང་། མེ་རྟར་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་སོ་གསུམ་པ་ས་ཁྱིའི་ལོར་སྐབས་བརྒྱད་པའི་ཡིག་ཆ་དེ་བརྩམས། ཞེས་དང་། མཛོད་མཐའ་དཔྱོད་ཀྱི་གནས་དང་བོར། མེ་རྟ་ལ་འཁྲུངས། ཤིང་ཁྱི་ལ་ཁབ་ནས་བྱུང་། སོ་བདུན་པ་ཆུ་རྟའི་ས་གའི་ཉ་ལ་སངས་རྒྱས། ཞེས་དང་། གནས་བརྒྱད་པར། མེ་རྟའི་ས་ག་ཟླ་བར་འཁྲུངས། ཉེར་དགུ་བ་ཤིང་ཕག་ལ་ཁབ་ནས་བྱུང་། སོ་ལྔ་བ་ལྕགས་སྦྲུལ་ལ་སངས་རྒྱས། བརྒྱད་ཅུ་བ་མེ་སྟག་ལ་འདས། དེ་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཞེ་གཅིག་འདས་ཤིང་ཞེ་གཉིས་པ་མེ་ཕག་ལ་ཡིག་ཆ་དེ་བརྩམས་པར་བཤད། འཇིགས་བྱེད་ཆོས་འབྱུང་དུ། ལྕགས་སྤྲེལ་ལ་བལྟམས། སོ་ལྔ་བ་ཤིང་རྟ་ལ་སངས་རྒྱས། ལོ་དེའི་དྲུག་པའི་ཞག་ཆད་བརྩིས་ན་ཚེས་དྲུག་དང་མ་བརྩིས་པའི་ཚེས་ལྔ་ལ་ཆོས་འཁོར་བསྐོར། སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས་ནས་ལོ་སྟོང་ཕྲག་གཅིག་དང་དགུ་བརྒྱ་དང་བདུན་འདས་པ་ན་མེ་མཁའ་རྒྱ་མཚོའི་རྗེས་ཀྱི་རབ་བྱུང་གི་ཐོག་མ་ཤར། ཞེས་དང་། མཇུག་ནས་མེ་རྟ་ལ་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་སོ་བཞི་བར་ཆོས་འབྱུང་འདི་བརྩམས། ཞེས་སོགས་གཞུང་ཕན་ཚུན་དང་གཞུང་གཅིག་ཏུའང་མི་འདྲ་བ་དུ་མ་གསུངས་ན་ཡང་རང་ལུགས་དངོས་ནི་བསྟན་རྩིས་ལྟར་ཡིན་ནོ། །
གཞན་ཡང་ས་སྐྱ་པཎྚི་ཏས་མཛད་པའི་ས་སྐྱ་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར། འདུལ་བ་ལུང་རིགས་གཏེར་མཛོད། སྟག་ལོའི་དུས་འཁོར་སྤྱི་དོན་སོགས་ཀྱི་བཤད་ཚུལ་རྣམས་ཆེས་ཆེར་མི་འདྲ་ཞིང་ངེས་དགོས་པ་ཤ་སྟག་ཡིན་མོད། ཐམས་ཅད་འདིར་བཤད་པས་མི་ལང་ངོ་། །ད་ནི་བོད་གངས་ཅན་དུ་བསྟན་པ་ནམ་བྱུང་ཞེ་ན། དེ་ཡང་ཀུན་མཁྱེན་བླ་མའི་བསྟན་རྩིས་སུ། རིགས་ལྡན་འཇམ་དཔལ་གྲགས་པས་ཁྲི་མཛད་ནས་ལོ་ཞེ་གཅིག་གི་དུས་གཉའ་ཁྲི་བཙན་པོ་བོད་དུ་བྱོན། ཞེས་དང་། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་ལས། སྟོན་པ་སངས་རྒྱས་པའི་ཕྱི་ལོ་ཆུ་རྟ་ནས་ལོ་དྲུག་བརྒྱ་དང་ཞེ་གསུམ་ན་གཉའ་ཁྲི་བྱོན། ཅེས་འབྱུང་བ་གཉིས་ཁུངས་གཙིགས་པའི་དབང་དུ་བཏང་ན། ཆོས་རྒྱལ་བདུན་གྱི་དང་པོ་ཟླ་བཟང་འདས་པའི་རྗེས་ཀྱི་ཤིང་ཕོ་སྤྲེལ་ལ་ལྷ་དབང་ཁྲིར་བཞུགས་པ་ནས་བཟུང་། ཆོས་རྒྱལ་ཕྱི་མ་རྣམས་དང་། རིགས་ལྡན་ཐོག་མ་འཇམ་དཔལ་གྲགས་པ་སོགས་བྱོན་པའི་ལོ་ལ་དུས་འཁོར་བ་ཐམས་ཅད་ཞལ་འཆམས་པས་ན། རིགས་ལྡན་འཇམ་དཔལ་གྲགས་པའི་ཁྲི་ལོ་ཞེ་གཅིག་པ་ནི་ཤིང་ཕོ་བྱི་བའི་ལོ་ཞིག་ཡིན་ནོ། །དེའི་ཕྱིར་ཕུག་ལུགས་ལྟར་ན། སྟོན་པ་འདས་པའི་ལྕགས་འབྲུག་ནས་ཆུ་ལུག་བར་ཟླ་བཟང་གི་ལོ་བཞི་དང་། དེ་ནས་ཆོས་རྒྱལ་ཕྱི་མ་དྲུག་ལ་ལོ་དྲུག་བརྒྱ་དང་། དེ་ནས་རིགས་ལྡན་འཇམ་དཔལ་གྲགས་པའི་ཞེ་གཅིག་སྟེ་དྲུག་བརྒྱ་ཞེ་ལྔ་བ་ཤིང་ཕོ་བྱི་བའི་ལོ་ནི་གཉའ་ཁྲི་བཙན་པོ་བོད་དུ་ཕེབས་པའི་ལོ་སྟེ། ཤིང་བྱིའི་ལོ་དེ་ནས་རིགས་ལྡན་གསུམ་པ་བཟང་པོའི་ཁྲི་ལོ་དོན་བརྒྱད་ལྕགས་བྱ་ཐོག་སྤྱི་ལོ་ཚུགས་པ་ཡིན་པས་དེའི་བར་ལ་ལོ་ཉིས་བརྒྱ་སོ་བདུན་དང་། ཡང་ཤིང་བྱིའི་ལོ་དེ་ནས་རིགས་ལྡན་བཅུ་བའི་ལོ་མགོ་མེ་མཁའ་རྒྱ་མཚོ་ཟུག་པའི་བར་ལ་ལོ་བརྒྱད་བརྒྱ་དྲུག་ཅུ་དང་། མེ་མཁའ་རྒྱ་མཚོ་མ་ཚུགས་གོང་གི་ལོ་བདུན་པ་མེ་གླང་སྟེ་སྤྱི་ལོ་དྲུག་བརྒྱ་བཅུ་བདུན་པ་ལ་སྲོང་བཙན་སྒམ་པོ་འཁྲུངས་པ་ལྟར་ན། གཉའ་ཁྲི་བོད་དུ་བྱོན་པའི་ལོ་ནས་སྲོང་བཙན་འཁྲུངས་པའི་བར་ལ་ལོ་བརྒྱད་བརྒྱ་དང་གསུམ་འདས་པ་ཡིན་ནོ། །བྲག་དགོན་པའི་ཆོས་འབྱུང་དུ། དུས་འཁོར་རྩ་རྒྱུད་གསུངས་ནས་ལོ་དྲུག་བརྒྱ་ཞེ་གསུམ་ན་གཉའ་ཁྲི་བཙན་པོ་བྱོན་པར་བཤད་པ་ནི། སྟོན་པས་དགུང་ལོ་སོ་བདུན་པ་ཆུ་རྟ་ལོར་དུས་འཁོར་གསུངས་པའི་ལུགས་སུ་བྱས་སོ། །སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དང་། རྩིས་ཀྱི་བུ་གཞུང་གཉིས་ཀར། སྟོན་པ་མེ་ཡོས་ལ་འདས་པ་ནས་ལོ་བཞི་བརྒྱ་བཅུ་བདུན་འདས་པའི་ཤིང་བྱི་ལོར་གཉའ་ཁྲི་བཙན་པོ་འཁྲུངས་པར་བཤད་དེ། དེ་ལྟར་ན་འདིར་བཤད་པ་ལས་ལོ་བརྒྱ་དང་བརྒྱད་ཅུས་སྔ་བར་སྣང་ངོ་། །
འདིར་སྲོང་བཙན་སྒམ་པོ་ནམ་འཁྲུངས་པ་དང་། དགུང་ལོ་ག་ཚོད་བཞུགས་པ་དག་ལས་བརྩམས་ཏེ་གླང་དར་མས་བསྟན་པ་བསྣུབས་པའི་བར་གྱི་ལོ་ཚིགས་ལ་ཅུད་ཟད་དཔྱད་ན། ས་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བོད་ཀྱི་རྒྱལ་རབས་དང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་རྒྱལ་རབས་གསལ་བའི་མེ་ལོང་། བུ་སྟོན་ཆོས་འབྱུང་། ཚལ་བ་ཀུན་དགའ་རྡོ་རྗེའི་དེབ་དམར། བསོད་གྲགས་ཆོས་འབྱུང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་། ངོར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་ཆོས་འབྱུང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་རྩིས། སུམ་པ་པཎྚི་ཏའི་ཆོས་འབྱུང་། དབལ་མང་པཎྚི་ཏའི་རྒྱ་བོད་ཧོར་སོག་གི་ལོ་རྒྱུས། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་རྣམས་སུ་སྲོང་བཙན་མེ་གླང་ལ་འཁྲུངས་པར་བྱས་ཤིང་། དེ་ལྟར་ན་མེ་གླང་དེ་ནས་ལོ་བདུན་འདས་པའི་བརྒྱད་པ་ཤིང་སྤྲེལ་ལ་དུས་འཁོར་བའི་མེ་མཁའ་རྒྱ་མཚོའི་མགོ་ཚུགས་པ་ཡིན། འགོས་ལོ་གཞོན་ནུ་དཔལ་བའི་དེབ་སྔོན་དང་། རྒྱལ་དབང་ལྔ་བའི་རྒྱལ་རབས། བཻ་དཀར། འཇིགས་མེད་གླིང་པ། ཅོ་ནེ་གྲགས་པ་བཤད་སྒྲུབ། འཇུ་མི་ཕམ་རྣམས་ཀྱིས་ས་གླང་ལ་འཁྲུངས་པར་བྱས་ཏེ། ས་གླང་དེ་ནི་མེ་མཁའ་རྒྱ་མཚོ་ཚུགས་རྗེས་ཀྱི་ལོ་དྲུག་པ་དེ་ཡིན་ནོ། །འགོས་ལོས་དེ་ལྟར་བཞེད་པའི་ཤེས་བྱེད་ནི་དེབ་སྔོན་གྱི་བསྟན་པ་ཕྱི་དར་གྱི་ལོ་ཚིགས་སྐབས་གོང་འོག་ཏུ། སྲོང་བཙན་ས་མོ་གླང་ལ་འཁྲུངས་ནས་ཡི་གེ་འདི་བགྱིས་པའི་མེ་སྤྲེལ་ཡན་ཆད་ལ་ལོ་བརྒྱད་བརྒྱ་ཞེ་བརྒྱད་འདས། ཞེས་དང་། སྲོང་བཙན་འཁྲུངས་ནས་ལོ་སུམ་བརྒྱ་ཉེར་དགུ་འདས་པའི་ས་ཕོ་རྟ་ལ་ལོ་ཆེན་རིན་བཟང་འཁྲུངས། ཞེས་དང་། དུས་མཚུངས་བསྒྲིགས་པའི་སྐབས་སུ། སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་རྩ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས། ཞེས་སོགས་ཀྱིས་གསལ་བར་འགྲུབ་བོ། །ལུང་དེས་དེ་ལྟར་འགྲུབ་ཚུལ་ནི་མེ་མཁའ་རྒྱ་མཚོ་སྟེ་ལོ་བཞི་བརྒྱ་དང་གསུམ་ལས་ལོ་ལྔ་ཕྲིས་པས་ལོ་སུམ་བརྒྱ་གོ་བརྒྱད། དེའི་སྟེང་དེབ་སྔོན་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལ་རྩོམ་པས་དྲུག་ཅུ་སྐོར་བདུན་ལ་ལོ་བཞི་བརྒྱ་ཉི་ཤུ་དང་། རབ་བྱུང་བརྒྱད་པའི་མེ་སྤྲེལ་བཅས་པའི་ཡན་ལ་ལོ་སུམ་ཅུ་སྟེ་བསྡོམས་པས་ལོ་བརྒྱད་བརྒྱ་ཞེ་བརྒྱད་འབྱུང་བ་འདིས་ལེགས་པར་འགྲུབ་པ་ལྟར་དུ་ལུང་ཕྱི་མ་རྣམས་ཀྱང་ཤིན་ཏུ་གསལ་ལོ། །དེས་ན་དེབ་སྔོན་དུ་བོད་དང་རྒྱ་ཧོར་ལ་སོགས་པའི་རྒྱལ་རབས་ཀྱི་སྐབས་སུ། ཐང་ཀའུ་ཛུང་གིས་ས་ཕོ་སྟག་ལ་རྒྱལ་ཁམས་བླངས་པ་དེ། སྲོང་བཙན་སྒམ་པོའི་ལོ་ལྔ་བཅུ་བ་ཡིན། ཞེས་བཤད་འདུག་པས། དེ་ལྟར་ན་ཐང་གི་རྒྱལ་རབས་ཐོག་མར་བྱུང་བའི་ས་ཕོ་སྟག་ནི་མེ་མཁའ་རྒྱ་མཚོའི་གོང་གི་ལོ་དྲུག་པ་ཉིད་ཡིན་པ་ནི་རྒྱ་ནག་གི་ཡིག་ཚང་རྣམས་སུ་ཤིན་ཏུ་གསལ་བས་ཐེ་ཚོམ་གྱི་དྲི་ཙམ་ཡང་བྲོ་མི་དགོས་ཤིང་། དེ་དུས་སྲོང་བཙན་དགུང་ལོ་ལྔ་བཅུ་ཡིན་ན། སྲོང་བཙན་འཁྲུངས་ནས་ལོ་བརྒྱད་བརྒྱ་ཞེ་བརྒྱད་འདས་པ་སྟེ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལ་དེབ་སྔོན་རྩོམ་པའི་ལོ་ཚིགས་དང་ཇི་ལྟར་འགྲིག་སྟེ། དྲུག་ཅུ་སྐོར་གཅིག་གི་བར་ཁྱད་བྱུང་བ་མིན་ནམ་ཞེ་ན། བདེན་པ་ལྟར་སྣང་མོད་ཀྱང་སྲོང་བཙན་དེ་དུས་ལོ་ལྔ་བཅུ་ཡིན་ཞེས་སོགས་ཀྱི་ཚིག་ནི། མིའི་བདག་པོ་ཀུན་དགའ་རྡོ་རྗེས་ཡི་གེར་བཏབ་པ་བཞིན་བྲི་བར་བྱ་སྟེ་ཞེས་པའི་གཞན་གཞུང་འགོས་ཀྱིས་ལུང་དྲངས་པ་ལས་བྱུང་བ་ཡིན་གྱི། འགོས་ཀྱི་རང་ཚིག་ག་ན་ཡིན་ཏེ། དེབ་སྔོན་རང་ལ་མིག་གཉིས་ཆར་གྱིས་ཞིབ་ཏུ་གཟིགས་པར་འཚལ། སྤྱིར་ཀུན་དགའ་རྡོ་རྗེས་ཡི་གེར་བཏབ་པའི་རྒྱའི་ཡིག་ཚང་དེ་ལ་ཡིག་ནོར་མང་དུ་བྱུང་འདུག་སྟེ། ཀུན་དགའ་རྡོ་རྗེའི་དེབ་དམར་རང་ན་ཡང་། འདིའི་དབང་ཐང་ལ་ནོར་བ་འགའ་རེ་འདུག ཅེས་ནོར་བ་དེ་ངོས་ཟིན་ཡོད་པར་མ་ཟད། ལུང་དྲངས་པ་དེར། ལྕགས་ཁྱི་ལ་སྲོང་བཙན་འདས། ཞེས་པ་ལ་སྲོང་བཙན་གྱི་དགུང་ལོར་ལོ་ཞེ་བརྒྱད་ཀྱིས་ཉུང་བ་དང་། ས་མོ་ལུག་འདི་གླང་དར་མས་རྒྱལ་སྲིད་བྱས་ནས་ལོ་བཞི་ལོན་པའི་ས་མོ་ལུག་དེ་ཡིན། ཞེས་པའི་སྐབས་སུ་དྲུག་ཅུ་སྐོར་གཅིག་གི་ཆད་སྐྱོན་བྱུང་འདུག་སྟེ། དེ་དག་ཀྱང་འགོས་ཀྱི་རང་ཚིག་མིན་ནོ། །དེའི་ཕྱིར་དེབ་ཐེར་དཀར་པོར་མིང་བཏགས་པས། འགོས་ཀྱིས་ས་གླང་དེ་དྲུག་ཅུ་སྐོར་སྔ་མའི་ས་གླང་དུ་བྱས་ནས། སྲོང་བཙན་དགུང་ལོ་གྱ་གཉིས་བཞུགས་པར་གསུངས། ཞེས་དང་། སྲོང་བཙན་དོན་དགུ་ལ་ཕེབས་ཚེ་ཀོང་ཇོ་དང་བཤོས། ཞེས་དང་། སྲོང་བཙན་འདས་པའི་ལོ་ནི་འགོས་རང་ཉིད་ཀྱང་རྒྱའི་ལོ་རྒྱུས་ལ་བརྟེན་པར་གསལ། ཞེས་དང་། དེས་ན་འགོས་ཀྱིས་གདོན་མི་ཟ་བར་ལོ་དྲུག་ཅུ་སྐོར་སྔ་མའི་ས་གླང་དང་། ཕྱི་མའི་ས་གླང་ནོར་བར་ཟད་དེ། རྩ་བ་འདི་ནས་ནོར་བའི་དབང་གིས། དར་མས་ཆོས་བསྣུབས་པའི་ལྕགས་བྱ་ནས་ལོ་དུ་སོང་བ་བརྩིས་པ་ན་ཡང་། རེས་དྲུག་ཅུ་སྐོར་གཅིག་ལྷག རེས་དྲུག་ཅུ་སྐོར་གཅིག་ཆད་པ་གཉིས་དེབ་སྔོན་གྱི་མགོ་མཇུག་ཀུན་ཏུ་ཡོད་པ་ཞིབ་ཏུ་རྩིས་དང་ཤེས། ཞེས་ཞུན་མཐར་བཅད་ནས་བཤད་ཁུལ་བྱས་པ་རྣམས་ལ་སྙིང་བོ་ཅི་ཡང་མ་བྱུང་ངོ་། །
དེ་ལྟར་ན་དེབ་སྔོན་ལས་ཐད་དེར་མདའ་ཚད་ཤོག་དེབ་བཞི་ཙམ་ཀུན་དགའ་རྡོ་རྗེའི་ཡི་གེ་ལྟར་བཤུས་པ་ཡིན་པས་ན། མཇུག་ཏུ། ཞེས་པ་ཛམྦྷལ་རྡོ་ཤྲཱི་མགོན་གྱིས་སྨྲས་པ་ཀུན་དགའ་རྡོ་རྗེས་བྲིས་པའོ། །ཞེས་ཡོད་པ་འདི་ཞིབ་ཏུ་གཟིགས་པར་འཚལ། ཡང་དེབ་ཐེར་དཀར་པོ་དེར། སྤྱིར་སྲོང་བཙན་བརྒྱད་ཅུ་ལྷག་བཞུགས་ཟེར་མཁན་རྣམས་ཀྱིས། རྒྱལ་བོ་དགུང་ལོ་དོན་དགུའི་སྐབས་རྒྱ་བཟའ་བག་མར་བཞེས་སོ་བྱ་བ་འདི་འཛུམ་བག་ཅུང་ཟད་བཅས་ཁས་ལེན་དགོས་པ་བཟློག་ཏུ་མེད་ལ། ཁོང་རྣམས་བརྒྱད་ཅུ་བཞུགས་ཟེར་བ་དེ་ཡང་། དོན་ཕ་རྒྱུད་ཀྱི་ལུང་བསྟན་ཞིག་ལ་བརྟེན་པ་ཙམ་ཡིན་ལ། རྒྱུད་ཚིག་དེའི་དོན་ཡང་ཆེས་གཞན་ཞིག་ཡིན་མོད་ཀྱི་སྐབས་སུ་མ་བབ་པས་འདིར་མ་སྤྲོས་སོ། །ཞེས་བཤད་པ་ལ་གཏན་ནས་དོན་མ་མཆིས་ཏེ། སྲོང་བཙན་བརྒྱད་ཅུ་ལྷག་བཞུགས་པར་བཤད་མཁན་སུ་ཡིན་ཡང་། སྲོང་བཙན་འཁྲུངས་ལོ་མེ་མཁའ་རྒྱ་མཚོའི་སྔ་ཕྱིར་ལོ་ལྔའམ་བདུན་ལས་མ་འདས་ཤིང་། རྒྱ་བཟའ་ཀོང་ཇོའི་ཡབ་ཐང་ཐེ་ཙུང་དགུང་ལོ་ཉེར་དགུ་སྟེང་མེ་མཁའ་རྒྱ་མཚོའི་ལོ་གསུམ་པ་མེ་ཁྱི་ལ་རྒྱལ་སར་འཁོད་པར་མི་འཆམ་པ་གཅིག་ཀྱང་མེད་ལ། སྲོང་བཙན་དགུང་ལོ་ཉེར་ལྔ་བ་ལྕགས་གླང་ལོར་རྒྱ་བཟའ་བཙུན་མོར་བསུས་པར་དེབ་སྔོན་མཁན་པོ་དང་ངེད་ཅག་ཀུན་མཐུན་པར་འདོད་ན། དགུང་ལོ་དོན་དགུའི་སྐབས་རྒྱ་བཟའ་བག་མར་བཞེས་སོ་བྱ་བ་འདི་འཛུམ་བག་ཅུང་ཟད་བཅས་ཁས་ལེན་དགོས་པ་བཟློག་ཏུ་མེད་ཅེས་བཤད་པ་ནི་ཁྱོད་རང་གཅིག་པུ་ལས་གཞན་ཤེས་ལྡན་སུ་ཞིག་གིས་དེ་ལྟར་སྨྲ་བར་བགྱིད། སྤྱིར་ཚལ་བའི་དེབ་དམར་རང་གི་གཞུང་ན། སྲོང་བཙན་ལྕགས་ཁྱི་ལ་འདས་ཞེས་པའི་ཚིག་ནི། དེབ་དམར་རང་ན། གཏམ་རྒྱུད་འདི་ཐེ་ཙུང་གི་ཡིག་ཚང་བ་སུ་ཁྱེ་ཞེས་པས་བཏུས། ཤིང་བྱ་ལ་ཤིང་ཀུན་ཏུ་བསྒྱུར། འདིའི་དབང་ཐང་ལ་ནོར་བ་འགའ་རེ་འདུག ཅེས་བཤད་པ་འདི་དེབ་དཀར་མཁན་པོས་མ་མཐོང་བའམ་མཐོང་ཡང་མ་མཐོང་བའི་ཟོལ་གྱིས་ཡིན་གཅིག་མིན་གཉིས་སྲོང་བཙན་དགུང་ལོ་སོ་བཞི་ཐོག་ལྕགས་ཁྱི་ལ་འདས་པར་བཤད་དགོས་པའི་ཁག་དེ་ཅི་ལ་བབས། དེབ་དམར་རང་གི་གཞུང་ན་གོང་དེ་མ་ཐག་དྲངས་པའི་ལུང་དེའི་གཤམ་ན། སྲོང་བཙན་མེ་གླང་ལ་འཁྲུངས། ཆབ་སྲིད་ལོ་རེ་དགུར་བཟུང་། དགུང་ལོ་གྱ་གཉིས་པ་ས་ཁྱི་ལ་འདས། ཞེས་སོགས་ཀྱི་ལོ་རྒྱུས་ཕལ་ཆེར་བྱང་ཇི་སྟོན་ཤེར་འབུམ་གྱིས་རྒྱལ་རབས་མང་པོ་ལས་བསྡུས་པ་དཔག་ཐོག་པ་རིན་རྡོར་ལ་དྲིས་ཏེ་བྲིས་པ་ཡིན། ཞེས་དེབ་དམར་རྩོམ་མཁན་ཚལ་བའི་མི་དབང་ཀུན་དགའ་རྡོ་རྗེ་རང་གི་རང་ལུགས་འཁྲུལ་མེད་བཞག་པ་འདི། དེབ་དཀར་དུ་གླེང་ཙམ་ཡང་མི་བྱེད་པ་ནི་ཤིན་ཏུ་ཡ་མཚན་ནོ། །དེ་བཞིན་དུ་བོད་ཀྱི་རྒྱལ་རབས་སོ་སོའི་ལོ་ཚིགས་རྣམས་ལ་དཔྱད་པ་དང་དོགས་གཅོད་བྱེད་དགོས་པ་ཤིན་ཏུ་མང་མོད། འདིར་བཀོད་ན་སྐབས་དོན་སྒྲིབ་པར་འགྱུར་བས་གཞན་དུ་སྤྲོ་བར་འདོད་དོ། །དཀར་ཆག་འདི་བརྩམས་པའི་ལོ་ནས་ལོ་ཉེར་བཞི་ལོན་པ་དང་ལོ་བདུན་ཅུ་པའི་ས་ག་ཟླ་བར། དེབ་དཀར་མཁན་པོས་ཟླ་མེད་པའི་ཁུངས་རྣམ་དག་ཏུ་བརྩི་བ་ལི་ཡུལ་གྱི་ཤར་མཐའི་ཏུན་ཧོང་སངས་རྒྱས་སྟོང་གི་བྲག་ཕུག་ནས་ཐོན་པའི་བོད་རྒྱལ་རབས་ཀྱི་ལོ་ཚིགས་དང་ལོ་རྒྱུས་རགས་རིམ་བཀོད་དཔའི་ཡི་གེ་ཕྱི་རྒྱལ་དུ་འཕྱན་པ་དེའི་བུ་བཤུས་ཤིག་བདག་གི་ཡང་སུག་པར་འབྱོར་བ་ལ་བརྟེན་ལྟ་རྟོག་ཤིབ་མོ་བྱས་པ་ན། ཡི་གེ་དེ་རི་བོང་ཅལ་འདྲོག་གི་དཔེས་སྦིར་བ་ཙམ་ལས་ཡིད་བརྟན་ཕེར་བའི་ལོ་རྒྱུས་ཁུངས་ལྡན་ཞིག་ཏུ་མི་སེམས་སོ། །
དཀར་ཆག་འདིར་གོང་སྨོས་ལྟར་ལོ་ཚིགས་ཀྱི་དཔྱད་པ་དང་དོགས་གཅོད་མང་པོ་བྲིས་ན་སྐབས་དོན་སྒྲིབ་པར་འགྱུར་བས་མི་འཚམ་པ་འདྲ་ན་ཡང་། ད་ལྟ་བགྲང་བྱ་མཐོན་པོར་སླེབས་པས་བོད་རྒྱལ་རབས་ཀྱི་ལོ་ཚིགས་སོགས་ལ་དཔྱད་པའི་ཡི་གེ་ཟུར་བ་ཞིག་རྩོམ་ཐུབ་མིན་ཡང་ཚོད་མི་ཐིག་པས་འདིར་གནད་འགག་ཆེ་བ་འགའི་ཚིག་གིས་གཏེར་ཡིག་དེའི་མཚང་བརྟོལ་བ་འདི་ལྟར།
དང་བོ། དེབ་དཀར་མཁན་པོས་ཤོག་དྲིལ་ཀ་བའི་མིང་བཏགས་པ་དེར། འགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་སྤྱན་དྲངས་ནས་ལོ་དགུ་བ་ལ་སྲོང་བཙན་འདས་པར་བཤད་པ་དང་། ཡང་ཀོང་ཇོ་དང་ལོ་གསུམ་ལ་བཤོས་སོ། །ཞེས་པ་གཉིས་ནང་འགལ་ཏེ། ལོ་དགུའི་རིང་བོད་དུ་བཞུགས་ནས་ལོ་གསུམ་ཙམ་མ་གཏོགས་སྲོང་བཙན་དང་གཟིམ་མཇལ་མ་བྱུང་བ་ནི་ཆེས་ཡ་མཚན་ནོ། །དེབ་དཀར་མཁན་པོས་རྒྱ་བཟའ་བོད་དུ་འབྱོན་ལམ་བློན་པོ་འགར་གྱིས་འགོར་ཅི་ཐུབ་བྱས་ནས་ལོ་དྲུག་འགོར་ཞེས་རང་གི་ཞེ་འདོད་ཀྱི་ཕྱོགས་སུ་ནན་གྱིས་འཐེན་པ་ལ་སུ་ཞིག་ཡིད་ཆེས་པར་འགྱུར།
གཉིས་པ། མེ་མཁའ་རྒྱ་མཚོའི་ལོ་གྱ་གཅིག་པ། (སྤྱི་ལོ༧༠༤)ཤིང་ཕོ་འབྲུག་གི་ལོའི་དཔྱིད་ཀར་རྒྱལ་གཙུག་རུ་སྟེ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་འཁྲུངས་པ་དང་། ལོ་དེའི་དགུན་ཡབ་རྒྱལ་པོ་འདུས་སྲོང་མང་རྗེ་དགུང་དུ་གཤེགས་པར་བཤད། ཤིང་ཕོ་འབྲུག་དེ་ནས་བརྩིས་པའི་ལོ་བདུན་པ་ལྕགས་ཁྱི་ལོ(སྤྱི་ལོ༧༩༠)ལ་རྒྱ་བཟའ་ཕྱི་མ་གྱིམ་ཤིང་ཀོང་ཇོ་བོད་དུ་བསུས་པར་བཤད་དེ། ལོ་དེར་མེས་ཨག་ཚོམ་དགུང་ལོ་བདུན་ཡིན་པས་དེ་ལ་བཙུན་མོ་བསུ་བའི་ཆོ་ག་ཇི་ལྟར་བྱེད་བསམ་པའི་ཡུལ་ལས་འགོངས་སོ། །རྒྱལ་གཙུག་རུ་དགུང་ལོ་དགུ་ལོན་པའི་དུས་སུ་མཚན་ལ་ཁྲི་ལྡེ་གཙུག་བཙན་དུ་གསོལ་ཞེས་ཟེར་ཞིང་། འདི་ལ་ཕྱིས་སུ་མེས་ཨག་ཚོམ་དུ་འབོད་པར་ལོ་རྒྱུས་ཁུངས་མ་རྣམས་སུ་ཡོད་པ་དེ་ལྟར་རོ། །རླུང་ལྟར་གྲགས་པའི་ལོ་རྒྱུས་སུ་མེས་ཨག་ཚོམ་གྱི་སྲས་ལྗང་ཚ་ལྷ་དབོན་གྱི་བཙུན་མོར་རྒྱ་བཟའ་ཕྱི་མ་འདི་བསུ་གྲབས་བྱེད་དུས་ལྗང་ཚ་རྟས་བརྡབས་ནས་གྲོངས་ཏེ་མཐར་ཡབ་རྒྱལ་བོ་མེས་ཨག་ཚོམ་གྱི་བཙུན་མོར་བཞེས་པར་བཤད་པའི་ལོ་ཚིགས་དང་སྒྲིག་ཐབས་མེད་དོ། །
གསུམ་པ། མེ་མཁའ་རྒྱ་མཚོའི་ལོ་བརྒྱ་བཅུ་དྲུག་པ(སྤྱི་ལོ༧༣༡)ས་མོ་ཡོས་ཀྱི་དབྱར་སྲས་ལྷ་དཔོན་དང་། དགུན་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་གཉིས་འདས་པར་བཤད་པ་དང་། ས་མོ་ཡོས་དེ་ནས་བརྩིས་པའི་ལོ་བཞི་བ་ཆུ་ཕོ་རྟ(སྤྱི་ལོ༧༤༡)ཡི་ལོ་ལ་བྲག་དམར་དུ་ཡུམ་སྣ་ནམ་བཟའ་ལ་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་ནས་དགུང་ལོ་བཅོ་ལྔའི་སྟེང་མཚན་ལ་ཁྲི་སྲོང་ལྡེ་བཙན་དུ་གསོལ་བར་བཤད་དོ། །ཡོངས་གྲགས་ཀྱི་བཤད་ཚུལ་དང་གཏན་མི་མཐུན་པ་འདི་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་སུས་ཀྱང་ཁས་ལེན་དུ་མི་བཏུབ་སྟེ། ལྗང་ཚ་ལྷ་དབོན་གྱི་མ་ཤང་གི་བུ་ཡིན་མདོག་ཁ་བོ་དང་། ཁྲི་སྲོང་ལྡེ་བཙན་མ་འཁྲུངས་པའི་གོང་གི་ལོ་བཞི་བ་ལ་ཁྲི་སྲོང་གི་མ་ཡུམ་དུ་རྩོད་པ་མེད་པའི་གྱིམ་ཤིང་ཀོང་ཇོ་འདས་པར་བཤད་པ་འདི་ལས་ལྷག་པའི་ཡི་མུག་པ་ཞིག་ཇི་ལྟར་འབྱུང་ངོ་། །སྤྱིར་སྔོན་རབས་ཀྱི་ཡི་གེ་དེར་ཁས་ལེན་དུ་མི་བཏུབ་བའི་ནོར་བ་མངོན་ཆེ་བ་འགའ་ཟུང་ཡོད་པ་ལས་ལོ་རྒྱུས་ལ་རྟོག་དཔྱོད་བྱེད་མཁན་ཚོར་ཧ་ཅང་མཁོ་ཆེ་བའི་ས་བོན་འགངས་ཅན་ཡོད་པ་སྨོས་མ་དགོས། དེ་ལྟར་གནད་ཆེ་བ་གསུམ་གྱི་སྒོ་ནས་སུན་ཕྱུང་བ་འདིས་ནི་གཏེར་ཡིག་དེ་ཡིད་བརྟན་ཐུབ་པའི་ཡི་གེ་ཞིག་མིན་པ་གསལ་བར་བསྟན་པས་ན། སྲོང་བཙན་སྒམ་པོ་དགུང་ལོ་སོ་བཞི་ལས་མ་བཞུགས་ཞེས་གྲེ་བ་འགགས་འགགས་ཀྱི་བར་དུ་བཤད་པ་དེར་ཐལ་སྤུངས་ཀྱི་རི་བོ་ལ་གནམ་ལྕགས་ཀྱི་ཐོག་སེར་བབས་པའི་དཔེ་ལས་གཞན་དུ་ཅི། མེ་མཁའ་རྒྱ་མཚོའི་ལོ་ང་དྲུག་པ(སྤྱི་ལོ༦༧༡)ས་མོ་ཡོས་ཀྱི་མཐའ་ནས་དེབ་དཀར་རྩོམ་འཕྲོར་ལུས་པས་རྒྱ་བཟའ་ཕྱི་མའི་ལོ་ཚིགས་སྐོར་དང་། བསྟན་བསྣུབས་དང་ཕྱི་དར་གྱི་ལོ་ཚིགས་སོགས་འབྲི་རྒྱུ་མ་བྱུང་བ་ནི་ཤིན་ཏུ་ཕངས་སོ། །སྤྲོས་པས་ཆོག་གོ །
དེས་ན་བོད་ཀྱི་རྒྱལ་རབས་ཀྱི་ལོ་ཚིགས་ལ་ས་ཆེན་གྲགས་པ་རྒྱལ་མཚན་གྱི་གསུང་དང་། དཔའ་བོ་གཙུག་ཕྲེང་གི་ཆོས་འབྱུང་། སུམ་པ་པཎྚི་ཏའི་ཆོས་འབྱུང་རྣམས་ཧ་ལམ་མཐུན་ཞིང་། དེ་དག་ལས་ཀྱང་རྒྱལ་དབང་ལྔ་བས་མི་བཞེད་པ་མ་གཏོགས་དཔའ་བོ་གཙུག་ཕྲེང་གིས་ལོ་ཚིགས་གང་བཤད་ལ་རང་ཚིག་སྔ་ཕྱི་མི་འགལ་བ་ལྟ་བུར་སྣང་བས་ཉུང་ཙམ་འགོད་ན། ཕུག་ལུགས་ལྟར་ན་སྟོན་པ་འདས་ནས་ལོ་ཆིག་སྟོང་བཞི་བརྒྱ་གོ་བརྒྱད་དང་། སྤྱི་ལོ་དྲུག་བརྒྱ་བཅུ་བདུན་པ་མེ་མོ་གླང་ལ་སྲོང་བཙན་འཁྲུངས། དེའི་ཕྱི་ལོ་ས་སྟག་ལ་ཐང་གི་རྒྱལ་ས་ཐོག་མར་ཚུགས། སྲོང་བཙན་ཉེར་ལྔ་བ་ལྕགས་གླང་ལ་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས། སྲོང་བཙན་ང་གསུམ་པ་ས་སྦྲུལ་ལ་མོང་བཟའ་ཁྲི་ལྕམ་དང་འདུས་པ་ལས་སྲས་གུང་རི་གུང་བཙན་འཁྲུངས། གུང་རི་གུང་བཙན་བཅོ་བརྒྱད་པ་མེ་ཁྱི་ལ་དེའི་སྲས་མང་སྲོང་མང་བཙན་འཁྲུངས། སྲོང་བཙན་གྱ་གཉིས་པ་ས་ཁྱི་ལ་འདས་ཏེ་དབོན་སྲས་མང་སྲོང་གིས་སྲིད་བཟུང་། མང་སྲོང་དགུང་ལོ་ཉེར་བདུན་པར་འདས་ནས་ཞག་བདུན་ན་འདུས་སྲོང་མང་རྗེ་འཁྲུངས། འདུས་སྲོང་མང་རྗེ་དགུང་ལོ་ཉེར་དགུ་བར་འདས་ནས་ལོ་དེར་སྲས་ཁྲི་ལྡེ་གཙུག་བརྟན་ཏེ་མེས་ཨག་ཚོམ་འཁྲུངས། མེས་ཨག་ཚོམ་དགུང་ལོ་ང་གཅིག་གི་དུས་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས། མེས་ཨག་ཚོམ་རེ་གསུམ་པར་འདས་ནས་སྲས་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་བསྐྱངས། དགུང་ལོ་སོ་གསུམ་ནས་ལོ་རེ་བཞིན་སྲས་མུ་ནེ་བཙན་པོ། མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་བཙན་གསུམ་བསྐྲུན། ཁྲི་སྲོང་ལྡེ་བཙན་དགུང་ལོ་ང་ལྔ་བར་ཁྲི་ལས་བྱོལ་ནས་སྲས་མུ་ནེ་བཙན་པོ་སྲིད་ལ་བཞག དེ་ལོ་གཅིག་དང་ཟླ་བ་དགུ་ལ་བཀྲོངས་ནས་མེ་སྟག་ལོ་ལ་ཁྲི་ལྡེ་སྲོང་བཙན་ནམ་ལྡེང་ཁྲིའམ་སད་ན་ལེགས་མཇིང་ཡོན་ཞེས་མཚན་གྱི་རྣམ་གྲངས་མང་པོ་ཅན་དགུང་ལོ་ཉེར་གསུམ་བཞེས་པ་དེས་སྲིད་བསྐྱངས། དེས་དགུང་ལོ་བཞི་བཅུ་བཞེས་དུས་སྲས་གླང་དར་མ་དང་། ཞེ་གསུམ་བཞེས་དུས་མངའ་བདག་ཁྲི་རལ་བ་ཅན་བསྐྲུན། སད་ན་ལེགས་མཇིང་ང་བཞི་བར་འདས་ནས་སྲས་རལ་བ་ཅན་ཏེ་ཁྲི་གཙུག་ལྡེ་བཙན་རྒྱལ་སར་འཁོད། རལ་བ་ཅན་དགུང་ལོ་སོ་དྲུག་བཞེས་པའི་ལྕགས་བྱ་ལོར་སྡིག་བློན་གྱིས་བཀྲོངས་ནས་གཅེན་གླང་དར་མ་རྒྱལ་སར་བཀོད། དར་མས་ལོ་ལྔ་ལ་སྲིད་བསྐྱངས་ཤིང་བསྟན་པ་བསྣུབས་པར་བྱས། གཙུག་ཕྲེང་ལྟར་ན་ལོ་ལྔ་བ་ཟད་པ་མེ་སྟག་གི་ལོར་ལྷ་ལུང་དཔལ་རྡོར་གྱིས་དར་མ་བཀྲོངས་ཏེ། ལོ་དེ་ནི་མེ་མཁའ་རྒྱ་མཚོའི་ནང་ཚན་རབ་བྱུང་དང་པོ་མ་ཚུགས་གོང་གི་ལོ་བརྒྱ་ཉི་ཤུ་སྟེ་དྲུག་ཅུ་སྐོར་གཉིས་ཀྱི་སྔ་གོང་དེ་མ་ཐག་གི་མེ་སྟག་དེ་ཡིན་ནོ། །
སྐབས་འདིར་ཀུན་མཁྱེན་བསྟན་རྩིས་སུ། སྲོང་བཙན་མེ་གླང་ལ་འཁྲུངས་ནས་ལོ་བརྒྱད་པ་ཤིང་སྤྲེལ་ལ་མེ་མཁའ་རྒྱ་མཚོའི་མགོ་ཚུགས་ཞེས་དང་། སྲོང་བཙན་གྱ་གཉིས་པ་ས་ཁྱི་ལ་འདས་ནས་ལོ་བརྒྱད་ཅུ་སོང་བའི་ས་རྟ་ལ་ཁྲི་སྲོང་ལྡེ་བཙན་འཁྲུངས། དགུང་ལོ་རེ་དགུ་བ་མེ་སྟག་ལ་འདས། ཞེས་དང་། ཁྲི་སྲོང་གི་སྲས་མུ་ནེ་བཙན་པོ། དེའི་གཅུང་སད་ན་ལེགས་མཇིང་ཡོན། དེའི་སྲས་བར་མ་ཁྲི་རལ་བ་ཅན་རྒྱལ་དཀས་བྱེད་རྩིས་མགོ་རྩོམ་པའི་མེ་ཁྱི་ལ་འཁྲུངས་ཤིང་། དགུང་ལོ་བཅུ་གཉིས་པ་མེ་བྱ་ལ་རྒྱལ་སྲིད་བསྐྱངས། ཞེས་གསུངས་པ་རྣམས་གུང་བསྒྲིགས་ན། མེས་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉེར་དགུ་སྟེང་ཚ་བོ་ཁྲི་རལ་བ་ཅན་འཁྲུངས་དགོས། ཚ་བོ་དེས་དགུང་ལོ་བཅུ་གཉིས་སྟེང་རྒྱལ་སྲིད་བསྐྱངས་ན། དེ་དུས་མེས་པོ་ཁྲི་སྲོང་དགུང་ལོ་བཞི་བཅུ་ཡིན་ཞིང་། ཚ་བོ་རལ་བ་ཅན་གྱི་ཡབ་མེས་པོ་ཁྲི་སྲོང་གི་སྲས་སད་ན་ལེགས་མཇིང་འཁྲུངས་རེག་ལ་ད་དུང་ལོ་བདུན་འགོར་དགོས་པས། དེ་ལས་བཞད་གད་ཀྱི་གནས་ཅི་ཞིག་ཡོད་དེ། གང་ལྟར་ཡང་རལ་བ་ཅན་འཁྲུངས་ལོ་དྲུག་ཅུ་སྐོར་གཅིག་གིས་སྔ་བའི་སྐྱོན་བྱུང་ངོ་། །དབལ་མང་པཎྚི་ཏའི་རྒྱ་བོད་ཧོར་སོག་གི་ལོ་རྒྱུས་སུ་ཡང་པཎྚི་ཏས་ཐུགས་མཉམ་མ་བཞག་པའི་ཚུལ་གྱིས་དེ་ཇི་ལྟ་བ་བཞིན་བཀོད་འདུག་པ་དང་། འོག་ནས་འཆད་པ་ལྟར་བྲག་དགོན་པས་ཀྱང་འདི་ལ་བརྟེན་པས་ནོར་བ་བྱུང་འདུག་སྟེ། བསྟན་རྩིས་པ་རྣམས་ཀྱིས་ཐུགས་གཟབ་མཛད་འཚལ།
དེ་ཡང་བསྟན་པ་སྔ་དར་དང་ཕྱི་དར་འབྱུང་བའི་རྐྱེན་ནི་འདི་ལྟར་ཤེས་པར་བྱ་སྟེ། སྔར་བཤད་པའི་སད་ན་ལེགས་མཇིང་ཡོན་ལ་གཙང་མ། དར་མ། རལ་བ་ཅན། ལྷ་རྗེ། ལྷུན་གྲུབ་སྟེ་སྲས་ལྔ་བྱུང་། དེ་དག་ལས་ཐ་ཆུང་གཉིས་ཆུང་ངུ་ནས་གཤེགས་པས་བང་སོ་ཡང་མེད་ལ། ལྷ་སྲས་གཙང་མ་རབ་ཏུ་བྱུང་། དར་མ་སྡིག་ལ་དགའ་བས་རྗེ་བོར་མ་འོས་ཏེ། ཁྲི་གཙུག་ལྡེ་བཙན་རལ་བ་ཅན་དེ་ཉིད་དགུང་ལོ་བཅུ་གཉིས་བཞེས་ཐོག་མེ་མོ་བྱ་ལ་ཡབ་འདས་ཤུལ་ཁྲིར་བསྐོས། དེའི་ཁྲི་ལོ་ལྔ་དྲུག་གི་མཚམས་སུ་རྒྱ་ནག་གི་རྒྱལ་བོ་དང་འཁྲུག་ཆེན་བསླངས་པའི་མཐར། བོད་ཀྱི་མཆོད་གནས་ལོ་པཎ་རྣམས་དང་རྒྱའི་ཧྭ་ཤང་རྣམས་ཀྱིས་འདུམ་མཛད་དེ། རྒྱའི་གོང་གུ་རྨེ་རུ་སྟེ་འདི་ལ་ལས་ད་ལྟའི་མཚོ་སྔོན་ཁྲི་ཁ་ལ་ངོས་འཛིན་པ་དེར་མངའ་བདག་རལ་བ་ཅན་དངོས་སུ་ཕེབས་ཏེ་རྒྱ་བོད་ཀྱི་ས་མཚམས་ཕྱེ་ནས་གཙུག་ལག་ཁང་བརྩིགས། ཁྲི་རལ་གྱི་དབུ་སྐྲ་ནང་གཞུག་ཏུ་ཕུལ་བའི་རྒྱ་མཁར་གྱི་མཆོད་རྟེན་དེ་བཞེངས། རྒྱ་བོད་ཀྱི་ཕོ་བྲང་གི་མདུན་དང་། ས་མཚམས་རྨེ་རུ་གསུམ་དུ་རྡོ་རིང་བསླངས་ཏེ་གཙིགས་ཡིག་དང་བྲོས་ཚིག་བྲིས། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་བཙན་པོ་དབོན་ཞང་ཞེས་བསྒྲགས་ནས་ཕ་བོང་ལ་ཉི་ཟླའི་གཟུགས་བྱས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། ས་མཚམས་རྨེ་རུ་མན་ལ་བོད་ཀྱིས་དམག་མི་འདྲེན། རྨེ་རུ་ཡན་ལ་རྒྱས་དམག་མི་འདྲེན། གལ་ཏེ་སུས་དྲངས་ན་རྡོ་རིང་གི་ཡི་གེ་ལན་གསུམ་དུ་བཀླགས་པས་སུས་དྲངས་པ་དེ་ཕུང་བར་གྱུར་ཅིག ཅེས་བཙན་པོ་དབོན་ཞང་གིས་བདེན་དཔང་བཙུགས་ཏེ་དམོད་བོར་བ་དང་མནའ་ཚིག་དོར། རྡོ་རིང་ནམ་བཙུགས་པའི་ལོ་ལ་རྒྱ་བོད་ཀྱི་ཡིག་ཚང་དུ་ལོ་དྲུག་ཅུའི་ཁྱད་པར་ཡོད་པས་བརྟག་པར་བྱ། ལ་ལས་གོང་གུ་རྨེ་རུ་ཞེས་པ་གཞན་ཞིག་ལ་ངོས་འཛིན་པའང་ཡོད་དོ། །
དེ་ནས་བཙན་པོ་དེས་ཡབ་མེས་རིང་ལ་རྒྱ་ནག་དང་། ལི་ཡུལ། རྒྱ་གར། ཟ་ཧོར། ཁ་ཆེ་སོགས་ཡུལ་སྣ་ཚོགས་ནས་དམ་པའི་ཆོས་བསྒྱུར་བས་བརྡ་མི་འདྲ་བ་མང་བས་མི་གོ་ཞིང་སློབ་དཀའ་བར་གཟིགས་ནས་ལོ་པཎ་མཁས་པ་མང་པོ་ལ་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་བ་དང་། ཆད་ལྷག་སྤང་བའི་ཕྱིར་དཀར་ཆག་ཀྱང་བྲིས་ཤིག་ཅེས་བཀའ་སྩལ་ཏེ། ཁྲི་སྲོང་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་། དེའི་ཁར་མཆིམས་ཕུ་མ་དང་། འཕང་ཐང་མ་སྟེ་གསུམ་སྔ་ཕྱིར་བཅོས། གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་པའི་སྡེ་བ་བོད་དུ་མི་འཛུགས་ཤིང་སྡེ་བ་གཞན་པའི་སྡེ་སྣོད་དང་། སྔགས་མ་རྒྱུད་ཀྱི་སྐོར་མ་སྒྱུར་ཅེས་བཀའ་ཕབ་སྟེ་སྲང་དང་ཞོ་ཆ་ཚུན་ཆད་རྒྱ་གར་གྱི་ཡུལ་དབུས་དང་མཐུན་པར་བཅོས། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་རེ་ཕུལ། དབུ་སྐྲ་བསིལ་བ་ལ་མི་མཉེས་པས་རལ་བ་ཅན་དུ་མཚན་ཐོགས། རྒྱལ་པོ་གྲལ་དབུ་ལ་བཞུགས་ཚེ་གཡས་གཡོན་ལ་དགེ་འདུན་གྱི་སྟན་བཤམས། དབུ་སྐྲ་ཚན་གཉིས་སུ་བྱས་པའི་སྣེ་ལ་དར་ཡུག་བཏགས་པ་དགེ་འདུན་གྱི་སྟན་ཁར་བཀྲམ་པ་ཚུན་ཆད་ཀྱིས་སྲི་ཞུ་མཛད། ཐུགས་དམ་གྱི་རྟེན་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་དགུ་ཐོག་བཞེངས་པ་ན། འོག་གི་ཐོག་སོ་གསུམ་རྡོ་ལས་བརྩིགས་ཏེ་དེར་རྗེ་བློན་རྣམས་བཞུགས། བར་ཐོག་གསུམ་སོ་ཕག་གིས་བརྩིགས་ཏེ་དེར་ལོ་པཎ་དགེ་འདུན་རྣམས་བཞུགས། སྟེང་ཐོག་གསུམ་ཤིང་གིས་བརྩིགས་ཏེ་ཐུགས་དམ་གྱི་རྟེན་རྣམས་བཞུགས་པ་ནི་ལྟ་བས་ཆོག་མི་ཤེས་པ་དང་འཛམ་གླིང་ན་གྲགས་པ་ཅན་དུ་གྱུར། ཡབ་མེས་ཀྱི་སྐུ་རིང་ལ་ཆབ་འབངས་སུ་མ་འདུས་པ་ཤར་སྐར་མ་སྨིན་དྲུག་འཆར་བའི་འོག་རྒྱ་ནག་སོ་ལོན་ཤན་གྱི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བ་ལ་གཏུགས། ནུབ་སྟག་གཟིག་གི་སྤ་སྟག་ཤ་དུང་གི་སྒོ་མོ་ལ་གཏུགས། བྱང་ཧོར་གྱི་བྱེ་མ་སྒང་རིང་ཉ་རྨང་མའི་རྒྱབ་འདྲ་བ་ལ་གཏུགས། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལས་བརྒལ་བར་གཏུགས་ཏེ་འཛམ་གླིང་སུམ་གཉིས་ལས་ཆེས་ལྷག་པར་མངའ་མཛད་དོ། །དེ་ལྟར་ལྷ་ཐོ་ཐོ་རི་ནས་རྒྱལ་བོ་འདི་བར་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ཞེས་གྲགས་ལ། མེས་ཨག་ཚོམ་ནས་འདིའི་བར་ལ་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་གྲགས་སོ། །
དེའི་ཚེ་ཆོས་ཁྲིམས་ཤིན་ཏུ་དམ་པས་བློན་པོ་དབས་སྟག་རྣ་སོགས་སྡིག་ལ་དགའ་བ་རྣམས་སྐྱོ་སྟེ་རང་ཅག་འདི་ཙམ་དུ་གུ་དོག་པ་ཅིས་ལན་ཟེར་བ་ལ། འགའ་ཞིག་གིས་རབ་བྱུང་ལ་སྡང་མིག་བལྟས། མཛུབ་མོ་ཀེར་ཏེ་འདི་རྣམས་ཀྱིས་ལན་ཟེར་བ་བཙན་པོས་གསན་ནས་དཀོན་མཆོག་ལ་དེ་ལྟར་བྱེད་པར་མི་རིགས་པས་དེ་དག་གི་མིག་ཕྱུངས་མཛུབ་མོ་ཆོད་ཅེས་ལུང་ཕབ། དེ་ནས་ནང་བློན་གདུག་པ་ཅན་འགས་ཆོས་ཁྲིམས་བཤིག་པར་བགྲོས་ནས་སྔོན་ལ་མོ་མ་དང་ཕྱྭ་མཁན་རྣམས་ལ་རྔན་པ་བྱིན་ཏེ་ལྷ་སྲས་གཙང་མ་འདིར་བཞུགས་ན་སྐུ་ཚེ་ལ་བར་ཆད་འོང་ཞིང་རྒྱལ་ཁྲིམས་འཇིག་ཟེར་དུ་བཅུག་ནས་མོན་ཡུལ་དུ་སྤྱུགས། བཙུན་མོ་ངང་ཚུལ་མ་དང་ཆོས་བློན་བྲན་ཀ་དཔལ་ཡོན་མཛའ་འོ་ཞེས་སྙན་ཕྲ་གསོལ་ནས་བཙུན་མོ་ལྕེབས། བྲན་ཀ་དཔལ་ཡོན་བྱང་དུ་བྲོས་ནས་ས་འོག་ཏུ་ལྕགས་ཀྱི་སྲོག་རྩ་བསྒྲུབས་ཤིང་ཅུང་མ་གྲུབ་པའི་འཚམས་སུ་དབས་སྟག་རྣ་ལ་སོགས་པས་ཤེས་ནས་བསད། དེ་ནས་མངའ་བདག་ཁྲི་རལ་དགུང་ལོ་སོ་དྲུག་བཞེས་ཐོག་ལྕགས་མོ་བྱ་ལ་རྒུན་ཆང་དྲངས་ནས་མྱོས་པར་བཞེས་ཏེ་ཁྲི་ཁར་གཟིམས་སྐབས། དབས་སྟག་སྣ་དང་། ཅོག་རོ་ལྷ་ལོད་དང་། ལེགས་སྡུག་བཙན་ཏེ་སྡིག་བློན་གསུམ་གྱིས་མགྲིན་པ་ལྟག་ལ་བསྐོར་ནས་བཀྲོངས་ཏེ་ཀྱེ་མ་ཀྱི་ཧུད། བོད་ཀྱི་བསོད་ནམས་ཟད་པའི་མཐའ་ལ་ལྟོས་ཤིག དེའི་ཚེ་བ་ལང་གི་ཤ་ཚུགས་ཅན་ཤེས་རྒྱ་ཆུང་ལ་རྒྱུད་གྱོང་བའི་གླང་དར་མ་ཨུ་དུམ་བཙན་རང་ལོ་སོ་དགུ་བ་ལྕགས་བྱ་ལ་རྒྱལ་སར་བཞག དབས་སྟག་རྣས་བློན་བྱས། དེའི་ཚེ་ཆོས་བྱེད་པ་བཀྲ་མི་ཤིས་སོ་ཞེས་སྙད་བཏགས་ནས། ཇོ་བོ་རྣམ་གཉིས་དང་། བྱམས་པ་ཆོས་འཁོར་ཆུ་ལ་སྐྱུར་ཟེར་བ་ལ་ཆོས་བློན་འགས་ཐབས་བྱས་ནས་སོ་སོའི་ཁྲི་འོག་ཏུ་སྦས། ལྷ་ཁང་གི་སྒོ་ལ་ཞལ་བརྒྱབ་སྟེ་བཙུན་པ་ཆང་འཐུང་བའི་རི་མོ་བྲིས། བསམ་ཡས་གཤིག་པར་བརྩམས་ཀྱང་ཐོག་བབས་པས་སྐྲག་ནས་འཕྲོར་ལུས། གཞན་ཡང་ལྷ་མང་བོ་བཤིག ལྷ་ས་དང་བསམ་ཡས་སུ་བཤས་ར་དང་། ཝ་ཚང་དང་སྤྱང་ཚང་བཅས། གསུང་རབ་གང་རྙེད་མེར་བསྲེགས། ལ་ལ་ཆུར་བསྐྱུར། ལ་ལ་སའི་འོག་ཏུ་སྦས། རྨ་རིན་ཆེན་མཆོག་དང་མྱང་ཏིང་འཛིན་བཟང་བོ་སོགས་དམ་པ་མང་དུ་བཀྲོངས། རབ་ཏུ་བྱུང་བ་ཕལ་ཆེར་ས་མཐར་བྲོས་ཤིང་མ་ཐར་བ་རྣམས་ཁྱིམ་པར་ཕབ། མ་ཉན་པ་རྣམས་བསད། ལ་ལ་རྒྱལ་བློན་རྣམས་ཀྱི་ཆིབས་ཀྱི་སྒུར་སྟེགས་བྱས། ལ་ལ་རྔོན་པ་ལ་བཏང་བ་སོགས་སྤྱོད་ངན་དེ་ལྟ་བུས་བསྟན་པ་བསྣུབས་པར་བྱས་སོ། །
དེའི་ཚེ་རྒྱ་བོད་མཚམས་སུ་བོད་ལ་དབང་བའི་རི་བརྩིགས་ཡོད་པ་འགྱེལ་བས་ཀླུ་ཆུ་ཞག་གསུམ་ལ་བགགས་ཏེ་གྱེན་དུ་ལོག་པ་དང་། སྐར་མདའ་འཁྲུགས་པ་སོགས་ལྟས་ངན་སྣ་ཚོགས་བྱུང་སྐབས། ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་བར་སྒོམ་མཛད་ནས་བཞུགས་པར་ཐུགས་དོགས་སྐྱེས་ཤིང་། བཙུན་པ་རྔོན་བྱེད་པ་མཐོང་བས་རྒྱལ་བོས་བསྟན་པ་བསྣུབས་པར་མཁྱེན། སྙིང་རྗེས་མ་བཟོད་པར་རྒྱལ་པོ་དགྲོང་ཕྱིར་བེར་དང་ཞྭ་ནང་དཀར་ལ་ཕྱི་ནག་པ་གོན། ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག རྟ་དཀར་སོལ་བ་བྱུགས་པ་ལ་ཞོན་ནས་ལྷ་སར་འོངས་སོ། །དེར་རྒྱལ་བོས་རྡོ་རིང་གི་ཡི་གེ་གཟིགས་པའི་སྐབས་ཤིག་དང་འཕྲོད་ནས་དྲུང་དུ་ཕྱིན། ཕྱག་བྱེད་པ་ལྟར་བྱས་ནས། ཕུ་ཐུང་ནང་ནས་མདའ་གཞུ་བཏོན། ཕྱག་དང་པོ་ལ་མཐེབ་སྤྲད། གཉིས་པ་ལ་མདའ་བཀང་། གསུམ་པ་ལ་རྒྱལ་པོའི་དཔྲལ་བར་མདའ་བརྒྱབ་པ་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་བུད། རྒྱལ་པོས་ཡང་ན་ལོ་གསུམ་གྱིས་སྔ། ཡང་ན་ལོ་གསུམ་གྱིས་འཕྱིས་ཞེས་པ་ཙམ་ངག་ནས་ཤོར་ཏེ་ཕྱག་གཉིས་མདའ་ལ་འཇུས་ནས་གྲོངས་སོ། །དེར་ལྷ་ལུང་དཔལ་རྡོར་གྱིས་སྡིག་ཅན་རྒྱལ་བོ་གསོད་ན་དེ་ལྟར་གྱིས་ཞེས་གསུངས་ཤིང་བྲོས་ནས་གྲིབ་ཀྱི་མ་གདོང་གི་ཆུ་ལ་རྟ་བཤན་ཏེ་སོལ་བ་དག་པས་དཀར་བོར་སོང་། བེར་དང་ཞྭ་ཕྱི་ནང་བཟློག་སྟེ་གོན་ནས་རྫུ་འཕྲུལ་གྱི་བཀོད་པ་དུ་མ་དང་བཅས་ར་མདས་རྗེས་མ་ཆོད་པར་ཁམས་ལ་བྲོས། དེ་ནས་རིམ་གྱིས་ལོ་རྡོ་རྗེ་བྲག དན་ཏིག་ཡང་ཏིག སྟོང་རི་སོགས་སུ་ཕེབས་ནས་སྒྲུབ་པ་ལ་བཞུགས་སོ། །འདིར་དན་ཏིག་ཕྱོགས་ཀྱི་ངག་རྒྱུན་དུ་གྲགས་པ་ལྟར་ན། ལྷ་ལུང་དཔལ་རྡོར་གྱི་སྐུ་རྗེས་སུ་བོད་དམག་གིས་ཟིན་ལ་ཁད་དུ། ཨ་མ་ཅར་ཟེར་བ་ཁོང་ཐུགས་འཇིགས་ཚུལ་གྱི་གསུང་ཐོན་པའི་སར་ད་ལྟ་ཡང་མིང་དེ་ཐོགས་པ་དང་། དེ་ནས་བྲོས་ཏེ་ཕེབས་པར་འགྲོ་བས་ཐང་ཆད་ནས་ངལ་གསོ་མཛད་པའི་གནས་ལ་འགྲོ་ཐང་ཞེས་གྲགས་ཤིང་། དེར་གསོལ་ཇ་སྐོལ་ཆེད་རྡོ་སྒྱེད་ཕ་བོང་གསུམ་གྱི་ཁར་རྡོ་ཟངས་བཙུགས་པའི་རྫུ་འཕྲུལ་བསྟན་པ་ཡིན་ཟེར་བ་དེང་སང་འགྲོ་ཐང་སྡེ་བའི་ཀླད་ན་ཡོད་ལ། དེ་ནས་རྨ་ཆུའི་ཕར་འགྲམ་དུ་ཕེབས་པའི་ཚེ་དམག་ཕྱིར་ལོག་ནས་འཇིགས་པ་ལས་ཐར་བའི་གནས་ཡིན་པས། དེང་སང་རྒྱ་བོད་ཧོས་གསུམ་གའི་སྐད་དུ་ཡང་ཐར་ས་བོ་ཞེས་ཟེར་བ་དང་། དེ་ནས་སྟོང་རིའི་སྤྱན་ཆབ་ཀྱི་མཚོ་ཡོད་པའི་ཉེ་འདབས་བྲག་ཕུག་རྣམས་སུ་སྒྲུབ་པ་ཡུན་རིང་མཛད་པས་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད་ལ། དེ་ནས་རྨ་ཀླུང་གི་གནས་དན་ཏིག་དང་ལོ་རྡོ་རྗེ་བྲག་སོགས་སུའང་སྒྲུབ་པ་མཛད་དེ་ཁམས་ཀླུང་ཐང་དུ་ཕེབས་པར་གྲགས། དེའི་ཕྱིར་སྟོང་རིའི་སྒྲུབ་ཕུག་དེར་ནད་པ་བྱིས་པ་སོགས་མཇལ་དུ་སོང་ན་བྱིན་བརླབས་ཀྱི་དགེ་མཚན་ཆེ་ཞིང་། བྱིས་པ་རྣམས་ལའང་ལྷ་ལུང་ཐར་དང་། ལྷ་ལུང་འབུམ་སོགས་ཀྱི་མིང་འདོགས་པའི་སྲོལ་གནའ་སྔ་མོ་ནས་དར་རོ་ཞེས་གྲག་གོ། དེ་ལྟར་དར་མས་བསྟན་པ་བསྣུབས་པའི་ཚེ། དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭར། དམར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་། གཙང་རབ་གསལ་རྣམ་གསུམ་ཐོས་དོན་སྒོམ་གྱིན་བཞུགས་པ་ན། བཙུན་པ་གཅིག་གི་ལག་ཏུ་མདའ་གཞུ་ཐོགས། མགོ་ལ་བྱ་སྒྲོ་བཙུགས། ཁྱི་ཁྲིད་ཅིང་རི་དྭགས་བཤོར་བ་གཡོས་མཐོང་ནས། བན་རྒན་འཁྲུལ་ལམ་བཙུན་པ་སྨྱོ་ཟེར་ཞིང་གྲོགས་ལ་བསྟན་པས་ཁྱོད་མ་འཁྲུལ་བཙུན་པ་སྨྱོ་འདུག་ཟེར་ཏེ། རྔོན་པ་དེ་རྩར་བོས་ནས་རྒྱུ་མཚན་དྲིས་པས། ཁྱེད་ཅག་ལ་རྒྱལ་བོའི་ཆད་པ་མ་ཕོག་པ་ཉེན་རེ་ཆེ། གླང་དར་གྱིས་བསྟན་པ་བསྣུབས་པའི་ལོ་རྒྱུས་རྒྱས་པར་བཤད་པ་དང་ཤིན་ཏུ་སྐྲག་ནས་འདུལ་བའི་དཔེ་ཆ་དྲེལ་ཁལ་གཅིག་བཀལ་ནས་མངའ་རིས་སྟོད་དུ་བྲོས། ཧོར་ཡུལ་དུ་ཕྱིན་ནས་སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བར་བྱ་སྙམ་ཡང་མ་ནུས། མདོ་སྨད་བྱང་ངོས་ཀྱི་བེ་རུ་ཚྭ་མཚོ་ནས་ཚུར་བྱོན་ཏེ། ཨན་ཆུང་གནམ་རྫོང་། ལོ་རྡོ་རྗེ་བྲག དམར་གཙང་བྲག ཀ་མདོ་གདོང་དམར་སྣ། ཕུ་ལ་ཡང་རྫོང་སོགས་དབེན་གནས་གང་འགོལ་དང་། ཁྱད་པར་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཡུན་རིང་བོར་བཞུགས་ཏེ། དམ་པ་དེ་གསུམ་གྱི་སྒྲུབ་ཁང་ནི་ད་ལྟ་སྒོམ་ཆེན་ཞེས་གྲགས་པ་འདི་ཡིན་ནོ། །
དེའི་རྗེས་ལ་ཀ་འོད་མཆོག་གྲགས་དང་རོང་སྟོན་སེངྒེ་རྒྱལ་མཚན་གཉིས་ཀྱིས་མངོན་པ་དང་མཛོད་ཀྱི་པུ་སྟི་མང་པོ་ཁྱེར་ནས་ཁམས་ལ་བྲོས་ཏེ། ཨན་ཆུང་གནམ་རྫོང་གི་བྲག་ཁུང་དུ་བཞུགས། ཞེས་རྒྱལ་རབས་གསལ་མེ་ལས་བཤད།
དེའི་ཚེ་རྒྱ་ཞུར་གྱི་སྡེ་གྲོང་འདི་རྨ་ཆུ་ཁར་འབྲོག་རུའི་ཚུལ་དུ་ཆགས་པ་ལས་དེའི་ཕྱུགས་རྫི་རྣམས་ཀྱིས་རིག་ནས། དགོང་ཁ་གྲོང་མི་འདུས་པ་རྣམས་ལ་སྨྲས་པས། སྔོན་སྦྱངས་བག་ཆགས་ཅན་མུ་གཟུ་གསལ་འབར་བྱ་བའི་ཁྱེའུ་ཞིག་བལྟ་རུ་ཕྱིན། དད་པ་འཁྲུངས་ནས་རབ་ཏུ་བྱུང་བར་ཞུས་པས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་ལས་ཆོག་ཀརྨ་ཤཱ་ཏམ་གྱི་དཔེ་གཏད་ནས་འདི་ལྟོས་ལ་དད་ན་རུང་གསུངས། བལྟས་པས་ཤིན་ཏུ་དད་ནས་མཆི་མ་བླགས་སོ། །དེར་གཙང་གིས་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་། མཁན་སློབ་ཀྱི་མཚན་ནས་དྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་སུ་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། དཔའ་བོ་གཙུག་ལག་ཕྲེང་བས་དམར་གྱིས་མཁན་པོ་བྱས་པར་བཤད་ནས་མཚན་ལའང་ཤཱཀྱ་དགེ་བ་རབ་གསལ་ཞེས་བཏགས་ཟེར། དེ་ནས་བསྙེན་རྫོགས་ཞུས་པས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུངས། ལྷ་ལུང་དཔལ་རྡོར་མདུན་དུ་སོང་ནས་ཞུས་པས་ངས་རྒྱལ་བོ་བསད་པས་ཁ་སྐོང་བར་མི་འོས་མོད། ཁོང་བས་བཙལ་རོགས་བགྱིད་གསུངས་ནས་རྒྱའི་ཧྭ་ཤང་ཀེ་ཝང་དང་གྱི་ཕན་གཉིས་བཏང་སྟེ་ལྔ་ཚོགས་སྒོས་བསྙེན་པར་རྫོགས་ནས་འདུལ་བ་ལ་སློབ་གཉེར་རྒྱ་ཆེར་མཛད། དེའི་ཚེ་འདི་དཔོན་སློབ་ཀྱི་སྙན་པའི་གྲགས་པ་དབུས་གཙང་དུ་ཡང་རྒྱས་པར་བརྟེན། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་གྲོས་ཏེ་དབུས་ཀྱི་ལྔ། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ བོ་དོང་བ་ཨུ་དཀར་དེ་ཝ་སྟེ་གཙང་གི་གསུམ། མངའ་རིས་པ་འོད་བརྒྱད་སྤུན་གཉིས་བཅས་དབུས་གཙང་གི་མི་བཅུ་དན་ཏིག་ཏུ་ཕེབས་ནས་དེ་རྣམས་ཀྱིས་བསྙེན་རྫོགས་ཞུས་པས། དམར་གཡོ་གཙང་གསུམ་གྱིས་ངེད་ཅག་རྒས་པས་མཁན་བུ་སྐྱོང་མི་ཐུབ་ལ། དགོངས་པ་རབ་གསལ་འདི་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་ཀྱང་གང་ཟག་ཁྱད་པར་ཅན་ལ་དམིགས་བསལ་ཡོད་ཅེས་གསུངས་ནས་བླ་ཆེན་པོས་མཁན་པོ་མཛད་དེ་དབུས་གཙང་གི་མི་བཅུ་བོ་བསྙེན་པར་རྫོགས་ཤིང་འདུལ་བ་བསླབས། ཕྱིར་ལྡོག་ཁར་ཀླུ་མེས་ཀྱིས་ཞུས་ངོར། བླ་ཆེན་པོས་མནབ་བཞིན་པའི་བོན་ཞྭ་འོབས་ཞུ་ལ་ས་སེར་གྱིས་མདོག་བསྒྱུར་བ་གནང་ནས། འདི་གོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་པ་ལྟར། ད་ལྟའི་བར་སྟོན་སྒོམ་སོ་སོས་མནབ་པའི་སྣེ་རིང་ཐུང་གི་སྒོམ་ཞྭ་སེར་བོ་འདི་བྱུང་བར་གྲགས། དེ་ནས་དབུས་གཙང་གི་མཁན་བུ་བཅུ་བོ་དབུས་གཙང་དུ་ཕྱིར་ཕེབས་པ་ནས་བཟུང་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་སྟེ། དེའི་ཕྱིར་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་སོས་ཞེས་དོན་དང་ལྡན་པའི་བསྔགས་བརྗོད་མཛད་པ་ཡང་རྒྱུ་མཚན་འདི་ལ་བརྟེན་ཏོ། །བྲག་དགོན་པའི་མདོ་སྨད་ཆོས་འབྱུང་དུའང་། མཁས་པ་མི་གསུམ་དང་བླ་ཆེན་པོའི་བཀའ་དྲིན་ལས་བསྟན་པའི་མེ་རོ་གང་ནས་བསླངས་པའི་གཞིར་གྱུར་པའི་འཕགས་ཡུལ་དབུས་འགྱུར་འཆང་གཉིས་པར་བསྔགས་འོས་པ་འདི་བྱུང་། ཞེས་དན་ཏིག་ལ་བསྔགས་པ་ལྟར་རོ། །
དེ་ནས་ཇོ་བོ་རྗེ་བྱོན་པའི་ལོ་དྲུག་ཅུ་ལྷག་གི་ཁོངས་སུ་ཀླུ་མེས་དཔོན་སློབ་ལ་བརྟེན་ནས་དབུས་གཙང་དང་ཁམས་སུ་གཙུག་ལག་ཁང་མང་བོ་བརྩིགས་ཤིང་དགེ་འདུན་གྱི་སྡེ་མང་དུ་འཕེལ་བ་ལ། ཀ་བ་བཞི། གདུང་མ་བརྒྱད། ལྕམ་སུམ་ཅུ་སོ་གཉིས། དྲ་ལམ་དཔག་ཏུ་མེད་པ་བྱུང་བར་གྲགས་ཏེ། རྔོག་བྱང་ཆུབ་འབྱུང་གནས། གྲུ་མེར་ཚུལ་ཁྲིམས་འབྱུང་གནས། གླན་ཡེ་ཤེས་ཤེས་རབ། ཞིང་སྣ་ནམ་རྡོ་རྗེ་དབང་ཕྱུག གཟུས་རྡོ་རྗེ་རྒྱལ་མཚན་སོགས་དངོས་དང་། སོག་ཚུལ་ཁྲིམས་བླ་མ། རྒྱ་འདུལ་འཛིན། རྨ་ཚོ་བྱང་ཆུབ་རྡོ་རྗེ། མཐའ་བཞི་བརྩོན་འགྲུས་འབར། བྱ་འདུལ་འཛིན་སོགས་བརྒྱུད་པའི་སློབ་མ་གྲགས་ཆེ་བ་མང་དུ་བྱོན་ཏེ་རྒྱས་པར་འདུལ་བའི་ཆོས་འབྱུང་རྣམས་སུ་ལྟའོ། །ཡང་དབོན་བི་ཅིས་བྲིས་པ་དེབ་སྔོན་དུ་བཀོད་པ་ལྟར་ན། བླ་ཆེན་པོ་བསྙེན་པར་རྫོགས་ནས་བྱང་ཕྱོགས་མི་ཉག་གྷའི་ཡུལ་དུ་བྱོན། གོ་རོང་སེང་གེ་གྲགས་ལས་འདུལ་བ་ལུང་སྡེ་བཞི་བཅས་རྫོགས་པར་གསན། དེ་ནས་ཀ་འོད་མཆོག་གྲགས་ལྷོ་བལ་དུ་ཆོས་མང་བོ་གསན་ནས་ཤར་ཕྱོགས་ལྷ་རྩེ་བྷིག་ཏིག་ཟེར་བའི་དགོན་གནས་སུ་བཞུགས་པ་མཇལ་དུ་ཕྱིན། འབུམ་ཊཱིཀ་དང་བྱང་ས་ལ་སོགས་པ་ལོ་བཅུ་གཉིས་སུ་གསན། གཞན་ཡང་སྐྱི་རྒྱལ་བའི་གཙུག་ཏོར་ལས་དབུ་མ་དང་ཚད་མ། ནམ་དགའ་ལྡན་བྱང་ཆུབ་ལས་ཡོ་ག་གསན་པར་བཤད་པས་མདོ་སྔགས་མང་དུ་ཐོས་པའི་མཁས་པའི་ཁྱུ་མཆོག་ཏུ་གྱུར། དགུང་ལོ་ཞེ་དགུ་བ་ལ་དན་ཏིག་ཏུ་ཕེབས་ནས་ལོ་སུམ་ཅུ་རྩ་ལྔ་བཞུགས། དེར་ཅི་ཡང་ཡིད་ལ་མི་བྱེད་པའི་ཧྭ་ཤང་མང་དུ་ཡོད་པ་དགག་ཆེད་དན་ཏིག་ཏུ་ལྷ་ཁང་དང་མཆོད་རྟེན་དཔག་ཏུ་མེད་པ་བཞེངས། ཚོན་རྩི་ཡང་ཡུལ་དེར་བྱུང་། བཟོ་ཡང་རང་ཉིད་ཀྱིས་མཛད་ནས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་བརྩོན་པར་མཛད་ཅེས་གསུངས་ཏེ་དེ་ལྟར་ན་དན་ཏིག་གི་སྤྱི་བའི་ལྷ་ཁང་དང་ཐིས་པའི་ལམ་ཁ་ལྷ་སའི་ནང་དུ་ད་ལྟའི་མིའི་ལག་པ་ཙམ་ཡང་མི་སླེབས་པའི་སར་སྐུ་བརྙན་ཚོན་རིས་ཅན་སྔོན་གྱི་བཟོ་དབྱིབས་མང་དུ་ཡོད་པ་དེ་དག་ཕལ་ཆེར་བླ་ཆེན་གྱི་ཕྱག་བཟོ་ཡིན་ཡང་སྲིད་དམ་སྙམ་སྟེ། རྗེས་སུ་འཇུག་པ་ཚོས་ཤིན་ཏུ་གཅེས་པར་རིགས་སོ། །བླ་ཆེན་པོ་དགུང་ལོ་གྱ་བཞི་བར་གཤེགས་པའི་སྐུ་གདུང་ད་ལྟ་ཙོང་ཆུ་འགྲམ་གྱི་དམར་གཙང་བྲག་གམ་པེ་མ་ཟི་ཞེས་འབོད་པ་དེར་བཞུགས་ཤིང་མཁས་པ་མི་གསུམ་གྱི་སྐུ་གདུང་ནི་ཟི་ལིང་མཁར་གྱི་ཏ་ཧྥོ་ཟི་ཞེས་པའི་ལྷ་ཁང་གི་སྐུ་བརྙན་རྣམས་ཀྱི་སའི་རུམ་དུ་ཡོད་པར་གྲགས་སོ། །
དེ་ལ་བླ་ཆེན་པོ་ནམ་འཁྲུངས་དང་འདས་པའི་དུས་ཚིགས་ལ་བྲག་དགོན་པའི་ཆོས་འབྱུང་དུ་བླ་ཆེན་གཤེགས་པའི་ཤིང་ཕག་ནས་ལོ་ཉིས་བརྒྱ་དོན་བཞི་འདས་པ་རབ་བྱུང་ལྔ་བའི་ས་བྱ་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་འཁྲུངས་ཤིང་། ཉིད་ཀྱི་ཞེ་གཅིག་པ་རབ་བྱུང་དྲུག་པའི་ས་གླང་ལ་བྱ་ཁྱུང་བཏབ། དེ་ནས་ལོ་བརྒྱད་པ་མེ་སྤྲེལ་ལ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་འཁྲུངས། དེའི་ཕྱི་ལོ་མེ་བྱ་ལ་རྗེ་ཙོང་ཁ་པ་ཆེན་པོ་འཁྲུངས་པར་བཤད་པ་དང་། དེའི་གོང་དུ་སྲོང་བཙན་རྒྱལ་སར་བྱོན་པའི་ས་གླང་ནས་རལ་བ་ཅན་འདས་པའི་ལྕགས་བྱ་ཡན་ལ་ལོ་ཉིས་བརྒྱ་བཅུ་གཅིག་སོང་། གླང་དར་བཀྲོངས་ནས་ལྔ་བཅུ་འདས་པའི་ཆུ་བྱི་ལ་བླ་ཆེན་པོ་འཁྲུངས། བླ་ཆེན་གྱི་ཉེར་བདུན་པ་ས་སྟག་ལ་ཕྱི་དར་མགོ་ཚུགས། ས་སྟག་དེ་ནས་རེ་ལྔ་བ་ཆུ་རྟ་ལ་ཇོ་བོ་རྗེ་བོད་དུ་བྱོན། རབ་བྱུང་དང་པོའི་མེ་ཡོས་ནས་བརྒྱད་འདས་པ་གྱ་བཞི་ཤིང་ཕག་ལ་འདས། ཞེས་བཤད་པ་ཕལ་ཆེར་དོན་གནས་ཡིན་མཆི་ཡང་། མཁས་པ་མི་གསུམ་ཆུ་བོ་རིའི་སྒོམ་གྲྭ་ནས་ཕེབས་དུས་མ་མཐའ་ཡང་དགུང་ལོ་ཉི་ཤུ་ཡན་བཞེས་དགོས་ལ། དེ་ལྟ་ན་བྲག་དགོན་པ་རང་ཉིད་ཀྱིས་དོགས་པ་བསླངས་པ་ལྟར་བླ་ཆེན་བསྙེན་པར་རྫོགས་དུས་དམར་གཡོ་གཙང་གསུམ་དགུང་ལོ་དགུ་བཅུ་ལྷག་བཞེས་དགོས་པས་ཅུང་མི་བདེ་ལ། དེའི་ཕྱིར་བླ་ཆེན་ཆུ་བྱི་ལ་འཁྲུངས་པ་དང་། ཤིང་ཕག་ལ་འདས་པའི་ཁུངས་ཚད་ལྡན་ད་དུང་བཙལ་དགོས་ཤིང་། གང་ལྟར་སྲོང་བཙན་དགུང་ལོ་བཅུ་གསུམ་པའི་ས་མོ་གླང་ནས་རལ་བ་ཅན་འདས་པའི་བར་ལ་ལོ་ཉིས་བརྒྱ་དོན་གཉིས་སོང་བས་བྲག་དགོན་པ་ལ་དྲུག་ཅུ་སྐོར་གཅིག་དང་ལོ་རྐྱང་གཅིག་གི་ཆད་སྐྱོན་བྱུང་སྣང་ངོ་། །སྐབས་འདིར། དེབ་ཐེར་སྔོན་པོ་དང་། སུམ་པའི་ཆོས་འབྱུང་དང་རྩིས་གཞུང་། བྲག་དགོན་པའི་རྩིས་གཞུང་རྣམས་སུ་བླ་ཆེན་པོ་འཁྲུངས་འདས་ཀྱི་ལོ་ལ་དྲུག་ཅུ་སྐོར་གཅིག་གིས་སྔ་བའི་སྐྱོན་བྱུང་བ་ལ་བདག་རང་ལོ་ང་བཞིའི་ཐོག་བརྩམས་པའི་བླ་ཆེན་པོའི་རྣམ་ཐར་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོག་ཏུ་དགག་གཞག་རྒྱ་ཆེར་བྱས་ཡོད་པ་དེར་བལྟ་བར་བྱའོ། །དེས་ན་བླ་ཆེན་པོའི་འཕྲིན་ལས་ལ་བརྟེན་ནས་ཀླུ་མེས་དཔོན་སློབ་དབུས་སུ་ཕེབས་ཏེ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པའི་ལོ་ནི་རབ་བྱུང་དང་བོ་མ་ཚུགས་པའི་གོང་རོལ་དྲུག་ཅུ་སྐོར་དེའི་བགྲང་བྱ་བཅུ་གཉིས་པ་ས་ཕོ་སྟག་གི་ལོ་ཡིན་པས། དེ་ནས་བཟུང་ད་ལྟའི་རབ་རྒྱལ་མེ་སྤྲེལ་བར་ལ་ལོ་དགུ་བརྒྱ་དོན་དགུ་འདས་པ་ཡིན་ཞིང་། དེ་ལ་དཔགས་ན་མཁས་པ་མི་གསུམ་དང་བླ་ཆེན་པོས་དན་ཏིག་ཏུ་ཆོས་ཀྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་པ་ནས་བཟུང་ད་ལྟའི་བར་དུ་ལོ་ཅི་ཙམ་འདས་པའང་རགས་པར་ཤེས་ནུས་སོ། །དེ་ལྟ་ན་ཡང་དན་ཏིག་གི་གནས་འདིར་སངས་རྒྱས་ཀྱི་བསྟན་པ་དར་བ་ནི་བོད་ཡུལ་དབུས་གཙང་ལས་ཆེས་སྔ་བར་སེམས་ཏེ། གནས་འདི་རྒྱ་ནག་གི་ཡུལ་དང་འདབས་འབྲེལ་དུ་ཡོད་པས་ཐིས་པའི་སར་རྒྱ་ནག་གི་ཧྭ་ཤང་མཁས་པ་མདོ་སྡེ་དང་འདུལ་བ་འཛིན་པ་མང་དུ་བྱུང་བ་ནི་གཏན་ཚིགས་དུ་མས་གྲུབ་ལ། དེ་ལྟར་ན་རྒྱ་ནག་ཏུ་བསྟན་པ་ཐོག་མར་དར་བའི་དུས་ནི་རྒྱའི་ལུགས་ཀྱིས་སྟོན་པ་འདས་ནས་ལོ་ཆིག་སྟོང་བཅུ་གསུམ་པ་ཧན་གྱི་རྒྱལ་རབས་ཉེར་དྲུག་བྱུང་བའི་བཅུ་བཞི་བ་ཧན་མིང་དྷིའི་ཁྲི་ལོ་བརྒྱད་པར་བསྟན་པའི་དབུ་བརྙེས་ཤིང་། དེ་རྒྱ་གར་དུ་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེ་ཕྱེད་ལྷག་འདས་པ་ཙམ་དང་། བོད་ཀྱི་རྒྱལ་བོ་སྲོང་བཙན་ལས་རྒྱལ་རབས་ལྔའི་སྔོན་གྱི་ལྷ་ཐོ་ཐོ་རི་གཉན་བཙན་ལས་ཀྱང་སྔ་བའི་དུས་ཡིན་པས། ཧྭ་ཤང་མཁས་པ་དེ་དག་ལས་ཆོས་ཉན་ཞིང་སྡོམ་པ་བླངས་པའི་བོད་ཀྱང་ཡོད་དམ་སྙམ་སྟེ་བརྟག་གོ །རྒྱལ་བསྟན་རིན་ཆེན་གསེར་གྱི་འོད་སྣང་གིས། །གནའ་དུས་གངས་ཅན་ལྗོངས་དེ་དགེ་བར་བསྒྲུབས། །རེ་ཞིག་སྐྱེ་དགུའི་བསོད་ནམས་མཐུ་བྲི་བས། །ཡུད་ཙམ་ཞིག་ལ་མུན་པའི་གླིང་དུ་བྱས། །དེ་ཚེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས། །བོད་ཁམས་ཡོངས་ཀྱི་གྲུབ་ཐོབ་རྗེ་བོ་དེའི། །ཉག་ཕྲན་རྩེ་ན་སྡིག་རྒྱལ་དར་མའི་སྲོག །མར་མེའི་ལྕེ་ལ་མཆོངས་པའི་ཕྱེ་ལེབ་བཞིན། །དམར་གཡོ་གཙང་གསུམ་དགོངས་པ་རབ་གསལ་གྱི། །ཐུགས་བསྐྱེད་དུས་བབ་སྐྱ་རེངས་དཀར་བོ་ཡིས། །སླར་ཡང་དབུས་གཙང་མཐའ་གྲུ་ཡངས་པའི་མཁར། །ཕྱི་དར་བསྟན་པའི་ཉིན་བྱེད་དགུང་ནས་དྲངས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གསུམ་པ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་མཁས་གྲུབ་རིམ་བྱོན་གྱིས་བྱིན་གྱིས་བརླབས་པའི་ཚུལ་དེ་བརྗོད་ན། རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་དེ་ཉིད་དབུས་གཙང་རུ་བཞིའི་དབུ་རུའི་སར། སད་མི་མི་བདུན་གྱི་ནང་ཚན་ཞིག་དང་། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་གྲས་རྨ་ལོ་ཙཱ་བ་རིན་ཆེན་མཆོག་གི་གདུང་རྒྱུད་དུ་རབ་བྱུང་དགུ་བའི་ཆུ་མོ་ཡོས་ལ་འཁྲུངས་ཏེ། སྔོན་གནས་རྗེས་དྲན་སོགས་དམ་པའི་རྟགས་མཚན་ལྷན་སྐྱེས་སུ་མངའ། པཎ་ཆེན་བསོད་གྲགས། གླང་སྟོད་ཆོས་རྗེ། ཤར་རྩེ་དོན་ལེགས། འཕགས་སྡེ་ལོ་ཙཱ་བ། སྔགས་རམས་པ་དགེ་འདུན་བཀྲ་ཤིས་སོགས་ལས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གསན། འཇའ་ལུས་བརྙེས་པའི་གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ལས་བདེ་མཆོག་གི་དབང་དང་གྲུབ་ཆེན་རང་གིས་སློབ་དཔོན་པདྨ་ལས་དངོས་སུ་གསན་པའི་ཚེ་དབང་མནོས། དགུང་ལོ་ཉེར་གཉིས་ལ་དགའ་ལྡན་ཁྲི་ཟུར་ཆོས་རྗེ་དགེ་ལེགས་དཔལ་བཟང་བོས་མཁན་པོ་དང་། ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་ལས་སློབ་མཛད་ནས་ཐུགས་རྫོགས་བཞེས། སྐབས་སྐབས་སུ་རབ་བྱུང་བསྙེན་རྫོགས་སྟོང་ཕྲག་ལོངས་པ་བསྒྲུབས་པ་དང་། སེར་འབྲས་རྣམས་སུ་གླེགས་བམ་རིན་པོ་ཆེ་སོགས་ཆོས་བཀའ་ཤིན་ཏུ་མང་བོ་གནང་། དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ། སེ་ཆེན་རྒྱལ་བོས་ཐོག་མར་བོད་ཁྲི་སྐོར་བཅུ་གསུམ། བར་བ་ལ་བོད་ཆོལ་ཁ་གསུམ། ཐ་མ་ལ་ཉེས་མེད་གསོད་པའི་རྒྱའི་མི་ཡུར་ཆེན་པོ་བཅད་པ་དང་། སངས་རྒྱས་ཀྱི་འཕེལ་གདུང་གིས་ཐོག་དྲངས་པའི་ཟང་ཟིང་གི་འབུལ་ཆེན་གསུམ་གྱི་ཐ་མ་ལ་གོས་ཡུག་ནག་པོ་བདུན། དེ་རྗེས་དཀར་བོ་གཅིག་ཕུལ་བས། ཞལ་ནས། ངེད་རང་གཉིས་སྐྱེ་བ་བདུན་གྱི་རིང་མི་འཕྲད། དེ་ནས་ཁྱོད་གསེར་གྱི་མིང་ཅན་དང་། ངེད་ཆུ་ལས་བྱས་པའི་མིང་ཅན་གྱི་ཚེ་མཇལ་ནས་འགྲོ་དོན་བྱེད་གསུངས་པ་ལྟར། དེ་ཡང་ཐུ་མེད་ཨལ་ཐན་རྒྱལ་བོ་ལ་ཨ་སེང་བླ་མས་རྗེ་འདིའི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་ཞིབ་པར་གསུངས་པས་མི་ཕྱེད་པའི་དད་པ་སྐྱེས་ནས་རྒྱལ་བོ་དེས་བྱང་ཕྱོགས་ཧོར་གྱི་ཡུལ་དུ་སྤྱན་དྲངས་པ་ན། བཀའ་བགྲོས་མཛད་དུས་ལྷ་གཟིགས་མིའི་དབང་བོ་ངག་དབང་གྲགས་པས། མཐའ་འཁོབ་ཀྱི་རྒྱལ་བོ་དེའི་རེ་བ་བསྐངས་ན་འགབ་ཚུལ་སྙན་འབུལ་ཞུས་པ་ལྟར་ཕེབས་རྒྱུར་ཐག་བཅད། དགུང་ལོ་སོ་ལྔ་བ་མེ་གླང་གི་ལོར་ཨལ་ཐན་རྒྱལ་བོས་ཁོ་རང་མཚོ་ཁར་འབྱོར་རྩིས་ཀྱིས་གདན་འདྲེན་བསྐྱར་མ་སླེབས་དོན་ལྟར་ལོ་དེའི་ཧོར་ཟླ་གཅིག་པའི་ཉེར་དྲུག་ལ་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར། ལམ་བར་ནས་དུང་དཀར་གཡས་འཁྱིལ་གྱི་གཏེར་བཞེས་པ་དང་། རྨ་ཆེན་སྦོམ་ར་མིའི་གཟུགས་ཀྱིས་བྱོན་ནས་བསུ་མ་མཛད། མཚོ་སྔོན་ཕྱོགས་སུ་ཕེབས་པ་ན་ཨལ་ཐན་རྒྱལ་བོ་རང་ཉིད་བསུ་མར་ཕེབས་པ་དང་དངོས་མཇལ་མཛད། རྒྱལ་བོ་ཉིད་ཀྱིས་མཐའ་འཁོབ་མུན་པའི་གླིང་དཀར་བོ་བྱེད་པའི་རྟེན་འབྲེལ་དུ་གོས་དཀར་བོ་གསོལ། འཁོར་ཁྲི་ཕྲག་བཅས་མཆོད་ཡོན་མཇལ་བའི་ཐོག་མར་དངུལ་སྲང་ལྔ་བཅུའི་མཎྜལ། གསེར་ཕོར་རིན་པོ་ཆེ་སོགས་དངོས་འབུལ་ཚད་མེད་པ་དང་། ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་ལས་ཀ་དང་གསེར་ཐམ་ཕུལ། རྒྱལ་རིགས་གསུམ་གྱིས་གཙོས་རབ་བྱུང་དང་བསྙེན་རྫོགས་སྟོང་ཕྲག་བརྒལ་བ་བསྒྲུབས་པ་དང་ཆོས་ལུང་རྒྱ་ཆེར་གསུངས་ནས་སླར་ཁམས་ཕྱོགས་སུ་ཕེབས། ཆབ་མདོ་ལི་ཐང་དགོན་ཆེན་རྣམས་སུ་འཕྲིན་ལས་འཕེལ། དེ་སྐབས་ཨལ་ཐན་རྒྱལ་བོ་སྐུ་འདས་པའི་ཞལ་ཆེམས་བཞིན་སྤྱན་འདྲེན་བྱུང་བར་མཚོ་སྔོན་བརྒྱུད་ཏཱ་མིང་ཝན་ལི་ཁྲི་ལོ་བཅུ་གཅིག་ཐོག་དགུང་ལོ་ཞེ་གཅིག་པ་ཆུ་ལུག་ལ་ཞིང་སྐྱོང་ནང་སོས་གདན་དྲངས་པ་ལྟར་སྐུ་འབུམ་དུ་ཕེབས། ས་འདུལ་མཛད་ཅིང་ཆོས་སྡེ་བཏབ། བྱ་ཁྱུང་དུ་ཕེབས། རབ་བྱུང་བསྙེན་རྫོགས་དང་ཆོས་མང་དུ་གསུངས། དེ་ནས་ཕྱག་བཏེགས་ཏེ་མདོ་སྨད་གྲུབ་པའི་གནས་ཆེན་རི་བོ་དན་ཏིག་ཏུ་བྱོན། ཕྱག་ཕྱིར་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྤྲུལ་གཟིམ་ཁང་གོང་བསོད་ནམས་ཡེ་ཤེས་དབང་བོ་ཡང་ཕེབས། ད་ལྟའི་གྲུབ་ཆེན་ཟེར་བའི་གནས་ཁང་གི་སྒྲུབ་ཕུག་ཏུ་ཕེབས་ནས་འདི་ས་ཡིན་ནམ་རྡོ་ཡིན་ཞེས་བརྟག་ཕྱིར་དབུ་ཐོག་གི་བྲག་ལ་ཕྱག་མཛུབ་ཀྱི་རྗེས་མང་དུ་བཏོད། དེར་བསྙེན་མཚམས་ཡུན་རིང་མཛད་པས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་དང་བཅས་པའི་ཞལ་མངོན་སུམ་དུ་གཟིགས་པར། ཐུགས་ཅུང་ཟད་འཇིགས་པའི་ཚུལ་གྱིས་སྐུ་རྒྱབ་ཀྱི་བྲག་ལ་བརྟེན་པས་སྐུ་རྒྱབ་དང་། དབུ་དང་། དབུ་ཞྭ་བཅས་པའི་རྗེས་འདམ་ལ་ཟུག་པ་བཞིན་བཏོད་པ་ད་ལྟ་མཇལ་དུ་ཡོད་པ་འདི་ཡིན། བདེ་མཆོག་ལྷ་ལྔའི་ཆོས་ཚན་འགའ་ཞིག་ལྗགས་རྩོམ་གནང་། དཀར་ཆག་དང་རྣམ་ཐར་དུ་མི་གསལ་ཡང་། གྲུབ་ཆེན་གནས་ཁང་དེར་དཔལ་ལྡན་ལྷ་མོའི་དྲེལ་གྱི་རྨིག་རྗེས་ཡིན་ཟེར་བའི་རྡོ་བ་གཅིག་སྣང་སྟེ་བརྟགས་ན་དེ་ཡང་རྒྱལ་བ་བསོད་ནམས་རྒྱ་མཚོས་བསྙེན་མཚམས་མཛད་དུས་སུ་ཞལ་གཟིགས་བྱུང་བ་ལས་བབས་པར་མངོན། ཡང་ཏིག་ཏུ་ཕེབས། སྤྱིར་ཡང་ཏིག་འདི་རྗེ་སྐལ་ལྡན་རྒྱ་མཚོའི་ཆོས་འབྱུང་ལས། ཨུ་རྒྱན་རིན་པོ་ཆེས་སྤྲུལ་པ་དུ་མ་བཀྱེས་ཏེ། ཨ་མདོའི་གྲུབ་གནས་དུ་མའི་གནས་སྒོ་ཕྱེ་ཞིང་བྱིན་གྱིས་བརླབས་པའི་ནང་ཚན་གཅིག་ཡིན་པར་གསུངས་པ་ལྟར། དེར་སངས་རྒྱས་བྱང་སེམས་ཀྱི་སྐུ་དང་ཨུ་རྒྱན་རིན་པོ་ཆེའི་ཞལ་གཟིགས། བཀྲ་ཤིས་རྟགས་བརྒྱད་སོགས་རང་བྱོན་མང་དུ་བྱུང་། དེའི་བྲག་ངོས་ནས་ཚེ་གཏེར་དང་། འཆི་མེད་ཚེའི་བུམ་པའི་གཏེར། གཏེར་སྲུང་དང་བཅས་པའི་སྣང་བ་ཤར་ནས་གཏེར་དེ་དག་ལེན་རྩིས་མཛད་པ་ལ། འགའ་ཞིག་གིས་བྲག་དེ་གཡང་ཆེ་བས་མི་འགབ་ཚུལ་ཞུས་པ་དང་། སྐུ་ཚེ་རིང་བའི་འཕེན་པ་མེད་པའི་སྟབས་ཀྱིས་བཏང་སྙོམས་སུ་བཞག ཚེ་ཆུ་དེ་བཞེས་ཐུབ་པ་བྱུང་ན་སྐུ་ཚེ་མཐར་ཕྱིན་པ་ཞིག་འོང་ཚོད་དུ་འདུག་ཅེས་གསུངས་པར་མཛད། དན་ཏིག་ནས་ཕྱག་ཐེག་སྐབས་རོང་ཆེན་ལྷ་རྗེའི་རིགས་ལས་འཁྲུངས་པ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དངོས་སློབ་རྗེ་བསམ་གཏན་རིན་ཆེན་གྱི་སྐུའི་སྲིད་ཕྱི་མ་རྗེ་བསམ་གྲུབ་རིན་ཆེན་ནམ་རིན་ཆེན་བསམ་གྲུབ་ཅེས་ཞུ་བ། འཇམ་དབྱངས་དཀར་བོའི་ཞལ་གཟིགས་པ་དེ་ཉིད་རོང་བོ་ནས་ཆེད་གཉེར་གྱིས་མཇལ་དུ་ཕེབས་ནས། དངོས་འབུལ་རྒྱ་ཆེ་བ་ཕུལ་ཏེ་ཆོས་ཞུས། དེ་ནས་ཆིབས་བཏེག་སྟེ་ཕེབས་སྐབས་སྐྱེལ་ཐུང་ཞུས་པར། རྗེ་བསོད་ནམས་རྒྱ་མཚོས་ཞལ་ཕྱིར་བསྒྱུར་ནས་རྗེ་དེ་ཉིད་ལ་ཡང་ཡང་གཟིགས་པར། དྲུང་འཁོར་བ་འགའ་ཞིག་གིས་དེ་ཅི་ཡིན་ཞུས་པས་བླ་མ་དེའི་སྐུའི་ཕྲག་པ་གཡས་པ་ན་འཇམ་དབྱངས་དཀར་པོ་ཞིག་བཞུགས་འདུག་པ་དེ་ལ་བལྟས་པ་ཡིན། ཞེས་ཁྲོམ་དུ་བསྔགས་པ་མཛད་དེ། དེའི་སྐུ་སྐྱེ་ཕྱི་མ་ནི་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ཡིན་ནོ། །
ཀླུ་རྒྱལ་ལྷ་ཁང་དང་ཉེ་བའི་ཕར་འགྲམ་དུ་ཆོས་ཁྲི་ཆེན་པོ་གཅིག ཐིས་པའི་བཞུགས་སར་ཞབས་རྗེས་དང་བཞུགས་ཁྲི་གཅིག ཁང་བཟང་ཁར་བཞུགས་ཁྲི་དང་རྡོ་ལ་ཞབས་རྗེས་བཞག་པ་རྣམས་དེང་སང་མ་འཇིག་པར་ཡོད་ལ། གཞན་ཡང་རྒྱུ་དང་བཟོ་དབྱིབས་ཁྱད་པར་དུ་འཕགས་པའི་ཆིབས་ཡོབ་ཟུང་དང་། བཞེས་དཀར་གྱི་ཞབས་རྗེས་བབས་པའི་རྡོའི་གསོལ་ཅོག་གི་རྟེན་སྐལ་གཉིས་འདུ་ཁང་དུ་བཞུགས། སྡིག་སྦྱངས་ཚུར་འཁོར་གྱི་ལམ་ལྟག་ཏུ་ཞབས་རྗེས་གཅིག་དང་། འདི་ཁ་ཅིག་གིས་ཀིརྟི་ཐོགས་མེད་ཀྱི་ཞབས་རྗེས་ཡིན་ཡང་ཟེར། དེ་ནས་ཕེབས་ལམ་བརྒྱུད་དེ་བྱ་ནམ་ནང་ཟེར་བའི་ལུང་བར་བཞུགས་ཁྲི་དང་། རྡོ་བ་འདམ་ལྟར་བརྫིས་པའི་ཞབས་རྗེས། ཆིབས་པའི་རྨིག་རྗེས་བཅས་ཡོད་དེ། དེང་སང་ཕལ་བའི་ངག་རྒྱུན་དུ། བྱ་ནམ་གྱི་ཞབས་རྗེས་དང་རྨིག་རྗེས་འདི་གླིང་རྗེ་གེ་སར་གྱི་རྐང་རྗེས་དང་རྟ་རྗེས་སུ་བཤད་པ་ནི་སྒྲུང་ལ་དགའ་བའི་རྒན་པོ་ཚོའི་གཏམ་མོ། །ཞབས་རྗེས་འདི་དེང་སང་མཐུ་དགོན་བཙུགས་ཤིང་དུ་གདན་དྲངས་ཡོད་དོ། །དེ་ནས་ཚེ་ཏན་དགོན་པའི་གཡས་རིའི་ཐད་མགོ་ཆེ་ཐང་དུ་བཞུགས་ཁྲི། རྡོ་བའི་ཞབས་རྗེས། བཞུགས་གདིང་། བཞེས་ཕོར་ཡུ་རིང་། ཆིབས་སྒ་བཟོ་ཁྱད་ངོ་མཚར་ཅན་བཅས་བྱིན་རྟེན་དུ་གནང་བ་ལས། གདིང་བ་དང་ཡུ་རིང་མ་ཎི་ཐེམ་གྱི་ལྷ་ཐོའི་རྒྱབ་དང་། འབུམ་ཁང་རྒྱབ་ཀྱི་རྡོ་མཆོད་དུ་ཡོད་པར་གྲགས་ལ། ཆིབས་སྒ་ཚེ་ཏན་བླ་བྲང་ཀ་བཞི་མར་བཞུགས་ཤིང་། ཞབས་རྗེས་ཁྲི་ཁར་ཕྱིས་ཀྱི་བར་དུ་མཇལ་རྒྱུ་ཡོད་མོད། ད་ལྟ་མཁན་པོ་ཚང་ནས་བསྡུ་སྐྱོག་མཛད་ཅེས་གསུང་ངོ། །ཚུལ་འདི་ལ་བརྟགས་ན་སྐབས་དེར་སྤོའུ་ཆོས་རྗེའི་གོང་རོལ་ཡིན་པས་གནས་དེར་ཆོས་ཁྲི་རྩིག་པ་དང་རྟེན་སྐལ་ཞུ་མཁན་ནི་ཚེ་ཏན་སྒར་རྙིང་གི་སེར་མོ་རྣམས་ཡིན་པར་སེམས་སོ། །
ད་དུང་སེ་རའི་གྲམ་པར་ཞབས་རྗེས་དང་། ཆིབས་པའི་རྨིག་རྗེས། ཐང་བོར་ཆེར་བཞུགས་ཁྲི་བཅས་ཡོད་པའང་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཡིན་པར་མངོན་ཏེ། ཞབས་རྗེས་ནི་དེང་སང་བོར་བརླག་ཏུ་སོང་སྐད། དེ་ནས་མཛོ་མོ་མཁར། བྱམས་པ་འབུམ་གླིང་། དཔའ་རི། མཚོ་ཁ། སོག་ཡུལ་རྣམས་སུ་བྱོན་ནས་ཆོས་ཀྱི་འཕྲིན་ལས་རྒྱ་ཆེར་འཕེལ། མཁར་སྔོན་པོར་ཕེབས་ནས་ཨལ་ཐན་རྒྱལ་བོའི་གདུང་སྦྱངས་པས་ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་རིང་བསྲེལ་མཐའ་ཡས་པ་བྱུང་། སྐུ་མཚམས་གནང་བའི་སྐབས་ཤིག རྒྱལ་བ་ཙོང་ཁ་བས་བཏང་བའི་ཕོ་ཉ་ཡིན་ཟེར་བ་ཞིག་འོངས་ཏེ་ཡི་གེ་ཕྱག་ཏུ་ཕུལ་བ་གཟིགས་པས་རེ་ཞིག་དགའ་ལྡན་དུ་ཤོག ཟེར་བ་འདུག་གསུངས་ཏེ། དགུང་ལོ་ཞེ་དྲུག་པ་ས་བྱིའི་ལོར་རྒྱ་ནག་གོང་མ་ཏཱ་མིང་ཝན་ལིས་གསེར་གྱི་རྒྱལ་ཁབ་ཏུ་གདན་དྲངས་ཀྱང་སྐུ་སྙུང་ལྕི་བའི་ཚུལ་བསྟན་ནས་བསམ་བཞིན་དགའ་ལྡན་ཞིང་དུ་ཕེབས་སོ། །དེ་ལྟ་ན་རབ་བྱུང་བཅུ་བའི་བགྲང་བྱ་བཅུ་བདུན་པ་ཆུ་ལུག་ལོར་རྒྱལ་བ་བསོད་ནམས་རྒྱ་མཚོ་དན་ཏིག་ཏུ་ཕེབས་པ་ནས་བཟུང་རབ་རྒྱལ་མེ་སྤྲེལ་བར་ལ་ལོ་སུམ་བརྒྱ་དོན་བཞི་འདས་ཤིང་། དེར་ཉམས་བཞེས་དང་སྒྲུབ་པ་མཛད་ནས་བདེ་མཆོག་གི་ཞལ་གཟིག