ཁྲི་ཀ་རྐང་ཚའི་དམངས་སྲོལ་རིག་གནས་ཀྱི་སྐོར་བཤད་པ།

བོད་ཀྱི་ཡུལ་ལུང་སོ་སོའི་དམངས་སྲོལ་རིག་གནས་ནི་བོད་མི་རིགས་ཀྱི་རིག་གནས་གཏེར་མཛོད་ཁྲོད་ཀྱི་ཆེས་རྩ་འགངས་ཆེ་བའི་རིན་ཆེན་ནོར་བུ་ཞིག་ཏུ་གྱུར་ཡོད་པར་མ་ཟད། དེ་ནི་བོད་ཀྱི་རུས་རྒྱུད་དང་ཚོ་ཁག་སོ་སོའི་ལོ་རྒྱུས་འཕེལ་བའི་རྒྱུད་རིམ་ཁྲོད་དུ་ཐུན་མོང་གིས་གསར་དུ་སྐྲུན་པའི་རིག་གནས་ཤིག་ཀྱང་རེད།

སྤྱིར་རིག་གནས་ནི་སྣེ་འཛིང་རང་བཞིན་ཅན་ཞིག་དང་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་གྱི་ཕྱོགས་སྡོམ་ཞིག་ཡིན་པས་ན། དམངས་སྲོལ་རིག་གནས་ནི་བོད་ཀྱི་རུས་རྒྱུད་ཚོ་བའི་སྤྱི་ཚོགས་ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་གསར་ཐོན་དང་འཕེལ་རྒྱས་བྱུང་བ་ཡིན་ལ། དེ་སྤྱི་ཚོགས་ལོ་རྒྱུས་ཀྱི་སྔོན་བསྐྱོད་འཕོ་འགྱུར་ལས་བྱུང་བ་ཞིག་ཀྱང་ཡིན། 《ལོ་རྒྱུས་དངོས་གཙོ་སྨྲ་བའི་སྐོར་དང་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས》ལས། སྤྲ་མི་ནས་མིའི་རིགས་སུ་གྱུར་པའི་བསམ་པ་དང་བློ་རིག་ཤེས་རབ་བཅས་ནི་ངལ་རྩོལ་དུ་སྦྱོང་བརྡར་བྱས་ཏེ་བྱུང་བ་དང་། ངལ་རྩོལ་གྱི་ཉམས་མྱོང་རྣམས་བསགས་པའི་འབྲས་བུ་ཡིན་པ་བདེན་དཔང་གསལ་བོར་བྱས་སོ་ཞེས་བཀོད་པ་དང་། དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་གིས་རིག་གནས་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་བརྒྱུད་རིམ་ནང་དུ་འཚོ་བའི་དགོས་མཁོ་སྣ་ཚོགས་ཉེར་སྒྲུབ་བྱེད་པའི་བློ་རིག་ཐབས་ཤེས་དང་། ལག་ལེན་ལས་བྱུང་བའི་མཁོ་བའི་ཉེར་སྤྱད་ཀྱི་སྤྱི་མིང་ཡིན་ལ། དེའི་སྟབས་ཀྱིས་ས་ཐོག་འདིར་མི་ཡི་འགྲོ་བ་བྱུང་བའི་དུས་ནས་མི་ཡི་རིག་གནས་ཀྱང་བྱུང་བའི་གནས་ལུགས་དེ་ངེས་པར་ཁས་ལེན་དགོས་ལ། དོན་གྱི་གནས་ལུགས་ཀྱང་འོས་གཞན་མེད་དོ་ཞེས་གསུངས། དེ་བས་ང་ཚོས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངག་རྒྱུན་དང་གཏམ་རྒྱུད་བཅས་ལ་རྒྱུད་འཛིན་གྱི་ཐབས་ལམ་སྤྱད་ནས་རང་གི་དམངས་སྲོལ་རིག་གནས་དར་སྤེལ་གཏོང་དགོས།

 དབྱིན་ཇིའི་ལོ་རྒྱུས་རིག་པ་བ་དང་མིའི་རིགས་རིག་པ་བ་ཐེ་ལེ(Edward B.Tylor)ཡིས། རིག་གནས་ནི་རྙོག་འཛིང་ཅན་ཞིག་ཡིན་ལ། དེའི་ཁོངས་གཏོགས་སུ་ཤེས་ཡོན་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། ཡུལ་སྲོལ་ལས་གཞན་སྤྱི་ཚོགས་ཁོངས་མིའི་རང་སྒེར་ལ་དབང་བའི་ནུས་པ་གང་ཡིན་དང་། ཡུལ་གོམས་གཤིས་ལུགས་སོགས་བརྩི་བའི་ལྟ་ཚུལ་བཀོད་པ་དང་། ང་ཚོའི་ཕ་མེས་ཡང་མེས་རྣམས་ཀྱིས་གསར་དུ་བསྐྲུན་པའི་ཆེས་ཐབས་ཆག་གི་མཚོན་ཆ་དང་ཡོ་བྱད་ཡིན་ནའང་འདྲ། ཆེས་ཁྱད་དུ་འཕགས་པའི་བྲག་བརྐོས་ཀྱི་ཡི་གེ་དང་ལྡེབས་རིས་ཡིན་ནའང་འདྲ། ད་དུང་གཞན་གྱི་བློ་ཡུལ་ལ་མི་འཆར་བའི་ལྷ་སྒྲུང་དང་ངག་རྒྱུན་གྱི་འདུ་ཤེས། འགྲོ་འདུག་བཟའ་བཏུང་སྐོར་དང་དུས་ཆེན། ཆོས་ལུགས་བྱེད་སྒོ་སོགས་ཡུལ་སྲོལ་གོམས་གཤིས། ལྷ་རྩིས་མོ་གསུམ་གྱི་བྱེད་སྲོལ་དང་གུས་སྲོལ་གྱི་མཛད་སྒོ་བཅས་ཚང་མ་དམངས་སྲོལ་རིག་གནས་ཀྱི་ཁོངས་སུ་མ་འདུས་པ་ཞིག་མེད་པས་ན་། བོད་ཁ་བ་ཅན་གྱི་ཡུལ་འདི་ནི་ཆེས་ཐོག་མ་ནས་ཤེས་རིག་གི་ཕ་ས། གླུ་གར་གྱི་འབྱུང་གནས། སྒྱུ་རྩལ་གྱི་བང་མཛོད་ཅིག་ཡིན་པ་དང་། ཕྱི་ནང་གི་ཤེས་ལྡན་པ་རྣམས་ཀྱིས་བསྔགས་བརྗོད་བྱས་དང་བྱེད་བཞིན་པ་ལྟ་བུ་རེད། ང་ཚོ་རྐང་ཚ་ཚོ་སྡེ་ཡི་དམངས་སྲོལ་རིག་གནས་འདི་ཉིད་ཀྱང་ཨ་མདོའི་ཡུལ་གྱི་འབྲོག་སྡེ་ཚོ་ཁག་གཞན་དང་འདྲ་བར་ནང་དོན་དང་རྣམ་པའི་ཆ་གང་ཐད་ནས་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་བྱེད་སྒོ། དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་སོགས་དང་མ་འབྲེལ་བ་མེད་པས་སེམས་ཁམས་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ། འདིར་བོད་ཀྱི་འབྲོག་སྡེ་རྣམས་ཀྱི་ལུགས་དང་མཐུན་པས་རྒྱས་བཤད་མི་བྱེད་པར་མདོར་ཙམ་བརྗོད་ན།

གཅིག  དམངས་ཁྲོད་རྩོམ་རིག་གི་སྐོར།

ངག་རྩོམ་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཁྱད་འཕགས་ཅན་གྱི་རྩོམ་རིག་སྒྱུ་རྩལ་གྱི་གྲས་ཤིག་ཡིན་ལ། དེ་དག་ངག་ཐོག་ནས་ངག་ཐོག་བརྒྱུད་ནས་བོད་ཀྱི་ཡུལ་ཚོ་གང་མང་གི་འཚོ་བ་དང་འདོད་བློ། དགའ་སྐྱོ་ཆགས་སྡང་སོགས་མཚོན་པའི་ཕུལ་བྱུང་རྩོམ་རིག་ཅིག་ཀྱང་ཡིན་པས། རྐང་ཚའི་ཚོ་སྡེ་རང་ཉིད་ལའང་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་ཡུན་རིང་བ་དང་། ཆོས་ལུགས་བྱེད་སྒོ་དང་འབྲེལ་བའི་ས་ཆུའི་གནས་བསྟོད། རྫ་དམར་བསང་མཆོད། དགྲ་ལྷ་མཐུ་ཆེན་རྣམ་རྒྱལ་གྱི་བསང་མཆོད། སྒོ་སྲུང་ཆེན་པོ་གསུར་འབོའི་(སྲིན་པོ)བསང་མཆོད། གཞི་བདག་གམ་ཆོས་སྐྱོང་སྲུང་མར་མཆོད་པའི་གསོལ་ཚིག་ཁ་དོན་དགེ་སྦྱོར་གྱི་གསོལ་ཚིག མགུར་ཚིག་སོགས་དང་སྲིད་ཕྱོགས་ཀྱི་སྒྲུང་དང་ཁེད(ལྡེའོུ)། གཏམ་དཔེ། ཁ་མཚར། གནའ་གཏམ། འཇིག་རྟེན་པའི་ཆ་ནས་གཉེན་བཤད་དང་སྟོན་བཤད། ཇ་བཤད། ཆང་བཤད། འབྲས་དཀར། དམངས་གླུ། གླུ་ཤགས། རོགས་མཐུན། གླུ་གཞས་སོགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་མང་པོ་ཡོད་དོ།།

གཉིས་པ། ལབ་ཙེའི་སྐོར།

རི་མཐོན་པའི་རྩེ་མོར་ལབ་ཙེ་བརྩིགས་པ་འདི་ནི་མི་རིགས་གཞན་གང་ལ་ཡང་མེད་པའི་བོད་ཡུལ་གྱི་ས་རྟགས་རྒྱག་སྲོལ་ཞིག་རེད། སྟོད་མངའ་རིས་ནས་སྨད་མདོ་ཁམས་ཀྱི་མཐའ་ལ་གཏུག་པའི་བར་དུ་གང་ན་ལབ་ཙེ་བརྩིགས་ཡོད་པའི་ཕྱོགས་དེར་བོད་ཀྱི་མི་སྡེ་ཡོད་པའམ། ཡང་ན་སྔོན་ཆད་བོད་ཀྱི་དབང་རིས་སུ་གཏོགས་པར་གོར་མ་ཆག ལབ་ཙེ་ནི་བོད་ཀྱི་ཡུལ་རྟགས་དང་ཤེས་རིག་གི་མཚོན་བྱེད་ཅིག་རེད། དེ་ལ་《བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས》ལས། བོད་མིས་རི་ཀླུང་ལ་མཆོད་པའི་སྲོལ་མཆིས་ཏེ། གནའ་བོའི་དུས་སུ་ཚོ་བའི་མགོ་དཔོན་དགུང་དུ་གཤེགས་པའི་ཚེ། རི་ཀླུང་ལ་དུར་དུ་སྦས་ཏེ་མཆོད་ཅིང་། དེའི་མཆོད་སྟངས་ནི་མདའ་གྲི་མདུང་གསུམ་ལ་གཡང་དཀར་ལུག་གི་བལ་གྱིས་བརྒྱན་ནས་མཆོད་པ་དང་། དུས་ཕྱིས་སུ་དུར་མཆོད་དེ་ཉིད་ལབ་ཙེ་བསྟོད་པའི་སྲོལ་དུ་གྱུར་ནས་དེང་སང་གི་བར་དུ་འགྱུར་མེད་ལ། དེང་སང་རི་ག་གེ་མོ་ལ་གཞི་བདག་ག་གེ་མོ་གནས་ཞེས་བརྗོད་པའང་རི་དེ་དག་ལ་གནའ་བོའི་དུས་ཀྱི་ཚོ་དཔོན་དང་དམག་དོན་སྙན་གྲགས་ལྡན་པ་རྣམས་གནས་པར་འདོད་པ་དང་། གཞི་བདག་ལ་མཆོད་པ་ནི་རང་གི་མེས་པོར་མཆོད་པའི་སྲོལ་ལུགས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་པས་ཤིན་ཏུ་གསལ་བ་དང་། རྐང་ཚའི་རྫ་དམར་ལབ་ཙེ་དང་ཤྭ་རྭ་ལབ་ཙེ་གཉིས་ཡུལ་འདིར་བྱུང་སྔ་བ་དང་། དེ་ལས་རྫ་དམར་ལབ་ཙེ་ནི་རྐང་ཚ་ཚོ་སྡེ་ཡི་ཡུལ་རྟགས་དང་ཤེས་རིག་གི་མཚོན་བྱེད་ཅིག་ཡིན་ཞེས་སྨོས་ཀྱང་མི་ཆོག་པ་མེད་སྙམ། ལབ་ཙེ་འདི་ནི་གནའ་བོའི་དུས་ཀྱི་ཤེས་རིག་གི་འདུ་ཤེས་དང་བསྟུན་ན་རང་གི་སྐྱེས་ལྷ་གང་དུ་ཡོད་པར་ངོས་འཛིན་པའི་དུས་དེ་ཙམ་ནས་རིམ་བཞིན་དར་བ་དང་། འཚོ་གནས་ཁོར་ཡུག་འདི་རུ་ཡབ་མྱེས་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་རང་བྱུང་གི་སྣང་ཚུལ་དང་འཚེ་བ་སྣ་ཚོགས་ལ་ཁ་ལོ་བསྒྱུར་བའི་ཡུལ་ལྷ་གཞི་བདག་གམ་སྐྱེ་ལྷ་ཞིག་གནས་པར་གསོལ་མཆོད་བསྙེན་བཀུར་བྱེད་པ་དང་སྐྱབས་འཇུག་ཞུ་བ། དགྲ་ལྷའི་དཔུང་རོགས་སམ་བསྡོངས་གྲོགས་མཛད་པ་དང་གནོད་འཚེ་ཞི་ཞིང་ནད་ཡམས་འགོག་པ་སོགས་ཀྱི་བསམ་ཚུལ་བཟུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་མཚོན་ཡོད། དམག་འཁྲུག་གི་དུས་སྐབས་རིམ་གྱིས་འདས་ཀྱང་། སྔོན་གྱི་བག་ཆགས་དེས་དེང་གི་སྤྱི་ཚོགས་ཀྱི་བདེ་འཇགས་ཁྲོད་ཁ་ལས་རླུང་རྟ་དར་བ། དཔལ་འབྱོར་ལོ་ཕྱུགས་ལེགས་པ། ཁྱིམ་གྱི་ནད་གདོན་ཞི་བ། ཉེ་འབྲེལ་དང་ཚོ་བ་ནང་མཐུན་ཡོང་བ་དང་འཚོ་བ་བདེ་ཞིང་སྐྱིད་པ་སོགས་ཐམས་ཅད་བཀྲ་ཤིས་པ་བཅས་ཀྱི་ཆེད་བསྟོད་བྱེད་ཀྱི་ཡོད་པ་རེད། ད་ལྟ་ས་མཚམས་ཆུ་མཚམས་ངོས་འཛིན་བྱེད་ཀྱི་དཔང་བོའི་ཆེད་དུ་བསྟོད་པ་བཅས་ནང་དོན་ལའང་འཕོ་འགྱུར་སྣ་མང་འབྱུང་བཞིན་ཡོད། ཡབ་མྱེས་རྣམས་ཀྱིས་ཕྱིའི་དགྲ་འགོག་ཆེད་དང་རང་ཉིད་ཀྱི་བདེ་འཇགས་སྲུང་ཕྱིར་ས་བཙན་ས་འདི་རུ་མཁར་རྫོང་གི་ཚུལ་དུ་བརྒྱབ་པ་དང་། ཡུལ་འདིའི་སྐྱེ་ལྷ་རྫ་དམར་གྱི་བྲག་རིའི་ཁ་གཏད་དུ་ཡོད་པས་ན་རྫ་དམར་དཔའ་མཁར་ལའང་རྫ་དམར་ལབ་ཙེ་རུ་འབོད་པ་འདི་བྱུང་། ད་དུང་ཚོ་ཁག་རང་གི་སྐྱེས་ལྷ་ཨ་མྱེས་རྫ་དམར་གྱིས་སྲུང་སྐྱོབ་དང་གྲོགས་དན་མཛད་པའི་ལྟས་ངོ་མཚར་བ་བྱུང་བའི་ཆ་ནས་ད་ལྟ་ཡོངས་གྲགས་སུ་རྫ་དམར་ལབ་ཙེ་ལ་རྫ་དམར་དཔའ་མཁར་དུ་ཡང་འབོད་པ་ཡིན། ཚོ་སྡེ་ནང་ཁུལ་གྱི་ཚོ་བ་སོ་སོས་བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་བཅོ་ལྔ་བར་ལབ་ཙེ་བསྟོད། སྐྱ་མིས་ཉིན་ལམ་གཅིག་གིས་ཆོད་པ་དང་མཚན་མོར་གཞི་འདུག་བྱས་ནས་ནམ་ཕྱེད་དུ་གཏེར་རྒྱ་དང་ཤུག་སྡོང་སོགས་གྲྭ་སྒྲིག་ལེགས་པོ་བྱས་ཏེ། ཉི་རྩེ་སར་མ་ཕོག་པའི་སྔོན་དུ་སྤྱི་གསང་ཕུད་པ་དང་དེའི་རྗེས་སུ་ཆུ་ཚོད་གཅིག་ཙམ་ལ་རྡོ་སྤུངས་བྲག་རི་ལྟ་བུའི་རྩེར་འགོ་བ་རེད། བྲག་རྩེར་བསླེབས་ནས་ཉི་རྩེ་སར་ཕོག་མ་ཐག་ཏུ་ཐོག་མར་བསང་མཆོད་དང་སྨོན་གསོལ་ཞུས་རྗེས་རླུང་རྟ་སྤུར་བ་དང་མདའ་གྲི་མདུང་གསུམ་དང་ཤིང་རྩི། ཤུག་སྡོང་སོགས་ཀྱི་རྫས་འཛུགས་པ། རྨུ་ཐག་དཀར་པོ་འཐེན་པ། མཐའ་སྐོར་དུ་མ་ཎི་དར་ལྕོག་གི་དར་ཤིང་བརྟན་པོར་བཙུགས་ནས་རྫ་དམར་གཡུ་མཚོར་བསྐྱོད་དེ་གཏེར་རྒྱག་པ་བཅས་བྱེད་སྒོ་ཕུན་སུམ་ཚོགས་པར་སྣང་ངོ་། ཕྱིས་སུ་ཡག་མོའི་ལབ་ཙེ་དང་མཐོང་ཆག་ལབ་ཙེ། ཁྲ(ཁྱོ)དུང་ལབ་ཙེ། དཀར་མཛེས་ལབ་ཙེ། གཡག་རི་ལབ་ཙེ། གར་འཇམ་ལབ་ཙེ། རྩི་ཏོག་ལབ་ཙེ། འུས་འདེབས་ལབ་ཙེ། ལབ་ཙེ་ཁྱ་རོལ། རི་ཆོས་ལབ་ཙེ་ལ་སོགས་པ་བྱུང་ངོ་།།

གསུམ། ཆོས་ལུགས་དད་མོས་ཀྱི་སྐོར།

  མཁས་དབང་ནམ་མཁའི་ནོར་བུས་འབྲོག་མི་ནི་རྒན་གཞོན་སུ་འདྲ་ཡིན་རུང་། ཆོས་ལ་དད་མོས་དང་དག་སྣང་ཧ་ཅང་ཆེ་ཞིང་འབྲོག་མི་རྒན་གཞོན་ཕལ་མོ་ཚོས་ཆོས་ཀློག་ཤེས་མིན་ལ་མ་ལྟོས་པར་སྐྱབས་འགྲོ་དང་སྒྲོལ་མ། མ་ཎི། བསམ་པ་མྱུར་འགྲུབ་མ་སོགས་ཁ་ཏོན་མང་དུ་བྱེད་ཤེས་ཀྱི་ཡོད་འདུག་ཅེས་གསུངས་པ་ལྟར་འབྲོག་སྡེ་འདིའི་ཡུལ་མིའི་ཁྲོད་ན་ཆོས་ཀྱི་གནས་ཚུལ་ལམ་ནང་དོན་ཟབ་མོ་ཤེས་མཁན་ཧ་ཅང་ཉུང་ཞིང་། ཡི་གེ་གཅིག་ཀྱང་འབྲི་ཀློག་མི་ཤེས་ནའང་གོང་དུ་གསུངས་པའི་ཁ་ཏོན་དག་ནི་ནངས་དགུང་ལ་འུར་འདོན་བྱེད་པ་ཡིན། ཆོས་ཀྱི་སྤྱོད་སྒོའི་ཐད་ལ་རྣམ་པ་མང་པོ་ཡོད་པ་སྟེ། སྨྱུང་གནས་དང་སྡོམ་པ་སྲུང་བ། ལུང་བསྟན་ཞུ་བ། བླ་གྲྭ་གང་རུང་ཞིག་གདན་དྲངས་ནས་རིམ་གྲོ་སྒྲུབ་པ། ཐང་སྐུ་དང་སྐུ་བརྙ་ལ་མཆོད་བཤམ་བྱེད་པ། དགོན་གནས་གྲགས་ཅན་དང་བླ་མར་མཇལ་བ། མཆོད་མེ་འཇོག་པ་དང་ཕྱག་འཚལ་སྐོར་བ་བྱེད་པ། དར་ལྕོག་འཛུགས་པ། སྐྱེ་ལྷར་ལྷ་བསང་ཀླུ་བསང་གཏོང་བ། ཇ་མཆོད། འོ་མཆོད། ཆང་མཆོད། ཟས་མཆོད་བྱེད་པ། དགོན་པ་འདེབས་པ་དང་མཆོད་རྟེན་བཞེངས་པ། འབུམ་ཁང་བཞེངས་པ། ཆོས་སྐྱོང་ལ་བསང་གཏོང་བ། གངས་སྐོར་དང་མཚོ་སྐོར་དུ་འགྲོ་བ། རྒན་གཞོན་ཕལ་ཆེ་བའི་ལག་ཏུ་ཕྱག་ཕྲེང་བཟུང་ནས་སོས་དལ་བྱུང་ན་ཕྲེང་བ་བགྲང་བ་སོགས་ཀྱིས་དགེ་སྒྲུབ་བར་ཆད་སེལ་ཞིང་སྐྱེ་བ་སྔ་ཕྱིའི་དོན་ལ་ཚགས་མེད་དུ་རྒྱུན་འཁྱོངས་བྱེད་པ་ཡིན། གཞན་ཡང་ལྷ་འབབ་པ་དང་རྩིས་བྱེད་པ། མོ་འདེབས་པའང་ཡོད། འདིར《མཚོ་སྔོན་པོ་རྐང་ཚའི་ལོ་རྒྱུས་ཁུངས་བཙུན་ཤེལ་གྱི་མེ་ལོང་》ཞེས་པ་ལས། རྣལ་འབྱོར་རྟོགས་ལྡན་པ་གཉའ་གོང་རིག་འཛིན་རང་བྱུང་གིས་རྨི་ལམ་དུ་བརྟག་པའི་ལུང་བསྟན་དུ། འོད་གསལ་རྨི་ལམ་དང་པོ་ལ།། བཤེས་ལྡན་བཙུན་པའི་ཆ་ལུགས་ཅན།། བཙུན་པ་ལྔ་བརྒྱའི་ཚོགས་ཀྱིས་བསྐོར།། སྟེང་ཕྱོགས་ལྷ་ནས་ཡོང་ཟེར་བའི།། དམར་པོའི་མིང་ཅན་བསུ་བ་བྱུང་།། དེ་ནི་ཁྱོད་ཚོའི་སྐྱབས་ལྷའི་མཆོག། རྒྱུན་དུ་མཆོད་ན་དངོས་གྲུབ་བསྩོལ།། འོད་གསལ་རྨི་ལམ་གཉིས་པ་ལ།། ཤར་གྱི་ཕྱོགས་ནས་ཡོང་ཟེར་བའི།། དཀར་པོ་སྐྱ་མི་སྤུན་གསུམ་ནི།། སྐྱ་མི་མང་པོའི་ཚོགས་ཀྱིས་བསྐོར།། ཀི་སྒྲའི་གནམ་ས་འགུལ་བཞིན་ཡོང་།། དེ་ནི་ཁྱོད་ཚོའི་གྲོགས་ལྷའི་མཆོག། རྒྱུན་དུ་མཆོད་ན་རིགས་རྒྱུད་འབྱུང་།། འོད་གསལ་རྨི་ལམ་གསུམ་པ་ལ།། གསེར་ལྡན་ཆུ་བོའི་ནང་ལོགས་སུ།། རྫ་དམར་ཞྭ་ཡི་མིང་ཅན་ཡོད།། ས་དེར་སོང་ན་གནས་གཞི་ཟུངས།། དངོས་གྲུབ་རྒྱ་མཚོ་འཕྱུར་འདྲ་འོངས།། རིགས་རྒྱུད་ཆུ་བོ་ལས་རིང་བ།། མིང་གྲགས་རྣམས་རིམ་གྱིས་འོངས།། མ་འདུག་མྱུར་མོར་འགྲོ་གྲབས་མཛོད།། ཞེས་ཨ་མྱེས་རྫ་དམར་ནི་སྐྱབས་ལྷ་དང་བྲག་དཀར་སྤུན་གསུམ་ནི་གྲོགས་ལྷ་ཡིན་པར་བསྟན་པ་གསལ་ཞིང་། ངོ་མཚར་བ་ཞིག་ལ་རྐང་ཚའི་ཨ་མྱེས་རྫ་དམར་ནི་བན་བོན་སྔགས་གསུམ་གྱིས་ལྷ་སྲུང་དུ་བཀུར་ནས་དད་མོས་བྱེད་པ་དང་། དེ་ཆོས་ལུགས་གསར་རྙིང་གང་རུང་གི་མཆོད་ཡུལ་དང་མགོན་སྐྱབས་སམ་བསྡོངས་གྲོགས་མཛད་པའི་བདག་པོར་ངོས་འཛིན་བྱེད་ཀྱི་ཡོད།།

བཞི། གུས་སྲོལ་གྱི་སྐོར།

གུས་སྲོལ་ནི་བོད་མི་བྱིངས་ཀྱི་བསམ་སྤྱོད་དང་ཕལ་ཆེར་འདྲ་མཚུངས་སུ་གནས་པ་སྟེ། ཆེ་བར་གོང་བཀར་དང་ཆུང་བར་བྱམས་སྐྱོང་། ཆོས་ལ་དད་གུས། རི་ཆུ་ལ་སྲུང་སྐྱོབ། མགྲོན་ལ་བསུ་སྐྱེལ་བྱེད་པ། གཞན་ལ་གུས་ཚིག་བརྗོད་པ་སོགས་ཀྱི་བྱེད་ལུགས་ལ་རྒྱུན་དུ་མཐོང་ཆེན་བྱེད་པ་ཡིན། སྡེ་མི་སུ་ཡིན་རུང་རང་ལས་ཆེ་ཞིང་ཁྱད་པར་ཅན་གྱི་མི་སྟེ་རྒན་པ་དང་ཕ་མ། གཅེན་པོ་དང་གཅེན་མོ། དགེ་རྒན། ཤེས་ཡོན་ཅན། ལས་བྱེད་པ། བླ་གྲྭ། དཔོན་པོ་སོགས་སྤྱི་བོར་བཀུར་བར་མ་ཟད། ཐག་ཉེ་རིང་གི་མགྲོན་པོར་བསུ་བ་བྱེད་པ་དང་བླ་གྲྭ་སོགས་མགྲོན་རྩ་ཆེན་རྣམས་ལ་ཁ་བཏགས་འབུལ་ནས་ཞེ་ས་བརྗོད། ལྷག་པར་སྐུ་གསུང་ཐུགས་རྟེན་དང་བླ་གྲྭ་རྣམས་མཐོང་ཚེ་ཞྭ་མོ་ཕུད་ནས་གུས་འདུད་ཞུ། ཆེ་བ་རྒན་རྒོན་རྣམས་མཐོང་ཚེ་ཡར་ལངས་པ་དང་རྟ་ཐོག་གམ་འཁོར་ལོའི་རིགས་སོགས་གང་རུང་ལས་འབབ་པ། དེ་བས་གཉེན་དོན་དང་འདས་དོན་གྱི་བྱ་བ། བལ་འབྲེག་པ། སྐམ་བཤའ་བ། སྦྲ་དང་ཁང་བ་ཕུབ་པ་སོགས་ཀྱི་བྱ་བ་ཆེ་ཕྲ་གང་གི་ཐད་ལ་རུ་སྐོར་དང་ཁྱིམ་མཚེས་སོ་སོ་ནས་སྒྲུབ་རོགས་བྱེད་པའི་གུས་སྲོལ་རྒྱུན་མ་ཆད་པར་གནས་པ་རེད།

ལྔ། གྱོན་ཆས་ཀྱི་སྐོར།

 

སྤྱིར་བོད་མིའི་གྱོན་ཆས་ནི་མིའི་ལུས་ཕུང་སྲུང་བ་དང་ལྷག་པར་དུ་མཐོ་སྒང་གི་གྲང་ལྷགས་འགོག་པ་སོགས་ཀྱི་ཆེད་དུ་རང་གི་ལག་ཤེས་བཟོ་ལས་ལ་བརྟེན་ནས་དར་ཁྱབ་བྱུང་ཞིང་། སྤྱི་ཚོགས་རིམ་བཞིན་དུ་འགྱུར་བ་ནས་ད་ལྟའི་འཚོ་གནས་ཀྱི་ཁྲོད་དུ་གྱོན་ཆས་ལ་རྒྱན་སྣ་མང་གི་གཟབ་འཆོར་སྤྲས་ཏེ་མཛེས་དཔྱོད་ཀྱི་རིན་ཐང་ཅན་དུ་འགྱུར་བཞིན་ཡོད་པ་རེད། ཡིན་ཡང་། ཚོ་སྡེ་འདི་ཉིད་ཀྱི་ཆ་ལུགས་ནི་ཕལ་ཆེར་གནའ་བོའི་འབྲོག་ཡུལ་སྤྱི་དང་འདྲ་བར་གྱོན་ཆས་ཀྱི་གཙོ་བོ་ནི་དགུན་དཔྱིད་ལ་ལུག་ལྤགས་ཀྱིས་བཟོས་པའི་སློག་པ་རྒྱུ་སྤུས་སྲ་ཞིང་དྲོ་བ་དེ་ཉིན་རྒྱུན་དུ་གྱོན་པའི་གྱོན་ཆས་ཡིན། ཚར་སློག(ཚ་རུ)ནི་སྤུ་ཐུང་ཞིང་འཁྱིལ་བ་རིང་ཐུང་རན་པ་འཇོལ་བ། པགས་པ་སྲབ་ལ་སྤུ་རིང་བའི་འབའ་ལྡང་གི་རིགས་བཅས་ཀྱིས་བཟོས་པའི་བོད་ལྭ་མཛེས་ཤིང་ཡང་ལ་དུས་ཆེན་དང་དགའ་སྟོན་ལ་འགྲོ་བའི་ཤོམ་ལྭ་ཡིན། རྐང་བར་གྱོན་པ་ནི་ཀོ་པགས་ཏེ་ཀོ་ལྷམ་དང་མགོ་ལ་ཝ་ཞྭ་དང་ཚར་ཞྭ། ཕྱིང་ཞྭ་བཅས་གྱོན། ཕོ་སློག་ཤོམ་ཅན་ཡིན་ན་སྟག་གཟིག་གི་ལྤགས་ཀྱིས་གོང་སྐོར་འཐེན་པ(ཉེ་རབས་སུ་མཛེས་དོད་ཀྱི་ཆ་ནས་མང་ཆེ་བས་ཝ་ལྤགས་ཀྱིས་གོང་སྐོར་འཐེན)དང་། ཁ་བརྒྱན་ནག་པོ་ཅན་ལ་རྣ་ལྤགས་དང་གླ་ལྤགས་སོགས་ཀྱིས་སྤྱི་ཁྱོན་བརྒྱག མོ་སློག་ཡིན་ན་ཁ་བརྒྱན་རས་དམར་པོ་ཅན་དུལ་མ་ལྗང་ཁུ་དང་སྔོན་པོ། ནག་པོ་སོགས་འཇའ་དྲུག་གི་མདོག་ཅན་གྱོན་པ་དང་། བེའུ་ལྤགས་སམ་རྟེའུ་ལྤགས་གང་རུང་གིས་སྤྱི་ཁྱོན་བརྒྱག དབྱར་སྟོན་ལ་ལུག་བལ་གྱིས་བཟོས་པའི་ཕྱིང་ལྭ་དང་ཕྱིང་ལྷམ། ཕྱིང་ཞྭ་བཅས་དང་། ལུག་བལ་གྱིས་བཟོས་པའི་སྣམ་བུ་ཐེར་མ་དང་ཕྲུག་ལྭ་སོགས་གྱོན་སྲོལ་ཡོད། དེང་སྐབས་ཚར་སློག་གི་གྱོན་སྲོལ་ལས་ཕྱི་གོས་ལ་རྟག་ཏུ་ཁི་ལིང་ཤུར་མོ་དང་ཁི་འཇམ། དར་གོས། བལ་ཕྲུག་གང་རུང་གིས་གཡོག དར་ཟབ་དང་ཕྲུག་ཁྲ། སྲམ་ལྤགས་ཀྱིས་སྤྱི་ཁྱོན་བརྒྱག ཝ་ལྤགས་སམ་སྟག་གཟིག་གི་ལྤགས་པའི་མཐའ་གོང་བརྒྱན(ད་ལྟ་སྲམ་དང་སྟག་གཟིག ཝ་སོགས་ཀྱི་ལྤགས་པ་བརྒྱག་སྲོལ་མེད)དེ་ནི་གཟབ་འཆོར་གྱི་གོས་དག་གི་བཟོ་སྟངས་བོད་རིགས་སྤྱི་དང་འདྲ་བར་སྣང་ངོ་།།

དྲུག རྒྱན་ཆའམ་འདོགས་ཆའི་སྐོར།

ཡུལ་འདིའི་ལྟག་རྒྱན་འདོགས་ནི་བོད་སྤྱིའི་ཐུན་མོང་གི་མཛེས་དཔྱོད་ཀྱི་ཀྱི་བསམ་བློ་དང་། གཞན་ཡང་མིའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རིན་ཆེན་གསེར་དངུལ་དང་། གཡུ་བྱུར། ཟངས་ལྕགས་ལ་སོགས་གང་རུང་དང་། གཅན་གཟན་དང་རི་དྭགས། སྒོ་ཕྱུགས་སོགས་ཀྱི་ལྤགས་པ་དང་བལ་རྩིད། རྭ་ཅོ་ལ་སོགས་གང་རུང་གིས་གདོན་འགོག་དང་དགྲ་འགོག་ཕྱོགས་ལ་དེ་དག་ལས་གྲུབ་པའི་རྒྱུ་ཆས་ཀྱི་རྣམ་གྲངས་སྣ་ཚོགས་བྱུང་བ་ནི་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལས་བྱུང་བ་ཞིག་ཡིན། དེ་ལས་ལ་ལ་ནི་གནའ་བོའི་དུས་སུ་ས་ཐག་རིང་ཞིང་འགྲིམ་འགྲུལ་དཀའ་བས་དེ་དག་མ་གཞི་ནས་རིན་ཐང་ཆེ་བ་དང་། ལྷག་པར་རྒྱ་མཚོའི་ཕྱི་རོལ་ནས་འོང་བ་རྣམས་ཤིན་ཏུ་དཀོན་པ་ཤེས་སླ། གནའ་དུས་སུ་སྐྱེས་པས་མདའ་མདུང་རལ་གྲི་སྟེ་སྐེད་འཁོར་གསུམ་ཞེས་གཡས་སུ་སྟག་རལ་དང་གཡོན་དུ་གཟིག་ཤུབས་འདོགས། སྐེད་ལ་རལ་གྲི། གློ་གཡས་ལ་གློ་གྲི་དང་མེ་ཆ་ཡང་འདོགས་ལ་དེ་དག་གི་ཡུ་བར་དངུལ་ཟངས་དང་གཡུ་བྱུར་གྱི་ཕྲ་རྒྱན་དང་། ཤུབས་ལ་རྨ་འབྲུག་ཁ་སྤྲོད་སོགས་ཀྱི་མཛེས་རིགས་བཀོད་ཅིང་། དེ་ནི་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་ཡོ་བྱད་ཡིན་ལ་རང་སྲུང་གི་མཚོན་ཆའང་ཡིན། ལུས་ལ་ཕྲུག་ལྭ་དང་། ཚ་རུ། ཚར་ལྭ། སློག་པ། གོས་ལྭ་བཅས་ཀྱི་འདབ་ཁ་དང་། གོང་བར་ཆུ་སྲམ་གྱི་པགས་པ་དང་། སྟག་ལྤགས། གཟིག་ལྤགས། ཝ་ལྤགས་སོགས་གཏོང་བ། སྐེ་ལ་དངུལ་གྱི་སྲུང་འཁོར་དཔྱངས་པ། མེ་ཆ་སྤ་རྡེའུ་སྦྲགས་མ། དངུལ་དང་གཙོད་རས་ལས་པའི་ར་ཙེ་འཛིན་པ། རྣ་བ་གཡོན་པར་དངུལ་གྱི་རྣ་ལུང་འདོགས་པ། རྐང་ལ་འཇུར་རྟ་གྱོན་པ། ལག་འཛུབ་ལ་དངུལ་གྱི་མཛུབ་དཀྲིས་གཡུ་བྱུར་གྱི་ཕྲ་རྒྱན་ཅན་གོན་པ། མགོ་ལ་ཚར་ཞྭ་དང་། ཕྱིང་ཞྭ། ཝ་ཞྭ་བཅས་གྱོན་པ་ཡིན། བུད་མེད་ཚོས་ལན་བུ་མང་པོ་སླས་ནས་སྐྲ་རྔར་སྐྲ་ཤུབས་འདོགས་པ་དང་སྐྲ་སླས་པའི་སྟེང་ཚེག་རྒྱན་འདོགས་ཤིང་སྐབས་རེར་དམར་གདན་དང་ཐ་ན་སོགས་ཀྱིས་ཚབ་བྱེད། རལ་བ་བསླེས་པའི་སྣེ་མོར་བ་སོ་དང་དངུལ་སོགས་ཀྱིས་བཟོས་པའི་ར་སྟོར་ཡང་འདོགས། སྐེ་ལ་དངུལ་གྱི་གའུ་དང་གཡུ་བྱུར་གྱི་ཕྲེང་བ་ཉིས་རྐྱའམ་སུམ་རྐྱ་འདོགས། གཡོན་གྱི་སྟ་ཟུར་ཉིད་དུ་རི་མོ་པ་ཏྲ་བཀོད་པའི་དངུལ་གྱི་བཞོ་ལུང(བཞོ་ཟེའུ་འགེལ་བྱེད་ཡིན་ལ་ཤིང་དང་རྭ་ཅོ་ལས་གྲུབ་པའང་ཡོད)དང་གཡས་སུ་དངུལ་གྱི་ཉི་ཟླ་ཁ་སྤྲོད་དབྱིབས་ཀྱི་གློ་གཟར་འདོགས། ལུས་ལ་ཕྲུག་ལྭ་དང་། ཚར་ལྭ། གོས་ལྭ་བཅས་ཀྱི་འདབ་ཁ་དང་གོང་བར་ཆུ་སྲམ་གྱི་པགས་པ་གཏོང་བ། རྒྱབ་ལ་དམར་གདན་དང་། ཚགས་རྒྱན་སྟེང་དུ་དངུལ་གྱི་དཀར་ཡོལ་དང་གཡུ་བྱུར་གྱི་རྒྱན་ཆ་འདོགས་པ། ཁོག་སྟོད་ལ་གོས་ཀྱི་སྟོད་ལྭ་གྱོན་པ། ལག་མགོ་དང་མཛུབ་མོར་དངུལ་གྱི་ལག་དཀྲིས་གོན་པ། རལ་བར་གཟི་མཆོང་དང་། གཡུ་བྱུར། གསེར་མེན། སྤོས་བྱུར་ཕྲེང་དུ་བརྒྱུས་ནས་རལ་མགོ་འདོགས་པ། མགོ་ལ་ཝ་ཞྭ་དང་། ཚར་ཞྭ། ཕྱིང་ཞྭ་སོགས་གྱོན་པ། རྣ་བ་གཉིས་སུ་དངུལ་གྱི་རྣ་ལུང་འདོགས་པ། རྐང་བར་ལྷམ་གྱོན། ཕོ་མོ་གང་རུང་གིས་བ་སོའི་གདུ་བུ་ལས་གཞན་གསེར་དངུལ་ཟངས་གསུམ་གྱི་གདུ་བུ་དང་རྣ་ཏོག མཛུབ་དཀྲིས་སོགས་ཀྱང་འདོགས་པ་ཡིན་ནོ།།

བདུན། སྟོན་མོའི་སྐོར།

བོད་སྲིད་པ་རྒན་པོའི་ཁ་དཔེར་ལུང་བ་རེ་ལ་ཆུ་རེ་དང་། ས་ཆ་རེ་ལ་དཔེ་རེ་ཡོད་ཅེས་གསུངས་པ་ལྟར་ཡུལ་ཚོ་འདིའི་འབྲོག་སྡེ་ཕལ་ཆེར་གྱིས་སྟོན་མོའི་ལུགས་སྲོལ་ལ་མཐོང་ཆེན་མི་བྱེད་པ་མེད་ལ། རྣམ་པའི་ཆ་ནས་བོད་ཁམས་བྱིངས་དང་འདྲ་བར་རྟེན་འབྲེལ་གྱི་བྱེད་སྒོ་སྣ་ཚོགས་ཁྲོད་དུ་འཇིག་རྟེན་ཆོས་སྲིད་ཀྱི་བྱ་བ་དང་། གཞུང་དང་མི་སྒེར་གྱི་བྱ་བ་སོགས་ལས་ཕན་ཚུན་བར་འགྲོ་འོང་དང་མཛའ་མཐུན། རོགས་རམ། ངོ་སོ། ཐུགས་བརྩེ། དྲིན་འཇལ། དད་མོས། གཉེན་སྒྲིག་སོགས་ཀྱི་འབྲེལ་བ་དམ་པོ་ཡོད་པའི་ཁྱད་རྟགས་གསལ་ཞིང་། སྤྱི་ཚོགས་འཚོ་བ་དང་འཚོ་གནས་ཁོར་ཡུག་གི་ཆ་རྐྱེན་འོག་ཏུ་ནོར་ལོངས་སྤྱོད་ཀྱི་ཚད་ཆེ་ཆུང་ལ་གཞིགས་ནས་བྱེད་སྒོ་ངེས་ཅན་ཞིག་སྤེལ་བཞིན་ཡོད་པ་རེད། དེའི་ཕྱིར་སྟོན་མོའི་རིགས་ལ་སྤྲུལ་སྐུ་ཁྲིར་འཁོད་དང་དགོན་པའི་ཚོགས་སྒྲུབ། གར་དང་ཆམ་གྱི་སྟོན་མོ། སྔོན་གྱི་དམག་དོན་གྱི་རིག་རྩལ་རྟ་རྒྱུགས་མདའ་འཕེན་སོགས་ཀྱི་དུས་ཆེན་གཏོང་བའི་སྟོན་མོ། ཕོ་མོའི་གཉེན་སྒྲིག་ཀྱི་མག་སྟོན་དང་བག་སྟོན། སེར་སྐྱའི་གཙུག་ལག་ཁང་དང་མཆོད་རྟེན། འདུག་གནས་སོགས་གསར་བཞེངས་ལེགས་འགྲུབ་ཀྱི་སྟོན་མོ། གཞན་ཡང་དྲིན་མཇལ་གཙོ་ཆེར་དགོངས་པའི་ཕ་མ་ལོ་བརྒྱད་ཅུར་སོན་པའི་གྱ་སྟོན་དང་བུ་སྐྱེས་ནས་ལོ་གསུམ་ལོན་པའི་སྟོན་མོ(བང་སྟོན་དང་མནོལ་སྟོན་ཡང་འབོད)བཅས་ཡོད་པ་དེ་ལ་ཀུན་གྱིས་གཙིགས་ཆེན་མི་བྱེད་མཁན་མེད་དོ།།

བརྒྱད། ལོ་གསར་གྱི་སྐོར།

 འབྲོག་སྡེ་འདིའི་ལོ་སར་བྱེད་ལུགས་ནི་ཞིང་གཉེར་སོ་ནམ་པའི་ལུགས་སྲོལ་དང་མི་མཐུན་པ་ཆེར་མེད་ལ། དེ་ནི་ཞིང་ཕྱུགས་གཉིས་ཀྱི་འཚོ་གནས་ཁོར་ཡུག་དང་འཚོ་བ་རོལ་སྟངས་མི་འདྲ་ཡང་ལོ་སར་གཏོང་བའི་ཉི་མ་ནི་བོད་ཡུལ་གྱི་ས་ཁུལ་ཡོངས་དང་གཅིག་མཚུངས་སུ་གནས། མི་མ་ཤི་བའི་དུད་ཁྱིམ་ཚང་མས་གྲ་སྒྲིག་གང་ལེགས་བྱས་ཏེ་གནམ་ལོ་སར་ཚེས་སུ་དགའ་སྟོན་རྟེན་འབྲེལ་ཞུ་ངེས་ཡིན། ལོ་སར་གྱི་རྟེན་འབྲེལ་ལ་ཕྱེ་བག་གིས་བཟོས་པའི་ལོ་སྐོར་བཅུ་གཉིས་མཚོན་བྱེད་ཀྱི་གཟུགས་རིས་བཟོ་བ་དང་གོར་དམར་བཅའ་བ། མར་ཞུན་ལྡུག་པ། བསང་ཁྲི་ལ་དཀར་རྩི་བྱུག་པ། བསང་ཡོས་རྔོ་བ། མར་མེའི་ལྡོང་རེས་བཅའ་བ། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་དང་ཉེར་དགུ་གང་རུང་ལ་སྦྲ་སྤྲུག་ནས་སྒོ་ཕྱི་ཁྱིམ་ཀུན་དང་སྣོད་ཅ་ལག་ཚང་མར་གཙང་སྦྲ་ལེགས་པོ་བྱེད་དགོས་ཤིང་། ཉིན་དེར་ལོ་དེའི་ལོ་ལྷ་རྒྱུ་ཕྱོགས་དང་བསྟུན་ནས་དགུ་ཐལ་འཕོ་དགོས། གཞན་དགུ་མགོ་གདུ་བ། དགུ་བརྒྱག་འཐུང་བའི་སྲོལ་ཡོད། ལོ་རྙིང་བ་དེ་མཇུག་རྫོགས་པའི་མཚོན་བྱེད་དུ་ལོ་མ་སར་གོང་སྐྱེས་པ་རྒན་གཞོན་ཚང་མས་སྐྲ་བཞར་བ་དང་། བུད་མེད་ཚོས་མགོ་བཀྲུས་ཏེ་སྐྲ་སླ་བ་དང་། ལོ་སར་ཉིན་ཚང་མས་རྒྱན་ཆ་འདོགས་པ་དང་གསར་ལྭ་གྱོན། ལོ་སར་གྱི་ནངས་མོ་སྔ་མོར་ལངས་ཏེ་གཙང་སྦྲ་བྱས་རྗེས་ལྷ་བསང་བཏང་སྟེ་རང་གི་སྐྱེས་ལྷ་དང་སྲུང་མ། དཀོན་མཆོག་བཅས་ལ་མཆོད་འབུལ་དང་། སྦྲ་ཁྱིམ་(དེང་གི་ཁང་ཁྱིམ)ནང་མཆོག་གསུམ་གྱི་རྟེན་ཁང་སྐུ་བཤམས་ཤིང་། དྲུང་དུ་མར་མེ་དང་བོད་སྤོས་སྒྲོན་པ། གོ་རེ་དཀར་དམར་དང་ཀ་ར་སིལ་ཏོག འོ་ཇ་དང་ཆང་སྐྱེམས་སོགས་ཀྱི་མཆོད་པ་འབུལ། སྔོན་ནས་གྲ་སྒྲིག་བྱས་པའི་ཤ་མར་ཐུད་གསུམ་གཙོ་བྱས་པའི་སྡེར་ཁ་གང་ལེགས་གང་འཛོམས་བཤམ་པ་དང་། ཁ་བཏགས་དང་ཇ་ཆང་། ཀ་ར་སིལ་ཏོག གོ་རེ་དཀར་པོ་(དེ་ལ་ཁ་སྐད་དུ་ལོ་སར་རྒྱལ་བོའམ་ལོ་རྒྱལ་ཟེར)སོགས་ལེགས་སྐྱེས་ལ་བརྗེ་རེས་བྱས་ཏེ་ལོ་གསར་གྱི་འཚོ་བ་རོལ་བའི་སྲོལ་དར་ཡོད་པ་རེད།

དགུ། འདས་མཆོད་ཀྱི་སྐོར།

འདིར་ཡང་མིའི་ཕུང་བོ་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ལས་གྲུབ་པར་འདོད་པས་མི་ཤི་རྗེས་བེམ་པོའང་འབྱུང་བ་བཞི་བོ་གང་རུང་ལ་ཐིམ་དགོས་ཟེར་ལ། དེ་བས་བེམ་པོ་ས་འོག་ཏུ་སྦ་བ་ལ་ས་དུར་དང་། ཆུ་ལ་སྐུར་བ་ལ་ཆུ་དུར། མེ་ལ་སྲེག་པ་ལ་མེ་སྦྱིན། བྱ་ལ་འཕེན་པ་ལ་བྱ་གཡེང་ངམ་(བྱ་གཏོང་ཡང་ཟེར)རླུང་དུར་བཞི་རུ་ངོས་སྲོལ་ཆེ་ནའང་ཁྱབ་ཆེ་བ་ནི་བྱ་ལ་འཕེན་པ་དེ་ཡིན།

བྱ་ལ་འཕེན་པ་ནི་བེམ་པོ་དུར་སར་ཁུར་འོང་ནས་འཇོག་པ་དང་ཚ་གསུར་ཕུད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་བླ་མའམ་དགེ་འདུན་གྱིས་ཆོས་བཏོན་ནས་བྱ་ལ་ཟ་རུ་འཇུག བྱ་རྒོད་ཀྱིས་སྔ་མྱུར་གཙང་གསུམ་སྒོས་ཟོས་ན་ཚེ་སྔ་ཕྱིར་དགེ་རྟགས་སུ་འདོད།

ས་ལ་སྦ་བ་ནི་ས་དཔྱད་ཀྱི་ལེགས་ཉེས་ལྟར་རི་ཐང་གང་རུང་དུ་དུར་ཁང་བརྐོས་ནས་བེམ་པོ་ས་འོག་ཏུ་འཇུག་པ་དང་། དུར་ཐོག་ཏུ་རྡེའུ་དཀར་སྤུངས་པ་བཀྲ་ཤིས་པར་བྱེད།

ཆུ་ལ་སྐུར་བ་ནི་རྨ་ཆུའམ་ཆུ་ཀླུང་འགྲམ་དུ་ཤི་བའི་མི་ཡིན་ཚེ་བེམ་པོ་ཆུ་ཆེན་པོ་ལ་བསྐུར་བར་བྱེད།

མེ་ལ་སྦྱིན་པ་ནི་པུར་ཐབ་བཟོས་པའི་ནང་དུ་བུད་ཤིང་སྤུངས་ཏེ་མར་ཁུ་བླུགས་ནས་བེམ་པོ་སྲེག་པར་བྱེད། འདི་ནི་བླ་སྤྲུལ་དང་དགེ་སློང་ཡིན་ཚེ་སྦྱིན་སྲེག་བྱེད་པ་མང་།

མི་སུ་ཞིག་ཚེ་ལས་འདས་པ་ཡིན་ན་གཤིན་བདག་ལ་རུ་སྐོར་དང་གྲོགས་པོ་རྣམས་ཀྱིས་ཇ་དང་མར་ཕྱུར། རས་དང་སྒོར་མོ་སོགས་ཁྱེར་འོང་ནས་གཤིན་སྐར་ལ་མྱ་ངན་ཞུ་ཞིང་གཤིན་དོན་སྒྲུབ་རོགས་དང་དུར་འཇུག་རོགས་བྱེད། གཤིན་བདག་གིས་གཤིན་དོན་ལ་འོང་བའི་མིར་ཇ་དང་རས་སོགས་ཀྱི་དགེ་སྒྲུབ་འཇོག བླ་མར་བསྔོ་རྟེན་འབུལ། ཇ་དང་མར་ཕྱུར། སྒོར་མོ་སོགས་ཀྱིས་མཐུན་རྐྱེན་སྦྱར་ནས་དགོང་ཞག་ཉེར་དགུའི་གྲངས་ཀྱིས་དབང་བསྐུར་བ་དང་། སྨྱུང་གནས་སྲུང་བ། མཆོད་མེ་འཇོག་པ། མཆོད་རྟེན་ལ་དཀར་རྩི། དགེ་འདུན་གྱི་སྡེ་ལ་ཚོགས་དང་མང་ཇ་སོགས་རྣམ་དཀར་གྱི་ལས་ལ་འབད། གཉེན་ཉེ་རྣམས་ཀྱིས་ལོ་གཅིག་ལ་མདུན་བྱེད། ལྭ་བ་གསར་བ་མི་གྱོན་པ་དང་། གླུ་ལེན་གར་རྩེ་མི་བྱེད། དུས་ཆེན་དང་དགའ་སྟོན་ལ་མི་ཞུགས། ཆང་མི་འཐུང་བ་དང་སྲོག་མི་གཅོད། གཉེན་མི་སྒྲིག ཕོ་ཡིན་ན་ཞྭ་མོ་ཕྱིར་རྫོག་པའམ་ཞྭ་མི་གྱོན། མོ་ཡིན་ན་སྐྲ་སྣེར་བལ་དཀར་རམ་རས་སྐུད་དཀར་པོ་འདོགས། གཡུ་བྱུར་མི་འདོགས། གཤིན་པོའི་མིང་མི་འབོད་ལ་མིང་དང་མཚུངས་པའི་མི་ཡོད་ཚེ་དེ་ལ་མིང་གཞན་གྱིས་འབོད། གནམ་ལོ་གསར་དུ་ཚེས་དུས་མི་རྣམས་ཀྱིས་ཇ་དང་གོ་རེ་དཀར་དམར་སོགས་ཁྱེར་ནས་ཁམས་འདྲི་དང་རོགས་རེས་སོགས་བྱེད་པ་ཡིན།

བཅུ། འཛེམ་བྱའི་སྐོར།

འཛེམ་བྱ་ནི་བོད་རིགས་སྤྱི་དང་ལྷག་པར་འབྲོག་མི་རྣམས་ཀྱིས་ངེས་པར་བརྩི་སྲུང་བྱེད་དགོས་པ་ཞིག་ཡིན་ལ། དེ་དག་ད་ལྟའི་མི་རྣམས་ཀྱི་སྤྱོད་ཚུལ་དང་གོམས་གཤིས་སོགས་སུ་ད་དུང་མ་ཉམས་པར་ཡོད་པ་རེད། ཡིན་ན་ཡང་། བོད་བྱིངས་དང་འདྲ་བའི་གཉེན་སྒྲིག་ཐད་ཀྱི་འཛེམ་བྱ་དང་བུད་མེད་ཐད་ཀྱི་འཛེམ་བྱ། སྐད་ཆའི་ཐད་ཀྱི་འཛེམ་བྱ། མནའ་བཟའི་ཐད་ཀྱི་འཛེམ་བྱ། བྱ་རིགས་ཐད་ཀྱི་འཛེམ་བྱ་སོགས་ལྟ་བུའི་འཛེམ་བྱ་བགྲང་ལས་འདས་པ་ཞིག་ཡོད་པ་དེ་རྣམས་རུ་སྔུན་ཚོ་ཁག་གི་ལུགས་དང་ཀུན་ནས་མཚུངས་སོ།།

གཞན་ཡང་བསང་དང་སྲུང་རྟགས། ཚེ་ཐར་གྱི་སྐོར། ཇག་ལ་འགྲོ་སྲོལ། ཚོགས་འདུ་དང་ཡུལ་ཁྲིམས། འཚོ་གཉེར་དང་ཤེད་ཟོག སྦྲ་ནག་དང་གཞིས་ཁྱིམ། ལག་རྩལ་སོགས་ཀྱི་ཡུལ་སྲོལ་གོམས་གཤིས་ཕལ་ཆེར་《རུ་སྔུན་ཚོ་ཁག་གསུམ་གྱི་ལོ་རྒྱུས་དུང་གི་འབོད་བརྡ》དང་《བྱ་ཁོག་གི་དེབ་ཐེར་ནོར་བུའི་མགུལ་རྒྱན》ཞེས་པའི་ཚོ་སྡེའི་ལོ་རྒྱུས་ཡིག་ཚང་རྣམས་སུ་བརྗོད་པ་དང་ཀུན་ནས་མཚུངས་པས་འདིར་ཡི་གེར་བཀོད་པའི་ངལ་བ་མི་བྱའོ།།

Amdo Social Organizations Triga

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Kelzang Trashi and Kelzang Drölma
Year published 2018
Subjects
Places
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence