འགག་བཟའི་གུར་ཤུལ་དང་འབྲེལ་བའི་གླིང་གེ་སར་ངག་རྒྱུན།
སྙིང་ལྕགས་རྒྱལ་གྱིས་འཚོལ་སྡུད་བྱས།
ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་འགག་བཟའི་ས་ཆ་གླིང་དཀར་སྨད་ཀྱི་ས་ཁོངས་སུ་གཏོགས་པར་ཡུལ་འདིའི་མི་རྣམས་ཀྱིས་མགྲིན་དབྱངས་གཅིག་ཏུ་བརྗོད། ཨ་ཁུ་ཁྲ་རྒན་བདུད་ཡུལ་དུ་ལྷ་ཕྲུག་སློང་དུ་སོང་རྗེས། མ་འགག་བཟའ་ལྷ་མོར་མངལ་སྦྲུམ། ཨ་ཁུ་ཁྲོ་ཐུང་གིས་རང་ཉིད་ཀྱི་སྲིད་དབང་ལ་གནོད་སྐྱོན་ཡོང་བར་དོགས་ནས་མ་འགག་བཟའ་ལྷ་མོར་ལྷ་ཕྲུག་མངལ་དུ་འཁོར་ཡོད་པ་མཁྱེན་ནས་གླིང་སྨད་དུ་སྤྱུགས།དེ་ཡང་གླིང་སྨད་འགག་བཟའི་གུར་ཤུལ་ནི་གླིང་སྟོད་དང་བསྡུར་ན་ཡུལ་མཐའ་འཁོབ་དུ་གནས་པས།མ་འགག་བཟའ་ལྷ་མོས་གནས་དེ་རུ་མཚེར་ས་བཟུང་ནས་གུར་ཕུབས་པའི་རྒྱུ་མཚན་གྱིས་ཡུལ་དེར་གུར་ཤུལ་ཞེས་ཐོགས།དེ་ནས་ཨ་ཁུ་ཁྲོ་ཐུང་གིས་མ་འགག་བཟའ་ལྷ་མོའི་ལྷ་ཕྲུག་མངའ་སྤྲུམ་ཡོད་པ་བདུད་འགོམས་པ་ཁྱི་ཁ་ར་སོའི་སྙན་དུ་གསོལ་ཏེ་བདུད་དཔུང་གིས་དེ་ནི་བདུད་ཡུལ་གྱི་མ་འོངས་པའི་འགོག་རྐྱེན་ཆེན་པོ་ཞིག་ཡིན་པ་སེམས་ནས།གུར་ཤུལ་དུ་རྒྱོགས་རྡོ་འཕང་ནས་མཐུ་སོགས་བཏང་སྟེ་འགག་བཟའ་ལྷ་མོ་མ་བུ་གཉིས་བཀྲོངས་རྩིས་ལན་མང་བྱས།རྒྱོགས་རྡོ་འཕང་བ་ད་ལྟ་ཡང་དངོས་སུ་འགག་གཟའ་སྡེ་བ་ན་མཇལ་རྒྱུ་ཡོད། དེ་ལྟར་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་ལྷ་ཕྲུག་ཇོ་རུ་སྐུ་འཁྲུངས།གླིང་གིས་ལོ་རེ་བཞིན་བདུད་ལ་མི་ཁྲལ་རྟ་ཁྲལ་སོགས་འཇལ་བཞིན་ཡོད་པ་དང་ཁྲོ་ཐུང་གིས་དེར་དམིགས་ནས་བདུད་འགོམས་པ་ཁྱི་ཁ་ར་སོར་ལྷ་ཕྲུག་མི་ཁྲལ་དུ་འཇལ་རྩིས་བྱས་ཏེ་གུར་ཤུལ་དང་ཐག་ཉེ་བའི་སར་ཡོད་པའི་རི་དུང་དཀར་ཞེས་པའི་གནས་དེར་དྲངས།བདུད་འགོམས་པ་ཁྱི་ཁ་ར་སོ་གནས་དེར་ལྷགས་ནས་ལྷ་ཕྲུག་འགམ་རྩིས་བྱས་པ་ན། མ་བུ་གཉིས་ཀྱིས་སྔོན་ནས་གྲོས་བྱས་ཏེ་མར་གྲོད་རིལ་གཅིག་གི་ནང་དུ་གྲི་རྣོ་ངར་ལྡན་པ་སྦས་ཡོད་པ་དེ་སྔོན་ལ་འདྲེན་རྒྱུ་དང་དེ་ནས་བུ་ཟ་རུ་འཇུག་རྩིས་ཡོད་པས།མ་འགག་བཟའ་ལྷ་མོས་བདུད་འགོམས་པ་ཁྱི་ཁ་ར་སོ་ལ་སྔོན་ལ་མར་གྲོད་རིལ་མིད་དུ་བཅུག་པ་དང་དེ་ནས་ལྷ་ཕྲུག་འགམ་དུ་བཅུག་པ་ན།གྲི་ཡིས་དོན་ལྔ་སྣོད་དྲུག་གཅོད་འབྲེག་འབལ་གསུམ་བྱས་ཏེ་བདུད་འགོམས་པ་ཁྱི་ཁ་ར་སོ་བཀྲོངས།ལྷ་ཕྲུག་བདུད་འགོམས་པ་ཁྱི་ཁ་ར་སོའི་ཐོད་གཙུག་ནས་ཅོར་སེ་བུད་པས་མ་འགག་བཟའ་ལྷ་མོས་བུ་ཡི་མཚན་ལའང་ཇོ་རུ་ཞེས་གསོལ།དེ་ནས་བཟུང་ལྷ་བདུད་དང་རྒྱལ་བའི་རྟེན་འབྲེལ་དུ་རི་དུང་དཀར་ཡུལ་འགང་ཆེན་དུ་ངོས་བཟུང་སྟེ།འགག་བཟའ་ཡུལ་ཚོའི་རི་དུང་དཀར་ཐོག་ཏུ་རླུང་རྟའི་ཀ་འཛུགས་དང་དགྲ་ལྷ་བསྐྱོན་པ་སོགས་ཀྱི་བྱེད་སྒོ་ལོ་རེ་བཞིན་སྤེལ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད་པར་ཡོད།མ་འགག་བཟའ་ལྷ་མོས་གུར་ཤུལ་དུ་མཚེར་ས་བཟུང་བ་དང་ཇོ་རུ་སྐྱེས་པ། ལྷ་བདུད་དང་རྒྱལ་བའི་གནས་ཁྱད་པར་བ་ཡིན་པས་ལུང་ཁོག་དེའི་མིང་ལའང་འགག་བཟའ་ཞེས་ཐོགས།