Skip to main content Skip to search
མེ་ལོང་དགོན་མཁའ་སྤྱོད་དཔལ་གྱི་གུར་ཁང་།

མེ་ལོང་དགོན་མཁའ་སྤྱོད་དཔལ་གྱི་གུར་ཁང་།

 

      དགེ་ལུགས་པའི་དྲ་བ་ལས་དྲངས།

 

གནས་ཡུལ་ནི་རྨ་ཤར་ཡུལ་ཚོ་སྐེ་བ་ཚོ་དྲུག་གི་ཁོངས་གཏོགས་རི་ཁྲོད་བདེ་ལྡན་ཟེར་བའི་སར་ཡོད། དེ་ཡང་སྒྲུབ་སྡེ་འདི་རབ་བྱུང་བཅུ་གཉིས་པའི་སྟོད་དུ་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱིས་འཇམ་དཔལ་ནཱ་ག་རཀྵར་གཟིགས་སྣང་བྱུང་བའི་ཡུལ་ལྷའི་རྒྱལ་བོ་སྲིན་པོ་རིའི་དུང་སྙན་ལུང་ཟེར་བའི་སར་ནགས་ཚལ་དང་རི་བྲག་ངོ་མཚར་བ་དུ་མ་ཡོད་ལ་དེ་དག་གི་མདུན་ཕ་བོང་ཆེན་པོ་གསུམ་ཆོས་འབྱུང་གི་དབྱིབས་སུ་ཡོད་པ་དེའི་སྟེང་སྒྲུབ་ཁང་ཕུབ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་མཛད། དེ་ལྟ་བུའི་སྒྲུབ་ཁང་དེར་བསྔགས་བརྗོད་ཀྱང་མང་པོ་གནང་སྟེ། དཔལ་ཆོས་འབྱུང་མ་བཅོས་ལྷུན་གྲུབ་གནས། ། སྐྱིད་རང་བྱུང་ཕུག་པ་དེ་ན་ཡོད། ། ཅེས་སོགས་རྣམ་ཐར་ལས་བྱུང་བ་ལྟར་རོ། ། གནས་འདིའི་རྒྱབ་རི་ནི་སྒྲོལ་མའི་གནས་རི་ཡིན་པ་དམ་པ་འདིས་མཛད་པའི་གནས་བསྟོད་ལས་བྱུང་། ཆོས་འབྱུང་གཡས་ལོགས་ཀྱི་བྲག་ལ་ཆོས་རྒྱལ་དང་ཡིག་འབྲུ་རང་བྱོན་སོགས་ཡོད་ཅེས་གྲུབ་དབང་རང་གིས་གསུངས། སྒྲུབ་ཁང་གི་ཉེ་འཁོར་དུ་བྲག་ལ་བརྐོས་པའི་གྲུབ་ཁུང་སོགས་མཇལ་རྒྱུ་འདུག དེ་ལྟ་བུའི་མ་བཅོས་ལྷུན་གྱིས་གྲུབ་པའི་གནས་འདུ་འཛིས་དབེན་ཞིང་བག་ཕེབས་པ། ཐ་མལ་བའི་སྣང་ངོར་ཡང་གནས་དེར་སླེབས་པ་ཙམ་གྱི་སྣང་བ་བསྒྱུར་ནུས་པ། ཆོས་སྒྲུབ་པའི་མཐུན་རྐྱེན་ཀུན་ནས་ཚང་ཞིང་ཁྱད་པར་གསང་སྔགས་སྒྲུབ་པ་ལ་རྒྱུད་ནས་གསུངས་པའི་མཚན་ཉིད་ཡོངས་སུ་ཚང་བའི་སར་ཀུན་བཟང་བྲག་དཀར་མེ་ལོང་ཞེས་སྒྲུབ་སྡེ་འདི་ཉིད་གསར་དུ་བཙུགས་ཏེ། མཁའ་སྤྱོད་དཔལ་གྱི་གུར་ཁང་ཞེས་མཚན་གསོལ། དེར་འདུ་ཁང་དང་གྲྭ་ཤག་སོགས་ཐོག་མ་བྲག་ཁུང་དང་བྱ་སྐྱིབས་སོགས་སུ་གཞི་བཅོས་ཏེ་རིམ་པས་འཕེལ་རྒྱས་སུ་སོང་། དུས་དེར་བསླབ་གསུམ་ལྡན་པའི་དགེ་འདུན་བཅུ་དྲུག་ཙམ་བཞུགས་པ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ངོས་ཚོང་བུན་སྐྱིས་སོགས་ཀྱི་དྲི་མས་མ་སླད་པར་འཚོ་གོས་གང་ཐད་ནས་འདོད་ཆུང་ཆོག་ཤེས་ཚུལ་བཞིན་བསྟེན་ཏེ་ཟླ་གཉིས་པ་དང་གསུམ་པར་མཆོད་པ་བྱེ་བ་རེ་ཕུལ་ནས་གྲྭ་པ་ཕལ་ཆེར་ལོ་མཚམས་དང་ཟླ་མཚམས་སོགས་ཀྱི་སྒོ་ནས་བསགས་སྦྱང་ལ་འབད་པ་ཤ་སྟག་བྱུང་ངོ་། ། 


        ཕྱིས་དགོན་གནས་སྤོས་པའི་ཚུལ་ནི། སྒྲུབ་པའི་གནས་འདི་ཧ་ཅང་དབེན་ཞིང་ཐ་མལ་རང་ག་བས་བསྟེན་དཀའ་བ་དང་། གཅན་གཟན་ཆོམ་རྐུན་གྱིས་གཙེས་པས་ལོ་བརྒྱ་ཡས་མས་ཙམ་ནས་ད་ལྟའི་གནས་རི་ཁྲོད་བདེ་ལྡན་དུ་སྤོས། སྡེ་འདིའི་སྲུང་མའི་གཙོ་བོ་ནི་ལྷ་མོ་དམག་ཟོར་མ་ཡིན་ལ་ཐོག་མར་གནས་སྤོ་སྐབས་ལྷ་མོའི་ཞལ་ཐང་བཀལ་བའི་དྲེའུ་ཞིག་ཡོད་པ་ད་ལྟའི་འདུ་ཁང་གི་གནས་འདིར་ཉལ་ནས་ཐབས་ཅིའི་ཡང་སློང་མ་ཐུབ་པའི་སྐབས། གནས་དེའི་ཕྱོགས་མཚསས་ཀུན་ལ་ཞིབ་པར་བལྟས་ཚེ་སའི་དཔྱད་ཕུན་སུམ་ཚོགས་པ་དུ་མ་ཚང་བ་དང་། ཤར་ལྷོ་ནུབ་བྱང་གི་ས་སྲུང་བ་བཞི་སོགས་རང་གྲུབ་ཏུ་ཡོད་པར་གཞི་བཏིང་། ཐོག་མར་ས་བརྐོ་སྐབས་ཚོགས་ཟངས་ཆེན་པོ་ཞིག་གི་ནང་དུ་མཆོད་རྫས་དང་དངུལ་ཕྲན་བུ་ཡོད་པ་ཞིག་བུད། དེ་ནས་འདུ་ཁང་དང་གྲྭ་ཤག་རྣམས་རིམ་པས་གསར་བཞེངས་བྱས། མདུན་རིའི་ངོས་སུ་ལུང་ཤུར་ཆུང་ངུ་ཞིག་ཡོད་པ་སའི་དཔྱད་ཅུང་མི་ལེགས་པར་དོགས་ནས། སྔར་གྱི་དགོན་ཤུལ་སྙན་ལུང་ནས་གསོམ་པའི་སྡོང་ཕྲུག་མང་པོ་ཕྱུགས་ལ་བཀལ་འོངས་པ་མདུན་རིའི་ངོས་སུ་བཙུགས་ཏེ་ལུང་ཤུར་མི་མངོན་པར་བྱས། རིམ་པས་སྡེ་འདིའི་ཆོས་སྲིད་ཟུང་གི་བྱ་བ་མཐའ་དག་དབྱར་གྱི་དཔལ་ལ་འགྲན་པ་བཞིན་ཡར་རྒྱས་བྱུང་སྟེ་དགེ་འདུན་ཞལ་གྲངས་སུམ་ཅུ་ལྷག་བཞུགས་ཤིང་། སྔར་སྔགས་རམས་པའི་དུས་ནས་བཙུགས་པའི་གཞི་གསུམ་གྱི་ཕྱག་ལེན་སོགས་མ་ཉམས་པར་ངོས་གཙང་དུ་ཡོད།


        བསྟན་འཛིན་གྱི་སྐྱེས་ཆེན་དག་རིམ་པར་བྱོན་ནས་བསྟན་པའི་བྱ་བ་མཛད་ཚུལ་ནི། ཐོག་མར་སྡེ་འདི་ཕྱག་འདེབས་གནང་བ་པོ་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཡིན་ལ། ཁོང་རབ་དྲག་མེ་ཕག་ལོར་རེབ་གོང་བྲག་དཀར་སྡེ་ཁྲོད་དུ་སྤྲུལ་བའི་ཟློས་གར་བསྒྱུར། དགུང་ལོ་བཅུ་གསུམ་སྟེང་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ལས་རབ་ཏུ་བྱུང་། བཅུ་བདུན་སྟེང་དཔལ་ཧེ་རུ་ཀའི་གནས་མཆོག་དབེན་གནས་བཀྲ་ཤིས་འཁྱིལ་དུ་སྒྲུབ་པ་ལ་བཞུགས། ཉི་ཤུ་བ་ཆུ་བྱི་ལོར་རྒྱལ་སྲས་རིན་ཆེན་གྱི་དྲུང་དུ་བསྙེན་པར་རྫོགས། ཉེར་དགུ་བར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ཞབས་པད་བསྟེན་ཏེ་དབང་ལུང་རྗེས་གནང་མན་ངག་སོགས་ཟབ་རྒྱས་ཀྱི་གདམས་པའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། སུམ་ཅུ་བར་བླ་མའི་བཀས་དབུས་འགྱུར་ཆོས་ཀྱི་ཞིང་དུ་བྱོན་ཏེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས། སྔ་ཕྱིར་མཚན་ལྡན་གྱི་བླ་མ་སོ་ལྔ་ཙམ་བསྟེན་ཏེ་ཤིན་ཏུ་དཀོན་པའི་ཆོས་རྒྱུན་རྣམས་གསན་བཞེས་མཛད། སྐབས་དེར་མཁས་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཀས་བསྟན་འགྲོ་སྤྱིའི་ཆེད་དུ་ལྕགས་མཁར་ཆེན་མོ་འཛུགས་པའི་རྡོ་རྗེ་སློབ་དཔོན་དུ་གྲུབ་དབང་འདི་ཉིད་མངའ་གསོལ་བས་ནག་ཕྱོགས་ཆམ་ལ་ཕབ་པའི་གྲགས་པ་མདོ་དབུས་ཀུན་ཏུ་ཁྱབ། དགུང་ལོ་ལྔ་བཅུ་ཙམ་ལ་སླར་མདོ་སྨད་དུ་བྱོན། རབ་བྱུང་བཅུ་གཉིས་པའི་སྨད་ཙམ་ལ་སྒྲུབ་སྡེ་འདིའི་གཞི་བཏིང་ནས་སྒྲུབ་པ་ལྷུར་ལེན་མཛད། རབ་ཉིའི་མེ་སྤྲེལ་ལ་དཔལ་ལྡན་བྱ་ཁྱུང་གི་ཁྲི་བགེགས་བཏུལ་ནས་མཁན་ཁྲི་ཟླ་གཅིག་ཙམ་བཞུགས་ཤིང་མཁན་པོ་གནང་ནས་བསྟན་འགྲོའི་དོན་རླབས་ཆེན་མཛད། ལོ་ཤས་རྗེས་སླར་བྱ་ཁྱུང་དུ་གདན་དྲངས་ཏེ་དབང་ལུང་རྗེས་གསུམ་མང་དུ་གནང་། 


     སླར་འདིར་ཕེབས་ནས་དཔོན་སློབ་འཇམ་མོ་ཚང་དང་། ཚིས་ཀའི་སྔགས་རམས་པ་སོགས་གཞིས་བྱེས་ཀྱི་སློབ་མ་མང་པོར་བདེ་གསང་འཇིགས་གསུམ་དང་ཀུན་རིག་སོགས་ཀྱི་དབང་། ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་སོགས་ཆོས་རྒྱུན་མང་དུ་སྤེལ། དེའི་རྗེས་མི་ཉག་ཞབས་དྲུང་ཚང་དང་། དཔོན་སློབ་འཇམ་མོ་ཚང་སོགས་ཀྱིས་གདན་དྲངས་ཏེ་དབང་ལུང་རྗེས་གསུམ་གྱི་ཆོས་རྒྱུན་རྒྱ་ཆེར་སྤེལ་བ་དང་། འདི་ཕྱོགས་ཀྱི་སྐེ་བ་ཚོ་དྲུག  སྨད་པ་ཚོ་བདུན། གཤོང་བ་ཚོ་དགུ་སོགས་གཅན་ཚའི་རོང་ཕྱོགས་ཀྱི་ཡུལ་སོ་སོར་མ་ཎི་དང་མཆོད་འདུ་སོགས་ཀྱི་རྒྱུན་བཙུགས་པའི་སྲོལ་ད་ལྟའི་བར་དུ་གནས། ཕྱིས་མེ་ལོང་ནས་གཞི་རྫོགས་པ་ལྟར་གནས་མཆོག་བཀྲ་ཤིས་འཁྱིལ་དུ་ཕེབས། དེ་གའི་རི་ཁྲོད་པ་དང་སློབ་མ་ཡོངས་ལ་ཟབ་ཆོས་ཀྱི་རྒྱུན་མང་དུ་སྤེལ། རྗེ་འདི་བའི་གསུང་འབུམ་པོད་གསུམ་ཙམ་བཞུགས། དག་ཞིང་དུ་ཕེབས་ལོར་བཀྲ་ཤིས་འཁྱིལ་དུ་བཞུགས་སྐབས་ཉེ་གནས་ལ་ཕྱག་བརྡ་གནང་བས་ཇ་ཕུད་ཅིག་ཞོག་གསུངས་ནས་ཕུད་བཞག་རྗེས་མགོན་པོ་ཧཱུཾ་རིང་ལན་དྲུག་གསུངས་ནས། ང་ད་མི་ནག་པོ་འདི་དང་འགྲོགས་ནས་འགྲོ་དགོས་གསུངས་ནས་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། ། 


        དེའི་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ཡང་རེབ་གོང་བྲག་དཀར་དུ་འཁྲུངས། དགོན་ཆེན་དུ་ཐུགས་གཉེར་གནང་། ཤར་སྤྲུལ་བའི་སྐུ་སོགས་ལས་ཆོས་བཀའ་མང་དུ་གསན། སྡེ་འདིར་ཕེབས་ནས་ཁྲིར་བཞུགས་པ་སོགས་ཀྱི་གཟིགས་པ་ཆེ། དེའི་སྤྲུལ་སྐུ་དོན་ཡོད་བསྟན་པའི་རྒྱལ་མཚན་འཕྲང་དམར་རྐང་ཚའི་ཕྱོགས་སུ་འཁྲུངས་པ་དགུང་གྲངས་བཞི་བཅུའི་བར་བཞུགས། དེའི་སྐུ་རྗེས་མའི་མཚན་དང་འཁྲུངས་ཡུལ་དངོས་མི་གསལ་ཞིང་། སྐབས་ཤིག་ཁོང་ཇོ་ཇོ་ལྷ་ཁང་དུ་བཞུགས་སྐབས་དམ་པ་དེ་ཉིད་ཀྱིས་དགོན་པར་ལྷ་དར་ཅིག་བསྐུར་གནང་མཛད་པ་དད་རྟེན་དུ་ཐོབ་ཅེས་རྒན་པ་འགས་གླེང་། ཕྱིས་འདུ་ཁང་ནང་ཁྲི་ཆེན་ཞིག་གསར་བཞེངས་གྲུབ་འཕྲལ་དམ་པ་འདི་ཉིད་སྡེ་འདིར་ཐོག་མར་ཕེབས་སྐབས།     ཁོང་སྨུག་པ་སྟུག་པོ་ཞིག་དང་འགྲོགས་ནས་རྡོ་རྗེ་འཇིགས་བྱེད་ཞལ་འདོན་གནང་བཞིན་རྡོ་རྗེ་རྟ་སྐད་དྲག་པོ་ཧ་ཧར་བཞད་ཅེས་པའི་ཚིག་མཚམས་དེར་འདུ་ཁང་སྟེང་ཚོགས་དུང་བཏང་བ་དང་དུས་འགྲིག་པའི་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཏུ་སོང་། བླ་མ་རིན་པོ་ཆེ་ཐུགས་དགྱེས་བཞིན་ཁྲི་ཆེན་སྟེང་ཕེབས་ཏེ་ད་རེ་ང་ཚོ་བླ་སློབ་ཡོངས་ལ་སྒོ་ཀུན་ནས་རྟེན་འབྲེལ་ལེགས་པོ་བྱུང་། མ་འོངས་པར་འུ་ཅག་བླ་སློབ་རྣམས་ཚེ་རབས་ཀུན་ཏུ་མཇལ་བའི་ལེགས་པའི་ལྟས་ཡིན་གསུངས། ཡུལ་འདིའི་རྒན་རབས་པ་ཁ་ཤས་ཀྱི་ངག་རྒྱུན་དུ་མཚོ་སྔོན་རྐང་ཚའི་ཕྱུག་ནོར་དུ་སྤྲུལ་སྐུ་གསུམ་འཁྲུངས་ཤིང་དེའི་ནང་གཅིག་དགུང་ལོ་བཅུ་གཉིས་ཙམ་ནས་སྐུའི་མེ་ཏོག་ཡལ་ཞེས་གླེང་འདུག ད་ལྟའི་སྤྲུལ་སྐུ་འདི་རབ་རྒྱན་མེ་བྱི་ལོར་རྐང་ཚའི་ཕྱུག་ནོར་དུ་འཁྲུངས་ཤིང་ཁོང་གི་གཅེས་མིང་ལ་ཨ་རྒ་བྲག་ལོ་ཞུ།

དགུང་ལོ་བཅུ་གསུམ་པ་རབ་རྒྱན་ས་བྱི་ཕྱི་ལོ1948ལོར་སྡེ་འདིར་ཆིབས་ཀྱི་ཁ་ལོ་ཐོག་མར་བསྒྱུར་ཏེ་དབང་ལུང་ཕྲན་བུ་རེ་གནང་། དེའི་རྗེས་སྔ་ཕྱི་ཐེངས་གཉིས་ཙམ་ལ་ཕེབས་མྱོང་། ད་ལྟ་རྐང་ཚའི་ཕྱུག་ནོར་དགོན་དུ་ཆོས་སྲིད་ཀྱི་ལེགས་ལམ་གོང་འཕེལ་ངོས་བཞུགས་བཞིན་པའི་སྐབས་ལགས་སོ། ། 


        གཞན་ཡང་སྡེ་འདིར་ཡོངས་སུ་གྲགས་པའི་སྐྱེས་ཆེན་ཐར་ཤུལ་ནོ་མོ་ཧན་དུ་འབོད་པ་སྐུ་ཕྲེང་གསུམ་པ་ངག་དབང་ཆོས་འཕེལ་དཔལ་བཟང་བོའི་ཞབས་ཀྱིས་ཡང་ཡང་བཅགས་ཤིང་བྱིན་གྱིས་བརླབས་ནས་ཆོས་རྒྱུན་རྒྱ་ཆེར་སྤེལ་བ་དང་། སྡེ་འདིར་གཟིགས་གཏོགས་གང་ལེགས་གནང་། ཆོས་དང་ཟང་ཟིང་གིས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས་ཏེ་རྒན་པ་བཞི་དང་དགེ་བསྐོས་དབུ་མཛད། གཉེར་བ་སོགས་རྩ་འཛུགས་ཀྱི་ལམ་ལུགས་གསར་དུ་བཙུགས། དེའི་རྗེས་བདེ་ཆེན་མར་ཁའི་སྐུ་ཕྱོགས་སྐུ་ཕྲེང་གིས་བསྐྱངས་ཏེ་ཀུན་རིག་གི་སྒྲུབ་མཆོད་གསར་དུ་བཙུགས་པ་སོགས་གཟིགས་པ་རྒྱ་ཆེ། དེའི་རྗེས་སྡེ་འདིར་བཀའ་དྲིན་གཞན་ལས་མཆོག་ཏུ་ཆེ་བ་ནི། མཁས་ཤིང་གྲུབ་པའི་དབང་ཕྱུག་མཚུངས་མེད་དམ་པ་ཐར་ཤུལ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་ཞབས་ཀྱིས་བཅགས་ཤིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བས་ཡུལ་འདིའི་སྐྱེ་བོ་མཐའ་དག་དགེ་བཅུའི་དཔལ་ལ་བཀོད། རབ་ཡིད་མེ་སྦྲུལ་ཕྱི་ལོ1857ལོར་ཐུགས་ཁུར་ཆེ་བཞེས་ཀྱིས་ཕྱག་རྫས་མང་པོ་དང་ཞལ་བཀོད་གང་རྒྱས་གནང་སྟེ་སྡེ་འདིའི་འདུ་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་གསར་བཞེངས་མཛད། ནང་རྟེན་གསེར་འབའ་ཞིག་ལས་གྲུབ་པའི་འཇམ་པའི་དབྱངས་ཀྱི་སྟོང་སྐུ་གྱན་ཐང་གསུམ། རྗེ་ཡབ་སྲས་གསུམ་ལ་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བའི་གསེར་ཐང་ཁྱད་འཕགས་དང་། མཐོང་བསྐོར་སོགས་ཕུལ་བས་གཟིགས་པ་རྒྱ་ཆེ། རབ་ཚེས་ས་ཡོས་ཕྱི་ལོ1879ལོར་སྡེ་འདིར་བཞུགས་སྐབས། ཐུགས་སྲས་རྐང་ཚ་རིན་པོ་ཆེས་གསོལ་བ་བཏབ་པ་ལྟར། གོང་ས་ལ་མོ་ཞབས་དྲུང་མཆོག་སྐུ་རིན་པོ་ཆེས་རྗེ་འདི་ཉིད་ལས་རབ་ཏུ་བྱུང་སྟེ་མཚན་དགེ་འདུན་བསྟན་འཛིན་ནོར་བུ་ཞེས་གསོལ། དེའི་རྗེས་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་སྐུ་ཕྲེང་ལྔ་པ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་ཡང་སྡེ་འདིར་ཤས་ཆེར་བཞུགས་ཏེ་གང་ལ་གང་མཚམས་ཀྱི་དབང་ལུང་རྗེ་གསུམ་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ཏེ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས་ཆོས་དང་ཟང་ཟིང་གཉིས་ཀས་སྐྱོང་ཁུར་གང་ལེགས་མཛད། དགོན་གཞུང་གིས་ཁོང་ལ་གཟིམ་ཁང་གྱན་བརྒྱད་ཅུ་ཙམ་གསར་བཞེངས་བྱས་ནས་དབྱར་ཕལ་ཆེར་སྡེ་འདིར་བཞུགས། དེ་ལས་གཞན་ཨ་ལགས་ཕུན་ཚོགས་རིན་པོ་ཆེའི་སྐུ་སྔ་ཕྱིར་སྡེ་འདིར་གཟིགས་སྐྱོང་གང་ལེགས་གནང་། དགོན་པས་ཁོང་ལ་གཟིམ་ཁང་གྱན་བཅུ་དགུ་ཙམ་གསར་བཞེངས་བྱས་ཏེ་ཕལ་ཆེར་རྒྱུན་བཞུགས་གནང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་པཎ་ཆེན་ཡོངས་འཛིན་རིན་པོ་ཆེའི་ཨ་ཁུ་འཇིགས་མེད་ཚང་གིས་གཡུ་བཟང་ཐང་དུ་བཀའ་འགྱུར་གྱི་ལུང་གནང་བའི་མཇུག་དེའི་ཕྱི་ལོ་ཤིང་སྤྲེལ་ལོར་སྡེ་འདིར་ཕེབས་ནས་ལུང་རྫོགས་པར་གྲུབ། དུས་དེར་གསན་མཁན་སྐྱབས་རྗེ་ཐར་ཤུལ་ཆོས་སྐྱོང་རིན་པོ་ཆེ་གཙོ་བྱས་སྐུ་འབུམ་ཨ་རྒྱ་ཚང་། རྒྱ་ཡག་ཚང་། གསེར་ཏོག་ཚང་། ར་གོ་ཚང་སོགས་གཞིས་བྱེས་ཀྱི་བླ་སྤྲུལ་བཤེས་གཉེན་དུ་མས་ཞབས་ཀྱིས་བཅགས་ཤིང་། བཀླག་ལུང་གསན་པ་དང་བཀྲ་ཤིས་ཀྱི་བྱིན་ཆར་ཕབ། དུས་དེ་ཉིད་ན་སྡེ་འདིའི་ཆོས་སྲིད་ཟུང་གི་བྱ་བ་མཐའ་དག་དབྱར་གྱི་དཔལ་ལ་འགྲན་པ་བཞིན་བྱུང་ངོ་། ། 


   གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གྱི་དཀར་ཆག་འགོད་པ་ལ། འདུ་ཁང་ནི་གྱན་ལྔ་ཡིན་ལ་ཕྱིའི་བཟོ་བཀོད་ཕུན་སུམ་ཚོགས། དེ་ཡང་ནང་རྟེན་གྱི་གཙོ་བོ་ནི། སྐུའི་རྟེན་ལ་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་བྲག་དཀར་སྔགས་རམས་པར་གནང་བའི་གསེར་གྱི་འབྲལ་སྤོང་སྟོན་པའི་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ། ཡང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་གནང་བའི་བསྟན་སྲུང་དམག་ཟོར་མའི་ཞལ་ཐང་བྱིན་རླབས་ཀྱི་ཚན་ཁ་འབར་བ་བཀའ་གཉན་ཅན་གཙོ་བྱས་པའི་ཐང་ཀ་དུ་མ་བཞུགས། གསེར་ཟངས་ལས་གྲུབ་པའི་ལི་སྐུ་སྣ་ཚོགས་ལྔ་བཅུ་ཙམ། སྨན་སྐུ་ཆེ་ཆུང་ཉིས་སྟོང་ལྷག འཇམ་དབྱངས་སྟོང་སྐུའི་གྱན་ཐང་གསུམ། རྗེ་ཡབ་སྲས་གསུམ་སོགས་གསེར་ཐང་འགའ། གསུང་རྟེན་དུ་བཀའ་བསྟན་གཉིས་ཀ་ཚར་རེ། ཡུམ་པོད་བཅུ་གཉིས། རྗེ་ཡབ་སྲས་གསུམ་དང་བྲག་དཀར་སྔགས་རམས་པའི་གསུང་འབུམ་སོགས་གླེགས་བམ་སྣ་ཚོགས་བརྒྱ་ཕྲག་ལྷག ཐུགས་ཀྱི་རྟེན་ལ་དངུལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་གཉིས། གཞན་ཡང་རྗེ་གསེར་ཁང་བའི་ཕྱག་ཕྲེང་། ཕྱག་མཁར། ཕྱག་གྲི། གཏོར་གཞོང་། ན་བཟའ་ཆ་ཚང་། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་སྐུ་སྔ་ཕྱི། རྙེ་ཐམས་ཅད་མཁྱེན་པ། ཨ་ལགས་ཕུན་ཚོགས་རིན་པོ་ཆེ་ཚང་སོགས་ཀྱི་ན་བཟའ་དང་བྱིན་རྟེན་ཕོན་ཆེ་བ་དུ་མ་བཞུགས། གཞན་ཡང་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་དང་། ཨ་ལགས་ཕུན་ཚོགས་ཚང་རྣམས་ཀྱི་གཟིམ་ཁང་ཀུན་དགའ་ར་བར་ཡང་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་མང་དུ་བཞུགས་སོ། ། 


        གཞན་ཡང་སྡེ་འདིའི་འདོན་རྟ་དབྱངས་གསུམ་དང་། ཆོ་ག་ཕྱག་ལེན་ཕལ་ཆེར་ར་རྒྱ་ལྟར་ཡིན་ལ། ཚོགས་འདོན་གྱི་རིམ་པ་ཡང་ཟླ་དང་པོར་ཆོ་འཕྲུལ་སྨོན་ལམ་ཉིན་དྲུག ཚེས་བཅུ་ཉིན་སྡེ་འདིའི་གྲྭ་མང་ཡོངས་རྫོགས་བོད་ཇོའི་གྲྭ་ཚང་དུ་ཕེབས་ནས་བཅུ་དྲུག་བར་དུ་བཞུགས་དགོས། འདོན་པ་གཙོ་བོ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་སྨོན་ལམ་ཡར་ཚོགས་སོགས་འདོན་པ་བོད་ཇོའི་གྲྭ་ཚང་ལྟར། ཉིན་ཤས་རིང་འགྲིག་ལམ་དང་ཚོགས་སྐལ་སོགས་བོད་ཇོ་དང་འདྲ། ཟླ་གཉིས་པར་དུས་མཆོད་ཉིན་གཅིག  ཟླ་གསུམ་པར་ཀུན་རིག་སྒྲུབ་མཆོད་ཚེས་བརྒྱད་ནས་བཅོ་ལྔའི་བར། ཟླ་བཞི་པའི་བཅུ་གཅིག་ནས་བཅུ་གསུམ་བར་སྒྲོལ་མ། བྱམས་པ། རྗེ་སྟོང་མཆོད་སོགས་གསུང་དགོས། བཅུ་བཞི་བཅོ་ལྔ་གཉིས་ལ་སྨྱུང་གནས། ཟླ་ལྔ་བའི་ཉི་ཤུ་ནས་ཉེར་ལྔའི་བར་མཆོད་པ། གྲྭ་པ་རེ་ནས་ཏིང་ཕོར་བརྒྱ་རེ་དང་ཉིན་རེ་ཚར་བདུན་རེ་འབུལ་དགོས། ཟླ་དྲུག་པར་སྨོན་ལམ་ཚེས་བཞི་ནས་བརྒྱད་བར་བཟང་སྤྱོད་ཁྲི། བཅུ་གཉིས་ནས་བཅུ་གསུམ་བར་གྲྭ་པ་རྣམས་རི་ཁར་ཕེབས་ནས་སྤྲོ་གསེང་དང་སྲིན་པོ་རིའི་ལབ་ཙེ་བསྟོད་དགོས། བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་དབྱར་གནས་ཕྱི་མཚམས་ཆེན་མོ། དེའི་རིང་ཉིན་ལྟར་དབྱར་གནས་པ་རྣམས་ཀྱིས་བདེ་མཆོག་ཆོག་རྐྱང་གསུང་སྟེ་དྲོས་ཇ་བཞེས་རྗེས་གྲོལ་དགོས། ཟླ་དགུ་པའི་ཚེས་གཅིག་ནས་གསུམ་བར་ཨ་ལགས་ཕུན་ཚོགས་ཚང་གི་དུས་མཆོད་མི་འཁྲུགས་པའི་ཆོ་ག་གསུང་དགོས། ཉེར་ལྔ་ནས་མགོན་ལྷ་དང་ཆོས་རྒྱལ་བསྐངས་བཤགས་ཁྲི། བཅུ་བའི་ལྔ་མཆོད་ཉིན་བདུན་རས་བྲིས་ལ་བརྟེན་པའི་བདེ་མཆོག་སྒྲུབ་མཆོད། དགུའི་ཉིན་མགོན་ཆོས་དང་དྲུག་ཅུ་བ་གསུང་དགོས། བཅུ་གཅིག་པའི་ནང་ཉི་ལྡོག་ནས་བཟུང་ལྷ་མོའི་གཏོར་སྒྲུབ་དང་། ཁྲོ་བཅུ་དང་སེང་གདོང་གཉིས་ཀྱི་བཟློག་པ་ཉིན་ལྔ་རེ། ཚེ་སྒྲུབ་ཉིན་གསུམ། བོད་ལོའི་བཅོ་ལྔ་ལ་རྒྱུན་གཏོར་རྗེས་ནས་མགོན་ཆོས་གསུང་དགོས། ཉེར་ལྔ་ནས་དགུའི་བར་ལྷ་མོའི་བསྐང་བཤགས་ཁྲི། ཟླ་དང་པོའི་ཚེས་གཅིག་གི་སྔ་མོར་ལྷ་མོའི་ཚེས་གཏོར་བཅས་ཡིན། རབ་རྒྱལ་ས་ཁྱི་ཕྱི་ལོ1958ལོའི་ཡར་སྔོན་དུ་ཆོས་ཐོག་སོ་སོའི་གཏོང་ཐེབས་སུ་དགོན་པར་ཞིང་ས་མུའུ་ཆིག་བརྒྱ་ཉི་ཤུ་ལྷག་ཡོད་པ་ཐམས་ཅད་ས་ཞིང་གི་བརྔོ་ཐོག་འདེབས་མཁན་དང་དགོན་པ་གཉིས་ཀྱིས་ཕྱེད་བགོས་བྱས་པ་ཡིན། ། 


      ཉམས་པ་སླར་གསོ་བྱས་པའི་ཚུལ། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས་རབ་རྒྱལ་མེ་སྟག་ཕྱི་ལོ1986ལོར་གོང་ནས་ཆོག་མཆན་དངོས་སུ་གནང་བ་རྟེན་འབྲེལ་གྱི་ཐོག་མ་ལྟ་བུར་གྱུར་ཏེ། དགོན་པ་དོ་དམ་ལྷན་ཚོགས་སྒྲིག་འཛུགས་བྱས། ཐོག་མར་སྔོན་གྱི་གྲྭ་པ་རྒན་པ་ཁ་ཤས་གདན་སར་འདུས་ཏེ་དགོན་པ་སླར་གསོ་བྱེད་པའི་སྦྱོར་བ་བརྩམས། རབ་རྒྱན་ས་སྦྲུལ་ལོར་རང་གཞན་གྱི་སྡེ་ཁྲོད་དུ་མ་ནས་དད་པ་དང་གཏོང་ཕོད་ཆེ་བ་མཆོག་གསུམ་ལ་སྲིད་ཞུ་བྱེད་མཁན་དག་གིས་སྔ་ཕྱིར་མཐུན་རྐྱེན་གང་ཡོད་སྦྱར་ཏེ་རབ་རྒྱན་ས་འབྲུག་ཕྱི་ལོ1988ལོར་འདུ་ཁང་གྱན་ལྔ་བཟོ་བཀོད་ལེགས་པ་ཞིག་གསར་བཞེངས་བྱེད་མགོ་བརྩམས་ཏེ་ཕྱི་ལོ1989ལོར་བཟོ་སྐྲུན་ལེགས་པར་གྲུབ། ད་ལྟར་བཞུགས་པའི་ནང་རྟེན་གྱི་རིམ་པ་ཡང་རྒྱལ་བོའི་བཀའ་འགྱུར་རིན་པོ་ཆེ་གཙོ་བྱས་སྐུ་གསུང་ཐུགས་རྟེན་དུ་མ་དང་། གསར་དུ་ལས་པའི་གྲྭ་ཤག་བཅུ། གྲྭ་བ་བཅོ་ལྔ་ཙམ་བཞུགས་ཤིང་ཆོས་ཐོག་གི་རིམ་པ་ཡང་རྒྱ་ལོའི་སྨོན་ལམ་ཉིན་གསུམ་ནས་ལྔའི་བར། དྲུག་པའི་སྨོན་ལམ་ཉིན་གསུམ། ལྔ་མཆོད་ཉིན་ལྔ་ནས་བདུན་བཅས་འདོན་པ་གོང་ལྟར་ཡིན། བོད་ལོའི་ཉེར་ལྔ་ནས་ལྷ་མོའི་བསྐང་བཤགས་ཉིན་གསུམ་བཅས་སོར་ཆུད་པ་བྱུང་། གཞན་ཡང་དགོན་པས་རང་ཁ་རང་གསོའི་རྩ་དོན་ལྟར་མདུན་རིའི་ངོས་ཀྱི་ནགས་སྡོང་མུའུ་སོ་ལྔ་ཙམ་ལ་བདག་གཉེར་བྱེད་བཞིན་པའོ། །

Meditation Cave cave Triga གུར་ཁང (0, 1, 2, 3, 4)
མེ་ལོང་དགོན་མཁའ་སྤྱོད་དཔལ་གྱི་གུར་ཁང་།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Red Garland Editorial Board
Year published 2020
Language Standard Tibetan , Tibetan
Subjects
Places
Terms
UID mandala-texts-63371
DOI