Skip to main content Skip to search
རྗེ་ཙོང་ཁ་པ་མཆོག་གི་གསུང་ནི་བོད་ཀྱི་སྤྱི་སྐད་ཚིག་སྦྱོར་གྱི་དཔེ་སྲོལ་དུ་བྱ་འོས་པ།

རྗེ་ཙོང་ཁ་པ་མཆོག་གི་གསུང་ནི་བོད་ཀྱི་སྤྱི་སྐད་ཚིག་སྦྱོར་གྱི་དཔེ་སྲོལ་དུ་བྱ་འོས་པ།

 

            ཟི་ལིང   ལྕགས་ཐར་རྒྱལ།

 

 

  ད་ལོ་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་དྲུག་བརྒྱ་ལོན་པའི་ལོ་ཡིན་ཞིང་།  ལོ་འཁོར་དྲུུག་བརྒྱའི་རིང་ལ་ཁོང་གི་གསུང་གི་མཛད་པའི་འོད་སྣང་གིས་འཇིག་རྟེན་གྱི་མ་རིག་པའི་མུན་པ་སྟུག་པོ་མཐའ་རུ་སྤྱུགས་ཤིང་།  སེམས་ཅན་མང་པོའི་རྒྱུད་ལ་མངའ་བའི་སྤང་བླང་ལེགས་ཉེས་ཀྱི་རིག་པའི་མྱུ་གུ་བསྐྱངས་ཤིང་སྐྱོང་བཞིན།  འཇིག་རྟེན་ཧྲིལ་པོ་ཕན་བདེའི་ཕྱོགས་ལ་བསྐུལ་ཅིང་སྐུལ་བའི་མཐུ་ལས།  མཁས་པའི་ཉི་མ་འོད་པོ་ཆེ། །ངག་གི་མེ་ལོང་ལ་ཐོབ་པས། །བགྲང་བྱ་ཕྲེང་བའི་གྲངས་བདས་ཀྱང་། །འཇིག་རྟེན་ཐམས་ཅད་སྣང་བར་བྱེད། །དེའི་ཕྱིར་གུས་པས་སྐབས་འདིར་ཁོང་གི་གསུང་གི་ཚིག་གི་སྦྱོར་བའི་ཁྱད་ཆོས་ལ་བརྟེན་ནས།  བོད་ཀྱི་སྤྱི་སྐད་ཀྱི་ཚིག་གི་སྦྱོར་ལུགས་གང་ལ་དཔེར་བྱ་འོས་པའི་སྐོར་ཅུང་ཙམ་གླེང་བར་བྱའོ།

 

དང་པོ།  བོད་ཀྱི་སྤྱི་སྐད་ཀྱི་ཚད་གཞི་སྤྱིར་གླེང་བ།

 

ད་ལྟར་འཛམ་གླིང་གོ་ལ་ཟླུམ་པོ་གདུགས་གཅིག་གི་ཁོར་མོ་ཡུག་ཏུ་འདུ་ཞིང་།  ཕན་ཚུན་འགྲོ་བཞུད་སྔར་བས་སྟབས་བདེར་འགྱུར་བཞིན་པའི་སྐབས་འདིར་རང་རེའི་བོད་པའི་སྐད་ཆ་རིགས་གཅིག་གི་མུ་ཁྱུད་དུ་འཚོ་བའི་བོད་པ་བྱིངས་ཀྱིས་ཀྱང་ཀུན་གྱིས་གོ་ཞིང་ཡུལ་གྲུ་ཀུན་ལ་ཁྱབ་པའི་སྐད་ཆ་ཐུན་མོང་པ་ཞིག་ཆགས་པའི་ཐབས་ལ་བརྩོན་ཆེད།  དབུས་གཙང་གི་སྐད་ནི་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་ཅིང་སྐད་ཆ་སྤྱིའི་འཕེལ་ཕྱོགས་དང་མཐུན་པས་དེ་ཉིད་གཞིར་གཟུང་འོས་པར་སྨྟ་བ་དང་།  ཁམས་པའི་སྐད་ཆ་ནི་མདོ་དབུས་གཉིས་ཀྱི་སྐད་ཆའི་བར་བརྒལ་གྱི་མཚམས་སུ་མཆིས་པས་དེ་རང་གཞིར་གཟུང་རུང་བར་རེ་བ་དང་།  ཨ་མདོའི་སྐད་ནི་འཕུལ་རྟེན་མགོ་འདོགས་རྫོགས་པར་འཐོན་ཞིང་གནའ་བོའི་བརྗོད་སྲོལ་མང་པོ་ད་དུང་དེ་བཞིན་དུ་བདོག་ཕྱིར་དེ་ག་གཞིར་གཟུང་ན་ལེགས་པར་འདོད་པ་དང་།  དེ་ལྟའི་ཡུལ་སྐད་ཕྱོགས་རེ་བའི་ཕྱོགས་སུ་མ་ལྷུང་བར་མདོ་དབུས་ཁམས་གསུམ་གྱི་སྐད་ཆའི་བརྗོད་པ་ཐུན་མོང་པའི་ཁྱད་ཆོས་ཕྱོགས་སུ་བསྡུ་བ་དང་།  ཡུལ་ལུང་ཐ་དད་པའི་བརྗོད་སྟངས་ཕྱོགས་རེ་བ་ཡོངས་སུ་དོར་ཏེ།  སུམ་རྟགས་དག་གསུམ་གྱི་དགོངས་པ་དང་མཐུན་པར་སྐད་ཀྱི་སྒྲ་གདངས་ནི་དབུས་གཙང་དང་ཉེ་བར་འབྱིན་པའི་ཐབས་ཀྱིས་རྗོད་མཁན་རང་གི་ཅི་ཞིག་བརྗོད་པའི་དོན་རྣམས་ཕ་རོལ་པོ་ལ་གོ་བརྡ་ཨེ་འཕྲོད་ཀྱི་ཐབས་ལ་བརྩོན་ཞིང་།  རྗོད་མཁན་རང་གི་ཡུལ་སྐད་ཀྱི་བརྗོད་སྟངས་ཕྱོགས་རེ་བ་ཅི་ཐུབ་ཀྱིས་འདོར་ཞིང་།  བོད་པའི་མི་རིགས་ཡོངས་ཀྱི་སྐད་ཡིག་གི་རྨོངས་པ་དགྲོལ་ཅི་ཐུབ་ཀྱི་སྒོ་ནས་རིག་གནས་ཀྱི་ཆུ་ཚད་མཐོ་རུ་གདགས་པར་བརྩོན་དགོས་པའི་འདུ་ཤེས་ཐུན་མོང་པ་ཞིག་འཆག་པར་བརྩོན་པར་གདའ་ན་ཡང་།  ཡིག་ཐོག་ཏུ་སྤྱོད་པའི་ཚིག་གི་སྦྱོར་བ་ལ་ད་དུང་ཡུལ་སྐད་ཀྱི་ཁྱད་པར་ཧ་ཅང་གསལ་པོ་བདོག་པ་གཅིག་མཐུན་དུ་བྱ་དགོས་ན།  སྐད་རིགས་གཞན་དག་དང་མཐུན་པར་ཚིག་གི་སྦྱོར་བ་ཇི་འདྲར་བྱ་བའི་དཔེ་གཞི་ཞིག་ངེས་པར་ཡོད་དགོས་ཤིང་།  དེ་ནི་དུས་སྐབས་ནམ་ཞིག་གི་མཁས་པ་གང་དག་གི་གསུང་ལ་གཞིར་བྱ་བའི་ཚད་གཞི་ཞིག་ཀྱང་ངེས་པར་བྱ་དགོས་པར་གདའ་འོ།

 

གཉིས་པ།  བོད་ཀྱི་སྤྱི་སྐད་ཀྱི་ཚིག་སྦྱོར་གྱི་ཚད་གཞི་གང་ལ་བྱ་འོས་པ།

 

དེ་སྔར་སྤྱི་ལོ་དུས་རབས་བདུན་པའི་ནང་དུ།  བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་ཐུགས་དཀྱེལ་ཆེན་པོའི་མཐུ་ལ་བརྟེན་ནས།  དང་པོའི་སློབ་དཔོན་ཐོན་མི་སམྦྷོཊ་མཆོག་གིས་བོད་པའི་སྐད་ཆའི་བརྗོད་པའི་རྩ་བ་ཕྱོགས་སུ་བསྡུས་ཤིང་།  དབྱངས་གསལ་ཡི་གེའི་སྦྱོར་བ་དང་བརྡ་སྤྲོད་པའི་གཞུང་ལུགས་གཏན་ལ་ཕབ་པའི་འཕྲིན་ལས་ཀྱི་དབང་གིས།  ཐོག་མར་ཆོས་སྲིད་ཀྱི་བརྗོད་བྱ་ཐ་དད་པའི་ཚིག་གི་སྦྱོར་བ་ལ་རིང་ཐུང་དང་།  རྐྱང་འབྲེལ་གྱི་ཁྱད་པར་ཅུང་ཟད་ཡོད་པ།  རིམ་གྱིས་ཡི་གེའི་ནུས་པ་ལ་བརྟེན་ནས་ཡུལ་སྐད་ཀྱི་སྦྱོར་བ་མཐུན་པར་བསྡུས་པ་དང་།  སྐད་གསར་བཅད་ཀྱི་བཀས་བཅད་རིམ་པ་སྔ་ཕྱིར་མཛད་པ་དང་།  གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་གསེར་རིའི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་རྣམས་ཀྱི་བཀའ་དྲིན་གྱི་དབང་གིས།  བོད་པའི་སྐད་ཆ་འདི་ལ་བསྟན་བཅོས་སྨྲ་བའི་སྐད་ཆའི་སྦྱོར་བ་ཚད་དང་ལྡན་ཞིང་བླ་ན་མཐོ་བ་ཞིག་ཆགས་པའི་གྲས་སུ།  རྗེ་ཙོང་ཁ་པ་མཆོག་ནི་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་།  ཁམས་ཀྱི་ཡུལ་གྲུ་ཞབས་ཀྱིས་བཅགས་ཏེ་དབུས་གཙང་དག་པའི་ཞིང་དུ་ཆིབས་བསྒྱུར་མཛད་ཅིང་།  དུས་སྐབས་དེ་ཉིད་ལ་བོད་དུ་ཞལ་བཞུགས་པའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཞལ་མཇལ་ཐུབ་པ་ཀུན་གྱི་གསུང་གི་བདུད་རྩི་ཅི་དགར་བཞེས་ཏེ།  ས་ཡི་འཛིན་མ་འདི་ཡི་ཕང་བར་བཞུགས་པའི་སཾ་བོད་སྐད་ཆར་ཉར་པའི་བསྟན་བཅོས་ཇི་སྙེད་པ་ལ་གཟིགས་ཞིབ་ནན་ཏུར་གནངས་ཤིང་།  རྒྱ་གར་དང་བོད་ཀྱི་མཁས་པ་སྔ་མ་རྣམས་ནས་བརྒྱུད་པའི་བསྟན་བཅོས་རྩོམ་པའི་ཡོན་ཏན་ཇི་སྙེད་ཡོངས་སུ་ཐུགས་བཞེས་གནངས་པར་མ་ཟད།  བོད་ཀྱི་སྐད་ཡིག་གི་ལམ་ནས་རྒྱལ་བ་ཤྰཀྱ་ཐུབ་པའི་མདོ་སྔགས་ཀྱི་ལྟ་བ་ཟབ་མོ་ཇི་ལྟར་གནད་ཐིངས་ཤིང་གཏན་ཚིགས་གྲུབ་པ།  ཀུན་གྱིས་གོ་སླ་ཞིང་གཟུང་བདེ་བར་བརྗོད་པའི་སྐད་ཆའི་ཚིག་སྦྱོར་གྱི་ངག་གི་དཔལ་ལ་ཅི་དགར་མངའ་མཛད་ཅིང་།  ཁོང་ནི་རྙིང་མ་བཀའ་གདམས་ས་སྐྱ་བཀའ་བརྒྱུད་ཞི་བྱེད་ཇོ་ནང་བོན་པོ་དང་བཅས་པའི་ལྟ་གྲུབ་ཀུན་འདུས་ཀྱི་གཏེར་བདག་ཏུ་མངའ་བརྙེས་པ་དང་།  ཐོན་མི་འཇམ་པའི་དབྱངས་ནས་བཟུང་བའི་མཁས་གྲུབ་ཡོངས་ཀྱི་གསུང་གི་ཡོན་ཏན་བདག་གིར་མཛད་པ་དང་།  གངས་ཅན་བོད་པའི་སྐད་ཆའི་སྦྱོར་བ་ལ་བརྗོད་དོན་ཟབ་མོ་ཇི་ལྟར་བརྗོད་པའི་ཐུགས་རྩལ་ཡོངས་སུ་རྫོགས་པའི་ངག་གི་དབང་ཕྱུག་ཏུ་གྱུར་ཅིང་།  ཁོང་ནི་བོད་སྐད་ཀྱི་སྐད་ཆའི་ཁོ་ལག་ཡོངས་སུ་རྫོགས་པར་བྱེད་པའི་མཁན་པོ་དང་།  ལྷག་པར་ཁོང་གི་གསུང་ནི་བོད་ཀྱི་བསྟན་བཅོས་སྨྲ་བ་ཀུན་གྱི་གསུང་གི་མཚོན་དཔེ་རུ་གྱུར་པ་ཀུན་ལ་བསྙོན་མེད་དུ་གྲུབ་པ་དང་།  ཁོང་གི་གསུང་དུ་འབྱུང་བའི་ཚིག་གི་སྦྱོར་བ་ནི་ལུང་སྟོན་པ་སུམ་རྟགས་དག་གསུམ་གྱི་དགོངས་པ་དང་ཀུན་ནས་མཐུན་ཞིང་།  རྒྱ་གར་གྱི་སྒྲ་ཚད་སྙན་ངག་མངོན་བརྗོད་ཀྱི་རིག་པས་ཡོངས་སུ་ཕྱུག་པའི་ཁར།  བོད་ཡུལ་ཐུན་མོང་ལ་གྲུབ་པའི་སྐད་ཆའི་སྦྱོར་སྲོལ་ཀུན་ནས་གྲུབ་ཅིང་།  བོད་སྐད་ཀྱི་སྦྱོར་བ་ལ་དགོས་ངེས་ཀྱི་མིང་གི་བྱེ་བྲག་དང་།  ཚིག་ཕྲད་ཀྱི་སྦྱོར་བ།  ཚིག་གི་སྡེབ་ལུགས།  རྒྱན་གྱི་སྤྲ་ལུགས།  བརྗོད་དོན་གྱི་གཏན་ཚིགས་གང་ཆ་ནས་འདི་མ་ཚང་བ་དང་དེ་མ་རྫོགས་པའི་ཀླན་ཀ་གཏན་ནས་བཙལ་དུ་མེད་པའི་བོད་སྐད་ཀྱི་ཚིག་གི་སྦྱོར་ལུགས་ཀྱི་མཚོན་དཔེ་བླ་ན་མེད་པ་ཉག་གཅིག་ཏུ་གྲུབ་པའོ།

 

གསུམ་པ།  རྗེ་ཙོང་ཁ་པའི་གསུང་ལས་ཚིག་ལྷུག་གི་ཁྱད་ཆོས་མདོར་བསྡུས་པ།

 

སྤྱིར་བརྗོད་བྱ་དོན་གྱི་རྗོད་ལུགས་ལྟར།  ཚིག་གི་སྦྱོར་བ་སྤེལ་ལུགས་ལ་ཚིག་ལྩག་དང་།  ཚིགས་བཅད་དང་།  བཅད་ལྷུག་སྤེལ་མའི་ཁྱད་པར་གྲུབ་ཅིང་།  དེ་དག་གི་སྦྱོར་བའང་དམངས་ཡོངས་ཀྱི་གྲས་སུའང་གང་མཁོ་དེར་བསྟུན་དུ་སྦྱོར་གྱིན་ཡོད་ན་ཡང་།  བོད་མི་རྒན་དར་གཞོན་པའི་ཚོགས་ལ་ཐོག་མར་གྲུབ་ཅིང་ཚིག་གི་སྦྱོར་བ་གཞན་གྱི་རྩ་བར་གྱུར་པ།  དོན་གྱི་བརྗོད་པ་ཀུན་ལ་རྒྱལ་པོའི་རྒྱལ་སྲིད་ལྟར་ཡོངས་སུ་ཁྱབ་པ་ནི་ཚིག་ལྷུག་གི་སྦྱོར་བ་ཡིན་པས།  སྐད་ཆ་ཞིག་གི་ཚིག་སྦྱོར་གྱི་ཚད་གཞི་ཇི་འདྲ་ལ་བྱེད་པའང་ཚིག་ལྷུག་གི་སྦྱོར་བ་ལ་བྱེད་པ་སྐད་རིགས་ཀུན་ལ་གཅིག་མཐུན་དུ་གྲུབ་པའི་ཕྱིར་ན།  འདིར་ཡང་རྗེ་ཙོང་ཁ་པ་མཆོག་གི་གསུང་དུ་འབྱུང་བའི་ཚིག་ལྷུག་གི་ཁྱད་ཆོས་རགས་ཙམ་ཞུ་བར་བྱའོ།

 

  ཚིག་སྦྱོར་གྱི་ཁོ་ལག་རྫོགས་ཤིང་བརྗོད་བྱ་སྣ་ཚོགས་རྩལ་དུ་ཐོན་པ།

 

སྤྱིར་རང་རེའི་སྐད་ཆ་འདི་ཡང་སྐད་རིགས་ཕུན་སུམ་ཚོགས་པ་གཞན་དག་དང་འདྲ་བར་མིང་གི་བྱེ་བྲག་སྣ་ཚོགས་པ་སྔ་མོ་ནས་བྱུང་ཞིང་།  མིང་དག་གི་སྦྱོར་ལུགས་ཀྱང་གཏན་ཆགས་སུ་གྲུབ་པ་ལྟར།   སྐབས་བབ་ཀྱི་བརྗོད་དོན་ཅི་ཞིག་བརྗོད་པའི་དགོས་མཁོ་ལྟར་དུ།  རྗེ་རིན་པོ་ཆེ་མཆོག་གི་གསུང་དུ།  ཁྱད་གཞི་བརྗོད་པའི་མིང་དང་།  བྱ་བ་བརྗོད་པའི་མིང་དང་།  ཁྱད་ཆོས་བརྗོད་པའི་མིང་དང་།  ངེས་བཟུང་གི་མིང་སོགས་ཀྱིས་ཚིག་གི་སྦྱོར་བའི་གཞི་བཏིང་བ་ལ།  སྐབས་འཐོབ་ལྟར་གྲངས་ཀ་བརྗོད་པའི་མིང་དང་།  འཇལ་བྱེད་ཀྱི་མིང་དང་།  ཤུགས་འདོན་པའི་མིང་དང་།  གནས་པ་གསལ་བྱེད་ཀྱི་མིང་དང་།  དཔེ་དོན་མཚུངས་པ་གསལ་བྱེད་ཀྱི་མིང་དང་།  རྒྱུ་མཚན་གསལ་བྱེད་ཀྱི་མིང་དང་།  དགོས་པ་གསལ་བྱེད་ཀྱི་མིང་དང་།  དུས་གསལ་བྱེད་ཀྱི་མིང་དང་།  གཞན་ཡང་སྦྲེལ་ཚིག་སྣ་ཚོགས་པ་གང་མཁོ་དེར་བསྟནུ་དུ་སྦྱར་ཏེ།  ཚིག་རྐྱང་པའི་ཁོ་ལག་རྫོགས་པར་བསྐྱེད་ཅིང་།  ཚིག་དོན་སྔ་ཕྱིའི་བརྗོད་པ་གསལ་བར་བྱས་ཏེ།  གང་ཞིག་བརྗོད་པའི་དོན་ལ་མི་གསལ་བའི་ཆ་གང་ཡང་མེད་པར།  སྐབས་བབ་ཀྱི་བརྗོད་བྱ་དཀའ་སླ་ཅི་རིགས་པ་རྩལ་དུ་འདོན་པའི་ངག་གི་དཔལ་མཆོག་ཏུ་གྲུབ་པའོ།

 

  ཚིག་སྦྱོར་ལ་ལྷོད་ཤ་ཆགས་ཤིང་བརྗོད་དོན་གྱི་གནད་ཐིངས་པ།

 

ཚིག་གི་སྦྱོར་བ་ཐུང་ངུ་རིང་པོར་བསྐྱེད་པ་དང་།  ཚིག་སྦྱོར་རིང་པོ་ཐུང་ངུར་བསྐུམ་པ་དང་།  ཚིག་རྐྱང་པ་སྦྲགས་མར་བསྒྲུབ་པ་ནི་བརྗོད་དོན་གང་ཞིག་ཇི་ལྟར་བརྗོད་པའི་དགོས་པ་ལ་བལྟ་དགོས་པ་དང་།  ཚིག་ཕྲད་ཀྱི་སྦྱོར་སྡུད་དང་།  ཚིག་དག་གི་ཆ་ཤས་བསྡུ་ལུགས་ཀྱང་གནས་སྐབས་ཀྱི་བརྗོད་པའི་དབང་དང་བསྟུན་དགོས་པ་ལྟར།  རྗེ་རིན་པོ་མཆོག་གི་གསུང་དུ།  ཚིག་གི་སྦྱོར་བ་རིང་པོ་ལ་འདི་མི་དགོས་སྙམ་པའི་སྤྲས་པ་གང་ཡང་མེད་ལ།  ཚིག་གི་སྦྱོར་བ་ཐུང་ངུ་ལ་ཆ་ཤས་འདི་ནི་ཆད་འདུག་ཟེར་བའང་གཏན་ནས་མེད་པར།  གང་ཞིག་བརྗོད་པའི་དོན་རྣམས་སྔ་ཕྱིར་རང་བཞིན་དུ་འབྱུང་བ་ལྟར།  ཇི་ལྟར་བརྗོད་ཚུལ་བརྗོད་དོན་གྱི་བབ་དང་འབྱོར་ཞིང་།  གང་ལྟར་སྦྱོར་བ་ལྷོད་ཆགས་པར་འབྱུང་ཕྱིར།  བརྗོད་དོན་དཀའ་སླ་གང་ཞིག་ཡིན་ཡང་གནད་གསལ་ཞིང་ཐིངས་པར་སྣང་བ།  དཔེར་ན།  དེ་ནས་སེམས་དཔའ་ཆེན་པོ་དེ་ཤིང་རྟའི་ནང་དུ་ཞུགས་པ་བཞིན་དུ་བདག་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བ་ནི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་དུ་བསམས་ནས་རང་གི་ཤིང་རྟ་ལས་བབས་སོ། །དེ་བབས་པ་དང་དུས་མཉམ་དུ་བུ་མོ་ལྔ་བརྒྱ་ཡང་ཤིང་རྟ་ལས་བབས་སོ། །ལྟ་བུས་མཚོན་ཏེ།  ཚིག་གི་སྦྱོར་བ་ཅི་བྱུང་ཐམས་ཅད་ལྷོད་ཆགས་ལ་དོན་གྱི་བབ་དང་འབྲེལ་བ།  ཅི་ཞིག་བརྗོད་པའི་དོན་རྣམས་གསལ་ཞིང་གནད་གྲོལ་བར་སྣང་བས།  བོད་སྐད་ཀྱི་སྦྱོར་བ་ལ་འདི་ལས་ལྷག་པ་གཏན་ནས་འབྱུང་མི་སྲིད་པའི་ཡོན་ཏན་ལྷུར་བཞེས་པའོ།

 

  ཚིག་རྒྱན་གྱི་སྦྱོར་བ་ངེས་སླ་ཞིང་བརྗོད་དོན་ལ་གཏན་ཚིགས་གྲུབ་པ།

 

སྤྱིར་ཚིག་གི་སྦྱོར་བའི་བརྗོད་བྱ་ངེས་དཀའ་བ་ནི།  ཚིག་གི་སྦྱོར་བ་བསྡུས་ཤིང་བརྗིད་པ་དང་།   བརྗོད་བྱ་རྟོགས་དཀའ་བ་གང་རུང་ལས་མི་འདའ་ཡང་།   རྗེ་རིན་པོ་མཆོག་གི་བཀའ་གསུང་སྤམ་མཐོ་བ་དག་གི་བརྗོད་བྱ་གཏིང་ཟབ་ཅིང་བརླིང་བ་དང་།   བརྗོད་གཞི་རྒྱ་ཆེ་ཞིང་དཔག་དཀའ་བ་མ་གཏོགས་པར།  ཚིག་གི་སྦྱོར་བའི་ཆ་རུ་དམངས་ཡོངས་ལ་མ་གོམས་ཤིང་ཀུན་ལ་གྲགས་མི་ཆེ་བའི་མངོན་བརྗོད་དང་།   བརྡ་རྙིང་པ།  ཚིག་རྒྱན་སྦྱོར་དཀའ་བ་གང་གིས་ཀྱང་མི་སྤུད་པར།  བོད་འབངས་བྱིངས་ལ་གྲགས་པའི་མིང་བརྡ་ཕལ་པ་དང་།  རང་བཞིན་བརྗོད་པའི་རྒྱན་གྱིས་གཙོས་པའི་ཚིག་རྒྱན་རྒྱུགས་ཆེ་བ་དག་ཀྱང་ཇི་ལྟར་གོ་སླ་བ་དེ་བཞིན་དུ་སྦྱར་ཏེ།  གང་ཞིག་བརྗོད་པར་འདོད་པའི་དོན་རྣམས་ཞལ་གསལ་ཞིང་གོ་སླ་བར་སྤེལ་པའི་མཐུ་ལས།  ཚིག་གི་སྦྱོར་བ་ལ་བརྟག་ན།  ཁོང་གི་གསུང་ཚིག་ནི་བོད་མི་ཕལ་པའི་སྐད་ཆ་རང་ཡིན་ཞིང་།  ཇི་ལྟར་སྦྱོར་བའི་ཐབས་ཀྱང་བོད་པ་ཀུན་ལ་གྲགས་པ་དེ་ཁོ་ན་ཡིན་པའི་དབང་གིས།  མི་སུ་དང་གང་ཞིག་གིས་ཀྱང་ཁོང་གི་གསུང་དུ་འབྱུང་བའི་དོན་ལ་དཔྱད་པར་བྱ་བ་ལས།  ཚིག་གི་སྦྱོར་བ་འགྲོལ་བའི་ཐད་ལ་འབད་པ་གང་ཡང་བསྐྱེད་མི་དགོས་པའི་ཁར།   གསུང་ཚིག་གང་ལའང་ཡུལ་སྐད་བྱེ་བྲག་པ་གང་གིའང་ཞད་མ་འདྲེས་པར་སྔོན་ནས་ད་ལྟ་ལ་ཐུག་གི་བར་དུ་བོད་པ་རྒན་དར་གཞོན་པའི་ངག་ལ་འབྱོང་ཞིང་གཟུང་སླ་བར་བརྟེན།  བོད་དུ་བྱོན་པའི་མཁས་པའི་གསུང་ཚིག་ཀུན་ལས་དམངས་ཡོངས་ཀྱིས་ངག་ཏུ་ཁ་ཏོན་དུ་བྱེད་པ་ལ་རྗེ་རིན་པོ་ཆེ་འདི་བའི་གསུང་ལས་ལྷག་པ་གང་ཡང་མེད་པའོ།

 

བཞི་པ།  ཡིག་ཐོག་ཏུ་ཚིག་སྦྱོར་ཅི་སྤེལ་རྗེ་ཙོང་ཁ་པའི་གསུང་ལ་དཔེར་བྱ་དགོས་པ།

 

ཡི་གེ་ཡོད་པའི་མི་རིགས་གང་གི་སྐད་ཆ་ལའང་ཡུལ་སྐད་དང་།  ལུང་སྐད་དང་།  འཕྲལ་སྐད་ཀྱི་ཁྱད་པར་གང་ཡང་མེད་པ་མི་སྲིད་པ་ནི།  མི་རིགས་གཅིག་གི་ཁོངས་མི་རྣམས་ལ་ཐོན་སྐྱེད་ལས་སྒོ་དང་།  ཕོ་མོ་རྒན་གཞོན།  རིག་གནས་ལས་སྐལ་སོགས་ཀྱི་ཁྱད་པར་གང་ཡང་མེད་པ་གཏན་ནས་མི་སྲིད་པ་ལ་ཐུག་ཅིང་།  མི་སུ་དང་གང་གིས་ཀྱང་དུས་དང་ནམ་པ་ཀུན་ཏུ་སྐད་ཆ་ཅི་བརྗོད་པ་ཡིག་ཐོག་ཏུ་དབབ་དགོས་པར་ཡང་མ་ངེས་ལ།  ཡིག་ཐོག་ཏུ་འབེབས་པའི་སྐད་ཆ་ཡོད་ཚད་སྤྱི་སྐད་ཀྱི་སྦྱོར་བ་ཁོ་ན་ལྟར་སྦྱར་དགོས་པར་ཡང་མ་ངེས་པ།  དམངས་ཁྲོད་ཀྱི་གཏམ་དཔེ་དང་།  བཤད་པ་སྣ་ཚོགས་དང་།  གླུ་གཞས་ཁ་ཤགས་དང་།  སྒྲུང་གཏམ་ངག་རྒྱུན་སོགས་ལ་ཡུལ་སྐད་ཀྱི་ཁྱད་པར་གསལ་ཞིང་།  དེར་མཐུན་གྱི་རིན་ཐང་མངོན་པར་སྣང་ཕྱིར།  དེ་དག་ལ་ཡུལ་སྐད་ཀྱི་བརྗོད་པ་གལ་ཆེ་བར་གྱུར་ན་ཡང་།   ལོ་རྒྱུས་རྣམ་ཐར་དང་།  བཟོ་གསོ་སྙན་ངག  བརྡ་སྤྲོད་རྩོམ་རིག  ལེགས་བཤད་བསླབ་བྱ།  དཔྱད་རྩོམ་རིག་གཞུང་གི་སྐོར་ནི།  ཇི་ལྟར་ཀུན་གྱིས་གོ་ན་རིན་ཐང་དེ་ལྟར་ཆེ་ཞིང་།    ཡུལ་གང་དུའང་བྲིན་པ་ལ་ཀུན་གྱིས་གོ་བའི་སྐད་ཆ་ལྟར་བྱེད་པ་དང་།  བརྗོད་བྱ་དོན་གྱི་གནད་ཇི་ལྟར་ཐིངས་པར་བྱ་བ་ལ་ཚིག་གི་སྦྱོར་བ་དེ་ལྟར་གཏན་ཚིགས་གྲུབ་ཅིང་།  ཀུན་ལ་གོམས་ཤིང་རྟོགས་སླ་བའི་ཚིག་གི་སྦྱོར་བ་ལ་བརྟེན་དགོས་པར་མ་ཟད།  སྐད་ཆའི་སྦྱོར་བ་བརྡ་སྤྲོད་རིག་པའི་གཞུང་དང་མཐུན་ཞིང་ཕྱི་རོལ་དོན་གྱི་གནས་ལུགས་དང་མི་འགལ་བར་བྱ་དགོས་པ་ནི།  ད་ལྟར་མི་རིགས་གཅིག་གི་ནང་ཁུལ་དུ་གཅིག་མཐུན་གྱི་སྤྱི་སྐད་ཚད་ལྡན་མངའ་བའི་སྐད་ཆ་ཀུན་གྱི་མཐུན་ཆོས་སུ་གྲུབ་པ་ལགས་པས།  ངེད་ཅག་གིས་ཀུན་གྱིས་གོ་ཞིང་ཡོངས་ལ་ཕན་པ།  སྤྱི་ལ་བསྒྲག་ཅིང་ཀུན་ཏུ་བྲིན་པའི་རྩོམ་ཡིག་རིང་ཐུང་གང་ཞིག་སྤེལ་ན།  རྗེ་ཙོང་ཁ་པ་སོགས་ཚད་མར་གྱུར་པའི་མཁས་པ་དག་གི་གསུང་དང་བསྟུན་ཅི་ཐུབ་ལ་འབད་པ་ནི།  སྐད་ཆ་འདི་ཀོ་ཡུན་རིང་དུ་གནས་ཤིང་བོད་པའི་རིག་གནས་ཀྱི་ཞིང་ས་གཤིན་པོར་བསྐྲུན་པའི་ཐབས་མཆོག་ཉག་གཅིག་ཏུ་ངེས་པའོ།

Tibetan Literacy Triga སྐད་ཡིག (0, 1, 2, 3)
རྗེ་ཙོང་ཁ་པ་མཆོག་གི་གསུང་ནི་བོད་ཀྱི་སྤྱི་སྐད་ཚིག་སྦྱོར་གྱི་དཔེ་སྲོལ་དུ་བྱ་འོས་པ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Ziling Chaktargyel
Year published 2020
Language Standard Tibetan , Tibetan
Subjects
Places
Terms
UID mandala-texts-63391
DOI