Skip to main content Skip to search
ལྷོ་ཁ་ས་ཁུལ་གྱི་གནས་ཡིག
 
ཀླད།
སྔོན་བརྗོད།

གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་ལྷོ་ཁ་ས་ཁུལ་གྱི་གནས་ཡིག

ཆོས་འཕེལ་གྱིས་བརྩམས།
isbn: 9787105050499
Original Print Publisher:མི་རིགས་དཔེ་སྐྲུན་ཁང་།
Digital Reprint Publisher:Tibetan & Himalayan Library
Copyright © 2010 by ཆོས་འཕེལ།
Reproduced with permission from the author
under the THL Digital Text License.
 
 

 

དེབ་འདིའི་རྩོམ་པ་པོ་ཆོས་འཕེལ་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་སྐྱོང་ཞེས་པ་ཤིང་མོ་བྱ་དང་། སྤྱི་ལོ་༡༩༤༥ལོར་ལྷ་སའི་སྐྱིད་ཆུའི་ནུབ་ངོས་ཀྱི་ཚ་གུར་ཞེས་པར་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་དགུ་ནས་བཅོ་ལྔ་བར་ཀུན་བདེ་གླིང་དུ་སྒེར་གྱི་སློབ་གྲྭར་སློབ་སྦྱོང་བྱས། ༡༩༦༢ལོར་ཚ་གུར་དམངས་བཙུགས་སློབ་གྲྭའི་དགེ་རྒན་བྱས། ༡༩༧༤ལོར་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན་དུ་བསྐོང་འཐེན་བྱས། སློབ་གསོ་སྒྱུར་བཅོས་སྐོར་གྱི་དཔྱད་རྩོམ་བྲིས་པར་གྲོང་ཁྱེར་རིམ་པའི་ཕུལ་བྱུང་གི་བྱ་དགའ་དང་། སློབ་འབྲིང་རིམ་པ་དང་པོའི་དགེ་རྒན་གྱི་གོ་མིང་ཡང་ཐོབ། ༡༩༩༡ལོར་ལྗོངས་ལྷ་མོ་ཚོགས་པར་འཁྲབ་གཞུང་རྩོམ་འབྲི་བྱེད་པར་ལས་བསྒྱུར་བྱས་རྗེས་གསར་རྩོམ་ལྷ་མོའི་འཁྲབ་གཞུང་ཁག་གཉིས་ལ་ལྗོངས་རིམ་པའི་ཁྲབ་གཞུང་གསར་རྩོམ་གྱི་བྱ་དགའ་དང་།《ཡིག་ནོར》ཞེས་པ་སོགས་གསར་རྩོམ་ལྷ་མོའི་འཁྲབ་གཞུང་ཁག་ལ་མཁས་དབང་རྣམ་པའི་གདེངས་འཇོག་ཐོབ། འཁྲབ་གཞུང་རྩོམ་འབྲི་བ་རིམ་པ་གསུམ་པའི་ལས་གནས་ཀྱི་གོ་མིང་ཡང་གནང་། ༡༩༩༨ལོར་ལྷོ་ཁ་ས་ཁུལ་དུ་རྐང་འཁོར་བཞོན་ནས་འཚོ་བའི་ཉམས་ཞིབ་ཏུ་བསྐྱོད་ཞོར་དུ《གནས་བཤད་ལམ་ཡིག》འདི་ཉིད་ཀྱང་བྲིས་པ་བཅས་སོ།

མཚན།
[page ]

༄༅།།གངས་ཅན་ལྗོངས་ཀྱི་གནས་བཤད་
ལམ་ཡིག་གསར་མ།

ལྷོ་ཁ་ས་ཁུལ་གྱི་གནས་ཡིག

ཆོས་འཕེལ་གྱིས་བརྩམས།

མི་རིགས་དཔེ་སྐྲུན་ཁང་།

[page a]
དཔེ་སྐྲུན་གསལ་བཤད།

དེའང་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མི་རིགས་སྲིད་ཇུས་ཀྱི་དགོངས་འདུན་ལས་ལོ་བཅུའི་ཟང་ཟིང་ཁྲོད་རྒྱལ་ཡོངས་སྤྱི་མཚུངས་བཞིན་རང་རེ་བོད་གངས་ཅན་གྱི་རིག་གནས་ཆེ་ཕྲ་མཐའ་ཡས་པར་ཡང་གོད་ཆགས་ཅི་ཆེ་བྱུང་བ་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བྱུང་དང་འབྱུང་བཞིན་པ་ནི་མི་རིགས་དཔེ་སྐྲུན་ཁང་གིས་དབུས་ལྗོངས་གཅིག་དང་ཞིང་ཆེན་བཞིའི་དཔེ་སྐྲུན་ཁང་སོ་སོ་ནས་བོད་དཔེ་ཇི་སྙེད་ཅིག་དེང་གི་ལུགས་གསར་དཔེ་དེབ་ཏུ་དཔར་བསྐྲུན་བྱུང་བ་དེར་བོད་མི་རིགས་ཀྱི་རིགས་གནས་འདི་བཞིན་རྒྱུན་འཛིན་དང་། ཤེས་རྟོགས། ཉམས་ཞིབ་བཅས་བྱེད་པར་མེད་དུ་མི་རུང་བ་ཞིག་ཏུ་འགྱུར་བཞིན་ཡོད་མུར། རང་རེའི་བོད་འདི་ནི་སྔར་ནས་ད་བར་ཆོས་ལ་དད་ཅིང་ཕྱག་འཚལ་སྐོར་སྦྱོང་དང་གནས་སྐོར་ལྟ་སྐོར་སོགས་ལ་འགྲོ་སྲོལ་ཡོད་པ་ལ། ལྷག་པར་དུ་དེང་དུས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་གྲངས་ཀྱིས་མི་ལང་བ་རང་ལྗོངས་ཀྱི་གནས་གཟིགས་སུ་ཡོང་བར་དམིགས་ཏེ་སྔོན་བྱོན་སྐྱེས་ཆེན་དུ་མས་གནས་ཡིག་མང་པོ་བྲིས་གནང་མཛད་ཀྱང་པར་དུ་འཁོད་པ་ཉུང་ལ་《དབུས་གཙང་གནས་ཡིག་》ཙམ་ལས་ཡོངས་ཁྱབ་ཀྱི་རང་བཞིན་མི་ལྡན་ཞིང་། ལ་ལ་ཤིན་ཏུ་རྒྱས་ལ་རྒྱན་གྱིས་བཅིངས་པས་ཕལ་མོ་ཆེས་རྟོགས་མི་ཐུབ་པ། གཞན་ཡང་ས་མིང་ངམ། འགྲོ་ལམ། སྲིད་འཛིན་ས་ཁོངས་བཅས་པར་ཡང་འཕོ་འགྱུར་ཆེན་པོ་བྱུང་སྟབས་ད་ལྟ་ངོས་ཟིན་དཀའ་བ་བཅས་ལ་དམིགས་ཏེ་ད་ལམ་ཁོ་བོས་ཀྲོན་ཆུས་སོ་སོ་བྱས་ནས་འབྲི་འཆར་ཡོད་[page b] པ་ལ། ཐོག་མར་གངས་ཅན་མེས་པོའི་འབྱུང་གནས་ཡུལ་ཡར་ཀླུངས་ཏེ་ལྷོ་ཁ་ནས་འགོ་འཛུགས་རྒྱུ་རྟེན་འབྲེལ་མི་ལོག་པའི་ཚུལ་གྱིས་ཐོག་མར་《ལྷོ་ཁ་ས་ཁུལ་གྱི་གནས་ཡིག་》འདི་ཉིད་བྲིས་པ་མཁས་པ་དགྱེས་པའི་སྐྱེས་སུ་འོས་པ་ཞིག་མིན་ཡང་སྔར་དཔེ་དང་མི་འདྲ་ས་ནི། དེང་གི་བོད་གསར་པའི་རྫོང་ཁག་སོ་སོ་བྱས་ནས་བྲིས་ཡོད་པ་དང་གཅིག འགྲོ་སྐྱོད་ནི་འཁོར་ལམ་དེད་ནས་བྲིས་པ་དང་། དེ་ལའང་སྣུམ་ནག་འཁོར་ལམ་དང་། གཞུང་ལམ། འཁོར་ལམ་སྤྱིར་བཏང་བ། རྐང་ལམ་བཅས་ལ་དབྱེར་ཏེ་དེ་དག་གི་བར་ཐག་སྤྱི་ལེའང་བཀོད་ཡོད་པ་དང་གཉིས། གནས་དང་དགོན་པ་སོ་སོའི་ཕྱག་འདེབས་པ་པོ་དང་། ཆོས་ལུགས་གྲུབ་མཐའ། རྟེན་གསུམ་བཅས་པར་འཕོ་འགྱུར་བྱུང་ཚུལ་སོགས་སྐུ་གཉེར་གྱི་ཞལ་རྒྱུན། རྒན་རབས་ཚོའི་ངག་རྒྱུན་གཙོ་བོར་བཞག་སྟེ་བྲིས་པ་དང་། དེ་དག་གི་ཕྱི་དབྱིབས་སྐུ་དཔར་རེའང་བཀོད་ཡོད་པ་དང་གསུམ། ཞར་དུ་འགྲོ་བདེ་འཚོལ་བདེའི་ཆེད་སྟབས་བདེའི་ས་བཀྲ་རེའང་བཀོད་ཡོད་པ་དང་བཞི་བཅས་ཀྱིས་དད་ལྡན་གནས་སྐོར་བ་དང་། ཉམས་ཞིབ་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་དཀར་ཆག་ལམ་ཡིག་གི་ཚུལ་དུ་འབུལ་ཞུ་བྱས་པ་འདིས་གངས་ཅན་བོད་ཀྱི་རིག་གནས་ཀྱི་སྡོང་པོར་སླར་ཡང་འདབ་ལོ་རྒྱས་པ་དང་མེ་ཏོག་བཞད་པ། འབྲས་བུ་འདོགས་པ་བཅས་ཡོང་བའི་ལྷག་བསམ་ཟོལ་མེད་ཀྱི་སྨོན་པ་བརྒྱ་ཕྲག་དང་བཅས།

དཀར་ཆག
[page i]

གོང་དཀར་རྫོང་ཁོངས།1

ཚེ་ཆུ་སྒྲུབ་སྡེ།1

གོང་དཀར་བཤད་སྒྲུབ་གླིང་།3

གོང་དཀར་ཆོས་སྡེ།5

བདེ་ཆེན་ཆོས་འཁོར།6

རྣམ་རབ་དྭགས་པོ་གྲྭ་ཚང་།8

རྭ་སྨད་དགོན།9

རྡོ་རྗེ་བྲག10

ཇོ་བོ་འབུམ་པ།12

ཕ་དམ་པ་སངས་རྒྱས་ཀྱི་དགོན་པ།13

བདུན་ཕུད་ཆོས་འཁོར།14

གསུང་རབ་གླིང་།14

དགའ་ཚལ་མ་ཎི་ལྷ་ཁང་།15

འབུམ་དང་།15

གྲ་ནང་རྫོང་ཁོངས།16

མཚོ་རྒྱལ་ལྷ་ཁང་།17

མངག་སྒྲ་དགོན།19

ཚར་གསེབ་རི་ཁྲོད།20

[page ii]

སྒྲགས་ཡང་རྫོང་།20

རྫོང་སྐུ་འབུམ།22

གྲ་ཐང་དགོན།23

བྱམས་པ་གླིང་།24

རི་བོ་རྣམ་རྒྱལ།25

དགའ་ཚལ་སྦུག26

སྟོད་གྲོང་དགོན།28

ཨོ་རྒྱན་གླིང་།29

དར་རྒྱས་ཆོས་གླིང་།30

སྡིངས་པོ་ཆེ།31

སྙེ་མདོ་དགོན།32

སྨིན་གྲོལ་གླིང་།32

ཚོང་འདུས་གྲྭ་ཚང་།33

བསམ་ཡས་དགོན།34

གཡའ་མ་ལུང་།37

མཆིམས་ཕུ།38

གསང་སྔགས་ཆོས་འཁོར་གླིང་།38

སྣེ་གདོང་རྫོང་ཁོངས།40

བྱ་ས་ལྷ་ཁང་།40

དགའ་ལྡན་ཆོས་འཁོར་གླིང་།41

ལྔ་མཆོད་གྲྭ་ཚང་།42

འབྲས་བུ་གླིང་།42

གསང་སྔགས་གཟིམ་སྤྱིལ།43

[page iii]

སྣེ་གདོང་རྩེ་ཚོགས་པ།44

བན་ཚང་དགོན།45

ཁྲ་འབྲུག46

རི་བོ་ཆོས་གླིང་།48

ཡུམ་བུ་བརླ་མཁར།49

རྟག་སྤྱན་འབུམ་པ།50

ཆོས་སྡེ་གོང་།51

གཡའ་བཟང་དགོན།53

རྒྱ་བཟའ་ཁང་།53

བཀྲ་ཤིས་ཆོས་སྡེ།54

རས་ཆུང་ཕུག55

བེེ་རོ་ཕུག56

རྒོད་ཐང་འབུམ་པ།57

ཚེ་ཆུ་འབུམ་པ།57

ཤེལ་བྲག58

བཙན་ཐང་།59

ཀེ་རུ་ལྷ་ཁང་།60

བཀྲ་ཤིས་དོ་ཁ།61

འཕྱོངས་རྒྱས་རྫོང་ཁོངས།63

དཔའ་བོ་དགོན།63

ཐང་པོ་ཆེ།64

ཚེ་རིང་ལྗོངས།65

དཔའ་རི་དགོན།66

[page iv]

སྲོང་བཙན་ལྷ་ཁང་།67

རི་བོ་བདེ་ཆེན།68

སྤྱན་གཡས།69

ལམ་རིམ་དགོན།70

ཟངས་རི་རྫོང་ཁོངས།72

གདན་ས་མཐིལ།72

ཟངས་རི་མཁར་དམར།73

རྫིང་ཕྱི།75

བསམ་གླིང་དགོན།77

ཆོས་བསམ།78

འོལ་དགའ་ཆོས་ལུང་།78

འཆད་དཀར་ཆོས་སྡེ།80

ཝ་ནག་ཆོས་ཁང་།81

ཆུ་གསུམ་རྫོང་ཁོངས།81

རི་སྒོ་ཆོས་སྡེ།82

མདོ་མཁར་ཆོས་སྡེ།83

བླ་འདྲེན་དགོན།84

དགའ་རྣམ་རྒྱལ།84

རྒྱ་རི་དགོན།85

ཀློག་ཆོས་སྡེ་དགོན། 86

ཨེ་སྒྲེ་དགོན་པ།87

སྟོད་གཟིགས།88

རྒྱ་ཚྭ་རྫོང་ཁོངས།89

[page v]

དྭགས་པོ་བཤད་སྒྲུབ་གླིང་།90

ཆོས་འཁོར་རྒྱལ།91

ལྷ་མོའི་བླ་མཚོ།92

རྭ་སྒྲེང་འཁྲུངས་ཁང་།93

དྭགས་ལྷ་སྒམ་པོ།94

ལྷུན་རྩེ་རྫོང་ཁོངས།95

མཁར་སྟེང་དགོན།96

གསང་སྔགས་ཆོས་གླིང་།98

ཙ་རི།100

བྲ་འོར་དགོན།109

རྟིའུ་ར་དགོན།110

ཟངས་ཆེན་དགོན།112

དྲེའུ་ལྷས་དགོན།113

རི་ཐང་དགོན།115

མཚོ་སྣ་རྫོང་ཁོངས།115

དགོན་པ་རྩེ།116

མཚོ་སྨད་རྫོང་ཁོངས།119

སྨྲ་བོ་ལྕོག119

གནས་གཞི་དགོན།121

ལྷོ་བྲག་རྫོང་ཁོངས།122

ཐིག་ཕྱི་དགོན།122

སྤྲོ་བ་དགོན།124

མཁར་ཆུ་དགོན།127

[page vi]

ལྷ་ཁང་།129

སྲས་མཁར་དགུ་ཐོག130

གྲོ་བོ་ལུང་།133

ཆོས་སྡེ་དགོན།134

ལྷ་ལུང་དགོན།135

སྣ་མཁར་རྩེ་རྫོང་ཁོངས།137

བྲག་ར་དགོན།137

སྟག་ལུང་དགོན།139

ཆོས་སྡེ་དགོན།140

བསམ་སྡིངས་དགོན།141

[page 1]
གོང་དཀར་རྫོང་།

“གོང་དཀར་”ཞེས་པ་ནི་སྔོན་སྣེ་གདོང་རྒྱལ་པོའི་ཕོ་བྲང་གོང་རི་དཀར་པོ་ལ་གོང་དཀར་ཞེས་འབོད་པའི་སྔོན་གྱི་གོང་དཀར་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་ད་ལྟའང་གོང་དཀར་རྫོང་ཞེས་ཟེར། ད་ལྟའི་གོང་དཀར་རྫོང་གི་གནས་ཡུལ་ནི་སྐྱིད་གཤོངས་རྭ་སྨད་ཅེས་པར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་༢༢༨༨དང་། ས་ཞིང་མུའུ་ཁྲི་.རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༢༨༢མི་འབོར་ཁྲི་.ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༧༥༠ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།

ཚེ་ཆུ་སྒྲུབ་སྡེ།

སྔོན་མིང་ལྕགས་ཟམ་ཞེས་པ་དང་། དེང་སང་ཆུ་ཤུར་ཟམ་ཆེན་ནས་སྤྱི་ལེ་བཅུ་ཙམ་སྣུམ་ནག་འཁོར་ལོ་བརྒྱུད་ཤར་དུ་སོང་ན་སྐྱིད་ནགས་སུ་འབྱོར། སྐྱིད་ནགས་ཞེས་པ་ནི་སྔོན་ཡུལ་དེར་ཤིང་གནམ་གཟེར་གྱི་གླིང་ཁ་ཆེན་པོ་ཞིག་ཡོད་པས་སྐྱིད་ནགས་ཞེས་པའི་མིང་དེ་ལྟར་བྱུང་ཟེར། དེ་ནས་ནུབ་བྱང་གི་རི་འདབས་ཏེ་ཆུ་བོ་རིའི་ཤར་ངོས་སུ་འཁོར་ལམ་དེད་སྤྱི་ལེ་བཞི་ཙམ་གྱི་ས་ན་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་གུ་རུ་རིན་པོ་ཆེས་སྐུ་ཚེ་ཚེ་སྒྲུབ་གནང་སྐབས་ཐོག་ཀ་ནས་ཚེ་བུམ་ཕོ་རོག་གཅིག་གིས་ས་དེར་ཁྱེར་ནས་དགོན་པའི་གཡས་ངོས་ཀྱི་བྲག་རོང་ནང་ཆུ་མིག་ཅིག་ཡོད་པ་དེའི་འགྲམ་དུ་སྦས་པས་དེར་ཤིང་སེ་བ་ཞིག་སྐྱེས་ཟེར། གུ་རུ་དེར་ཕེབས་པའི་ཞབས་རྗེས་ཀྱང་ཡོད། དེ་ལས་བབས་པའི་ཆུ་འཐུང་ན་ཚེ་[page 2] འཕེལ་ཞེས་དང་། སྔོན་སྡེ་པ་གཞུང་གི་སྐུ་ཚེ་ཚེ་སྒྲུབ་ཀྱང་འདིར་བསྒྲུབས་ཏེ་ལོ་གསར་ཚེས་བཅོ་ལྔ་ཉིན་ཚེ་རིལ་ཀྱང་འབུལ་དགོས། ཐོག་མར་དགོན་དེ་སྨིན་གྲོལ་གླིང་གི་ཁོངས་ཡིན་ཅིང་དེར་བཞུགས་དགེ་འདུན་བརྒྱད་གྲྭ་གཅིག་གི་དགོས་བྱ་སྨིན་གྲོལ་གླིང་ནས་ཞུ་དགོས། དེ་རྗེས་ཁམས་ཀྱི་བླ་མ་ཚེ་དབང་བསམ་གྲུབ་དང་། བློ་བཟང་བསམ་གྲུབ་ཞུ་བ་གཉིས་ཐོག་མར་རི་དེའི་ལྡེབས་ཀྱི་བསམ་གཏན་གླིང་དུ་བཞུགས་ཡོད་པ་ལ་དགོན་དེའི་བླ་མ་གནང་རོགས་ཞེས་སྐྱབས་འཇུག་ཞུས་པར་ཞལ་གྱིས་བཞེས་ཏེ་དགོན་དེའི་བླ་མ་གནང་བས་རིམ་བཞིན་དགེ་ལུགས་པར་འགྱུར། དེ་རྗེས་རྭ་སྒྲེང་རྒྱལ་ཐོག་སྐབས་འདུ་ཁང་གསར་བཞེངས་གནང་། སྔོན་དགོན་དེར་ཤར་ལི་སོགས་ཀྱི་ནང་རྟེན་མང་པོ་འཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་ཚེ་དཔག་མེད་ཀྱི་སྐུ་བྱིན་ཅན་ཞིག་དང་། གཞན་ཡང་གསར་བཞེངས་གནང་བའི་རྟེན་སྐུ་མང་པོ་མཇལ་རྒྱུ་ཡོད།

དགོན་དེའི་གཡས་ངོས་སུ་ཆུ་བོ་རིའི་གནས་སྒོ་ཡོད། གནས་སྒོ་དེ་ནི་སྔོན་སྐྱིད་ནགས་ཀྱི་ར་རྫི་ཞིག་གི་ར་དཀར་པོ་ཞིག་རྟག་ཏུ་བོར་བརླག་འགྲོ་གི་ཡོད་པ་ལ། ཉིན་ཞིག་ར་རྫིས་རའི་སྐེ་ལ་སྐུད་པ་བཏགས་ཏེ་ར་གང་སོང་རྗེས་དེད་བྱས་པས་ར་གནས་སྒོའི་ནང་དུ་འཛུལ། ར་རྫིས་ཀྱང་དེ་རྗེས་སོང་བས་དེའི་ནང་ཡུལ་སྐྱིད་པོ་པད་མ་བཀོད་ཡོད་པ་ར་རྫིར་མཇལ། ར་རྫི་ཧ་ལས་ཏེ་ཡུལ་འདི་ལྟར་སྐྱིད་པོ་ཡོད་ན་ངའི་ཕ་མ་གཉིས་ཀྱང་འདིར་བསུ་དགོས་བསམ་སྟེ་ཁྱིམ་དུ་ཕ་མ་འབོད་པར་སོང་ནས་ཕ་མ་དང་བཅས་དེར་སླེབས་སྐབས་གནས་སྒོ་ཟུམ། དེ་ནས་བཟུང་ལྕགས་ཟམ་ཆུ་བོ་རིའི་གནས་སྒོ་ཕྱེས་མེད་ཟེར།

ཡང་ལྕགས་ཟམ་ཆུ་བོ་རི་ལ་ཤོད་སྲོལ་གཞན་ཞིག་ཡོད་པ་ནི། ཤོར་བོ་རི་ཞེས་རྒྱ་གར་ནས་ཤོར་ཡོང་བའི་རི་ཡིན་ཞེས་དང་། བདེ་མཆོག་གི་བླ་རི་ཞེས་ཀྱང་ཟེར་ལ། ཚེ་ཆུ་སྒྲུབ་སྡེའི་ངོས་སུ་ཕྱག་རྡོར་དང་། བྲག་ཐོག་གི་ངོས་སུ་[page 3] འཇམ་དབྱངས་། ཨོ་རྒྱན་གཟིམ་ཕུག་ལ་སྤྱན་རས་གཟིགས་བཅས་རིགས་གསུམ་མགོན་པོའང་ཚང་ཡོད་ཅེས་ཟེར།

དགོན་དེའི་འོག་ཏུ་ཆུ་བོ་རིའི་རི་སྐོར་ལམ་ཡོད་པས་དེ་ནས་ལ་ཉག་བརྒྱབ་སྟེ་སྤྱི་ལེ་ལྔ་དྲུག་ཙམ་སོང་ན་བྱང་ཐང་དུ་འབྱོར། བྱང་ཐང་ཞེས་པ་ནི་ཡར་འབྲོག་གི་བྱང་དུ་ཡོད་པས་བྱང་ཐང་ཞེས་དང་། ཡང་གམ་པ་བྱང་ཐང་ཡང་ཟེར། དེ་ནས་མཇལ་ན་ཆུ་བོ་རིའི་ནུབ་ངོས་སུ་བྲག་ཐོག་བླ་མ་བསོད་ནམས་བཟང་པོས་ཕྱག་བཏབ་གནང་བའི་བྲག་ཐོག་དགོན་པ་མཇལ་རྒྱུ་ཡོད། དགོན་དེ་ཐོག་མར་དབོན་པོའི་དགོན་པ་ཡིན་པ་ལ་དེ་རྗེས་གོང་དཀར་སྐུ་གཉེར་གྲྭ་ཚང་གི་དགོན་ལག་ཏུ་གྱུར་ཅིང་སྐུ་གཉེར་རེ་དེ་ནས་བཏང་གནང་གི་རེད།

དེ་ནས་ལྕགས་ཟམ་ཕྱོགས་སུ་སྤྱི་ལེ་གཉིས་གསུམ་ཙམ་སོང་ན་ཆུ་ཤུར་ཟམ་ཆེན་དུ་འབྱོར། ཟམ་ཆེན་གྱི་ཤར་ངོས་སུ་སྔོན་ཐང་སྟོང་གིས་བསྐྱོན་པའི་ལྕགས་ཟམ་གྱི་རྗེས་ཤུལ་ས་འབུར་མཐོང་རྒྱུ་ཡོད་ལ། དེ་དང་ཉེ་བའི་རི་ལྡེབས་འཁོར་ལམ་གྱི་སྟེང་དུ་ལྕགས་ཟམ་བླ་བྲང་གི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད། གཞན་ཡང་ཤོད་སྲོལ་ལ་དཔལ་གྱི་ཆུ་བོ་རི་ལ་དགོན་པ་བརྒྱ་དང་བརྒྱད། དུར་ཁྲོད་བརྒྱ་དང་བརྒྱད། ཆུ་མིག་བརྒྱ་དང་བརྒྱད་བཅས་ཡོད་ཟེར་བ་ལ་སྔོན་དུས་འགྱུར་གོང་ལྕགས་ཟམ་བླ་བྲང་དགོན་དང་། ཚེ་ཆུ་སྒྲུབ་སྡེ། བསམ་གཏན་གླིང་། བྲག་ཐོག་དགོན་བཅས་གྲྭ་དགོན་བཞི་དང་། གཟིམ་སྦུག་དགོན། ཐར་རྩེ་དགོན། སྟག་ཚང་དགོན། ཆུ་མིག་དགོན་གསར་བཅས་བཙུན་དགོན་བཞི། རྩེ་ལ་ནམ་མཁའ་ལྡིང་ཞེས་པའི་རི་ཁྲོད་གཅིག་ལས་མཇལ་རྒྱུ་མེད།

དེ་ནས་སྤྱི་ལེ་བཞི་ལྔ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་ཆུ་བོ་རིའི་བྱང་ཤར་ངོས་སུ་ལྷ་ཆུ་ཞེས་ཆུ་མིག་གི་ཆུ་ཞིག་ཝ་ལས་དྲངས་པ། དེའི་འོག་ཏུ་ལུས་དཀྲུས་ན་ནད་ཀུན་འཇོམས་ཞེས་ཟེར།

གོང་དཀར་བཤད་སྒྲུབ་གླིང་།

མཚན་རྒྱས་པར་“ཐོད་རི་དགའ་[page 4] ལྡན་བཤད་སྒྲུབ་གླིང་”ཞེས་ཞུ། སྐྱིད་ནགས་ནས་སྣུམ་ནག་འཁོར་ལམ་བརྒྱུད་ཤར་དུ་སྤྱི་ལེ་བཅུ་ཙམ་སོང་ན་གོང་དཀར་ཞོལ་གྲོང་དུ་འབྱོར་ཞིང་དེའི་རྒྱབ་རིའི་སྟེང་དུ་སྔོན་གྱི་གོང་དཀར་རྫོང་ཤུལ་དང་། སྐུ་གཉེར་གྲྭ་ཚང་གི་ཤུལ། དེ་ནས་ཅུང་མཐོ་བའི་རི་སྟེང་དུ་དགོན་དེ་ཆགས་ཡོད། གོང་དཀར་རྫོང་ཞེས་པ་དེ་སྔོན་སྣེ་གདོང་རྒྱལ་པོའི་རྒྱལ་ས་བྱེད་མྱོང་ཞིང་མཐའ་འཁོར་ལྕགས་རི་དང་སྒོ་བཞིའང་ཡོད་སྐད། དེ་རྗེས་ཕག་གྲུའི་ཕོ་བྲང་ཡང་བྱེད་མྱོང་ཡོད་ཟེར། དེ་ནས་བདེ་ཆེན་ཆོས་འཁོར་གྱི་ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་དང་རྒྱལ་མཆོག་ལྔ་པ་གཉིས་བླ་སློབ་ཀྱི་ཚུལ་དུ་བཞུགས་ཡོད་པ་ལ། ཡོངས་འཛིན་གྱིས་“ང་སྟེང་དུ་བསྡད། ཁྱེད་རྒྱལ་བས་གཤམ་དུ་བཞུགས་ན་མི་འགྲིག་”ཅེས་གསུངས་ནས། ༡༦༥༣ལོར་རྒྱལ་མཆོག་ལྔ་པར་ཕུལ། རྒྱལ་མཆོག་ལྔ་པས་མཚན་ཉིད་གྲྭ་ཚང་བཙུགས་གནང་བ་ནས་བཟུང་དགོན་དེའི་མཚན་ལ་བཤད་སྒྲུབ་གླིང་ཞེས་ཐོགས། མཚན་ཉིད་གྲྭ་ཚང་བཙུགས་མ་ཐག་ནས་དགེ་འདུན་ཞལ་གྲངས་བརྒྱ་དང་བདུན་ཅུ་ཙམ་ཟིན་སྐད། རྒྱལ་མཆོག་ལྔ་པའང་དགོན་དེར་གཏན་བཞུགས་གནང་འདུན་གནང་བར། དགའ་ལྡན་ཁྲི་པ་གཙོས་གདན་ས་ཁག་གི་བླ་སྤྲུལ་རྣམས་ངོ་ཕེབས་ཀྱིས་རྒྱལ་བ་རིན་པོ་ཆེ་འདིར་བཞུགས་ན་གདན་ས་ཁག་གི་འཆད་ཉན་དང་ཆབ་སྲིད་སོགས་ཉམས་འགྲོ་གི་རེད་ཅེས་ཞུས་ནས་ལྷ་སར་གདན་དྲངས། དགོན་དེའི་འཛིན་སྐྱོང་མཁན་ཐོག་དང་པོ་སྟོད་ལུང་ཆུ་བཟང་བཟོད་པ་རྒྱ་མཚོར་སྩལ། དེ་རྗེས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་དུས་སྔགས་ཆོག་ཀྱང་སྤེལ་གནང་མཛད་པས་ད་བར་མདོ་སྔགས་གཉིས་ཀ་ཕྱག་བཞེས་མཛད་སྲོལ་དེ་དར།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་སྐུ་གཉེར་གྲྭ་ཚང་གི་རྟེན་གཙོ་ཇོ་བོ་རྗེས། ཡོལ་པོ་ཕྱི་རུ་བུ་མོས་མགོ་རྒྱན་ཕུལ། ཤི་བ་སེམས་ནས་དེ་ཡིས་སྒྲིབ་སྦྱོང་མཛད། ཅེས་པའི་ལོ་རྒྱུས་ལྡན་པའི་ཚེ་རིང་མཆེད་ལྔའི་སྐུ་དམར་གདུང་དང་། ཐུབ་དབང་བྱང་ཆུབ་ཆེན་པོ། གཞན་ཡང་རྟེན་སྐུ་གསར་བཞེངས་གནང་བ་[page 5] མང་པོ་མཇལ་རྒྱུ་ཡོད།

གོང་དཀར་ཞོལ་གྲོང་དབུས་སུ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་མཇལ་རྒྱུ་ཡོད་པ་དེ་ལའང་ཐོག་མར་ཆུ་བོ་རིའི་ལ་སྟེང་ནས་སྐྱིད་ནགས་ཀྱི་ལུག་རྫི་ཞིག་ལ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེ་རྙེད་སྐོར་དང་དེས་གསུང་འབྱོན་ཚུལ་སོགས་ཀྱི་གནས་བཤད་ངོ་མཚར་ཆེ་བ་ཡོད།

དགོན་དེ་ནས་ལྷོ་ངོས་སུ་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་ཙམ་སོང་ན་འོད་གསལ་གླིང་ཞེས་རྒྱལ་བ་སྐལ་བཟང་རྒྱ་མཚོས་ཕྱག་བཏབ་གནང་མཛད་པའི་ཇོ་དགོན་ཞིག་ཀྱང་མཇལ་རྒྱུ་ཡོད།

ཡང་གོང་དཀར་རྫོང་ཞོལ་རི་ཟུར་ནས་ཀོ་གྲུར་བསྡད་དེ་བྱང་ངོས་སུ་སྤྱི་ལེ་བཞི་ལྔ་ཙམ་སོང་ན་སྲིན་པོ་རིར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཕྱག་བཏབ་གནང་བའི་སྲིན་བུ་རི་དགོན་པ་མཇལ་རྒྱུ་ཡོད། ཁ་ཆེ་པཎ་ཆེན་གྱིས་འཇམ་དབྱངས་དཀར་པོའི་བསྟོད་པ་གནས་དེར་མཛད་ཟེར་བ་དང་། སྔོན་འཁོར་ལམ་མེད་སྐབས་ལྷོ་གནས་ཀྱི་ཐོག་མ་གནས་དེ་ནས་འགོ་འཛུགས་སྲོལ་ཡོད།

གོང་དཀར་ཆོས་སྡེ།

གོང་དཀར་ཞོལ་ནས་ཤར་དུ་སྤྱི་ལེ་གཅིག་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་སྒང་སྟོད་གྲོང་ངམ་དགོན་སྟོད་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། སྒང་སྟོད་དམ་དགོན་སྟོད་ཅེས་པ་ནི་གྲོང་དེ་དགོན་གྱི་སྟོད་དུ་ཆགས་སྟབས་མིང་དེ་ལྟར་ཐོགས་ཟེར། ཡང་ལ་ལས་དགའ་འདོད་ཀྱང་འབོད། དགོན་དེ་ཕྱག་འདེབས་པ་པོ་ནི་གོང་དཀར་རྡོ་རྗེ་གདན་ཀུན་དགའ་རྣམ་རྒྱལ་ཞུ་བ་དེ་ཡིན་། དེའང་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ནམ་མཁའ་ནས་རྡོར་སེམས་ཀྱི་དཀྱིལ་འཁོར་ཞལ་གཟིགས་པས་ཕྱག་དང་བཅས་“མ་འོངས་པར་གནས་འདིར་ཆོས་སྡེ་ཆེན་པོ་ཞིག་ཆགས་པར་འགྱུར་རོ་”ཞེས་པའི་ཐུགས་སྨོན་བདེན་ཚིག་ལས་དགོན་དེ་ཆགས་ཟེར། ཀུན་དགའ་རྣམ་རྒྱལ་ནི་སྣེ་གདོང་རྒྱལ་པོའི་སྲས་ཡིན་ཅིང་ཁོང་གོང་དཀར་རྫོང་གི་རྫོང་དཔོན་གནང་ནས་[page 6] བཞུགས་སྐབས། ཉིན་ཞིག་ཐོག་ཁར་རྡོ་རྗེ་དབྱིངས་ཀྱི་ཕྱག་དཔེ་གཟིགས་བཞིན་བཞུགས་པའི་ཚེ་གློ་བུར་དུ་ཕྱག་དཔེ་ཁ་ཤས་རླུང་གིས་ད་ལྟའི་དགོན་ཆགས་ཡུལ་དུ་འཁྱེར། དེར་ཕེབས་སྐབས་ཕྱག་དཔེ་རྣམས་བྱ་རོག་གཅིག་གིས་ཉར་ནས་ཡོད་པས་རྟེན་འབྲེལ་འགྲིག་པར་དགོངས་ནས་“ད་ངའི་དགོན་པ་འདིར་འདེབས་དགོས་”གསུངས་ནས་གཙང་བཀྲ་ཤིས་ལྷུན་པོ་དང་དུས་མཉམ་པར་དགོན་དེ་ཕྱག་བཏབ། ཕྱག་དཔེ་བྱ་རོག་གིས་ཁྱེར་སྟབས་བཀའ་སྲུང་དཔལ་མགོན་ཞལ་དུ་བཀོད། རིམ་བཞིན་དགེ་འདུན་ཞལ་གྲངས་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་ཙམ་བར་ཟིན། ས་སྐྱ་ངོར་ལུགས་གཙོ་བོར་གྱུར་པའི་ས་སྐྱ་རིས་མེད་ཕྱག་བཞེས་གནང་གི་ཡོད། དགོན་དེ་གཞུང་དགོན་ཡིན་སྟབས་ལོ་ལྟར་ལྷ་ས་ཚོགས་ཆོས་སུ་དགེ་འདུན་ཞལ་གྲངས་བརྒྱ་དང་དྲུག་ཅུ་ལྷག་ཙམ་དང་། གོང་དཀར་རྔ་འཆམ་ཞེས་པའང་དགོན་དེས་བསྐྱོན་དགོས། སྔོན་དགོན་དེར་ཁང་ཚན་ལྔ་ཡོད་པ་ནི་ཀུན་བཟང་རྩེ་དང་། རིན་ཆེན་སྒང་། གོས་སྐུ་སྒང་། ཀུན་སྣང་། འབྲས་སྤུངས་བཅས་པར་རྟེན་སྐུ་ཁྱད་པར་ཅན་ཇི་སྙེད་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་རྟེན་གཙོ་གསར་བཞེངས་རྒྱལ་བ་ཤཱཀྱ་ཐུབ་པའི་ཐུགས་དཀར་པཎ་ཆེན་གྷ་ཡ་དྷ་རའི་དབུ་ཐོད་བཞུགས་པ་དང་། ཀུན་བཟང་རྩེར་རྫ་མཁན་ལྟག་ཁུང་ཉི་ཤར་གྱི་ཕྱག་བཟོ་པཎ་ཆེན་ཤཱཀྱ་ཤྲཱིའི་སྐུ་བརྙན། གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད།

བདེ་ཆེན་ཆོས་འཁོར།

གོང་དཀར་ཆོས་སྡེ་ནས་ལྷོ་ངོས་སུ་འཁོར་ལམ་སྤྱིར་བཏང་བ་དེད་ནས་སྤྱི་ལེ་དྲུག་ཙམ་སོང་ན་གནས་གསར་གྲོང་དུ་སླེབས་དེ་ནས་ཤར་ངོས་སུ་སྤྱི་ལེ་གཉིས་གསུམ་ཙམ་གྱི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཡོངས་འཛིན་ངག་དབང་བཟང་པོས་ཕྱག་བཏབ་གནང་མཛད། དེའང་ཐོག་མར་གོང་དཀར་བཤད་སྒྲུབ་གླིང་དུ་ཡོངས་འཛིན་ངག་[page 7] དབང་བཟང་པོ་དང་ཀུན་མཁྱེན་ཐུགས་རྗེ་ཆོས་མགོན་རྣམ་གཉིས་བཞུགས་ཡོད་པ་ལ་ཐུགས་རྗེ་ཆོས་མགོན་གྱིས་དྲག་ལས་གནང་བས་ཡོངས་འཛིན་ཐུགས་མ་མཉེས་པའི་ཚུལ་གནང་། དེ་ནས་ཉིན་ཞིག་ཕོ་རོག་ཅིག་གིས་ཡོངས་འཛིན་གྱི་གཏོར་སྡེར་ཁྱེར་སོང་བ་(ཡང་ལ་ལས་དབུ་ཞྭའང་ཟེར།)རི་ཤུར་ཕར་ནང་དུ་ཆུ་མིག་དང་ལྕང་མ་ཡོད་སར་བབས་རྩིས་བྱས་རྗེས་མཐར་ད་ལྟའི་དགོན་གནས་དེར་བབས་པས་དགོན་དེ་གནས་དེར་ཕྱག་བཏབ་གནང་མཛད། བྱ་རོག་དེ་ས་བདག་སྨྱོན་དགར་གོ་སྟེ་ཆོས་བདག་ཏུ་བཅོལ། དཀོར་བདག་སྐུ་ལྔའི་འཁོར་བཙན་རྒོད་ཇག་མེར་བཀོད། རིམ་བཞིན་དགེ་འདུན་ཞལ་གྲངས་བརྒྱ་དང་ཉི་ཤུ་ཙམ་བར་འཕེལ། ཡོངས་འཛིན་ངག་དབང་བཟང་པོ་ནི་འབྲུག་པ་པད་མ་དཀར་པོའི་སྐུ་སྐྱེ་ཡིན་ཞེས་ད་བར་འབྲུག་པ་བཀའ་བརྒྱུད་ཕྱག་བཞེས་གནང་གི་ཡོད། དེ་ནས་རིན་པོ་ཆེ་རྩེ་ཤོད་གཉིས་ལས་རྩེ་ཡོངས་འཛིན་རིན་པོ་ཆེ་སྐུ་ཐོག་བརྒྱད་པ་དོན་བརྒྱུད་བསྟན་འཛིན་གྱིས་བདག་མོ་བཞེས་རྗེས་ཁ་རག་ཏུ་བྱོན། ཤོད་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོས་དགོན་པ་བསྐྱངས་ཏེ་མཛད་འཕྲིན་རྒྱས། འབྲུག་པ་བཀའ་བརྒྱུད་ནི་ཕར་བྱས་ན་རྒྱ་གར་དང་ལ་དྭགས། ཁུ་ནུ་སོགས་དང་། མར་བྱས་ན་ཁམས་ནང་ཆེན་སོགས་སུ་ཁྱབ། དགོན་དེའི་གཤམ་གྱི་རི་ཟུར་ལའང་ཁམས་འགྲུལ་རི་ཟུར་ཏེ་ཁམས་ལ་ཕེབས་ས་དང་། དྭགས་རྒྱན་རི་ཟུར་ཏེ་ལ་དྭགས་སུ་ཕེབས་ས་ཡིན་ཟེར།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་དགོན་དེའི་རྟེན་གཙོ་གསེར་ཟངས་ཀྱི་རྡོ་རྗེ་འཆང་ཐོག་སོ་གཉིས་ལྡན་པའི་ཐུགས་ཀའི་རྡོ་རྗེ་འཆང་། གཞན་ཡང་གསར་བཞེངས་རྟེན་སྐུ་མང་པོ་བཟོ་སྤུས་དག་པའི་གྱང་གོག་གི་རྩིག་པ་སོགས་མཇལ་རྒྱུ་ཡོད།

དགོན་དེའི་རྒྱབ་རིའི་ལྡེབས་སུ་རས་ཆུང་བའི་སྒྲུབ་ཕུག་དང་། འོག་ཏུ་བཙུན་དགོན་གྱི་རྗེས་ཤུལ་སོགས་ཀྱང་མཇལ་རྒྱུ་ཡོད།

[page 8]
རྣམ་རབ་དྭགས་པོ་གྲྭ་ཚང་།

མཚན་རྒྱས་པར་“བཤད་སྒྲུབ་བསྟན་པའི་འབྱུང་གནས་མཐོང་སྨོན་དྭགས་པོ་གྲྭ་ཚང་”ཞེས་ཞུ། གོང་དཀར་ཆོས་སྡེ་ནས་སྤྱི་ལེ་བཅུ་ཙམ་སྣུམ་ནག་འཁོར་ལམ་དེད་ནས་ཤར་དུ་སོང་ན་འོ་རག་ཏུ་འབྱོར་ཞིང་། དེ་ནས་ལྷོ་ངོས་སུ་སྤྱི་ལེ་བདུན་བརྒྱད་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་རྣམ་རབ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། རྣམ་རབ་ཅེས་པ་ནི་“ཡུལ་རྣམ་རྒྱལ་རབ་བརྟན་”ཞེས་གུ་རུ་རིན་པོ་ཆེས་བཏགས་གནང་བ་ཡིན་ཟེར། དགོན་དེ་ཕྱག་འདེབས་པ་པོ་ནི་ཤྭར་དྭགས་པོའི་སྟོན་པ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་ཞེས་ཐོག་མར་དྭགས་བླ་སྒམ་པོར་བཀའ་བརྒྱུད་ཕྱག་བཞེས་མཛད་རྗེས་སུ་འཕན་པོ་ནཱ་ལེན་ཌའི་ཀུན་མཁྱེན་རོང་སྟོན་(བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ།)གྱི་སློབ་མ་མཛད་ནས་ན་ལེན་ཌའི་ས་བཀྲ་དང་བཅས་བཞེངས་བསྒྲུབས་རྗེས་དགོན་དེ་ཕྱག་བཏབ་གནང་བ་ཡིན་གསུངས། མ་དགོན་ན་ལེན་ཌ་དང་འདྲ་བར་ས་སྐྱ་མཚར་ལུགས་ཀྱི་མཛད་པ་བསྐྱངས། རིམ་བཞིན་དགེ་འདུན་ཞལ་གྲངས་བརྒྱ་དང་དྲུག་བཅུ་ཙམ་བར་འཕེལ། གཟིམ་འོག་བསྟན་འཛིན་འཕྲིན་ལས་ཐོག་མའི་གསན་བསམ་མཛད་སའང་དགོན་དེའི་ཤུག་པ་སྤུན་གསུམ་གྱི་འོག་ཏུ་ཡིན་ཟེར།

ད་ལྟ་ཉམས་གསོ་ཞུས་པའི་སྔོན་གྱི་འདུ་ཁང་ནང་བཀྲ་ཤིས་རྣམ་རྒྱལ་གྱི་ཐུགས་དམ་གྱི་རྟེན་ཐུབ་དབང་རིན་པོ་ཆེ་དང་། གསར་བཞེངས་སྟོན་པ་གཙོ་འཁོར་ཉེ་སྲས་བརྒྱད་དང་བཅས་པ། གཞན་ཡང་ལྡེབས་རིས་རྙིང་མ་སྤུས་ལེགས་མང་པོ་མཇལ་རྒྱུ་ཡོད།

དགོན་དེ་ནས་ཤར་ངོས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་ལྔ་ཙམ་སོང་ན་དཔེ་ཤིང་ངམ་སྤྲེལ་ཞིང་ཞེས་མར་པ་ལོ་ཙཱའི་སློབ་མ་བཞིའི་ཡ་གྱལ་རྔོག་སྟོན་ཆོས་རྡོར་གྱི་གདན་ས་སྤྲེལ་ཤིང་ལྷ་ཁང་ཞེས་པ་དེ་མཇལ་རྒྱུ་ཡོད། སྤྲེལ་ཞིང་ཞེས་པ་ནི་རྔོག་སྟོན་ཆོས་རྡོར་གྱི་ཆོས་རྒྱག་རྟེན་ཕྲེང་ལ་སྤྲེའུས་མཆོངས་ཐུབ་པའི་ཞིང་ཕྲ་[page 9] པོ་ཞིག་ཡོད་སྟབས་སྤྲེལ་ཞིང་ཞེས་དང་། ཡང་ལ་ལས་དཔེ་ཤིང་ཞེས་ཉིན་གཅིག་ལ་སྐྱེས་པའི་ཤིང་ཞིག་བྱུང་སྟབས་དཔེ་ལ་མེད་པའི་ཤིང་སྟེ་དཔེ་ཤིང་ཡང་ཟེར། རྗེ་བཙུན་མི་ལ་ཆོས་རྡོག་ཏུ་ཕེབས་སའང་གནས་དེར་ཡིན་ལ། རྔོག་ཆོས་སྐུ་ཕུང་པོ་ལྷག་མེད་མཁའ་སྤྱོད་དུ་ཕེབས་སའང་གནས་དེར་ཡིན། མར་པའི་སྐུ་དམར་གདུང་ཡང་དེར་བཞུགས་ཏེ་དགོན་དེ་ཉམས་ཆགས་མ་བྱུང་བར་དུ་མཇལ་རྒྱུ་ཡོད།

རྣམ་རབ་ནས་མར་ལོག་ཡོང་དུས་ལྷོ་ནུབ་ཀྱི་རི་སྟེང་དུ་དྭགས་པོ་གྲྭ་ཚང་གི་དགོན་ལག་རྟ་དཀར་གད་ཕུག་ཅེས་པ་དེ་མཇལ་རྒྱུ་ཡོད། དེནི་ཇོ་བོ་རྗེས་“ཡོལ་པོ་ཕྱི་རུ་བུ་མོས་མགོ་རྒྱན་ཕུལ། ཤི་བ་སེམས་ནས་དེ་ཡི་སྒྲིབ་སྦྱོང་མཛད།”ཅེས་པའི་སྒྲིབ་སྦྱོང་མཛད་ས་དེ་ཡིན་གསུངས།

རྭ་སྨད་དགོན།

མཚན་རྒྱས་པར་“ཐུབ་བསྟན་རིན་ཆེན་འབེ་སྒར་བསམ་གཏན་གླིང་”ཞེས་ཞུ། འོ་རག་ནས་ཤར་དུ་སྣུམ་ནག་འཁོར་ལམ་དེད་སྤྱི་ལེ་བཅུ་ཙམ་སོང་ན་ད་ལྟའི་གོང་དཀར་རྫོང་གནས་ཡུལ་སྐྱིད་གཤོངས་ཞེས་པར་དགོན་དེ་མཇལ་རྒྱུ་ཡོད། སྐྱིད་གཤོངས་ཞེས་པ་ནི་ཡུལ་ལུང་སྐྱིད་པོའི་གཤོངས་ཀྱི་དོན་དང་། རྭ་སྨད་ཅེས་པ་ནི་སྔོན་གསང་ཕུར་ཁང་པ་མེད་པར་རྭ་སྐྱོར་ནང་བཞུགས་པས་ད་ལྟའི་སྙེ་ཐང་རྭ་སྟོད་དང་སྐྱིད་གཤོངས་རྭ་སྨད་ཅེས་པ་སོ་སོའི་མཚན་དེ་ལྟར་བྱུང་། དེའང་དགོན་དེའི་མཁན་ཐོག་དང་པོ་ཤེས་རབ་དཔལ་ལྡན་ནས་གནས་ངེས་མེད་དུ་སྒར་བཀྱོན་ནས་བཞུགས། དེ་ནས་མཁན་ཐོག་བཅུ་པས་འཕན་པོ་ནཱ་ལེན་ཌ་དང་དུས་མཉམ་པར་སྐྱིད་གཤོངས་སུ་རྭ་སྨད་ཅེས་པའི་དགོན་དེ་ཕྱག་བཏབ་གནང་མཛད། དེ་ནས་མཁན་ཐོག་ཉེར་ལྔ་པ་རྨོག་ཆེན་ཀུན་དགའ་ལྷུན་གྲུབ་ཀྱིས་མདོ་སྔགས་ཟུང་སྦྲེལ་གྱི་ཕྱག་བཞེས་མཛད་གསུང་ཡང་གོང་དཀར་རྡོ་རྗེ་གདན་པ་དང་། གླིང་སྨད་ཤེས་རབ་དཔལ་ལྡན་ཕན་ཚུན་གསན་བསམ་གནང་སྐད་ཡོད་ཚུལ་ལྟར་བྱས་ན་གོང་དཀར་ཆོས་སྡེ་[page 10] དགོན་དང་དུས་མཚུངས། ས་སྐྱ་མཚར་ལུགས་ཕྱག་བཞེས་གནང་ཞིང་དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཟིན་པ་གསུངས། གསང་ཕུ་བླ་ཁག་བཅུ་ཁོངས་ཡིན་པས་ལོ་ལྟར་གསང་ཕུ་དབྱར་ཆོས་སུ་ཕེབས་དགོས།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་རྟེན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་མེ་ཐུབ་མ་དང་། གསར་བཞེངས་དུས་གསུམ་སངས་རྒྱས་ཐོག་སོ་གཉིས་ལྡན་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ཟུར་དུ་བཤད་གྲྭ་གསར་སྐྲུན་གནང་བའི་འདུ་ཁང་ནང་རྟེན་སྐུ་དང་བཅས་པ་མཇལ་རྒྱུ་ཡོད།

རྡོ་རྗེ་བྲག

མཚན་རྒྱས་པར་“ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་”ཞེས་ཞུ། སྐྱིད་གཤོངས་རྭ་སྨད་ནས་ཤར་དུ་སྣུམ་ནག་འཁོར་ལམ་དེད་དེ་སྤྱི་ལེ་ལྔ་ཙམ་ཕྱིན་ན་རྡོར་བྲག་གྲུ་ཁར་འབྱོར། དེ་ནས་འཕྲུལ་གྲུར་བསྡད་དེ་ཆུ་ཚོད་གཅིག་མིན་ཙམ་སོང་ན་གྲུ་ལས་ཐོན་མ་ཐག་དགོན་དེར་འབྱོར། རྡོར་བྲག་ཅེས་པ་ནི་དགོན་དེའི་རྒྱབ་རིར་གཡུ་ཡི་རྡོ་རྗེའི་རང་བྱོན་ཡོད་པས་རྡོ་རྗེ་བྲག་དང་། ཨེ་ཝཾ་ལྕོག་སྒར་ཞེས་པ་ནི་ཐོག་མར་ལྕོག་གུར་ཕུབ་པའི་འདུས་སྡེ་ཡིན་པས་མཚན་དེ་ལྟར་ཐོགས། དེའང་ཐོག་མར་མངའ་རིས་པཎྜི་ཏ་པད་མ་དབང་གི་རྒྱལ་པོས་གུར་བཀྱོན་པའི་གསང་ཆེན་གྱི་འདུས་སྡེ་ཆུང་ངུ་ཞིག་འཛུགས་གནང་མཛད་པ་ལ། དེ་ནས་སྐུ་ཕྲེང་གསུམ་པ་རིག་འཛིན་ངག་གི་དབང་པོས་དུས་རབས་བཅུ་བདུན་ཙམ་ལ་དགོན་དེ་བརྩིགས་པར་མཛད། རིག་འཛིན་སྐུ་ཕྲེང་བཞི་པ་ཀུན་བཟང་པད་མ་འཕྲིན་ལས་གདན་ཁྲིར་འཁོད་རྗེས། རྒྱལ་མཆོག་ལྔ་པ་ཆེན་པོ་དང་ཆོས་ཡོན་གྱི་ཐུགས་རྗེའི་བདག་རྐྱེན་དང་བཅས་སྟོབས་རྒྱས་པར་གྱུར། བདེ་ཡངས་ཤར་ནུབ་གཉིས་ཞེས་མདོ་སྔགས་གྲྭ་ཚང་ཤར་ནུབ་གཉིས་ཆཁོས། དགེ་འདུན་ཞལ་གྲངས་ལྔ་སྟོང་ཙམ་བྱུང་གསུངས། སྔ་འགྱུར་རྙིང་མའི་བྱང་གཏེར་གྱི་གདན་ས་ཆེན་པོར་གྲགས། དེ་ནས་དུས་རབས་བཅོ་བརྒྱད་པའི་དུས་འགོར་ཇུན་གར་དམག་གིས་དགོན་དེ་རྨེག་[page 11] མེད་དུ་བཟོ་བཞིན་མགོན་ཁང་སྲིད་གསུམ་རྣམ་རྒྱལ་བཤིག་པར་བརྩམ་པའི་དུས། ཇུན་གར་བའི་དམག་དཔོན་ཁྲག་སྐྱུག་སྟེ་ཤི་བའི་སྐྱེན་བྱས་མགོན་ཁང་དེ་ཁོ་ན་མ་གཏོར་བར་བཞག གསེར་ཟངས་ཀྱི་ཐུབ་པའི་སྐུ་བརྙན་ཆུ་ལ་བསྐྱུར། གསེར་བྲིས་ཀྱི་བཀའ་འགྱུར་སོགས་ནང་རྟེན་མང་པོ་དགེ་ལུགས་པའི་དགོན་སྡེ་ཁག་ལ་ཕུལ། དགུང་གྲངས་དོན་བདུན་ལ་ཕེབས་པ་རིག་འཛིན་པད་མ་འཕྲིན་ལས་ཀྱང་བཀྲོངས། དེ་རྗེས་ཇུན་གར་དམག་ཐག་ཆོད་རྗེས་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་རྡོར་བྲག་གི་ཆོས་གཞིས་འབྲས་སྤུངས་སུ་སྦྱར་བ་རྣམས་རང་སློག་ཏུ་གནང་སྟེ་རང་གདན་བསྐྱར་གསོ་ཆོག་པའི་བཀའ་དྲིན་བསྐྱངས་པས་རྗེ་གོང་མའི་གསོལ་དཔོན་དགེ་དབང་སོགས་བླ་སློབ་དང་སྦྱིན་བདག་སོགས་པས་སླར་གསོ་གནང་། སྐལ་བཟང་པད་མ་དབང་ཕྱུག་དགུང་གྲངས་བརྒྱད་ལ་ཕེབས་པ་རིག་འཛིན་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་གདན་ཁྲིར་མངའ་གསོལ། རྗེས་ཇུན་གར་བས་ཁྱེར་བའི་གསེར་བྲིས་བཀའ་འགྱུར་སོགས་སྐུ་གསུངས་ཐུགས་རྟེན་ཁག་གཅིག་སླར་ཡང་རང་སློག་ཏུ་བྱུང་སྟབས་ད་ལྟའི་དགོན་དེ་ཉམས་ཆགས་མ་བྱུང་གོང་འདུ་ཁང་ཀ་བ་ཉི་ཤུ་ལ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི་སྣང་བརྙན་དུ་མའི་ལྡེབས་རིས་ཀྱིས་མཛེས་པའི་དབུས་གུ་རུའི་སྐུ་ཐོག་ཚད་མ་དང་བྱང་གཏེར་བཀའ་བརྒྱད། གཙང་ཁང་ནང་གྲང་གསེར་གྱིས་བྲིས་པའི་ཚེ་དཔག་མེད་ཀྱི་ལྡེབས་རིས་ཀྱིས་སྐོར་བའི་དབུས་སྨན་འདམ་གྱི་སྟོན་སྐུ་ཐོག་སོ་གཉིས་ལྡན་མཛོད་སྤུར་ཕ་ལམ་སྲན་རྡོག་ཙམ་གྱིས་བརྒྱན་པ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། ཡངས་སྟེང་ཆོས་དབྱིངས་ཕོ་བྲང་ནང་ཛྷེེ་ཀྵིམ་དང་རྒྱ་གར་ཤར་ནུབ་བལ་བོད་སོགས་ཀྱི་ལི་སྐུ་བརྒྱ་ཕྲག དངུལ་གདུང་ལྷ་ཁང་ནང་རིན་ཆེན་ཁྲ་ཚོམ་གྱིས་བཏབ་པའི་རིག་འཛིན་སྐུ་ཕྲེང་རིམ་བྱོན་གྱི་དངུལ་གདུང་དང་དེའི་མཐའ་འཁོར་དུ་གསེར་ཟངས་ཀྱི་སྐུ་བརྙན་མང་པོ། བཀའ་གདམས་མཆོད་རྟེན་ཇི་སྙེད། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། རྙིང་མ་རྒྱུད་འབུམ་ནག་བྲིས་སྤུས་ལྡན། སྡེ་དགེ་དང་སྣར་ཐང་དཔར་མའི་[page 12] བཀའ་འགྱུར། གཞན་ཡང་གཟིམ་ཆུང་སྟེང་འོག དཔེ་མཛོད་སྟེང་ཤོད། དགོན་དེའི་གཡོན་ཕྱོགས་སུ་རྡོར་བྲག་ཆུ་བཟང་བླ་བྲང་། ཤར་ངོས་སུ་དབང་དྲག་རོལ་པའི་ལྕོག་འདུ་བཅས་པར་རྟེན་གསུམ་ཁྱད་པར་ཅན་དང་ནང་རྟེན་དུ་ཧོར་སྐུ་ཐུབ་དབང་དོན་ལྡན་དང་། ཁྱབ་འཇུག་གི་ཞལ་ཐང་ཁྲག་འཛགས་མ་སོགས་ཇི་སྙེད་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་ཐུབ་དབང་དགེ་འདུན་སྤྲིན་ཕུང་གི་གཡས་སུ་རིག་འཛིན་དུང་འགྲུབ་དང་། གཡོན་དུ་རིག་འཛིན་པད་མ་འཕྲིན་ལས་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཇོ་བོ་འབུམ་པ།

རྡོ་རྗེ་བྲག་ནས་ཤར་དུ་ལག་སྐྱོར་འཁོར་ལམ་དེད་ནས་སྤྱི་ལེ་བཅུ་མ་ཟིན་ཙམ་སོང་ན་འཕྲེང་འགོར་འབྱོར། འཕྲེང་འགོ་ཞེས་པ་ནི་སྔོན་དེར་ལམ་ཕྲང་ཞིག་ཡོད་པ་ལ། དམ་སྲི་གདུག་པ་ཅན་ཞིག་ཡོད་པས་འགྲོ་སྐྱོད་དཀའ། དེ་རྗེས་རིག་འཛིན་སྐུ་ཕྲེང་དང་པོའི་རྣམ་སྤྲུལ་བྱ་ངང་པའི་རང་བྱོན་ཞིག་ལམ་ཕྲང་དེའི་སྟེང་དུ་ཕེབས་པས་འགྲོ་སྐྱོད་བདེ་བར་གྱུར་པས། འཕྲེང་འགོ་ཞེས་པའི་མིང་དེའི་ཟུར་ལས་ཆགས་ཟེར། དེ་ནས་ཡུལ་དེའི་ནུབ་བྱང་མཚམས་ཀྱི་བྲག་རིའི་འོག་ཏུ་ཇོ་བོ་འབུམ་པ་ཞེས་པ་དེ་མཇལ་རྒྱུ་ཡོད། ཐོག་མར་ཇོ་བོ་རྗེས་གནས་དེའི་སྒྲུབ་ཕུག་ནང་སྒྲུབ་པ་བཀྱོན་ནས་བཞུགས་སྐབས་ལྷ་བབས་མཆོད་རྟེན་ཞིག་བཞེངས་གནང་མཛད། དེ་རྗེས་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་བྱང་ཆུབ་མཆོད་རྟེན་ཞིག་བཞེངས། དེ་རྗེས་མཚུར་ཕུ་རྐརྨ་པ་སྐུ་ཕྲེང་བཅུ་དྲུག་པས་མཆོད་རྟེན་དང་འདུ་ཁང་ཀ་བ་གཉིས་བསྐྲུན་གནང་མཛད། ད་ལྟ་དེར་བཞུགས་བཙུན་མ་རྣམས་ཀྱིས་སྙིང་ཐིག་ཕྱག་བཞེས་གནང་གི་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ཀ་བ་བཞི་ལྡན་ནང་གསར་བཞེངས་ཇོ་བོ་[page 13] བྱང་ཆུབ་ཆེན་པོ་དང་། གཏེར་སྟོན་ཤེས་རབ་འོད་གསལ་གྱི་ཞབས་རྗེས། གསར་བཞེངས་མཆོད་རྟེན་གསུམ་སོགས་མཇལ་རྒྱུ་ཡོད།

ཡང་ཡུལ་དེའི་ཕུར་གྲུབ་ཆེན་གླིང་རས་པའི་སྒྲུབ་ཕུག་སྣ་ཕུ་ཆོས་ལུང་ཞེས་པ་དེ་མཇལ་རྒྱུ་ཡོད།

ཕ་དམ་པ་སངས་རྒྱས་ཀྱི་དགོན་པ།

རྡོར་བྲག་གྲུ་ཁ་ནས་ཤར་དུ་སྣུམ་ནག་འཁོར་ལམ་དེད་སྤྱི་ལེ་བཞི་ཙམ་ཕྱིན་ན་ལྕེ་བདེ་ཞོལ་ཟུར་ཁར་ཞེས་པར་དགོན་དེ་མཇལ་རྒྱུ་ཡོད། “ལྕེ་བདེ་”ཞེས་པ་ནི་སྤྱིར་ན་ཡུལ་དེའི་མི་རྣམས་ཁ་ལྕེ་བདེ་བས་ལྕེ་བདེ་ཞེས་དང་། ཡང་ཤོད་སྲོལ་གཞན་ཞིག་ལ་སྔོན་འགྲུལ་པ་ཞིག་གནས་དེར་གནས་ཚང་གཡར་ནས་སྡོད་སྐབས་འགྲུལ་པ་དེའི་སེམས་ལ་གནས་མོས་ཅི་སྟེར་འོང་སྙམ་པ་དང་། གནས་མོའི་སེམས་ལ་འགྲུལ་པ་དེས་ཅི་སྟེར་འོང་བསམ་པ་བཅས་ལས“ཅི་སྟེར་”ཞེས་པའི་སྒྲ་ལས“ལྕེ་བདེ་”ཞེས་པ་བྱང་ཟེར། ཕ་དམ་པ་ནི་བོད་དུ་ཕ་རྒྱུད་ཐབས་ཀྱི་གཅོད་རྒྱུན་དར་བ་མཛད་མཁན་ཡིན། ཕ་དམ་པ་བོད་དུ་ཕེབས་ནས་རྒྱབ་རིའི་ལྡེབས་སུ་སྒྲུབ་པ་བཀྱོན་ནས་བཞུགས། དེ་ནས་གནས་དེར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་འདྲ་བ་ལ་འོག་ཏུ་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱིས་བསྐོར་བ་ཞིག་བཞེངས་གནང་མཛད། དེ་རྗེས་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་འདུ་ཁང་ཀ་བ་བཞི་བཅུ་ཡོད་པའི་དགོན་ཞིག་ཕྱག་བཏབ་གནང་མཛད། སྔོན་གསུང་རབ་གླིང་གི་ཁོངས་ཡིན་པས་སྐུ་གཉེར་གཉིས་རེ་བཏང་གནང་གི་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ཆུང་ངུའི་ནང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོག་སོ་ཅན་དང་། འཇམ་དབྱངས་དང་གུར་གྱི་མགོན་པོ་མི་ཚད་ལྷག ཉམས་གསོ་ཞུས་པའི་ཕ་དམ་པ་སངས་རྒྱས་ཀྱི་མཆོད་རྟེན་ནང་ཕ་དམ་པའི་དབུ་ཐོད་དུམ་བུ་ལྔ་ཆ་གཅིག་ཙམ་བཞུགས་པ་བཅས་སོགས་མཇལ་རྒྱུ་ཡོད།

[page 14]
བདུན་ཕུད་ཆོས་འཁོར།

མཚན་རྒྱས་པར་“ཐུབ་བསྟན་བདུན་ཕུད་ཆོས་འཁོར་”ཞེས་ཞུ། ཕ་དམ་པ་སངས་རྒྱས་ཀྱི་དགོན་པ་ནས་སྤྱི་ལེ་གཅིག་ཙམ་གྱི་ཤར་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། བདུན་ཕུད་ཆོས་འཁོར་ཞེས་པ་ནི་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱི་གནས་བཞི་བརྒྱ་རྩ་བརྒྱད་བཞེངས་གནང་བའི་ནང་ནས་གཙོ་ཆེ་བ་བདུན་ཕུད་དེ་འོག་འདི་ཡིན་ཞེས་དང་། ཡང་གཙོ་ཆེ་བ་བདུན་གྱི་ཕུད་ཡིན་གསུངས་པས་བདུན་ཕུད་ཅེས་པའི་མཚན་དེ་ལྟར་ཐོགས་ཞེས་གསུངས། ཡང་ལ་ལས་ཤཱ་རིའི་བུའི་སྐུ་ཆོས་ཀྱི་ཚལ་བུའམ་དུམ་བུ་ཞིག་རྣམ་སྣང་གི་ཐུགས་ཀར་བཞུགས་སུ་གསོལ་བས་དུམ་བུ་ཆོས་འཁོར་ཞེས་ཟེར་གསུངས། དེ་རྗེས་ཤེལ་གྲོང་པཎ་ཆེན་བློ་གྲོས་ཆོས་ཀྱི་རྒྱལ་པོས་ད་ལྟའི་གྲྭ་ཚང་འདི་འཛུགས་གནང་མཛད། སློབ་མ་བྱེ་བ་གཅིག་ཙམ་འདུས་པར་བྱམས་ཆོས་སྡེ་ལྔ་གསུངས་པས་དགོན་དེའི་ནུབ་ངོས་སུ་བྱམ་པ་བྱེ་ཐང་ཞེས་པའང་དེ་ལྟར་བྱུང་བ་དང་། མཐའ་བཞི་ཀུན་ནས་སློབ་མ་མི་ཉུང་བ་ཞིག་འདུས་པས་མཐའ་རྒྱས་ལྕང་རྭ་ཞེས་པའང་དེ་ནས་བྱུང་གསུང་། གནས་བདག་རྣམ་སྲས་ཀྱི་ཞང་པོ་དང་། འཛམ་ལྷའི་བློན་པོ་སྟེ་ཞང་བློན་དང་། ས་སྐྱ་མཚར་ལུགས་གཙོ་གྱུར་ཐོག་ས་སྐྱ་རིས་མེད་ཀྱིས་ཕྱག་བཞེས་གནང་གི་ཡོད། སྔོན་རྣམ་སྣང་གི་སྐུ་རྡུལ་མི་བཞེས་པ་བྱིན་ཅན་སོགས་རྟེན་སྐུ་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་འཇིམ་ལས་གྲུབ་པའི་རྣམ་སྣང་གི་ཐུགས་ཀར་ཤཱ་རིའི་བུའི་སྐུ་ཆོས་ཀྱི་ཚལ་བུ་བཞུགས་པ་གསར་བཞེངས་། སློབ་དཔོན་ཙནྜ་གོ་མའི་ཐུགས་དམ་གྱི་རྟེན་སྒྲོལ་ལྗང་གི་སྐུ་བྱིན་ཅན། གཞན་ཡང་རྟེན་སྐུ་མང་པོ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གསུང་རབ་གླིང་།

མཚན་རྒྱས་པར་“གསུང་རབ་གླིང་ལྔ་”ཞེས་ཞུ། བདུད་ཕུད་ཆོས་འཁོར་ནས་ལྷོ་རུ་སྤྱི་ལེ་གསུམ་ཙམ་འཁོར་ལམ་སྤྱིར་བཏང་བ་[page 15] དེད་ནས་སོང་ན་ཁྱིམ་གཞི་གྲོང་དང་ཉེ་བའི་ཤར་ངོས་སུ་དགོན་དེ་ཆགས་ཡོད། ཁྱིམ་བཞི་ཞེས་པ་ནི་ཐོག་མར་ས་དེར་ཁྱིམ་དུད་བཞི་ལས་མེད་སྟབས་ཁྱིམ་བཞི་ཞེས་པ་དེ་ལྟར་བྱུང་ཟེར། གསུང་རབ་གླིང་ནི་ཐོག་མར་ཉང་དབོན་བསོད་ནམས་བཟང་པོས་ཕྱག་བཏབ་གནང་བའི་བཀའ་བརྒྱུད་པའི་དགོན་ཞིག་ཡིན་པ་ལ། དེ་རྗེས་རྒྱལ་མཆོག་ལྔ་པའི་དུས་དགེ་ལུགས་པའི་ཕྱག་བཞེས་གནང་། སྐུ་འབུམ་ཐང་དང་། ཁྲ་གླིང་གཞུང་། བྱང་ཆུབ་གླིང་། གླིང་ཟུར་སྒང་། བསམ་གཏན་སྒང་བཅས་ཡོད་སྟབས་གླིང་ལྔ་ཞེས་པ་དེ་ལྟར་བྱུང་གསུང་། བླ་བྲང་གོང་འོག་གཉིས་ལས་གོང་སྡེ་སྲིད་ཀྱི་རྣམ་སྤྲུལ་དང་། འོག་ཁམས་ཀྱི་བླ་མ་ཞིག་ཡིན། མདོ་སྔགས་གཉིས་ཀ་ཕྱག་ལེན་གནང་གི་ཡོད། འབྲས་བློ་གླིང་རྩེད་ཐང་ཁང་ཚན་གྱི་ཁོངས་ཡིན། སྔོན་ཛྷེེ་ཀྵིམ་གྱི་རྗེ་ཡབ་སྲས་གསུམ་ཁྲུ་གང་པ་ལྔ་མཆོད་ལ་མ་གཏོགས་མཇལ་རྒྱུ་མེད་པ་ཞིག་དང་། སྐུ་རྒྱུ་དེ་འདྲའི་འཛམ་ལྷ། གཞན་ཡང་རྟེན་སྐུ་ཁྱད་པར་ཅན་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་བླ་བྲང་འོག་ཉམས་གསོ་གནང་བའི་ནང་སྨན་གདམ་གྱི་ཇོ་བོ་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོག་སོ་གཅིག་ཙམ་དང་། རྗེ་ཡབ་སྲས་མི་ཚད་ལྷག་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དགའ་ཚལ་མ་ཎི་ལྷ་ཁང་།

ཁྱིམ་བཞི་ནས་ནུ་མཐུད་འཁོར་ལམ་དེད་སྤྱི་ལེ་དྲུག་བདུན་ཙམ་གྱེན་དུ་སོང་ན་མ་ཎི་ལྷ་ཁང་དེར་འབྱོར། ལྷ་ཁང་དེ་ནི་༡༩༩༠ལོར་གསར་བཞེངས་གནང་ཞིང་ཉེ་འགྲམ་གྱི་ཇོ་དགོན་འཇུ་བཀྲ་ཤིས་སྡེ་དང་། ཚངས་པ་ལྕོག་སོགས་ཀྱི་མ་དགོན་ལྟ་བུར་གྱུར་ནས་བཙུན་མ་རྣམས་ཀྱིས་སྙིང་ཐིག་ཕྱག་བཞེས་གནང་གི་ཡོད་ལ་མ་ཎི་ཆུ་འཁོར་དང་གུ་རུ་སྣང་སྲིད་ཀྱི་སྐུ་བརྙན་ཐོག་ཚད་མ་སོགས་མཇལ་རྒྱུ་ཡོད།

འབུམ་དང་།

དགའ་ཚལ་མ་ཎི་ལྷ་ཁང་ནས་མུ་མཐུད་སྤྱི་ལེ་བཅུ་[page 16] གསུམ་ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་གྱེན་དུ་སོང་ན་གླང་ཐང་གྲོང་དུ་འབྱོར་ཞིང་དེའི་སྟེང་དུ་འབུམ(མཆོད་རྟེན།)དང་དགོན་མཇལ་རྒྱུ་ཡོད། འབུམ་དང་ཞེས་པ་ནི་ཇོ་བོ་རྗེ་བོད་དུ་ཕེབས་རྗེས་འབུམ་པ་ཐོག་མ་བཞེངས་ས་གནས་དེར་ཡིན་སྟབས་འབུམ་དང་ཞེས་པ་དེ་ལྟར་བྱུང་། ཐོག་མར་གནས་དེར་འབུམ་པ་བརྒྱད་ལས་དགོན་པ་མེད། དེ་རྗེས་༡༩༨༣ལོར་རི་ཕར་ཕྱོགས་ཀྱི་བསམ་གཏན་གླིང་ཞེས་པའི་དགོན་པ་གནས་དེར་སྤོས་རྗེས་སྙིང་ཐིག་ཕྱག་ལེན་མཛད།

ད་ལྟ་གསར་བཞེངས་རི་ཁྲོད་དེར་ཐུབ་དབང་དང་། སྤྱན་རས་གཟིགས། གུ་རུ་སོགས་གསར་བཞེངས་གནང་བ་དང་། སྔོན་གྱི་ཇོ་བོ་རྗེའི་འབུམ་པ་བརྒྱད་པོ་ཉམས་གསོ་གནང་བ་སོགས་མཇལ་རྒྱུ་ཡོད།

དེ་ནས་ཅུང་ཉེ་བའི་རྒྱབ་རིའི་སྟེང་དུ་གླིང་རས་པའི་སྒྲུབ་ཕུག་དང་། རྒྱབ་རིའི་རྩེ་མོ་ཟངས་བ་རི་ན་གུ་རུའི་སྒྲུབ་ཕུག དེའི་འོག་དམར་རྩེ་ཞེས་པའི་སྒྲུབ་ཕུག་ནས་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་བུའི་ཡུལ་དུ་ཕེབས་ཞེས་དང་། རྡོ་ཐམས་ཅད་ཀྱང་གུ་རུའི་རྗེས་སུ་ཕྱོགས་པའི་བཟོ་ལྟ་མཇལ་རྒྱུ་ཡོད།

གླང་ཐང་གྲོང་རྫོགས་མཚམས་སུ་ཇོ་རྒྱག་ཅེས་པར་ཇོ་བོ་རྗེའི་སྒྲུབ་ཕུག་གཅིག་ཀྱང་མཇལ་རྒྱུ་ཡོད།

གྲ་ནང་རྫོང་།

“གྲ་ནང་”ཞེས་པ་ནི་ཤིང་གྲ་མ་སྐྱེས་པའི་ཡུལ་ལུང་གཙོ་ཕལ་དུ་ཕྱེས་པ་ཕྱི་ནང་དུ་འབོད་པའི་དོན་དང་། ད་ལྟའི་རྫོང་གི་གནས་ཡུལ་ནི་གྲ་ཐང་དགོན་དང་ཉེ་བར་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༢༡༦༣དང་ས་ཞིང་མུའུ་ཁྲི་.ཙམ། མི་འབོར་ཁྲི་.ཆ་སྙོམས་རྒྱ་མཚོའི་ངོས་[page 17] ལས་སྤྱི་ཁྲེ་༣༦༨༠ཡིས་མཐོ་བའི་ས་བབས་བཅས་སོགས་ཡིན།

མཚོ་རྒྱལ་ལྷ་ཁང་།

མཚན་གཞན་ལ་“མཚོ་རྒྱལ་བླ་མཚོའང་”ཟེར། ལྕེ་བདེ་ཞོལ་ནས་ཤར་དུ་སྣུམ་ནག་འཁོར་ལམ་དེད་སྤྱི་ལེ་ཉེར་ལྔ་ཙམ་སོང་ན་སྒྲགས་གྲུ་ཁར་འབྱོར། དེ་ནས་གློག་གྲུར་ཆུ་ཚོད་གཉིས་ཙམ་བསྡད་རྗེས་གྲུ་ལས་བབས་ཏེ་ལག་སྐྱོར་འཁོར་ལམ་དེད་སྤྱི་ལེ་ལྔ་དྲུག་ཙམ་སོང་ན་མཚོ་རྒྱལ་བླ་མཚོའི་གྲོང་དབུས་སུ་ལྷ་ཁང་དེ་མཇལ་རྒྱུ་ཡོད། མཚོ་རྒྱལ་བླ་མཚོ་ཞེས་པ་ནི་ཐོག་མར་གནས་དེར་ཆུ་མིག་གཅིག་ཡོད་པ་ལ། སྤྱི་ལོའི་དུས་རབས་བརྒྱད་པར་ཡེ་ཤེས་མཚོ་རྒྱལ་གནས་དེར་འཁྲུངས་རྗེས། ཆུ་མིག་དེ་མཚོ་རུ་རྒྱས་སྟབས་“མཚོ་རྒྱལ་བླ་མཚོ་”ཞེས་པ་དེ་ནས་བྱུང་། ཡེ་ཤེས་མཚོ་རྒྱལ་གྱི་འཁྲུངས་ཁང་ཡང་མཚོ་རྒྱལ་བླ་མཚོའི་གྲོང་དབུས་སུ་ཡོད། དེའང་ཡེ་ཤེས་མཚོ་རྒྱལ་འཁྲུངས་ཚུལ་ནི་ཡབ་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་ཡུམ་བཟའ་དགེ་བྱ་བའི་སྐུ་ལུས་ལ་ལྷུམས་སུ་བཞུགས་སྐབས་ཡུམ་ལ་གསེར་གྱི་བུང་བ་སྒྲ་སྙན་པ་ཞིག་ཡབ་ཀྱི་སྤྱི་བོར་ཐིམ་པའི་གཟིགས་སྣང་དང་། ཡབ་ཀྱི་གཟིགས་སྣང་ལ་ཡུམ་ལ་སྤྱན་གསུམ་མངའ་བ་སོགས་བྱུང་སྟེ་བྱ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་མ་ཤར་བ་དང་དུས་མཚུངས་ཨ་ལི་སོགས་ཀྱི་སྒྲ་སྒྲོག་བཞིན་ཡུམ་ལ་གནོད་པ་མེད་པར་སྐུ་འཁྲུངས། དེའི་དུས་སུ་ས་གཡོ་བ་དང་། འབྲུག་ལྡིར་བ་། མེ་ཏོག་གི་ཆར་བབས་པ་སོགས་ཀྱི་མཚན་ལྟས་བྱུང་བས། ཡབ་ཀྱིས་བུ་མོ་འདི་གཞན་ལས་ཁྱད་དུ་འཕགས་པ་ཞིག་འདུག་པས་ཡང་ན་འཛམ་གླིང་རྒྱལ་པོའི་བཙུན་མོར་འོང་བ་འདུག འདི་སྐྱེས་པ་དང་མཚོ་ཡང་རྒྱས་འདུག་པས་“མཚོ་རྒྱལ་”ཞེས་ཐོག་ཞེས་མཚན་མཚོ་རྒྱལ་དུ་གསོལ། སྐུ་ན་རིམ་སོན་ཤིན་ཏུ་མཛེས་པས་བུ་མོ་འདོད་མི་མང་པོ་བྱུངཡང་ཡབ་ཀྱིས་བུ་མོ་འདི་རང་དགར་སྟེར་ན་འཁྲུག་རྩོད་ཀྱི་གཞིར་གྱུར་པས་རྒྱལ་པོས་བཞེས་ན་ཕུལ་བ་ལས་གཞན་སུ་ལའང་མི་སྟེར་རྒྱུ་བྱས། འོན་ཀྱང་མཁར་ཆུ་དཔལ་གྱི་གཞོན་[page 18] ནུ་དང་། ཟུར་མཁར་རྡོ་རྗེ་དབང་ཕྱུག་སོ་སོ་རྟ་ཁལ་དྲེའུ་ལ་སྐྱེས་གྱ་ནོམ་པ་བཀལ་ཏེ་བུ་མོ་སློང་བར་འོང་པས་ཡབ་གནང་དཀའ་ཐབས་ཟད་ཀྱིས་སུ་མགྱོགས་ཀྱང་དེར་གནང་རྒྱུ་ཐག་བཅད་པས་མཁར་ཆུ་བའི་བློན་པོ་མགྱོགས་ཏེ་དེ་ལ་ཐོབ། འོན་ཀྱང་བུ་མོ་འཇིག་རྟེན་གྱི་མདུན་མར་ཕེབས་འདོད་གཏན་ནས་མེད་སྟབས་མཁར་ཆུ་བའི་བློན་འབངས་དགའ་སྟོན་གྱི་ར་རོ་བའི་སྐབས་དང་བསྟུན་ནས་མཚན་མོར་བྲོས་བྱོལ་དུ་ཕེབས་ནས་འོན་ཕུ་སྟག་ཚང་རོང་དུ་ཡུན་རིང་བཞུགས། ཟུར་མཁར་བས་མཚོ་རྒྱལ་སྟག་ཚང་རོང་དུ་ཡིབས་ནས་བཞུགས་པ་ཐོས་ཏེ་གཡོག་འཁོར་མང་པོ་བཏང་ནས་བུ་མོ་བཟུང་། དོན་དེ་མཁར་ཆུ་བས་ཤེས་ཏེ་ཟུར་མཁར་ལ་དམག་དྲངས་ཏེ་བུ་མོ་འཕྲོག་པའི་གྲབ་བྱས་པ་སོགས་ཆོས་རྒྱལ་ཁྲི་སྲོང་གིས་མཁྱེན་ནས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བུ་མོ་མཚོ་རྒྱལ་རྒྱལ་པོའི་བཙུན་མོར་དགོས་པའི་དཀའ་གནང་བ་བཞིན་རྒྱལ་པོར་ཕུལ། དེ་ནས་མི་རིང་བར་ཆོས་རྒྱལ་གྱིས་སློབ་དཔོན་རིན་པོ་ཆེ་བསམ་ཡས་སུ་སྤྱན་དྲངས། མཚོ་རྒྱལ་སོགས་དེ་དང་མཐུན་པའི་དམ་མཛད་ལྔ་དང་བཅས་སློབ་དཔོན་ལ་ཕུལ་བས་སློབ་དཔོན་དགྱེས་པར་གྱུར། མཚོ་རྒྱལ་སློབ་དཔོན་གྱི་ཇོ་མོར་མངའ་གསོལ་ཞིང་དབང་བསྐུར། དེ་ནས་སློབ་དཔོན་ཡབ་ཡུམ་གཉིས་ཐོག་མར་མཆིམས་ཕུ་དགེའུ་རུ་གསང་སྤྱོད་ལ་གཤེགས་ནས་སློབ་དཔོན་གྱི་དྲུང་ནས་གཙང་མའི་དགེ་བ་ལ་རབ་ཏུ་བྱུང་། མདོ་སྡེ་འདུལ་བ་དང་མངོན་པ་སོགས་རྒྱུ་འབྲས་སྐོར་གྱི་ཆོས་མཐའ་ཡས་པ་གསན། ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས། མི་བརྗེད་པའི་གཟུངས་ཐོབ། སྤྱན་དང་མངོན་པར་ཤེས་པ་མངའ་ཞིང་རྫུ་འཕྲུལ་ཡ་མ་བཟུང་སྟོན་ནུས་པར་གྱུར། དེ་ནས་སློབ་དཔོན་གྱི་བཀའ་བཞིན་བལ་ཡུལ་སོགས་ས་ཕྱོགས་མང་པོར་ཕེབས་ནས་རྫུ་འཕྲུལ་བསྟན། མཐར་སློབ་མ་རྣམས་ལ་“མྱ་ངན་མ་བྱེད་”ཅེས་པའི་གདམས་ངག་མགུར་དབྱངས་སུ་མཛད་དེ་མཁའ་འགྲོ་མ་རྣམས་ཀྱི་བསུ་མ་དང་བཅས་སྐུ་ལུས་མ་སྤངས་པར་དག་ཞིང་དུ་གཤེགས་པ་སོགས་ཀྱི་རྣམ་ཐར་ཡོད། མཚོ་རྒྱལ་[page 19] ལྷ་ཁང་ནང་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་བརྙན་དང་། གུ་རུའི་ཞབས་རྗེས། ལྗོན་ཤིང་གི་བསྐོར་བའི་བླ་མཚོ། མཚོ་རྒྱལ་འཁྲུངས་རྗེས་ལྟེ་ཁྲག་འཕོ་སར་ཙན་དན་དཀར་དམར་གཉིས་འཁྲུངས་པ་ལས་འོ་མ་བཞེས་པའི་ཙན་དན་གྱི་ཚལ་བུ་བཅས་སོགས་མཇལ་རྒྱུ་ཡོད།

ཡང་གྲོང་དེའི་གཤམ་དུ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འཁྲུངས་ཁང་ཡང་མཇལ་རྒྱུ་ཡོད།

མངག་སྒྲ་དགོན།

མཚོ་རྒྱལ་ལྷ་ཁང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་གྱེན་དུ་སྤྱི་ལེ་བཞི་ལྔ་ཙམ་སོང་ན་མངག་སྒྲ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། “མངག་སྒྲ་”ཞེས་པ་ནི་ཡུལ་དེར་གནུབས་སངས་རྒྱས་ཡེ་ཤེས་དང་། བྲག་ཁ་ནམ་མཁའ་ཡེ་ཤེས། ཟ་ར་སྐལ་ལྡན་ཡེ་ཤེས། ཆོས་རྫོང་དོན་གྲུབ་ཡེ་ཤེས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཅས་ཡེ་ཤེས་པ་ལྔ་འཁྲུངས་པར་གྲགས་པས་“ལྔ་གྲགས་”ཞེས་པའི་སྒྲ་རིམ་བཞིན་འགྱུར་བའི་དོན་ཡིན་གསུངས། དགོན་དེ་ཕྱག་འདེབས་པ་པོ་ནི་སྟོད་ལུང་གནས་ནང་དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་ཡིན། ཀོང་པོ་རྟ་ནག་དགོན་ཕྱག་བཏབ་པ་དང་དུས་མཚུངས། ཀརྨ་བཀའ་བརྒྱུད་པའི་མཛད་པ་རྒྱ་ཆེར་བསྐྱངས། ༡༩༥༧ལོ་ནས་༡༩༥༨ལོ་གཉིས་ལ་དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་བདུན་པས་ད་ལྟའི་དགོན་དེ་གསར་བཞེངས་གནང་། དགེ་འདུན་ཞལ་གྲངས་ཉི་ཤུ་རྩ་ལྔ་ཙམ་ཟིན།

ད་ལྟ་ཉམས་གསོ་གནང་བའི་འདུ་ཁང་ནང་སྔོན་དགོན་དེའི་རྟེན་གཙོ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན་ཞིག་ཡོད་པ་དེའི་དབུ་དང་ཕྱག་གཡོན་མ་དང་། ཀརྨ་སྐུ་ཕྲེང་བརྒྱད་པའི་སྐུ་བྱིན་ཅན། གསར་བཞེངས་གུ་རུའི་སྐུ་དང་བཀའ་འགྱུར་སོགས་མཇལ་རྒྱུ་ཡོད།

དགོན་དེའི་བྱང་ངོས་རི་སྟེང་དུ་སྔོན་ཇུན་གར་བས་གཏོར་བའི་རྫོང་པད་མ་རྩེའི་ཆགས་ཤུལ་ཡོད།

[page 20]
ཚར་གསེབ་རི་ཁྲོད།

མངག་སྒྲ་དགོན་ནས་འཁོར་ལམ་མེད་སྟབས་རྐང་ཐང་མར་ཆུ་ཚོད་གཉིས་མ་ཟིན་ཙམ་ཕྱིན་ན་ཚར་གསེབ་རི་ཁྲོད་དུ་འབྱོར། རི་ཁྲོད་དེ་ནི་ཨོ་རྒྱན་ཟུར་རྗེ་གླིང་པས་ཕྱག་བཏབ་གནང་བའི་བཙུན་མ་གྲངས་ཉི་ཤུ་ལྷག་གི་བཙུན་དགོན་ཞིག་ཡིན། སྔོན་རི་ཁྲོད་དེར་སྙིང་ཐིག་མཛོད་བདུན་དང་། རྩ་པོད་ཀྱི་པར་ཤིང་ཞོལ་པར་ཁང་གི་དཔར་ཤིང་དང་འདྲ་བ་སྤུས་ལེགས་ཤིག་ཡོད་པ་ད་ལྟ་ཅུང་ཐོར་སྐྱོན་བྱུང་བ་ལས་ཕལ་ཆེ་བ་རྡོར་བྲག་ཏུ་བཞུགས།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་མཇལ་རྒྱུ་ཡོད།

སྒྲགས་ཡང་རྫོང་།

མཚན་རྒྱས་པར་“སྒྲགས་ཀྱི་ཡང་རྫོང་གཤིན་རྗེ་རོལ་པའི་ཕོ་བྲང་”ཞེས་ཞུ། ཚར་གསེབ་རི་ཁྲོད་ནས་མུ་མཐུད་གྱེན་དུ་རྐང་ཐང་མར་ཆུ་ཚོད་གཉིས་མ་ཟིན་ཙམ་སོང་ན་སྒྲགས་ཡང་རྫོང་དུ་སླེབས། སྒྲུབ་ཕུག་དེ་ནི་གུ་རུ་རིན་པོ་ཆེས་རྫོང་སྐུ་འབུམ་གྱི་ཡང་རྫོང་པད་མ་རྩེ་ནས་ནུབ་བྱང་མཚམས་ཀྱི་ངོ་མཚར་ཅན་དེར་གཟིགས་པས་“ཡང་གཅིག་བལྟས་པས་ཡང་རྫོང་མཐོང་”གསུང་ནས་ནས་སྒྲགས་ཡང་རྫོང་གི་གནས་སྒོ་ཕྱེས། གནས་དེ་ནི་ཤིན་ཏུ་ནས་གཡང་གཟར་ཆེ་བ་ཞིག་ཡོད་པ་ནི་ཐོག་མར་བྲག་ཕུག་གི་སྒོར་མ་སླེབས་གོང་སྤྱི་ཁྲེ་ཉི་ཤུ་ཙམ་གྱི་སྐས་འཛེག་དུམ་བུ་སོ་བདུན་ཅན་ཞིག་འཛེགས་ཏེ་དེའི་སྟེང་དུ་སྒྲུབ་ཕུག་གི་ཁ་ཡོད་པ་དང་། དེའི་ནང་དུ་བྲེང་པ་བྱིས་པའི་ལག་ངར་ཙམ་ཞིག་དཔྱང་ནས་ཡོད་པ་དེར་འཁྱུད་ནས་ནུད་སྐབས་ཐོག་མར་གུ་དོག་པ་སྲིན་བུའི་སྒོ་སྲུང་དུ་འབྱོར་བས་དེར་དབུགས་ཀྱང་གཏོང་དཀའ་བ་ཞིག་ཡོད། འོན་ཀྱང་གྱང་གཟར་ཅན་གྱི་སྐས་འཛེགས་དེ་ལྟ་བུ་ནས་ལྷུང་བ་གཅིག་ཀྱང་[page 21] བྱུང་མྱོང་མེད་པ་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཐུགས་སྨོན་གནང་ཡོད་ཟེར། དེ་ནས་སྒྲུབ་ཕུག་ནང་དུ་འབྱོར་རྗེས་ཐོག་སོ་གཉིས་ཙམ་མར་བབས་དགོས་པས་དེར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྒྱ་གར་ན་ལེནྜ་ནས་དྲངས་གནང་བའི་ཙན་དན་དཀར་དམར་གྱི་སྐས་འཛེགས་དུམ་བུ་ཉེར་གཅིག་ཅན་ཞིག་ཡོད་པ་དེ་ལས་བབས་རྗེས་སླར་ཡང་དུམ་བུ་བདུན་ཅན་གྱི་སྐས་ཤིག་འཛེགས་ན་གཞི་ནས་གུ་རུས་ལོ་གསུམ་ཕྱོགས་གསུམ་སྐུ་མཚམས་སུ་བཞུགས་པའི་ཕུག་ཏུ་སླེབས། སྒྲུབ་ཕུག་དེའི་སྒོ་འགྲམ་དུ་གླང་ཆེན་ས་ལ་རབ་བརྟན་གྱི་རང་བྱོན་དང་། དེའི་སྟེང་དུ་རྡོ་ནར་མོ་ཐུར་དུ་འཕྱངས་པ་དག་བརྡུངས་ན་དཔའ་བོ་དཔའ་མོའི་མཁར་རྔ་། གུ་རུའི་མཚམས་རྡོ། ཆོས་ཀྱི་གྷན་དྷི། ལྷ་ཚངས་པའི་གྷན་དྷི་སོགས་ཀྱི་ངོ་མཚར་ཆེ་བའི་སྒྲ་མི་འདྲ་བ་སྣ་ཚོགས་སྒྲོག དེ་ནས་མར་བབས་ན་མཁའ་འགྲོའི་བྲོ་རར་སླེབས་ཤིང་དེར་གླུ་གར་སོགས་ལ་རོལ་དགོས་གསུངས། བྲག་ཕུག་གི་མཐིལ་དུ་འདུ་ཁང་ཡོད་ཅིང་སྔོན་རྡོ་རྗེ་བྲག་གི་དགེ་འདུན་བརྒྱད་གྲྭ་ཞིག་རྒྱུན་བཞུགས་གནང་དགོས། འདུ་ཁང་ནང་རྟེན་གཙོ་ཆེ་མཆོག་ཧེ་རུ་ཀའི་སྐུ་བརྙན། སྐུ་སྟོད་བྱེ་མ་ཨ་ཁྲུང་དང་། སྐུ་སྨད་ཕུག་དེའི་ཟི་ལིང་ཕུག་ནས་འཁྲུངས་པའི་རྡོ་ནག་ལས་གྲུབ་པ་ཞིག་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེའི་ཕྱག་བཟོ་འཛམ་ནག་གི་སྐུ་བརྙན་སོགས་རྟེན་མང་པོ་མཇལ་རྒྱུ་ཡོད།

དེ་ནས་བྲག་ཕུག་དེའི་གཡས་ངོས་སུ་རྡོ་བྲག་རིག་འཛིན་སྐུ་ཕྲེང་བཞི་པ་བློ་བཟང་པད་མ་འཕྲིན་ལས་ཀྱིས་བྱང་གཏེར་བཞེས་ཆེད་དུ་“གནས་སྒོ་གསར་པ་”ཞེས་བྱ་ཐང་དཀར་ལ་སྤྲུལ་ནས་གནས་དེའི་གནས་སྒོ་ཕྱེས། དེའི་སྦུག་ཏུ་ལྷ་མོ་ཨེར་ཀ་ཛ་ཏིའི་བླ་མཚོ་དང་། ཕུག་པའི་ཐོག་ལྡེབས་སུ་ཞབས་རྗེས། གཞན་ཡང་སྒྲ་བཅོམ་ལྔ་བརྒྱའི་ལྷུང་གཟེད་ཀྱི་རང་བྱོན་སོགས་མཇལ་རྒྱུ་ཡོད།

ཡང་ཡུལ་དེའི་ཕུར་གྲུབ་ཆེན་མེ་ལོང་རྡོ་རྗེའི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད།

[page 22]
རྫོང་སྐུ་འབུམ།

མཚན་གཞན་ལ་“བྲག་ཕུག་ཁ་ཆེན་”ཞེས་ཀྱང་ཞུ། མངག་སྒྲ་དགོན་ནས་ཤར་ངོས་སུ་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་རྫོང་སྐུ་འབུམ་དུ་འབྱོར། གནས་དེ་ནི་གུ་རུ་པད་མ་སམ་བྷས་གནས་སྒོ་ཕྱེས་གནང་བའི་གསང་བའི་ཕུག་པ་ཡིན་ཟེར། ཕུག་པ་དེ་དཔངས་མཐོ་བས་རྒྱལ་བ་བྱམས་པ་བཞེངས་པ་ལྟ་བུ་ཞིག་དང་། ཡངས་ཤིང་རྒྱ་ཆེ་བས་གུ་རུ་མཚན་བརྒྱད་ཀྱི་མཛད་པ་འཕྲིན་ལས་རྒྱས་པ་ལྟ་བུ་ཞིག་ཡོད་གསུངས། ཕུག་པ་སྟེང་དུ་གཉིས་དང་། འོག་ཏུ་གཉིས་བཅས་ཁྱོན་བཞི་ཡོད་པ་ལས་འོག་གི་ཕུག་པ་ཆེ་བ་ལ་གནས་གཞུང་ཆེན་ཞེས་དེའི་ནང་གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་དང་། རྒྱལ་བ་བྱམས་པ། གུ་རུ་མཚན་བརྒྱད་བཅས་པའི་གོས་སྐུའི་རང་བྱོན་དང་། དེའི་གཡས་ཀྱི་མཚོའི་སྒྲུབ་ཕུག་ཅེས་པའི་ནང་དཔལ་ལྡན་ལྷ་མོའི་བླ་མཚོ་དང་རྣམ་སྲས་ཀྱི་བླ་མཚོ་སོགས་ཡོད།

སྟེང་གི་སྒྲུབ་ཕུག་བདེ་ཆེན་གསང་ཕུག་ཅེས་པར་གུ་རུས་ལོ་གསུམ་ཕྱོགས་གསུམ་གསང་སྒྲུབ་གནང་བ་དང་། ཞི་བ་བཀའ་བཅུའི་སྦྱིན་སྲེག་གནང་སྐབས་ཤ་སྣ་མ་གཅིག་བརྒྱ་དང་བརྒྱད་ཡོད་པས་དེ་ཁུལ་ནས་རུས་པ་བརྙེས་ན་བསྲུང་བ་ཐོབ་ཅེས་གསུངས།

རྫོང་པད་མ་རྩེ་སྒྲུབ་ཕུག་ནི་གུ་རུས་ཕྱག་མདའ་གནང་ནས་ཁུང་ཕུག མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་འཕྱི་བར་སྤྲུལ་ནས་གནས་སྒོ་ཕྱེས་ཞེས་ཟེར། དེའི་ནང་གུ་རུས་རྟ་ཕྱག་ཁྱུང་གསུམ་སྒྲུབ་གནང་སྐབས་ཀྱི་རང་བྱོན་ཡོད་པས་དེ་འོག་འཛུལ་ན་དབང་ཐོབ་ཟེར། གཞན་ཡང་དམྱལ་བའི་ཟམ་པ་ཞེས་འགྲོ་སྐྱོད་དཀའ་བ་དང་། རང་བྱུང་མཆོད་རྟེན། མཐོང་སྒྲོལ་མཆོད་རྟེན། བྱ་རུང་ཁ་ཤོར། ཤེལ་གྱི་ཀ་བ་ཞེས་སོགས་ཡོད་པས་དེར་སྨོན་ལམ་བཏབ་ཚད་འགྲུབ་ཅེས་གསུངས། དེའི་བྱང་ངོས་སུ་བདེ་ཆེན་གསང་བའི་ཕུག་ལ་ཡེ་ཤེས་མཚོ་རྒྱལ་ལོ་གསུམ་ཕྱོགས་གསུམ་སྐུ་མཚམས་ལ་བཞུགས་ས་ཡིན་གསུངས།

[page 23]

སྟེང་གི་འཕྱི་ཕིག་བྲག་ཕུག་ལ་རྟ་མགྲིན་གྱི་དབང་ཞུ་ས་དང་ཞི་ཁྲོའི་ལྷ་ཚོགས་ཀྱི་རང་བྱོན་སོགས་ཡོད། གུ་རུ་རིན་པོ་ཆེ་རྫོང་སྐུ་འབུམ་དུ་སྒྲུབ་པ་བཀྱོན་སྐབས་ཙ་རིའི་གནས་བདག་ཞིང་སྐྱོང་ཆེན་པོ་ཉེར་བརྒྱད་ཞལ་གཟིགས་པས་གནས་འདི་ཐེངས་གསུམ་མཇལ་ན་ཙ་རི་བསྐོར་བ་དང་ཁྱད་མེད་ཅེས་ཀྱང་གསུངས།

གྲ་ཐང་དགོན།

མཚན་གཞན་ལ་“ལྔ་ལྡན་གྲྭ་ཚང་”ཞེས་ཞུ། སྒྲགས་གྲུ་ཁ་ནས་ནས་སྤྱི་ལེ་བཅུ་ཙམ་སྣུམ་ནག་འཁོར་ལམ་དེད་ནས་ཤར་དུ་སོང་ན་ད་ལྟའི་གྲ་ནང་རྫོང་དུ་འབྱོར་བས། གྲ་ནང་རྫོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། གྲ་ཐང་ཞེས་པ་ནི་“ཤིང་གྲ་མ་སྐྱེས་པའི་གྲ་དང་། བཀའ་ཐང་ལ་འཁོད་པས་ཐང་”ཞེས་པ་ལས་གྲ་ཐང་ཞེས་པའི་མཚན་དེ་ལྟར་བྱུང་། དགོན་དེ་ནི་གཏེར་སྟོན་བརྒྱ་རྩའི་ནང་ཚན་གྲྭ་པ་མངོན་ཤེས་ཀྱིས་༡༠༨༡ལོར་རྨང་བཏིང་གསུངས། གྲྭ་པ་མངོན་ཤེས་ནི་༡༠༡༢ལོར་གྲ་ནང་སྐྱིད་རུ་ཞེས་པར་སྐུ་འཁྲུངས། མར་པ་ལོ་ཙཱ་འཁྲུངས་པ་དང་དུས་མཉམ། གྲ་ནང་སྐྱེས་བུ་བཅུ་གསུམ་གྱི་ཡ་གྱལ་ཡང་ཡིན། ཀུན་དགའ་བོའམ་བེེ་རོ་ཙ་ནའི་རྣམ་སྤྲུལ་ཡིན་ཞེས་ཞུ། གང་དེས་གནས་བཞི་བརྒྱ་རྩ་བརྒྱད་བཞེངས་དོན་ནི་སྡིགས་སྦྱོངས་སུ་སྣ་ཤུད་ཀྱི་སོ་མཚམས་སུ་ཟན་ཡངས་མི་འགྱུར་ལྷུན་གྲུབ་ལ་དཔེ་བྱས་པའི་གྲྭ་ཐང་དང་། སྤྱན་གཡས། སྐྱིད་རུ། ཀུན་དགའ་རྭ་གཉེར་ཁང་། ཁོང་པོ། དགྲ་བརྒྱ་སོགས་གནས་བཞི་བརྒྱ་རྩ་བརྒྱད་བཞེངས་ཞེས་དང་། ཡང་གསུང་སྲོལ་གཞན་ལ་གྲ་པ་མངོན་ཤེས་བསམ་ཡས་མཆིམས་ཕུའི་གེ་གོང་དུ་ཞང་བློན་སྒྲུབ་ཅིང་བཞུགས་པའི་དུས་ཨོ་རྒྱན་གྱི་ལུང་བསྟན་དུ། “ཁྱེད་ནི་སྐལ་པ་ལྡན། ཁྱེད་ཀྱིས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་དགོས་”ཞེས་བྱུང་བར། “ང་ཡིས་ལྷ་ཁང་བརྒྱ་རྩ་བརྒྱད་ལས་གཅིག་ཀྱང་འགྲུབ་དཀའ་”ཞུས་པར། “དཀའ་བ་མེད། ཁྱེད་འདི་ནས་བསམ་ཡས་སུ་དཔེ་ཧར་དཀོར་མཛོད་གླིང་གི་ཀ་པ་སེང་གདོང་ཅན་གྱི་འོག་ན་ཛམ་བྷ་[page 24] ལ་དམར་པོའི་ནོར་སྒྲུབ་ཡོད་པས་དེ་གཏེར་ནས་ལོངས་ཤིག་”ཅེས་ལུང་བསྟན་བྱུང་བ་ལྟར་ནོར་གཏེར་བླངས་ནས་གནས་དེ་དག་བཏབ་ཅེས་ཀྱང་གསུངས་སྲོལ་ཡོད། དགོན་དེ་ནི་བསམ་ཡས་ལས་ཁྱད་དུ་འཕགས་པ་ཞིག་ཡོད་པས་ལྔ་ལྡན་གྲྭ་ཚང་ཞེས་ཞུ་དོན་ནི། ཁོར་ས་དང་པོ་བསམ་ཡས་ལས་གཞུ་འདོམ་གང་གིས་རྒྱ་ཆེ་བ་གཅིག་ ཁོར་ས་བར་མའི་སྟེང་སངས་རྒྱས་སྟོང་གི་ལྡེབས་རིས་ཡོད་པས་གཉིས། སྟེང་མཆོག་ཟ་མཆོག རྒྱལ་པོ་ར་ཧུ་ལར་གཉེར་གཏད་པས་གསུམ། བར་ཐོག་རྒྱལ་པོ་ཤིང་བྱ་ཅན་ལ་གཉེར་གཏད་པས་བཞི། འོག་ཐོག་ཀླུ་རྒྱལ་མལ་གྲོ་གཟི་ཅན་ལ་གཉེར་གཏད་པ་དང་སྤྱིའི་བཀའ་སྲུང་ཞང་བློན་རྡོ་རྗེ་བདུད་འདུལ་ཡིན་པས་ལྔ་བཅས་ཀྱིས་ལྔ་ལྡན་གྲྭ་ཚང་ཞེས་པའི་མཚན་དེ་ལྟར་བྱུང་། དབུ་རྩེ་ནི་ལུགས་གསུམ་ཅན་བསམ་ཡས་དང་འདྲ་ལ། དེ་འབྲེལ་གྱི་རྟེན་སྐུ་ཁྱད་དུ་འཕགས་པ་བཞུགས་པ་ལས་ཇུན་གར་དམག་དུས་གསུང་འབྱོན་པའི་རྡོ་རྗེ་འཆང་གི་སྐུ་བརྙན་“ཨ་ཚ་”མ་ཞེས་པ་སོགས་ཇི་སྙེད་ཡོད། དགོན་དེ་ཐོག་མར་རྙིང་དགོན་ཡིན་པ་ལ་རྒྱལ་མཆོག་ལྔ་པས་མཚན་དོན་གྲུབ་རྡོ་རྗེ་ཞེས་གསོལ་བའི་དགོན་དེའི་མཁན་པོ་ཀུན་དགའ་མཁྱེན་རྩེ་ཕུན་ཚོགས་ཀྱི་དུས་སུ་ས་ལུགས་ཕྱག་བཞེས་གནང་།

ད་ལྟ་སྔོན་གྱི་འདུ་ཁང་ཉམས་གསོ་ཞུས་པའི་ནང་སྔ་བར་ཕྱིས་གསུམ་གྱི་རྩ་ཆེའི་ལྡེབས་རིས་མཇལ་རྒྱུ་ཡོད་ལ། གསར་བཞེངས་སྟོན་པའི་སྐུ་བརྙན་དང་། གྲྭ་པ་མངོན་ཤེས་སོགས་ཀྱི་སྐུ་བརྙན་ཡང་མཇལ་རྒྱུ་ཡོད།

བྱམས་པ་གླིང་།

གྲ་ཐང་དགོན་ནས་ཤར་གྱི་རི་ཁུག་ཏུ་བྱམས་པ་གླིང་ཞོལ་གྲོང་བརྒྱུད་སྤྱི་ལེ་གཉིས་ཙམ་འཁོར་ལམ་དེད་ཕྱིན་ན་དགོན་དེར་སླེབས། དགོན་དེ་ནི་ཐོག་མར་ཐུ་མི་སམ་བྷོ་ཊ་ནས་གདུང་རབས་བཅུ་གཉིས་པ་དྲུང་ཆེན་ཚུལ་ཁྲིམས་རྒྱལ་མཚན་ལ་སྲས་གཉིས་བྱུང་བའི་གཅེན་དགེ་བསྙེན་ལྷུན་གྲུབ་བཀྲ་ཤིས་ཀྱིས་བཏབ། སྲས་གཉིས་པ་བྱམས་གླིང་པ་བསོད་ནམས་རྣམ་[page 25] རྒྱལ་དང་། ལོ་ཆེན་བསོད་ནམས་རྒྱ་མཚོས་མཆོད་རྟེན་བཞེངས། བོད་དུ་ཆོས་འཁོར་མཆོད་རྟེན་ཡོད་ཚད་ཀྱི་ནང་ནས་ཁྱད་དུ་འཕགས་པ་ཡིན་ཞེས་གསུངས། ཆོས་འཁོར་གྲྭ་ཚང་དང་། མཁར་གྲྭ་ཚང་། ཆོས་པའི་གྲྭ་ཚང་། ཀླུ་སྡེང་གྲྭ་ཚང་བཅས་གྲྭ་ཚང་ལྔ་ལས་གྲུབ་པའི་མདོ་སྔགས་ཀྱི་མཛད་པ་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་ཆིག་སྟོང་ལ་ཉེ་བ་བྱུང་ཞེས་གསུངས། དེ་ནས་དུས་རབས་བཅོ་ལྔ་ཙམ་ན་རྗེ་རིན་པོ་ཆེའི་དངོས་སློབ་པཎ་ཆེན་བསོད་ནམས་རྣམ་རྒྱལ་དགོན་དེར་བྱོན་ཏེ་གྲྭ་ཚང་ལྔ་པོ་གཅིག་ཏུ་སྒྲིལ། མཆོད་རྟེན་བཀྲ་ཤིས་སྒོ་མང་ཐོག་སོ་བཅུ་བདུན་ཅན་ལ་ཉམས་གསོ་མཛད། དེ་རྗེས་སྐྱབས་རྗེ་འབུམ་དོད་རིན་པོ་ཆེས་མཆོད་རྟེན་ལ་ཉམས་གསོ་རྒྱ་ཆེ་གནང་། ཀུན་གླིང་ཚ་ཤག་སྐུ་ངོ་བསྟན་པ་བསོད་ནམས་ཞུ་བ་བྱམས་གླིང་བླ་བྲང་བཟུང་གནང་སྐབས་མཆོད་རྟེན་ལ་ཟངས་ཀྱི་ཝ་མདོང་བཙུགས་ནས་ཆར་ཆུས་མི་གནོད་པ་བྱས། མཆོད་རྟེན་ནི་བལ་ཡུལ་མཆོད་རྟེན་བྱ་རུ་ཁ་ཤོར་ལ་དཔེ་བྱས་པ་ཡིན་ཟེར། སྔོན་ལོ་ལྟར་བོད་ཟླ་ཚེས་1ནས་7བར་བྱམས་གླིང་ཚོང་འདུས་ཞེས་བལ་བོད་འབྲུག་གསུམ་འཛོམས་སྲོལ་ཡོད། བལ་པོའི་ཚོང་པས་མཆོད་རྟེན་གྱི་རྩེ་ནས་རས་ཀ་ཅི་སློངས་ཀྱི་རེད། ཀ་ཅི་ཇི་ཙམ་རིང་བ་དེ་ཙམ་གྱིས་ཚོང་ལེགས་པའི་རྟགས་ཡིན་ཞེས་ཀྱང་ཟེར།

ད་ལྟ་བྱམས་ཁང་གསར་བཞེངས་གནང་བའི་ནང་སྔོན་གྱི་རྟེན་ཙན་དན་གྱི་བྱམས་པ་ཁྲུ་གང་པ་ཅན། གསར་བཞེངས་སྨན་འདམ་གྱི་བྱམས་པ་ཐོག་སོ་གསུམ་ལྡན། པཎ་ཆེན་བསོད་ནམས་རྣམ་རྒྱལ་གྱི་སྐུ་དམར་གདུང་གི་ལྷུ་ཚིགས་བཞུགས་པའི་སྨན་འདམ་གྱི་འདྲ་སྐུ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད། སེམས་ཉིད་བྱམས་པ་ཞེས་སྐུ་འདྲ་རྩ་ཆེན་ཞིག་སྔོན་དུས་འགྱུར་གོང་བོར་བརླགས་སོང་བ་ད་ལྟ་འབྲུག་ཡུལ་དུ་ཡོད་སྐད་བཅས་སོ།།

རི་བོ་རྣམ་རྒྱལ།

མཚན་བསྡུས་པར་“རི་རྣམ་དགོན་”ཞེས་ཞུ།[page 26] བྱམས་གླིང་ཞོལ་ནས་ཕུ་རུ་སྤྱི་ལེ་དྲུག་ཙམ་འཁོར་ལམ་དེད་ནས་ལྕིའུ་སྨད་དམ་ཇོ་སྨད་གྲོང་བརྒྱུད་སོང་ན་ཤར་གྱི་རི་སྟེང་ནས་དགོན་དེ་མཇལ། ལྕིའུ་སྨད་ཅེས་པ་ནི་སྔོན་ཇོ་བོ་སྤུན་གསུམ་བསམ་ཡས་སུ་ཕེབས་མཁན་ཡིན་པ་ལ་ས་དེར་ཞག་གཅིག་བཞུགས། ཕྱི་ཉིན་ཇོ་བོ་གཉིས་བསམ་ཡས་སུ་ཕེབས། གཅིག་གིས་ང་འདིར་སྡོད་ཀྱི་ཡིན་གསུངས་ནས་ཇོ་སྨད་དང་ཇོ་སྟོད་ཅེས་པའི་མིང་བྱུང་བའི་ཟུར་ལས་ད་ལྟའི་“ལྕིའུ་སྨད་”ཅེས་པའི་སྒྲ་དེ་བྱུང་ཟེར། རི་བོ་རྣམ་རྒྱལ་ནི་རྗེ་ཙོང་ཁ་པའི་དངོས་སློབ་པཎ་ཆེན་དགེ་འདུན་རྒྱལ་པོས་ཕྱག་བཏབ་གནང་མཛད། རི་བོ་རྣམ་རྒྱལ་དང་། རི་བོ་ཆོས་གླིང་། རི་བོ་བདེ་ཆེན་བཅས་བགྲེས་གཞོན་གསུམ་གྱིས་དགོན་རེ་བཏབ་གནང་བ་ཟེར། ཐོག་མ་ནས་མདོ་སྔགས་གཉིས་ཀ་ཕྱག་བཞེས་མཛད་པའི་དགེ་ལྡན་པའི་དགོན་པ་ཡིན། དགེ་འདུན་ཞལ་གྲངས་ལྔ་བཅུ་སྐོར་ཡོད། སྔོན་དགོན་དེར་རྟེན་གསུམ་ཇི་སྙེད་ཡོད་པ་ལས་གཙོ་སྐུ་ཇོ་བོ་མི་འགྱུར་རྡོ་རྗེ་ཞེས་ཇུན་གར་བས་འཇོར་ཞུས་རྗེས་རིམ་བཞིན་གསོས་པ་ཞིག་དང་བཀའ་གདམས་མཆོད་རྟེན་མི་ཚད་ལ་ཟིན་ཙམ་གསུམ་སོགས་ཡོད།

ད་ལྟ་ཇོ་ཁང་ཉམས་གསོ་གནང་བའི་ནང་གསར་བཞེངས་ཇོ་བོའི་ཐུགས་ཀར་སྔོན་གྱི་གཟུངས་རང་འཇགས་ཕུལ་བ་ཞིག་དང་། བཀའ་གདམས་མཆོད་རྟེན་གཅིག་གི་ཆོས་འཁོར་དང་པད་མ་ཉམས་གསོ་གནང་བ་སོགས་མཇལ་རྒྱུ་ཡོད།

དགའ་ཚལ་སྦུག

ལྕིའུ་སྨད་གྲོང་ནས་ཕུ་རུ་སྤྱི་ལེ་གསུམ་ཙམ་འཁོར་ལམ་སྤྱིར་བཏང་བ་དེད་སོང་ན་རྒྱལ་གླིང་གྲོང་དུ་འབྱོར་ཞིང་། གྲོང་དེའི་དབུས་རྒྱལ་གླིང་དགོན་རྙིང་ཉམས་གསོ་མ་བྱུང་བ་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེ་གྲ་ནང་སྐྱེས་བུ་བཅུ་གསུམ་གྱི་ཡ་གྱལ་རྒྱལ་བ་ཡར་རྒྱབ་པའི་ཕ་གཞིས་ཡིན་པས་རྒྱལ་གླིང་ཞེས་དང་། དེ་ཁ་ཆེ་པཎ་ཆེན་ནམ་དངོས་སློབ་མཁན་ཆེན་[page 27] བྱང་ཆུབ་དཔལ་བ་ལ་ཕུལ་བས་ཁ་ཆེ་པཎ་ཆེན་གྱིས་གྲ་ནང་རྒྱལ་གླིང་ཚོགས་པ། གྲ་ཕྱི་ཚོང་འདུས་ཚོགས་པ། སྣེ་གདོང་རྩེ་ཚོགས་པ། གཙང་གི་ཆོས་ལུང་ཚོགས་པ་བཅས་ཚོགས་པ་སྡེ་བཞི་བཏབ་པའི་ཡ་གྱལ་རྒྱལ་གླིང་ཚོགས་པ་ནི་དུས་རབས་བཅུ་གསུམ་པའི་དུས་འགོར་ཕྱག་བཏབ་གནང་མཛད། སྔོན་ནང་རྟེན་ཇི་སྙེད་ཅིག་ཡོད་པ་ལས་ཆོས་དུང་འཛམ་གླིང་སྒྲ་དབྱངས་ཀྱི་སྟེང་དུ་མུན་ནག་ནང་མེ་འོད་ལྷམ་མེར་འཕྲོ་བའི་གཡུ་ཞིག་ཡོད་པ་དེའང་ཡར་རྒྱབ་པའི་བླ་གཡུ་ཡིན་ཞེས་བརྗོད། གཞན་ཡང་རྫ་མཁན་ལྟག་ཁུང་ཉི་ཤར་གྱིས་བཞེངས་པའི་ཁ་ཆེ་པཎ་ཆེན་གྱི་འདྲ་སྐུ་དང་། འཇང་རྙིང་མ་ཞེས་པའི་ཞལ་ཐང་སོགས་ཡོད། ད་ལྟ་དགོན་དེ་ཉམས་གསོ་མ་འགྲུབ་པས་དེ་ནས་བྱང་ཤར་མཚམས་སུ་སྤྱི་ལེ་གཅིག་ཙམ་སོང་ན་དགའ་ཚལ་སྦུག་ཏུ་འབྱོར། དགའ་ཚལ་སྦུག་ནི་གནས་བརྟན་དཔའ་བོ་སྐུ་ཕྲེང་དང་པོ་རྒྱལ་གླིང་ཚོགས་པའི་གཞུང་ཆེན་བཅུ་གསུམ་བཤད་ཁྲིད་གནང་ཡུལ་དུ་ཕྱག་བཏབ། ཐོག་མར་ཁ་ཆེ་པཎ་ཆེན་གྱི་ལུགས་ཏེ་འདུལ་བའི་ལུགས་ཁོ་ན་འཛིན་པ་ལ། རིམ་བཞིན་ཆོས་ལུགས་རིས་མེད་ཕྱག་ལེན་མཛད་པས་མ་ཚད་ཡི་གེ་འབྲི་སྦྱོང་ནས་དབུ་བཙུགས་བཅུ་ཕྲག་རིག་པའི་གནས་ཀུན་གསན་སྦྱང་གནང་སྲོལ་ཡོད་པར་གྲགས།

ད་ལྟ་དགའ་ཚལ་སྦུག་འདུ་ཁང་གསར་བཞེངས་གནང་བའི་ནང་ཁ་ཆེ་པན་ཆེན་གྱི་རྫ་སྐུ་བྱིན་ཅན་དང་། གསར་བཞེངས་མཁན་སློབ་ཆོས་གསུམ་གྱི་སྣང་བརྙན་སོགས་མཇལ་རྒྱུ་ཡོད། ཁ་ཆེ་པཎ་ཆེན་གྱི་རྫ་སྐུ་ནི་རྫ་མཁན་ལྟག་ཁུང་ཉི་ཤར་གྱིས་བཞེངས་པ་ཡིན་ཟེར། ལྟག་ཁུང་ཉི་ཤར་ཞེས་པ་ཞོགས་པར་རང་ཁྱིམ་ནས་རྟག་ཏུ་པཎ་ཆེན་གྱི་མདུན་དུ་ཆོས་ཞུ་བར་འོང་བས་ལྟག་ཁུང་ལ་ཉི་མ་ཤར་བ་དང་། དགོང་དྲོ་ཉི་མ་ནུབ་རིར་བཞུད་པའི་སྐབས་རང་ཁྱིམ་དུ་ལོག་འགྲོ་སྐབས་ལྟག་ཁུང་ལ་ཉི་མ་ཤར་བས་ལྟག་ཁུང་ཉི་ཤར་ཞེས་པ་དེ་ལྟར་ཐོགས། རྫ་མཁན་པཎ་ཆེན་ལ་དད་གུས་ཆེ་བས་པཎ་ཆེན་གྱི་འདྲ་སྐུ་བདུན་བཞེངས་པའི་གྲབས་བྱས་ཏེ་བཞུགས་ཁྲི་བཟོས། འོན་ཀྱང་སྐུ་བཞེངས་མི་ཤེས་[page 28] པས་ཁྲི་རེའི་སྟེང་དུ་འདམ་བག་རྡོག་རེ་བཞག་སྟེ་གཉིད་དུ་ཡུར་བ་གཉིད་ལས་སད་སྐབས་ཁྲི་རེའི་སྟེང་དུ་སྐུ་བྱོན་ལེགས་རེ་རང་བཞིན་དུ་ཕེབས་ཞེས་ཟེར། རྫ་སྐུ་དེ་རྣམས་ལས་ས་སྟེང་། ས་འོག་ ས་བླ་གསུམ་ལ་རེ་རེ་དང་། ཚོགས་པ་བདེ་བཞིར་སྐུ་རེ་ཡོད་པ་ལས་ད་ལྟ་རྒྱལ་གླིང་དགའ་ཚལ་སྦུག་ཏུ་བཞུགས་པ་འདི་ཉིད་ལས་མཇལ་རྒྱུ་མེད་གསུངས།

སྟོད་གྲོང་དགོན།

རྒྱལ་གླིང་ཚོགས་པ་ནས་འཁོར་ལམ་བརྒྱུད་མུ་མཐུད་སྤྱི་ལེ་དྲུག་ཙམ་སོང་ན་བཀྲ་ཤིས་གླིང་གྲོང་དུ་འབྱོར་ཞིང་དེ་ནས་གྲོང་དེའི་བྱང་ངོས་རི་འདབས་སུ་སོང་ན་དགོན་དེ་ཡོད། དགོན་དེ་ནི་རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་འཁྲུངས་ཡུལ་ཡིན་ལ་གདན་ས་གཙོ་བོའང་ཡིན། རྒྱབ་རིའི་ལྡེབས་སུ་རྒྱལ་བ་ཀློང་ཆེན་པའི་སྒྲུབ་ཕུག་དང་། སྒྲུབ་ཆུ། དུར་ཁྲོད་སོགས་མཇལ་རྒྱུ་ཡོད། རྒྱལ་བ་ཀློང་ཆེན་པ་ནི་སློབ་དཔོན་པད་འབྱུང་གི་དངོས་སློབ་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་རབ་ལས་མཆེད་པ་སློབ་དཔོན་བསྟན་པ་སྲུང་དང་། ཡུལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདུང་ལས་མཆེད་པ་འབྲོམ་བཟའ་མ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་༡༣༠༨ལོར་སྐུ་འཁྲུངས། ཀུན་མཁྱེན་འཁྲུངས་རྗེས་དམར་འབྱར་དུས་ཡུམ་གྱིས་ཞིང་གི་མུ་ཁར་བཞག་སྟེ་ཞིང་ལས་གནང་བཞིན་པའི་སྐབས་གློ་བུར་དུ་ཆར་པ་ཆེན་པོ་རིག་བབས་པས་མ་གཟའ་དམ་གསུམ་གྱིས་ཀུན་མཁྱེན་ཁྱིམ་དུ་གདན་དྲངས། ཡུམ་གྱིས་བུ་ལེན་དུ་འགྲོ་སྐབས་བཞུགས་མེད་པས་ཁྱིམ་དུ་ཕེབས་པས་ཀུན་མཁྱེན་ཁྱིམ་དུ་གདན་དྲངས་ཡོད་པ་དང་། ལྷ་མོ་ཨེར་ཀ་རྫ་ཏིས་ཡུམ་ལ་བཀའ་བཀྱོན་ཡང་གནང་། དེ་ནས་སྐུ་ན་རིམ་སོན་ཀུན་མཁྱེན་དུ་ངོས་འཛིན་ཞུས། མཛད་འཕྲིན་ཤིན་ཏུ་རྒྱས། མཚན་སྙན་ཡངས་པའི་ཁྱོན་ལ་ཁྱབ། བོད་གངས་ཅན་གྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོས། ས་པཎ་ཀུན་དགའ་རྒྱལ་མཚན་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། རྒྱལ་བ་བློ་བཟང་གྲགས་པ་[page 29] བཅས་གསུམ་ནི་གངས་ཅན་གྱི་“འཇམ་དབྱངས་རྣམ་གསུམ་”ཡིན་ཞེས་གསུངས།

ད་ལྟ་གསར་བཞེངས་འདུ་ཁང་ནང་ཀུན་མཁྱེན་ཀློང་ཆེན་པ་དང་ཆོས་སྐུ་ཀུན་བཟང་། རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱི་འདྲ་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་རིའི་སྟོད་ལུང་གནས་ནང་གི་དགོན་ལག་ཀརྨ་བཀའ་བརྒྱུད་པའི་ཇོ་དགོན་ཞིག་ཀྱང་མཇལ་རྒྱུ་ཡོད།

ཨོ་རྒྱན་གླིང་།

མཚན་རྒྱས་པར་“གྲ་སྟོད་ཡར་རྗེ་ཨོ་རྒྱན་གླིང་”ཞེས་ཞུ། སྟོད་གྲོང་ནས་ལྷོ་ངོས་སུ་སྤྱི་ལེ་གཉིས་གསུམ་ཙམ་སོང་ན་ཡར་རྗེ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད།“ཡར་”ཞེས་པ་ནི་སྟོད་ཀྱི་དོན་དང་དེར་འཁྲུངས་པའི་རྗེ་ཨོ་རྒྱན་གླིང་པས་ཡར་རྗེ་ཞེས་པའི་མིང་དེ་ལྟར་བྱུང་། ལྷ་སྲས་དོན་གྲུབ་རྒྱལ་པོའི་སྐྱེ་བ་བདུན་པ་ཡར་རྗེ་ཨོ་རྒྱན་གླིང་པ་དེ་ཉིད་༡༣༢༣ལོར་སྔགས་རྒྱུད་ཁྱད་པར་ཅན་དུ་སྐུ་འཁྲུངས། སྐུ་ཆུང་དུས་ནས་མཐུ་དང་སྨན་རྩིས་སོགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ་ཤེལ་བྲག་གི་རྒྱབ་ཕྱོགས་བྲག་པད་མ་བརྩེགས་པའི་ཤེལ་ཕུག་ནས་ཟབ་གཏེར་གྱི་མཛོད་བཞེས། དེ་ནས་ཁྲ་འབྲུག་ཁུལ་དུ་བཀའ་འདུས་ཀྱི་དབང་གནང་སྐབས་ལུང་བསྟན་གྱི་ཚིག་ཟུར་གྱི་རྐྱེན་པས་སྣེའུ་གདོང་བྱང་ཆུབ་རྒྱལ་མཚན་དང་ཐུགས་མི་མཐུན་པའི་ཚུལ་བྱས་ཨེ་བརྒྱུད་དྭགས་པོར་ཕེབས་ཏེ་ཨེ་འདབས་བློ་ཆུང་བྱ་བར་སྐུ་གཤེགས། སྐུ་གདུང་དྭགས་པོས་སྤྱན་དྲངས། ཕྱིས་སྐུ་རབས་སྡེ་པ་ལས་ཅན་ཞིག་གིས་སྐྱེ་བདུན་མྱོང་གྲོལ་དུ་གྲགས་པ་ཤེས་ནས་སྐུ་ཤ་ཅུང་ཟད་ཞུད་ཅིང་ཉམས་པས་སྡེ་པ་ཉམས་འབར་ཏེ་ས་ལས་ཁྲུ་གང་ཙམ་གྱིས་འཕགས་ནས་སྐྱོང་ཐུབ་པ་སོགས་ཀྱི་སྙན་གྲགས་ཁྱབ་མཐར་སྐུ་གདུང་སྣེ་གདོང་བན་ཚང་དུ་བཞུགས་སྐོར་གཤམ་དུ་སྣེ་[page 30] གདོང་རྫོང་ཁོངས་བན་ཚང་གི་དཀར་ཆག་ཏུ་གཟིགས། ཡོངས་གྲགས་སུ་དགོན་དེ་ཨོ་རྒྱན་གླིང་པས་ཕྱག་བཏབ་གནང་ཞེས་ཀྱང་། ལ་ལས་མངའ་སྡེ་ཤེས་རབ་བཟང་པོས་ཕྱག་བཏབ་གནང་བ་ཡིན་ཞེས་ཀྱང་གསུངས། དགོན་དེའི་ཕྱི་བརྩིགས་སྔོན་གྱི་དེ་རང་ཡིན་པས་དེའང་ཟངས་མདོག་དཔལ་རིའི་དབྱིབས་ལྟར་མཚུངས་ཞེས་དང་ལྷ་ཁང་ཆུང་ཡང་སྐོར་ལམ་ཕྱི་ནང་བར་གསུམ་དུ་ཡོད། ལྷག་པར་དུ་ཨོ་རྒྱན་གླིང་པའི་ཤངས་ཁྲག་ལས་བཞེངས་པའི་གུ་རུ་པད་མ་སམ་བྷ་བ་དང་རྟ་མགྲིན་དྲག་པོ་ཚར་གཅོད་ཀྱི་ལྡེབས་རིས། གསར་བཞེངས་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་ཀར་སྔོན་གྱི་གཟུངས་རང་འཇགས་སུ་གསོལ་བ་སོགས་མཇལ་རྒྱུ་ཡོད།

དར་རྒྱས་ཆོས་གླིང་།

ཡར་རྗེ་ཨོ་རྒྱན་གླིང་ནས་ནུབ་ངོས་ཀྱི་རི་ལྡེབས་སུ་འཁོར་ལམ་མེད་སྟབས་རྐང་ཐང་མར་ཆུ་ཚོད་གཅིག་མ་ཟིན་ཙམ་འཛེགས་ན་དགོན་དེར་འབྱོར། དགོན་དེ་ནི་ཐོག་མར་དྲིན་ཆེན་སྣ་ཚོགས་རང་གྲོལ་གྱིས་ཕྱག་བཏབ་གནང་ནས་བླ་ཁག་བཞི་ཙམ་བྱུང་། ལྔ་པ་གཏེར་བདག་གླིང་པ་ནི། ཡབ་གནུབས་ཆེན་གྱི་ཡང་སྲིད་སྨྱོས་སྟོན་གསང་བདག་ཆེན་པོ་འཕྲིན་ལས་ལྷུན་གྲུབ་དང་། ཡུམ་ཤེལ་དཀར་རྡོ་རྗེ་འཚོའི་སྤྲུལ་པ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གཉིས་ལ་༡༦༥༤ལོར་སྐུ་བལྟམས། མཚན་ལེགས་པ་དོན་གྲུབ་ཏུ་གསོལ། སྐུ་གཞོན་ནུའི་དུས་ནས་མཁྱེན་དཔྱོད་ཡངས་པར་གྱུར། དགུང་པོ་བཅོ་ལྔ་པར་འབྲས་སྤུངས་སུ་ཕེབས་ནས་རྒྱལ་མཆོག་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་པར་སླར་ཡང་རྩེ་ཕོ་བྲང་དུ་ཕེབས་ནས་བསྙེན་རྫོགས་ཞུས། བླ་ཆེན་མང་པོ་ལས་དབང་ལུང་ཁྲིད་གསུམ་གསན། གཡའ་མ་ལུང་དང་ཤེལ་བྲག་སོགས་ནས་ཟབ་གཏེར་བཞེས་པའི་མཛད་འཕྲིན་བསྐྱངས། སླར་ཡང་གོང་ས་ལྔ་པའི་བཀའ་བཞིན་ཕོ་བྲང་པོ་ཏཱ་ལར་ཕེབས་ཏེ་གཏེར་རྫས་རྣམས་སྤྱན་སྔར་བསྟར་བས་ཤིན་ཏུ་དགྱེས་ཏེ་གཟེངས་བསྟོད་ཀྱང་ཆེན་པོ་མཛད། གྲ་ཕྱི་ཐར་པ་[page 31] གླིང་གི་བདག་ཐོབ་ཀྱང་གནང་བས་༡༦༧༦ལོར་རྨང་བཏིངས་པས་གཙུག་ལག་ཁང་ཀ་བ་བརྒྱད་ཅུ་གྱ་བཞི་ཐོག་རིམ་གསུམ་དང་བཅས་པ་སྨིན་གྲོལ་གླིང་དགོན་བཞེངས་གནང་མཛད་པས་བུ་དགོན་དེ་མ་དགོན་དུ་གྱུར།

ད་ལྟ་དར་རྒྱས་ཆོས་གླིང་འདུ་ཁང་གསར་བཞེངས་གནང་བའི་དབུས་སྨན་གདམ་གྱི་མཁན་སློབ་ཆོས་གསུམ། གཏེར་བདག་གླིང་པའི་སྐུ་བརྙན་སོགས་གསར་བཞེངས་གནང་བ་དང་། གཏེར་བདག་གླིང་པ་འཁྲུངས་རྗེས་ཀྱི་ལྷོ་བྲག་ལས་ཤིང་ཤུག་པ་ཞིག་འཁྲུངས་པའི་རྩ་བ་སོགས་མཇལ་རྒྱུ་ཡོད།

སྡིངས་པོ་ཆེ།

མཚན་རྒྱས་པར་“སྡིངས་ཆེ་དོན་གྲུབ་ཐོག་མེད་གླིང་”ཞེས་ཞུ། ཡར་རྗེ་ཨོ་རྒྱན་གླིང་ནས་འཁོར་ལམ་བརྒྱུད་སྤྱི་ལེ་ལྔ་ལྷག་ཙམ་མར་སོང་ན་བདེ་གླིང་གྲོང་དུ་འབྱོར། དེ་ནས་ནུབ་བྱང་མཚམས་ཀྱི་རི་ལྡེབས་སུ་རྐང་ཐང་མར་ཆུ་ཚོད་ཕྱེད་ཙམ་འཛེགས་ན་དགོན་དེར་སླེབས། ཐོག་མར་གནས་དེར་རྒྱལ་བ་རྒོད་ཚང་བའི་སློབ་མ་ཡང་དགོན་ཞུ་བའི་གདན་ས་ཞིག་ཡོད་པ་ལ། རྗེས་སུ་འབྲུག་པ་པད་མ་དཀར་པོའི་དངོས་སློབ་སེམས་དཔའ་རིན་ཆེན་དཔལ་བཟང་གིས་སྐུ་ཚེའི་སྟོད་ལ་ལྕོག་གུར་ཕུབས་ནས་སྒྲུབ་གྲྭ་བཙུགས། འདུལ་བའི་བཅའ་ཁྲིམས་ཤིན་ཏུ་དམ་པོ་ཡོད། སྐུ་ཚེའི་སྨད་ཆར་དགོན་དེ་ཕྱག་བཏབ་གནང་མཛད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ལྕོག་གྲྭ་ཞེས་པ་དེ་ཡིན་སྟབས་རིམ་བཞིན་བླ་མའི་མཚན་ལའང་ལྕོག་གྲྭ་རིན་པོ་ཆེ་ཞེས་ཞུ། སྐུ་ཕྲེང་བརྒྱད་པ་ངག་དབང་བསྟན་འཛིན་ཆོས་ཀྱི་སེང་གེས་བཤད་གྲྭའང་འཛུགས་གནང་མཛད།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་སྔོན་སྐུ་ཕྲེང་དང་པོས་ཀོང་པོར་བཞེངས་གནང་མཛད་པའི་གསེར་ཟངས་ཀྱི་རྒྱལ་བ་རྡོ་རྗེ་འཆང་གི་སྐུ་བརྙན་ཞིག་བར་སྐབས་ཉམས་ཆག་བྱུང་བ་ལ་ཉམས་གསོ་གནང་བ་ཞིག་དང་། གཞན་ཡང་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

[page 32]
སྙེ་མདོ་དགོན།

སྡིངས་པོ་ཆེ་ནས་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་བརྒྱད་ཙམ་མར་སོང་ན་པད་གྲོང་དུ་འབྱོར་ཞིང་། པད་གྲོང་ནས་སྤྱི་ལེ་དྲུག་བདུན་ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་ལུང་ཤུར་ནང་སོང་ན་དགོན་དེ་རི་གདོང་ཞིག་སྟེང་མཇལ་རྒྱུ་ཡོད། སྔོན་དགོན་དེར་རྡོ་རྙིང་དང་འདྲ་བ་ཞིག་ཡོད་སྟབས་རྙིང་རྡོ་དགོན་ཞེས་རྡོ་དེ་དུས་འགྱུར་མ་བྱུང་བར་དུ་མཇལ་རྒྱུ་ཡོད། ཕྱག་འདེབས་པ་པོ་ནི་གཏེར་བདག་གླིང་པ་ཡིན་ཞེས་སྨིན་གྲོལ་གླིང་གི་དགོན་ལག་ཡིན། ད་ལྟ་གསར་བཞེངས་འདུ་ཁང་ནང་གཏེར་བདག་གླིང་པའི་སྐུ་བརྙན་སོགས་རྟེན་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སྨིན་གྲོལ་གླིང་།

མཚན་རྒྱས་པར་“འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་”ཞེས་ཞུ། གྲ་ཐང་དགོན་ནས་ཤར་དུ་སྣུམ་ནག་འཁོར་ལམ་དེད་སྤྱི་ལེ་བཞི་ལྔ་ཙམ་སོང་ན་ཚོང་འདུས་གྲོང་དུ་འབྱོར། དེ་ནས་ནུབ་ངོས་རི་འགྲམ་ནས་འཁོར་ལམ་སྤྱིར་བཏང་བ་བརྒྱུད་ལྷོ་རུ་སྤྱི་ལེ་བརྒྱད་དགུ་ཙམ་སོང་ན་ཐར་པ་གླིང་གྲོང་དབུས་སུ་དགོན་དེ་ཆགས་ཡོད། དགོན་དེ་ནི་རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་། འཕྱོངས་རྒྱས་དཔལ་རི་བཅས་ལྷོ་ཁུལ་གྱི་རྙིང་དགོན་ཆེ་བ་གསུམ་གྱི་ཡ་གྱལ་ཡིན། ཐོག་མར་གནས་དེར་ཀླུ་མེད་ཚུལ་ཁྲིམས་ཤེས་རབ་ཀྱི་དགོན་པ་“ཐར་པ་གླིང་”ཞེས་པ་ཞིག་ཡོད་སྟབས་དེ་ཁུལ་གྱི་གྲོང་ལའང་ཐར་པ་གླིང་ཞེས་པའི་མིང་ཐོགས། དེ་རྗེས་རྒྱལ་དབང་ལྔ་པ་ཆེན་པོས་ཐར་པ་གླིང་གི་བདག་དབང་གཏེར་བདག་གླིང་པར་གནང་བས་༡༦༧༦ལོར་སྨིན་གླིང་དགོན་བཞེངས་འགོ་ཚུགས། གཙུག་ལག་ཁང་ཀ་བ་བརྒྱད་ཅུ་གྱ་བཞིའི་ཐོག་བརྩེགས་གསུམ་པའི་ཡང་སྟེང་གསར་ཟངས་ཀྱི་གཉྫི་ར་དང་། ལི་མ་ལྷ་ཁང་གི་ཡངས་སྟེང་གསེར་ཟངས་ཀྱི་རྒྱལ་མཚན་གཉིས། ཕྱི་རོལ་དུ་འཁོར་ས་བྲང་ཁང་དང་བཅས་ལེགས་པར་གྲུབ། གོང་ས་མཆོག་ནས་དངུལ་དཀར་གྱི་བདེ་གཤེགས་མཆོད་རྟེན་བརྒྱད་ཐོག་[page 33] རྩེགས་མའང་གསོལ་སྩལ་ཐོབ་པ་སོགས་རྟེན་གསུམ་ཁྱད་པར་ཅན་བཞུགས་སོ་གསོལ། ཐོག་མར་གྲྭ་གྲངས་བཞི་བཅུ་སྐོར་ནས་རིམ་བཞིན་སུམ་བརྒྱར་ཉེ་བ་བྱུང་། ༡༧༡༤ལོར་གཏེར་བདག་གླིང་པ་སྐུ་གཤེགས། ༡༧༡༧ལོར་ཇུན་གར་དམག་གིས་གསང་སྔགས་ཕོ་བྲང་མ་གཏོགས་ཡོངས་རྫོགས་བཤིགས། དེ་རྗེས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་དུས་སླར་ཡང་རྙིང་དགོན་ཐོར་ཞིག་སོང་རིགས་ཉམས་གསོ་དགོས་པའི་བཀའ་ཤོག་ལྟར་རིམ་བཞིན་སྔར་ལྟར་ཉམས་གསོ་གནང་། གཏེར་བདག་གླིང་པའི་སྐུ་མཆེད་ལོ་ཆེན་དྷརྨ་ཤྲཱིས་རིག་གནས་སྤྱི་ལ་མཛད་པ་རྒྱ་ཆེན་སྤེལ་གནང་མཛད་པ་སྤྱི། བྱེ་བྲག་སྒྲ། གསོ་རིག སྐར་རྩིས་སོགས་ལ་མཁས་པར་གྱུར་པའི་རྒྱུན་ལས་སྔོན་དགོན་དེར་རིག་གནས་ཀྱི་སློབ་གྲྭ་ཞིག་ཡོད་པ་ལ་ཕྱོགས་མཐའ་ཁག་ནས་སེར་སྐྱ་རིས་མེད་སློབ་གཉེར་དུ་ཕེབས་སྲོལ་ཡོད།

ད་ལྟ་ཉམས་གསོ་གནང་བའི་འདུ་ཁང་དང་གཙུག་ལག་ཁང་ནང་རྟེན་གཙོར་ཐུབ་དབང་མཐོང་གྲོལ་ཐོག་རྩེགས་གསུམ་ལྡན་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། གཏེར་བདག་གླིང་པས་གཏེར་ནས་བཞེས་པའི་ནང་རྟེན་ཁག་གཞན་ཡང་གསར་བཞེངས་སྐུ་འདྲ་མང་པོ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་རྒྱབ་རིར་བསམ་གཏན་རྩེ་དང་། འོད་གསལ་གླིང་། ཐེག་མཆོག་གླིང་སོགས་ཇོ་དགོན་ཁ་ཤས་ཀྱི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

ཚོང་འདུས་གྲྭ་ཚང།

མཚན་རྒྱས་པར་“མཁས་མང་བྱེ་བ་འདུས་པའི་རྫིང་བུ་‘རྗེ་རྫིང་ཚོགས་པ་’”ཞེས་ཞུ། སྨིན་གྲོལ་གླིང་ནས་མར་ལམ་སྤྱི་ལེ་བརྒྱད་དགུ་ཙམ་ཡོང་ན་སྣུམ་ནག་འཁོར་ལམ་གྱི་ལྷོ་ཟུར་ནས་ཚོང་འདུས་གྲོང་ཚོའི་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། སྔོན་དགོན་དེར་ལོ་ལྟར་བོད་ཟླ་༨ཚེས་༧ནས་ཉིན་གསུམ་ཙམ་ཚོང་འདུས་ཚོགས་པས་“ཚོང་འདུས་”ཞེས་པའི་མིང་དེ་ལྟར་བྱུང་། ཡང་ལ་ལས་ཚུར་འདུས་ཞེས་ཀྱང་ཟེར། དེའང་རྒྱལ་མཆོག་ལྔ་པ་[page 34] སྤྱན་སྙུན་ནས་ཞབས་རིམ་ཇི་ལྟར་བསྒྲུབས་ཀྱང་ཕན་འབྲས་མ་བྱུང་བར་མཐར་དགོན་དེའི་སྲུང་མ་བྱ་ཁྲི་སྤྱན་གཅིག་བསྟེན་ནས་སྙུན་གཞི་དྭངས་སྟབས་དེ་ནས་བཟུང་གཞུང་དགོན་མིན་ཡང་གྲ་ཕྱི་མདོ་སྒང་གི་མི་སེར་ཚང་མ་གཞུང་གི་བཀའ་ལྟར་དགོན་དེའི་ཁྲལ་བསྒྲུབ་དགོས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཚོགས་པ་སྡེ་བཞི་བཏབ་གནང་བའི་ཡ་གྱལ་ཡིན། དགེ་འདུན་ཞལ་གྲངས་དགུ་བཅུ་ལྷག་གིས་ས་སྐྱ་ངོར་ལུགས་ཕྱག་བཞེས་གནང་གི་ཡོད། ཁ་ཆེ་པཎ་ཆེན་གྱིས་ཚོགས་པ་བཞི་པོར་སྒྲོལ་མ་གསུང་འབྱོན་རེ་དང་། པཎ་ཆེན་གྱི་འདྲ་བརྙན་རྫ་སྐུ་རེ་གནང་བ་དགོན་འདི་ལའང་དུས་འགྱུར་མ་བྱུང་བར་དུ་མཇལ་རྒྱུ་ཡོད། ད་ལྟ་འདུ་ཁང་གཙོ་བོ་ཉམས་གསོ་ཐུབ་མེད་ཀྱང་ལྕོག་ཁང་ཉམས་གསོ་ཞུས་པའི་ནང་རྒྱལ་མཆོག་ལྔ་པའི་ཕྱག་བཟོ་བཀའ་ཡི་བློན་པོ་བྱ་ཁྲི་སྤྱན་གཅིག་གི་སྐུ་བརྙན་གསར་བཞེངས་དང་། རྟེན་གཙོ་ཐུབ་སྐུ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

བསམ་ཡས་དགོན།

མཚན་རྒྱས་པར་“བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་”ཞེས་ཞུ། གྲ་ཕྱི་ཚོང་འདུས་ཚོགས་པ་ནས་སྤྱི་ལེ་གསུམ་ལྷག་ཙམ་སྣུམ་ནག་འཁོར་ལོ་བརྒྱུད་ཤར་དུ་སོང་ན་འཁོར་ལམ་འོག་ཏུ་བསམ་ཡས་གྲུ་ཁ་ཡོད། དེ་ནས་གློག་གྲུར་བསྡད་དེ་ཆུ་ཚོད་གཉིས་ལྷག་སོང་མཚམས་ཟུར་མཁར་གྲུ་ཁར་འབྱོར། ཟུར་མཁར་གྲོང་སྣེ་རྫོགས་མཚམས་རི་འབུར་ཞིག་སྟེང་ནམ་མཁའ་ལྡིང་ཞེས་གུ་རུའི་ཞབས་རྗེས་ཡོད་པའི་ལྷ་ཁང་ཞིག་གི་རྗེས་ཤུལ་དང་། རྒྱལ་པོས་གུ་རུར་སྐུ་ཕྱག་མ་ཕུལ་བའི་མཐོལ་བཤགས་སུ་བཞེངས་པའི་རྡོ་ཡི་མཆོད་རྟེན་ལྔ་པོ་ཉམས་གསོ་ཞུས་པ་རྣམས་མཇལ་བཞིན་སྤྱི་ལེ་བཅུ་གསུམ་ཙམ་འཁོར་ལམ་བརྒྱུད་སོང་ན་བསམ་ཡས་གྲོང་དབུས་སུ་དགོན་དེ་ཆགས་པ་རྒྱང་རིང་ནས་མཇལ་ཐུབ། བསམ་ཡས་ཞེས་པ་ནི་ཐོག་མར་རྒྱལ་པོས་གཙུག་ལག་ཁང་དེ་ལྟ་བུ་ཞིག་བཞེངས་ཐུབ་པ་ཐུགས་སུ་མེད་ཀྱང་རྗེས་སུ་[page 35] གཞི་རྒྱ་ཆེན་པོ་དེ་ལྟ་བུ་ཞིག་འགྲུབ་སྟབས་རྒྱལ་པོའི་དགོངས་པ་ལས་ཡས་པས་“བསམ་ཡས་”ཞེས་པའི་མཚན་དེ་ལྟར་བྱུང་། དེའང་ཆོས་རྒྱལ་གྱིས་བློན་པོ་རྣམས་ལ་ཞང་པོ་རྒྱའི་ཡུལ་མཐོང་བའི་མཁར་ཞིག་བརྩིག་གམ་། ཧས་པོ་རི་ཟངས་ཀྱིས་བཏུམས་སམ། ཀ་ཅུ་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དགུ་བཅུ་བྱས་པ་དྲུས་སམ། ལྷ་ཁང་བྲེ་ཚད་གང་བརྩིག་པ་སོགས་གདམ་དུ་བཅུག་པས་བློན་པོ་འགོས་སོགས་ཀྱིས་ལྷ་ཁང་བྲེ་ཚད་ཙམ་ཞིག་བརྩིག་པར་ཞུས། རྒྱ་ཁྱོན་ནི་བཙན་པོའི་མདའ་རྒྱང་གང་གི་ཚད་ཡིན་གསུངས་ཏེ་སྤྱི་ལོའི་དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཁན་ཆེན་ཞི་བ་ཚོ་རྣམ་གཉིས་ཀྱིས་གཙུག་ལག་ཁང་དེ་བཞེངས་པ་ལ་ལྷ་སྲིན་སྡེ་བརྒྱད་ཀྱིས་བཞེངས་མ་བཅུག་སྟབས་སླར་ཡང་སློབ་དཔོན་པད་མ་འབྱུང་གནས་གདན་དྲངས་ཏེ་གཙུག་ལག་ཁང་མཎྜལ་ཚོམ་བུར་དཔེ་བྱས་འདྲ་ཞེས་པ་དེ་བཞེངས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་། མཁན་ཆེན་བྷོ་ཏི་སྭ་ཏོ། སློབ་དཔོན་པད་མ་འབྱུང་གནས་བཅས་མཁན་སློབ་ཆོས་གསུམ་ཞེས་པའང་དེ་ནས་བྱུང་། བོད་མི་བདུན་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་སྟེ་སད་མི་བདུན་ཞེས་སུ་གྲགས། དེ་ནས་བཟུང་གཙུག་ལག་ཁང་དེར་བསླབ་སྡོམ་སྲུང་བའི་དགེ་འདུན་ཡོད་པ་མ་ཟད་རྟེན་དང་བརྟེན་པ་བཅས་ཆ་ཡོངས་སུ་ཚང་བས་བོད་དུ་ནང་པ་སངས་རྒྱས་པའི་དགོན་པ་ཨང་དང་པོར་གྱུར། དགོན་དེའི་དབྱིབས་ནི་དབུ་རྩེ་རྩེགས་གསུམ་ཡོད་པ་ལ་བོད་ཆོས་ལ་དད་པ་རྣམས་དགའ་བ་སྐྱེ་བའི་ཕྱིར་འོག་ཁང་བོད་ལུགས། ཞང་པོ་རྒྱ་ཡིན་པས་བར་ཁང་རྒྱ་ནག་ལུགས། ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པས་སྟེང་ཁང་རྒྱ་གར་ལུགས། དེའི་ནང་ཆོས་རྒྱལ་གྱི་མནལ་ལམ་དུ་ལུང་བསྟན་བྱུང་བ་ལྟར་བསམ་ཡས་ཧས་པོ་རི་ནས་གདན་དྲངས་པའི་རྡོ་སྐུ་རང་བྱོན་མ་གཙོ་བོར་གྱུར་པའི་རྟེན་གསུམ་ཁྱད་དུ་འཕགས་པ་དག་བཞུགས། མཐའ་འཁོར་དུ་སྒོ་བཞི་ཡོད་པ་ནི་ཤར་སྒོ་འཇམ་དཔལ་གླིང་། ལྷོ་སྒོ་རྟ་མགྲིན་གླིང་། ནུབ་སྒོ་བྱམས་པ་གླིང་། བྱང་སྒོ་སེམས་སྐྱེད་གླིང་བཅས་དེ་དག་རེ་རེ་ལའང་ལྷ་[page 36] ཁང་རེ། ད་དུང་ལྕགས་རིའི་ཕྱི་ལའང་ཁམས་གསུམ་གཟའ་ཁང་གླིང་། དགེ་རྒྱས་ལི་མའི་གླིང་། བུ་ཚལ་གསེར་ཁང་གླིང་། ཕུན་ཚོགས་འོད་འབར་གླིང་། ཟིལ་གནོན་གླིང་། བདུད་རྩི་གླིང་། གསང་མཛོད་གླིང་སོགས་གཞི་རྒྱ་ཆེན་པོ་དེ་ལྟ་བུ་བྱུང་བ་ནི་བསྟན་པ་ཕྱི་དར་གྱི་སྐབས་ཀླུ་མེས་སོགས་ཀྱིས་ཆོས་འཆད་ཉན་ཤིན་ཏུ་དར་བ་དང་། ཇོ་བོ་ཨ་ཏི་ཤས་གནས་དེར་རྒྱུད་ཀྱི་པོ་ཏི་མང་པོ་གཟིགས། རྭ་ལོ་ཙཱ་བས་ཉམས་གསོ་རྒྱ་ཆེར་མཛད། ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་གྱིས་རབ་ཆུང་གྲྭ་ཚང་འཛུགས་གནང་མཛད། གཞན་ཡང་ས་དགེ། བཀའ་རྙིང་དང་བཅས་པའི་བླ་ཆེན་དང་དད་ལྡན་མང་པོ་ཉམས་གསོ་རིམ་པར་བྱས། ལྷག་ཏུ་རྒྱལ་བ་སྐལ་བཟང་རྒྱ་མཚོས་རང་གི་ཡབ་བསོད་ནམས་དར་རྒྱས་ངོ་མར་འགན་བསྐུར་ཏེ་ཉམས་གསོ་གནང་བ་དང་། དེ་བཞིན་དེ་མོ་རྒྱལ་ཐོག་དང་། རྟ་ཚག་རྒྱལ་ཐོག། རྭ་སྒྲེང་རྒྱལ་ཐོག་བཅས་ཀྱི་སྐབས་ལའང་ཉམས་གསོ་དང་རྒྱ་སྐྱེད་གནང་ཡོད། ད་ལྟ་ཉམས་གསོ་ཞུས་པའི་གཙུག་ལག་ཁང་ནང་ཇོ་བོ་བྱང་ཆུབ་ཆེན་པོའི་དབུ་ལ་ཉམས་ཆགས་བྱུང་བ་ལས་སྔོན་གྱི་དེ་རང་དང་དེར་གསར་བཞེངས་བྱང་ཆུབ་སེམས་དཔའ་བཅུ་ཡིས་བསྐོར་བ། ལྷ་སྲས་མུ་ཁྲི་བཙན་པོའི་དད་པའི་རྟེན་དུ་བཞེངས་པའི་གུ་རུ་ང་འདྲ་མ། དགེ་སློང་ནམ་མཁའི་སྙིང་པོའི་ཕྱག་བཟོ་བ་ཀོང་ལས་གྲུབ་པའི་གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་དང་། གཞན་ཡང་མཁན་ཆེན་ཞི་བ་འཚོའི་དབུ་ཐོད། གུ་རུ་རིན་པོ་ཆེས་གུང་ཐང་ལ་ལ་བཞག་གནང་བའི་ཞབས་རྗེས་གཡོན་མ། ལྷ་འདྲེ་བཀའ་ཐང་། སྟོད་ལུང་ལྷ་ཆུ་བཏོན་གནང་བའི་ཕྱག་འཁར། གུ་རུའི་དབུ་སྐྲ་ལིའུ་བདུན་བཞུགས་པའི་གཡུ་ཡི་གཟུ་འཛམ་གླིང་གཡས་བཞག ལོ་ཆེན་བེེ་རོ་ཙ་ན་དང་། པཎ་ཆེན་བི་མ་ལ་མི་ཏྲའི་ཕྱག་འཁར། ད་དུང་བསམ་ཡས་ལྕོག་ཏུ་གུ་རུའི་ཕྱག་བཟོ་སྲིན་བུའི་རྒྱལ་པོ་ནམ་མཁའ་མགྲིན་བཅུའི་པགས་པ་ལས་བཟོས་པའི་པེ་ཧར་རྒྱལ་པོའི་སྐུ་བརྙན། འཛམ་གླིང་སྲོག་བདག་གནོད་སྦྱིན་བྱེ་བ་འབུམ། སེང་འབག་སྨུག་ཆུང་སོགས་[page 37] རྟེན་རྙིང་དང་། གསར་བཞེངས་མཆོད་རྟེན་དཀར་དམར་སྔོ་ནག་སོགས་ཀྱང་མཇལ་རྒྱུ་ཡོད།

གཡའ་མ་ལུང་།

བསམ་ཡས་ནས་བྱང་ཤར་དུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཅོ་ལྔ་ཙམ་སོང་ན་གཡའ་རི་སྒང་གྲོང་འདབས་སུ་འབྱོར་ཞིང་། གཡའ་རི་སྒང་ཞེས་པ་ནི་གཡའ་མ་ལུང་གི་རི་འདིར་ཟངས་ཀྱི་གཡའ་འགོས་པ་ལྟར་ཡོད་པས་གཡའ་རི་དང་། དེའི་འདབས་ཀྱི་སྡིང་ཁར་གནས་པའི་གྲོང་ལ་གཡའ་རི་སྒང་ཞེས་ཐོགས། དེར་སྤང་གཤོངས་ཚེ་རིལ་ན་ག་ཞེས་པར་བཞུགས་ཁྲི་ཞིག་ཡོད་པ་རྒྱལ་བ་ལྔ་པའི་བཞུགས་ཁྲི་ཡིན་ཟེར། དེ་ནས་གྲོང་དེའི་མདུན་རིར་འཁོར་ལམ་མེད་སྟབས་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་ཙམ་འཛེགས་ན་གཡའ་མ་ལུང་རི་ཁྲོད་དུ་འབྱོར། རི་ཁྲོད་དེ་ནི་གུ་རུས་བསམ་ཡས་བཞེངས་གྲུབ་རྗེས་ཆོས་རྒྱལ་ཁྲི་སྲོང་གི་སྐུ་ཚེ་ཚེ་སྒྲུབ་མཛད་སྐབས་ཚེ་དཔག་མེད་ཞལ་གཟིགས། གནས་དེར་གཏེར་བདག་གླིང་པས་ཚེ་སྒྲུབ་ལོ་གཉིས་གནང་། རྒྱལ་བ་ལྔ་པས་ཀྱང་ཚེ་སྒྲུབ་གནང་སྟེ་ལོ་གཅིག་བཞུགས་པ་སོགས་བོད་ཀྱི་ཚེ་སྒྲུབ་གནང་སའི་སྒྲུབ་ཕུག་གཙོ་བོ་དེ་ཡིན་ཞིང་། ཚེ་དབང་ཚེ་སྒྲུབ་ཀྱི་ལུགས་ཀྱང་འདི་ནས་དར་བ་ཡིན་གསུངས། འོན་ཀྱང་གུ་རུས་ཚེ་དབང་འགྲུབ་རྗེས་བདུད་བློན་གྱིས་རྒྱལ་པོ་གདན་མ་དྲངས་སྟབས་གུ་རུ་ཐུགས་ཁྲོས་པའི་ཚུལ་གྱིས་ཚེ་རིལ་འོག་གི་ན་སྟེང་དུ་བཤོས་པས་ཚེ་རིལ་ན་ག་ཞེས་པའང་དེ་ལྟར་བྱུང་། ཡེ་ཤེས་མཚོ་རྒྱལ་གྱིས་གུ་རུར་སྙིགས་དུས་སེམས་ཅན་ལ་དད་པའི་རྟེན་ཞིག་ཡོད་པར་ཞུ་ཞུས་པས་སྒྲུབ་ཕུག་གི་འོག་ཙམ་ན་ཚེ་ཆུ་ཞིག་ཡོད་པ་དེ་གནང་བ་ཡིན་གསུངས། སྔོན་དེར་ཚེ་སྒྲུབ་གནང་མཁན་སྨིན་གྲོལ་གླིང་ནས་གྲྭ་པ་བརྒྱད། བསམ་ཡས་ནས་གཅིག་བཅས་རྒྱུན་བཞུགས་དང་། རྒྱུད་གྲྭ་སྟོད་སྨད་ནས་ལོ་ལྟར་རེས་མོས་ཀྱིས་ཚེ་སྒྲུབ་གནང་སྲོལ་ཡོད་པ་བཅས་དང་། ད་དུང་དེའི་གཡས་སུ་བེེ་རོར་ཡེ་ཤེས་ཀྱི་སྤྱན་འཁྲུངས་པའི་སྒྲུབ་ཕུག་དང་། རྗེ་འབངས་[page 38] ཉེར་ལྔའི་ཕུག་སོགས་ཡོད། དེ་ནས་བསམ་ཡས་སུ་མར་ཡོང་བའི་ལམ་བར་དུ་བྲག་དམར་བྲག་ཚང་ཞེས་པར་ཁྲི་སྲོང་གི་འཁྲུངས་ཁང་ཡོད།

Yamalung གཡའ་མ་ལུང
མཆིམས་ཕུ།

བསམ་ཡས་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་དགུ་ཙམ་བྱང་ཤར་ངོས་སུ་སོང་ན་མཆིམས་ཕུའི་རི་འདབས་སུ་འབྱོར། “མཆིམས་ཕུ་”ཞེས་པ་ནི་རི་དེའི་དབུ་རྩེར་གུ་རུའི་སྒྲུབ་ཕུག་ཕྱིང་པའི་གུར་འདྲ་བ་ཞིག་ཡོད་པ་ལ་“ཕྱིང་གུར་”ཞེས་པའི་སྒྲ་ལས་མཆིམས་ཕུ་ཞེས་པའི་སྒྲར་འགྱུར་གསུངས། མཆིམས་ཕུའི་རི་འདེབས་སུ་འཁོར་ལམ་མེད་པས་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་སོང་ན་རིག་འཛིན་འདུས་པའི་ཕྱག་བཞེས་གནང་ས་དབེན་རྩ་ཞེས་པའི་ཇོ་དགོན་དང་། དེ་ནས་རིམ་བཞིན་པད་མ་ཁ་ཕྱེ་བ་ལྟ་བུའི་སྒྲུབ་ཕུག་བརྒྱ་དང་བརྒྱད། ཆུ་མིག་བརྒྱ་དང་བརྒྱད། ཚོགས་གཞོང་བརྒྱ་དང་བརྒྱད། དུར་ཁྲོད་བརྒྱ་དང་བརྒྱད་བཅས་ཡོད་པ་ལས་གཙོ་བོའི་སྒྲུབ་ཕུག་བཞི་ནི་གསང་ཆེན་མེ་ཏོག་ཕུག ཀློང་ཆེན་ཕུག རྟ་མགྲིན་ཕུག མཚོ་རྒྱལ་ཕུག་བཅས་ཟངས་མདོག་དཔལ་རིའི་དབྱིབས་འདྲ་བའི་གཡས་གཡོན་དུ་ཡོད། དེ་ནས་བྲག་དམར་ཀིའུ་ཚང་དུ་སླེབས་པས་དེ་ནི་སྔོན་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ཁོངས་ཡིན། དེར་གུ་རུར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ཞལ་གཟིགས་ཐོབ། དེ་ནས་ཨོ་རྒྱན་རྩེར་ཨོ་རྒྱན་ཕུག་ནང་ལྷ་ལྕམ་པད་མ་སྲས་དགོངས་པ་རྫོགས་ས་ཡིན། གཞན་ཡང་མཚོ་རྒྱལ་གཟིམ་ཕུག ཨ་ཙ་ར་ས་ལེའི་བྲག་ཕུག དེའི་འོག་ཏུ་གུ་རུས་ཀླུ་དམ་ལ་བཏགས་སའི་སྒྲུབ་ཕུག ཀརྨ་པ་སྐུ་ཕྲེང་གསུམ་པའི་སྒྲུབ་ཕུག་ནང་གཏེར་ནས་བཞེས་པའི་མཆོད་རྟེན་སོགས་མཇལ་རྒྱུ་ཡོད།

གསང་སྔགས་ཆོས་འཁོར་གླིང་།

བསམ་ཡས་གྲུ་ཁ་ནས་སྤྱི་ལེ་ལྔ་ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་རྣམ་སྲས་གླིང་གཞིས་ཀར་སླེབས། [page 39] ཐོག་མར་ས་དེའི་མིང་ལ་མོན་འཁར་ཞེས་ཟེར་ཞིང་། དེ་རྗེས་རྣམ་སྲས་གླིང་གཞིས་ཀ་དེ་རྣམ་སྲས་ཀྱི་ཕོ་བྲང་ལ་དཔེ་བླངས་ནས་བསྐྲུན་སྟབས་རྣམ་སྲས་གླིང་ཞེས་ཐོགས། སྔོན་གཞིས་ཀ་དེར་རྣམ་སྲས་རྟ་བདག་བརྒྱད་ཀྱི་མཆོད་རྟེན་ཕྱི་རུ་བརྒྱད་དང་། ནང་དུ་བརྒྱད་ཡོད། ནང་གི་བརྒྱད་པོ་ནི་སྐུ་རྒྱུ་ཙན་དན་ལས་གྲུབ་ཅིང་སྒོ་ཁྱིམ་གསེར་གྱི་བབས་ལས་བརྒྱན་ཡོད་ཟེར། ད་ལྟ་ནང་རྟེན་དེ་དག་མེད་ཀྱང་གཞིས་ཀ་རྙིང་པ་འགྱིང་ངེར་གནས་ཡོད། དེ་ནས་ཤར་གྱི་རི་འབུར་སྟེང་དུ་སྤྱི་ལེ་གསུམ་ཙམ་སོངན་གསང་སྔགས་ཆོས་འཁོར་གླིང་དགོན་པར་འབྱོར་། དགོན་དེ་ནི་ཐོག་མར་སྤྱན་ལྔ་ལྷ་སྲིན་རལ་པས་ཕྱག་བཏབ་གནང་མཛད་ དེ་རྗེས་ཞྭ་དམར་སྐུ་ཐོག་བཅུ་གཅིག་པ་དཀོན་མཆོག་གར་དབང་རྒྱ་མཚོ་དང་། རྡོ་བྲག་པད་མ་འཕྲིན་ལས་རྣམ་སྲས་གླིང་གཞིས་ཀར་འཁྲུངས། རྗེ་གར་དབང་རྒྱ་མཚོས་དགོན་དེ་རྒྱ་སྐྱེད་གནང་། རྗེ་དེ་ཉིད་རྒྱལ་མཆོག་ལྔ་པའི་དུས་ལྷ་སར་ཆུ་བསྒྱུར་ཏེ་ཆུ་འགོག་ཞབས་རིམ་གནང་བར་ཕེབས་པར་མཛད་འཕྲིན་ཆེན་པོ་བྱུང་སྟེ་གྲ་ཕྱི་ཐང་གྲོང་གཞིས་ཀ་ཆོས་ཐེབས་སུ་གནང་སྐབས་དེ་བས་དར་རྒྱས་བྱུང་སྟེ་དགེ་འདུན་ཞལ་གྲངས་སུམ་ཅུ་སོ་ལྔ་ཙམ་ཟིན། སྔོན་རྟེན་གཙོར་དགོན་དེའི་རྒྱབ་རིར་མཁས་འགྲོ་ཡེ་ཤེས་མཚོ་རྒྱལ་བཞུགས་མྱོང་བའི་སྲེ་མོང་རི་ཇུན་གར་བས་གཏོར་རྗེས་དེའི་འོག་བྲག་རོང་ནས་བསྒྲུབས་པའི་ཀརྨ་པ་ཤྲཱིའི་སྐུ་རྡུལ་མི་བཞེས་པ་ཞིག་དང་བལ་བཟོས་པ་སོའི་སྒྲོལ་དཀར་གསུང་འབྱོན། འཇའ་ཁྲ་བཤེར་དཔངས་སོགས་དུས་འགྱུར་མ་བྱུང་བར་དུ་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། ཡང་དེའི་ལ་རྒྱབ་བྱིང་གི་ཕུར་ཨོ་དཀར་བྲག་ཅེས་གུ་རུའི་སྒྲུབ་ཕུག་ཡོད་པས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་གུ་རུ་སྲེ་མོང་ལ་སྤྲུལ་ཏེ་ཕེབས་འོང་གནང་གི་ཡོད་ཟེར།

[page 40]
སྣེ་གདོང་རྫོང་།

སྣེ་གདོང་ཞེས་པ་ནི་རི་གླང་ཆེན་ཉལ་བ་ལྟ་བུའི་སྣ་སྟེང་དུ་རྫོང་དེ་ཆགས་སྟབས་སྣེ་གདོང་ཞེས་སྔོན་གྱི་སྣེ་གདོང་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་སྣེ་གདོང་རྫོང་ཞེས་དང་། ད་ལྟའི་སྣེ་གདོང་རྫོང་ཆགས་ཡུལ་ཡང་སྔོན་སྣེ་གདོང་རྫོང་ཆགས་ཤུལ་གྱི་རི་གཤམ་དུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༢༢༡༣དང་། ས་ཞིང་མུའུ་ཁྲི་.རྩ་ཐང་མུའུ་ཁྲི་༡༨.ལྕང་གླིང་རྒྱ་ཁྱོན་མུའུ་ཁྲི་༣༨མི་འབོར་ཁྲི་.ས་བབས་དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༥༢༢དང་། མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༥༠༠༠ཙམ་གྱིས་མཐོ་བའི་རི་བོ་༡༡དང་། ཆེས་མཐོ་ཤོས་ཡར་ལྷ་ཤམ་པོ་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༦༦༤༧གྱིས་མཐོ་བའི་གངས་རི་ཡིན་ལ་ཡར་ཀླུངས་ཆུ་བོའི་འབྱུང་རྩའང་ཡིན། “ཡར་ཀླུངས་”ཞེས་པ་ནི་ཡར་ལྷ་ཤམ་པོའི་ཀླུངས་ཐང་དུ་ཆགས་པའི་ཡུལ་ལ་ཡར་ཀླུངས་ཞེས་ཡོངས་གྲགས་དང་། ཡང་གསུང་སྲོལ་གཞན་ལ། མུ་གེ་གནམ་ལ་ཡར་བས་ཡར་དང་། འབྲུ་རིགས་ས་ལ་བཏབ་པའི་ལུང་པ་“ཡར་ལུང་”ཞེས་ཀྱང་ཟེར།

བྱ་ས་ལྷ་ཁང་།

མཚན་རྒྱས་པར་“བྱ་ས་གསེར་གྱི་ལྷ་ཁང་”ཞེས་ཞུ། ཡར་ཀླུངས་གནས་གསུམ་གྱི་ནང་ཚན་ཞིག་ཡིན། རྣམ་སྲས་གླིང་ནས་སྣུམ་ནག་འཁོར་ལམ་བརྒྱུད་ཤར་དུ་སྤྱི་ལེ་ཉི་ཤུ་རྩ་ལྔ་ཙམ་སོང་ན་ལྷོ་ཁ་ཀྲོན་ཆུས་ཀྱི་ལྟེ་གནས་ཀྱི་སྣེ་ཟིན་མཚམས་ལམ་སྟེང་དུ་ལྷ་ཁང་དེ་ཡོད། “བྱ་ས་”ཞེས་པ་ནི་ལོ་ལྟར་བོད་དུ་ཁུ་བྱུག་ཐོག་མར་ཕེབས་ས་དེ་ཡིན་པས་བྱ་ས་ཞེས་ཟེར། སྔོན་སྡེ་པ་གཞུང་ནས་ལོ་ལྟར་དྲུང་སྐྱ་སེར་གཉིས་བཏང་ནས་བོད་ཟླ་༣ཚེས་༡༥ཉིན་གནས་དེར་སྦྱར་སྡོང་ཆེན་པོ་ཞིག་ཡོད་པའི་འོག་ཏུ་ཕྱེ་མར་སོགས་སྒྲིག་གཤོམ་གནང་[page 41] སྐབས་བྱ་ཐམས་ཅད་ས་ལ་བབས། དེ་ནས་ཁུ་བྱུག་གིས་ཕྱེ་མར་མཆོད་པ་སོགས་གནང་གི་ཡོད། ལྷ་ཁང་དེ་ནི་ཆོས་རྒྱལ་མངའ་བདག་ཁྲི་རལ་གྱིས་བཞེངས་གནང་ཟེར་ཡང་ལ་ལས་ཆོས་རྒྱལ་དཔལ་འཁོར་བཙན་ཡིན་ཞེས་ཞུ། སྔོན་ལྷ་ཁང་ཐོག་སོ་གསུམ་ལྡན་ནང་སྐུ་རྒྱུ་ལི་ལས་གྲུབ་པའི་སངས་རྒྱས་རྣམ་པར་སྣང་མཛད་ཐོག་སོ་གཉིས་ལྡན་ཅན་དང་། ཐུབ་དབང་གསུང་འབྱོན་མ་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་ལྷ་ཁང་ཆུང་ངུའི་ནང་མཁན་སློབ་ཆོས་གསུམ་གྱི་འཇིམ་སྐུ་གསར་བཞེངས་གནང་བ་དང་། སྔོན་གྱི་རྣམ་སྣང་གི་ཕྱག་མཛུབ་གཅིག་སོགས་མཇལ་རྒྱུ་ཡོད།

དགའ་ལྡན་ཆོས་འཁོར་གླིང་།

བྱ་ས་ལྷ་ཁང་ནས་ཤར་དུ་སྤྱི་ལེ་གཉིས་གསུམ་ཙམ་སོང་ན་ལྷོ་ཁ་ཀྲོན་ཆུས་ཆགས་ཡུལ་རྩེད་ཐང་གྲོང་དབུས་སུ་འབྱོར་། “རྩེད་ཐང་”ཞེས་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྲེའུ་བྱང་ཆུབ་སེམས་དཔའི་བྲག་ཕུག་མགོན་པོ་རིའམ་གོང་པོ་རིར་ཡོད་པ། དེའི་ཐང་དུ་སྤྲེལ་དྲུག་རྣམས་རྩེད་མོ་རྩེ་ས་ཡིན་པས་རྩེད་ཐང་ཞེས་པའི་མིང་དེ་ལྟར་བྱུང་། མ་སྲིན་མོ་བྲག་སྲིན་གྱི་བྲག་ཕུག་ཀྱང་སྤྲེའུ་བྲག་ཕུག་འོག་གི་ལ་ཉག་སྟེང་དུ་ཡོད། རྩེད་ཐང་མདུན་གྱི་རི་འབུར་དེར་བྱེ་མ་མགོ་རིལ་ཞེས་དང་། དེ་འོག་སྤྲེའུས་སྦར་རས་རྒྱབ་ནས་བཏབ་པའི་ཞིང་ཞིག་ཡོད་པ་དེ་ལ་སྦར་རས་ཞིང་ཞེས་ཐོགས། དེ་ནས་ཤར་ངོས་རི་འདབས་གྲོང་དབུས་སུ་ཕྱིན་ན་རྒྱ་དྲུག་ཁ་པ་གྲོང་གི་ཤར་ངོས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་གདམས་པའི་དགོན་ཞིག་ཡིན་པ་ལ། དེ་རྗེས་རྒྱུད་སྨད་མཁན་ཆེན་དཔལ་འབྱོར་གྲགས་པས་རྒྱལ་བ་སྐལ་བཟང་དུས་དགེ་ལུགས་པའི་ཕྱག་བཞེས་གནང་། དཔོན་པོ་མི་དབང་གིས་སྦྱིན་བདག་མཛད། དགེ་འདུན་ཞལ་གྲངས་བརྒྱ་དང་སུམ་ཅུ་ཙམ་བར་འཕེལ། སྔོན་རྟེན་གཙོ་མི་དབང་བྱམས་པ་ཞེས་[page 42] པའང་མཇལ་རྒྱུ་ཡོད། ད་ལྟ་གསར་བཞེངས་འདུ་ཁང་ནང་སྨན་འདམ་གྱི་རྗེ་ཡབ་སྲས་ཀྱི་སྐུ་དང་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ལྔ་མཆོད་གྲྭ་ཚང་།

དགོན་དེ་ནི་དགའ་ལྡན་ཆོས་འཁོར་གླིང་གི་གཡོན་ངོས་སུ་ཆགས་ཡོད། དེ་ནི་ཐོག་མར་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་བའི་བཀའ་བརྒྱུད་པའི་དགོན་ཞིག་ཡིན་པ་ལ། དེ་རྗེས་རྗེ་རིན་པོ་ཆེ་དབུས་གཙང་གནས་ཀྱི་ཆོས་འཁོར་བསྐོར་རྗེས་འདིར་ཕེབས་ནས་ཙན་དན་གྱི་ཀ་བར་སྐུ་རྒྱབ་བསྙེས་ནས་བཞུགས་སྐབས་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་ནས་འཇམ་དབྱངས་རྗེ་རིན་པོ་ཆེར་ཐིམས་ལ་ཉེ་བའི་སྐབས།“ང་ལ་མ་ཐིམས། གྱང་ལ་ཐིམས་”གསུངས་པ་ལྟར་གྱང་ལ་ཐིམས་པས་འཇམ་དབྱངས་གྱང་ཐིམས་མ་ཞེས་པའི་གྱང་དང་། ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་ཐུབ་པ་གསེར་གླིང་མ་སོགས་དུས་འགྱུར་མ་བྱུང་བར་དུ་མཇལ་རྒྱུ་ཡོད་ལ། དགེ་འདུན་ཞལ་གྲངས་ཀྱང་བརྒྱ་ལྷག་ཡོད། ལྔ་མཆོད་ཅེས་པ་ནི་ཆུ་ལྷོ་རྒྱུད་དུ་དགའ་ལྡན་ལྔ་མཆོད་ཐོག་མར་གཏོང་མཁན་དགོན་དེ་ཡིན་སྟབས་མཚན་དེ་ལྟར་ཐོགས།

ད་ལྟ་གསར་བཞེངས་འདུ་ཁང་ནང་དུས་གསུམ་སངས་རྒྱས་ཀྱི་འཇིམ་སྐུ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད་པ་བཅས།

འབྲས་བུ་གླིང་།

མཚན་རྒྱས་པར་“རྩེད་ཐང་འབྲས་བུ་གླིང་”ཞེས་ཞུ། ལྔ་མཆོད་དགོན་གྱི་འོག་རྩེད་ཐང་གྲོང་རྙིང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་གཞོན་ནུ་བློ་གྲོས་ཏེ་རྗེ་བཙུན་རེད་མདའ་བས་ཕྱག་བཏབ་གནང་མཛད། བཀྲ་ཤིས་ཆོས་སྡེ་བཏབ་པ་དང་དུས་མཚུངས། ཐོག་མར་བཤད་གྲྭ་ཁོ་ན་འཛུགས་གནང་གིས་རྗེས་སུ་མདོ་སྔགས་ཟུང་འབྲེལ་ཕྱག་བཞེས་[page 43] གནང་སྲོལ་ཡོད། དགེ་འདུན་ཞལ་གྲངས་ཀྱང་བརྒྱ་སྐོར་ཟིན། གསང་ཕུ་དབྱར་ཆོས་སུ་ཕེབས་དགོས། སྔོན་གཙུག་ལག་ཁང་ནང་འཇིམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་ཅན་དབུ་ལ་སངས་རྒྱས་འོད་སྲུང་གི་ཚེམས་ཞུགས་པ་ཞིག་དང་། ས་སྐྱ་ཀུན་དགའ་སྙིང་པོའི་ཐུགས་དམ་གྱི་རྟེན་ཛྷེེ་ཀྵིམ་ལས་གྲུབ་པའི་སྒྲོལ་ལྗང་གི་སྐུ་ཁྲུ་གང་པ་གསུང་འབྱོན། ཤར་ལི་ལས་གྲུབ་པའི་ཐུབ་པ་ཨ་ཙ་མ་ཞེས་གསུང་འབྱོན་ཁྲུ་གང་མ་ཟིན་ཙམ། ལྷག་པར་དུ་ཇོ་བོ་ལོ་ཀེ་ཤྭ་རི་ཁྲུ་གཉིས་ཙམ་ཞིག་ཡོད་པ་དེའི་ཕྱག་ཏུ་མཎྜལ་ཞིག་ཡོད་པ་ལ། སྔོན་དགོན་དེར་རྐུན་མས་ས་འོག་ནས་འབིག་རྒྱབ་ཡོང་བའི་སྐབས་ཇོ་བོས་མཎྜལ་རྡུང་གནང་བས་སྐུ་གཉེར་གཉིད་ལས་སད་སྟབས་རྐུན་མ་འཛིན་ཐུབ་པའི་ལོ་རྒྱུས་ཀྱང་ཡོད། གཞན་ཡང་གོས་ཀྲད་བཏགས་ཀྱི་ཆོས་རྫས་སོགས་ནང་རྟེན་རྒྱུ་དངོས་ཇི་སྙེད་ཅིག་དགོན་དེར་བཞུགས།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་ལྷ་སྐུ་བཞེངས་ཐུབ་མེད་ཀྱང་ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།

གསང་སྔགས་གཟིམ་སྤྱིལ།

རྩེད་ཐང་གླིང་སྐོར་ལམ་ནས་ཚུར་འཁོར་མཚམས་སམ་རྩེད་ཐང་གྲོང་རྙིང་གི་ཤར་གླིང་ཁ་པའི་སྟེང་དུ་བཙུན་དགོན་དེ་ཆགས་ཡོད། ཐོག་མར་གནས་དེར་ཆོས་རྒྱལ་སྲོང་བཙན་སྐུ་མཚམས་སུ་བཞུགས་པས་གསང་སྔགས་གཟིམ་སྤྱིལ་ལམ། གསང་སྔགས་གཟིམ་སྦུག་ཅེས་ཀྱང་ཞུ། དེ་རྗེས་ས་སྐྱ་བླ་མ་བསོད་ནམས་རྒྱལ་མཚན་བཞུགས་ནས་ས་ལུགས་ཕྱག་བཞེས་གནང་། དེ་རྗེས་ཁམས་ནང་ཆེན་ནས་རྗེའི་དངོས་སློབ་བླ་མ་མཁྱེན་རབ་ངག་དབང་གྲགས་པ་ཕེབས་ནས་དགེ་ལུགས་ཕྱག་བཞེས་གནང་བས་ཆུ་ལྷོ་རྒྱུད་དུ་དགེ་ལུགས་པའི་བཙུན་དགོན་ཨང་དང་པོ་དེ་ཡིན་ཞེས་གསུངས། བཙུན་མ་ཞལ་གྲངས་ཉི་ཤུ་ལྷག་ཙམ་ཡོད། ད་ལྟ་ངག་དབང་བསྟན་འཛིན་ཚུལ་ཁྲིམས་བར་སྐུ་ཐོག་བརྒྱད་བྱུང་། མ་དགོན་དགའ་ལྡན་ཆོས་འཁོར་[page 44] གླིང་ཡིན་ཀྱང་བླ་མ་ཇོ་དགོན་དེར་བཞུགས་དགོས། སྔོན་དགོན་དེའི་ཆོས་རྒྱལ་སྒྲུབ་ཕུག་ནང་སྐུ་གསུང་ཐུགས་བཅས་ཀྱི་རྟེན་ཡོད་པ་ལས་སྐུའི་རྟེན་དང་ཐུགས་ཀྱི་རྟེན་ནི་ད་ལྟའང་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་ཆོས་རྒྱལ་གྱི་ཕྱག་བཟོ་ཕྱག་སྟོང་སྤྱན་སྟོང་གི་ཐུགས་ཀར་ཤེལ་གྱི་ཐུགས་རྗེ་ཆེན་པོ་མཐོ་གང་བ་དང་། ཕྱག་འཁར། གཞན་ཡང་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

གོང་པོ་རིའི་སྐོར་ལམ་ཤར་ངོས་སུ་ཇོ་དགོན་མཐོང་གྲོལ་མ་ཞེས་པའི་དགོན་ཤུལ་དང་། ཡང་དེའི་གཤམ་དུ་བན་ཚང་དགོན་གྱི་རི་ཁྲོད་གྲོ་སོ་དགོན་ཞེས་པའི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

སྣེ་གདོང་རྩེ་ཚོགས་པ།

མཚན་རྒྱས་པར་“རྩེ་ཚོགས་དགའ་ལྡན་བྱང་གྲོལ་བདེ་ཆེན་གླིང་”ཞེས་ཞུ། རྩེད་ཐང་ནས་སྤྱི་ལེ་གཅིག་ཙམ་ཤར་ལྷོའི་ངོས་སུ་སོང་ན་སྣེ་གདོང་གྲོང་དུ་འབྱོར། སྣེ་གདོང་ཞེས་པ་ནི་གོང་པོ་རིའི་རི་རྒྱུད་གཡོན་ངོས་སུ་རི་གླང་ཆེན་ཉལ་འདྲའི་སྣ་སྟེང་དུ་རྫོང་དེ་ཆགས་པས་སྣེ་གདོང་ཞེས་དང་། དགོན་དེ་ནི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཕྱག་བཏབ་གནང་བའི་ཚོགས་པ་སྡེ་བཞིའི་ཡ་གྱལ་ཡིན། སྔོན་རྒྱ་གར་དུ་ཁ་ཆེ་པཎ་ཆེན་མུ་སྟེགས་པ་དང་རྩོད་པ་ཉིན་བདུན་བསྐྱོན་པར་ཉིན་ལྔ་ཕམ་སྟབས་ཆོས་བསྡོགས་ཀྱི་ཚུལ་དུ་ཕེབས་ནས་ཤིང་ཏཱ་ལའི་སྡོང་པོར་སྐུ་བསྙེས་ནས་བཞུགས་སྐབས་སྡོང་པོ་དེ་ལས་ལོ་མ་ཞིག་ལྷུང་བས་ཡར་བཞེངས་ནས་གཟིགས་སྐབས་སྒྲོལ་མ་ཕྱག་བཞི་པའི་སྐུ་ཞིག་ལས་གསུང་བྱོན་པར་“པཎ་ཆེན། པཎ་ཆེན། ཁྱེད་སྔར་བཞིན་རྩོད་ཅིག་”གསུང་པར་རྩོད་པ་བསྐྱོན་པས་པཎ་ཆེན་རྒྱལ། སྒྲོལ་མའི་མཚན་ལའང་རྩོད་རྒྱལ་བ་ཞེས་ཞུ། སྔོན་དགོན་དེར་ཉིན་ལྟར་དགོང་དྲོ་སྒྲོལ་མ་ཉེར་གཅིག་རེ་གསུང་སྲོལ་ཡོད། སྣེ་གདོང་གི་མི་སེར་ཡང་གྲལ་འདབས་སུ་སྒྲོལ་མ་སྐྱོར་དུ་འོང་། སྒྲོལ་མ་ཉེར་གཅིག་རྫོགས་མཚམས་“ཕྱག་འཚལ་བ་ནི་སྒྲོལ་མ་”[page 45] ཞེས་བཏོན་ནས་ཁུ་སིམ་དུ་བསྡད་ན་“ཉི་ཤུ་རྩ་གཅིག་”ཅེས་པ་སྒྲོལ་མས་གསུང་འབྱོན་གྱི་ཡོད་པ་སྣེ་གདོང་རྒྱལ་པོའི་བཙུན་མོས་གསན་པས་དད་པ་གཡོ་མེད་སྐྱེས་ཏེ་སྒྲོལ་མའི་སྐུ་བརྙན་ལ་གསེར་བསྒྲོན། དུས་དེ་ནས་བཟུང་སྒྲོལ་མས་གསུང་མ་འབྱོན་སྟབས་བཙུན་མོས་མཐོལ་གཤགས་ཀྱི་ཚུལ་དུ་རང་གི་རྒྱན་ཆ་བཤིག་སྟེ་གཙོ་བོ་མུ་ཏིག་ལས་གྲུབ་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ཞལ་ཐང་བཞེངས་པ་ད་ལྟའང་ཁྲ་འབྲུག་དགོན་དུ་མཇལ་རྒྱུ་ཡོད། དེ་རྗེས་རྗེ་ཙོང་ཁ་པ་བོད་དུ་ཕེབས་ནས་དགུང་གྲངས་ཉེར་ལྔ་པ་ལ་དགོན་དེའི་མཁན་ཐོག་བཅུ་གསུམ་པ་ཚུལ་ཁྲིམས་རིན་ཆེན་ལས་ཡར་ཀླུངས་རྣམ་རྒྱལ་ལྷ་ཁང་དུ་དགེ་སློང་གི་སྡོམ་པ་བཞེས། དེ་ནས་རིམ་བཞིན་དགེ་ལྡན་པའི་ཕྱག་བཞེས་མཛད། དགེ་འདུན་ཞལ་གྲངས་སུམ་བརྒྱ་ཙམ་ཟིན་པ་བཅས་སོ།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྒྲོལ་མ་གསུང་འབྱོན་མ་དེ་དང་། རྗེ་ཡབ་སྲས་ཀྱི་སྨན་སྐུ་ཐོག་སོ་གཉིས་ལྡན་། ཁ་ཆེ་པཎ་ཆེན་གྱི་སྐུ་བརྙན་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

བན་ཚང་དགོན།

མཚན་རྒྱས་པར་“ཐུབ་བསྟན་ཤེས་རབ་བཤད་སྒྲུབ་འཕེལ་རྒྱས་གླིང་”ཞེས་ཞུ། རྩེ་ཚོགས་པའི་གཡས་ངོས་རི་སྣའི་སྟེང་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་འགྲོ་མགོན་ཕག་གྲུའི་གདན་ས་ཡིན་ཅིང་རིམ་བཞིན་བླ་ཐོག་བཅུ་གསུམ་ཙམ་བྱུང་། དེ་རྗེས་སྡེ་པ་ཀུན་བཟང་རྩེའི་དགོན་སྡེར་གྱུར། དགོན་པའི་མཚན་རྒྱས་པ་འདིའང་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་གྱིས་གནང་བར་གྲགས། དགེ་འདུན་ཞལ་གྲངས་བདུན་ཅུ་ཙམ་ཟིན། སྔོན་དགོན་དེར་གསེར་ཟངས་སོགས་ཀྱི་སྐུ་བརྙན་མང་པོ་ཡོད་པ་ལ། གཙོ་ཆེ་བ་ཡར་རྗེ་ཨོ་རྒྱན་གླིང་པའི་སྐུ་ཤ་སྐྱེ་བདུན་མ་ཞེས་པའི་གདུང་རྟེན་དེ་མཇལ་རྒྱུ་ཡོད། ཨོ་རྒྱན་གླིང་པ་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་དང་ཐུགས་མི་མཐུན་པའི་རྐྱེན་བྱས་དྭགས་པོར་ཕེབས་ཏེ་སྐུ་གཤེགས་རྗེས་སྡེ་པ་ལས་ཅན་པ་ཞིག་གིས་སྐུ་[page 46] གདུང་མྱང་གྲོལ་དུ་གྲགས་པ་ཐོས་ནས་སྐུ་ཤ་ཅུང་ཞུས་ཤིང་མྱངས་པས་ས་ལས་འཕགས་ཏེ་མི་རིག་པར་འཕུར་ཐུབ་པར་གྱུར་པས་སྐུ་གདུང་རྩ་ཆེར་གྱུར། དེ་རྗེས་སྲིད་སྐྱོང་དེ་མོ་རིན་པོ་ཆེས་སྐུ་གདུང་སྣེ་གདོང་བན་ཚང་དགོན་དུ་གདན་དྲངས་ནས་ཤིང་གི་གདུང་རྟེན་དུ་བཞུགས་སོ་གསོལ། སྐུ་ཤ་ཞུས་པའི་རིལ་བུ་ཁལ་གཅིག་ཙམ་ནོར་གླིང་ཕོ་བྲང་དུ་བཞུགས། དེ་རྗེས་རྒྱལ་མཆོག་བཅུ་གསུམ་པའི་དུས་སྐུ་གདུང་རིན་པོ་ཆེ་རྩེ་ཕོ་བྲང་དུ་བཞུགས་རྒྱུའི་ཐུགས་འདུན་གནང་བར་བསམ་ཡས་ཆོས་སྐྱོང་ཐོག་ཕེབས་ཀྱིས“སྐུ་གདུང་ཆུ་ལྷོ་རྒྱུད་འདི་ལས་གཞན་དུ་སྤོ་མི་རུང་”བའི་བཀའ་ལུང་ཕེབས་སྟབས་རང་འཇགས་སུ་གསོལ་ནས་དུས་འགྱུར་མ་བྱུང་བར་དུ་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནི་སྔོན་དགོན་དེའི་གཡུལ་ཁ་ཡིན་ཅིང་དེའི་ནང་མཁན་སློབ་ཆོས་གསུམ་སོགས་ཀྱི་འདྲ་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཁྲ་འབྲུག

མཚན་རྒྱས་པར་“བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཡོ་རུ་གཙུག་ལག་ཁང་”ཞེས་ཞུ། རྩེད་ཐང་ནས་ཡར་ཀླུངས་ཕྱོགས་སུ་འཁོར་ལམ་དེད་སྤྱི་ལེ་བཞི་ཙམ་སོང་ན་ཁྲ་འབྲུག་གྲོང་དབུས་སུ་གཙུག་ལག་ཁང་དེ་མཇལ། དེ་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་གྱིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་བགེགས་སེལ་དུ་བཞེངས་པའི་གཡོ་རུ་མཐའ་འདུལ་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། ཆུ་ལྷོ་ངོས་སུ་གཙུག་ལག་ཁང་ཡོངས་ཀྱི་སྔ་ཤོས་ཀྱང་ཡིན་གསུངས། གནས་དེར་མཚོ་ཞིག་ཡོད་པ་ལས་དེར་གནས་པའི་ཀླུ་གདུག་པ་ཅན་དེ་སུས་འདུལ་ནུས་པ་དེ་ལ་བྱ་དགའ་སྦྱིན་པའི་ཞལ་ལྕེ་བཅད་པས། སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་དང་། བོན་པོ་ཚེ་མི་སྣང་གྲགས་གཉིས་ཀྱིས་འདུལ་བར་ཞུས། དང་པོ་བོན་པོ་ཚེ་མི་ཡིས་འདུལ་བར་བརྩམས་ཀྱང་མ་ནུས། དེ་ནས་སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་[page 47] སྣང་གིས་གོང་པོ་རིར་ཁྱུང་བསྒྲུབས་ནས། ས་འགུལ་ནས་འདབས་ཆགས་ཐམས་ཅད་ཀྱང་འཕུར། ནམ་མཁའ་ནས་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་སྒྲོག་པ་ཞིག་བྱུང་བ་ལ་མཚོ་ནང་ནས་དུག་སྦྲུལ་མགོ་ལྔ་པ་ཞིག་ཐོན་པས་བྱ་ཁྲ་དེའི་གཤོག་པ་སྤུ་གྲི་འདྲ་བས་སྦྲུལ་མགོ་ལྔ་སྐད་ཅིག་གིས་བཅད་དེ་མཚོ་དེ་ཁྲག་ཏུ་གྱུར་ནས་རིམ་བཞིན་སྐམ་སོང་བ་དེའི་སྟེང་དུ་གཙུག་ལག་ཁང་དེ་བརྩིགས། ཁྲ་འབྲུག་ཅེས་པའི་མཚན་ཡང་དེ་ནས་བྱུང་། གཙུག་ལག་ཁང་བཞེངས་བསྒྲུབས་རྗེས་རྟེན་གང་ཞིག་བཞུགས་དགོངས་ཙ་ན། ནུབ་གཅིག་གཟིགས་སྣང་དུ་རྩེད་ཐང་གོང་པོ་རིར་རྒྱལ་བ་རིགས་ལྔ་བཞུགས་པ་རྨིས། སང་ཞོགས་གཟིགས་སྐབས་ཚང་མ་འོད་ཟེར་དང་བཅས་བཞུགས་ཡོད་པ་དེར་སྤྱན་དྲངས། ཐོག་མར་བཟོ་བཀོད་ཡག་པོ་མེད་པ་ལ་བཟོ་ཡི་རྒྱལ་པོ་བི་ཤུ་ཀརྨས་སྤྱན་ཕྱེས་སྐབས་སྐུ་ལ་ཐོར་བའི་རྡོ་ཕྱེ་ལས་འོད་འཕྲོ་བ་མང་པོ་མཇལ། ཡང་ཛྷེེ་ཀྵིམ་གྱི་སྒྲོལ་མ་གསུང་འབྱོན་དང་། ཉེ་སྲས་བརྒྱད་སོགས་བལ་ཡུལ་ནས་གདན་དྲངས། ཐོག་མར་ཁྲུ་གང་ལས་མེད་པ་ཚང་མ་བལ་ཡུལ་ནས་འཕུར་ཕེབས། དེ་ནས་ད་ལྟ་ལུག་གདོང་ཞེས་པའི་ས་དེར་མི་ཚད་མ་རེ་ལུག་བཀྱོན་ནས་དེ་དག་གི་ཐུགས་ཀར་ཕུལ། ལྷག་པར་དུ་སྒྲོལ་མ་གསུང་འབྱོན་མ་ནི་གོང་གསལ་རྟེན་སྐུ་དེ་དག་ལྷ་ཁང་དུ་གདན་འདྲེན་པའི་ཚེ་སྒྲོལ་མས་“ཡར་ཕེབས་”“ཡར་ཕེབས་”ཞེས་གསུངས་ནས་མཐར་ཁོང་རང་བཞུགས་ས་མེད་པར་སྒོ་རྒྱབ་ཏུ་བཞུགས་དགོས་བྱུང་། ཕྱག་གཉིས་ཀྱང་“ཡར་ཕེབས་”ཞེས་པའི་ཚུལ་ལྟར་ཡོད། ལྷ་ཁང་དེར་ཆོས་རྒྱལ་སྲོང་བཙན་ནས་བཟུང་བོད་ཀྱི་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་སྲི་ཞུ་བཀུར་སྟི་རྒྱ་ཆེར་གནང་། རྒྱལ་མཆོག་ལྔ་པས་གསེར་ཟངས་ཀྱི་རྒྱ་ཕིབས། རྒྱལ་མཆོག་བཅུ་གསུམ་པ་དང་། རྭ་སྒྲེང་སོགས་ཀྱིས་དབུ་རྒྱན་དང་། སྙན་རྒྱན། མགུལ་རྒྱན། གསེར་གྱི་ཚེ་བུམ་སོགས་འབུལ་གནང་མཛད་པས་གཙུག་ལག་ཁང་དེ་ཤིན་ཏུ་ནས་ངོ་མཚར་ཆེ་བ་ཡོད། སྔོན་རྩེ་ཚོགས་པའི་དགོན་ལག་ཡིན་ཀྱང་། ཕྱོགས་མཐའ་ཁག་ནས་བཞུགས་མཁན་ཡང་མང་པོ་ཡོད།

[page 48]

ད་ལྟ་ཉམས་གསོ་གནང་བའི་རྒྱལ་བ་རིགས་ལྔའི་ལྷ་ཁང་ནང་སྔོན་གྱི་རྡོ་སྐུར་ཉམས་གསོ་ཞུས་པ་རྣམས། གསར་བཞེངས་སྒྲོལ་མ་གསུང་འབྱོན་དང་ཉེ་སྲས་བརྒྱད། རྩེ་ཚོགས་པའི་མུ་ཏིག་གི་ཞལ་ཐང་། ཡར་ཀླུང་ཤེལ་བྲག་གི་གུ་རུ། རྒྱ་བཟའི་ཕྱག་བཟོ་ཐུབ་དབང་འཐག་གྲུམ་མ། མཁའ་འགྲོ་འབུམ་གྱི་དབུ་སྐྲས་བཞེངས་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྐུ་ཐང་སོགས་མཇལ་རྒྱུ་ཡོད།

རི་བོ་ཆོས་གླིང་།

ཁྲ་འབྲུག་ནས་བྱང་ཤར་ངོས་སྤྱི་ལེ་གཉིས་ཙམ་སོང་ན་དབུས་གསར་རམ་ཡུལ་གསར་ཞེས་པའི་རྒྱབ་རིར་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་དོན་གྲུབ་དཔལ་བཟང་གིས་སྤྱི་ལོའི་དུས་རབས་བཅོ་ལྔ་པར་ཕྱག་བཏབ་གནང་མཛད། ཐོག་མར་དགེ་འདུན་བརྒྱད་གྲྭ་གཅིག་ནས་བརྒྱ་ཕྲག་བར་རིམ་བཞིན་འཕེལ་རྒྱས་བྱུང་། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཆོས་ཞུགས་ཀྱི་དགོན་པར་གྲགས་པས་སྡེ་སྲིད་ཀྱི་ཕོ་བྲང་ཐོག་བརྩེགས་གསུམ་ལྡན་ཞིག་ཀྱང་ཟུར་དུ་ཡོད། སྡེ་སྲིད་ཀྱིས་གཟིགས་བསྐྱངས་ཆེན་པོ་གནང་བས་དགོན་དེ་གཞུང་དགོན་དུ་གྱུར། གདན་ས་གསུམ་དང་། མངའ་རིས་དྭགས་པོ་གྲྭ་ཚང་། སྨན་རྩིས་ཁང་། ལྕགས་པོ་རི་སོགས་སུ་སློབས་གཉེར་དུ་ཕེབས་ཆོག རྒྱལ་མཆོག་ལྔ་པ་ཆེན་པོས་དགོན་དེའི་རྟེན་དུ་མར་པའི་སྲས་དར་མ་མདོ་སྡེའི་དབུ་ཐོད་བཞུགས་པའི་དངུལ་གདུང་གསེར་ཚགས་ཅན་ཁྲ་རྒྱན་གྱིས་བརྒྱན་པ་ཐོག་སོ་གཅིག་ལྡན་ཞིག་ཀྱང་མཇལ་རྒྱུ་ཡོད། གཞན་ཡང་རྟེན་གཙོར་རྒྱལ་བ་བྱམས་པ་ཐོག་སོ་གསུམ་ལྡན་འཇིམ་སྐུ་དང་། འདུ་ཁང་ཀ་བ་སུམ་ཅུ་བཅས་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་ལྕོག་ལ་འཇིགས་བྱེད་དང་། མགོན་པོ། རྗེ་ཙོང་ཁ་པ། ཁྲི་བྱང་རིན་པོ་ཆེ་སོགས་ཀྱི་སྐུ་བརྙན་དང་། བྱམས་ཁང་ཉམས་གསོ་གནང་བཞིན་པ་སོགས་མཇལ་རྒྱུ་ཡོད།

[page 49]
ཡུམ་བུ་བརླ་མཁར།

མཚན་གཞན་ལ་“ཡུམ་བུ་བརླ་སྒང་”ཡང་ཞུ། “ཡུམ་བུ་བརླ་མཁར་”ཞེས་པ་ནི་རི་ཤྭ་བ་ཡུམ་མོའི་བརླ་སྟེང་དུ་ཆགས་པས་“བརླ་མཁར་”ཞེས་དང་། “བརླ་སྒང་”ཞེས་པ་ནི་རི་དེ་སྟེང་སྨན་བརླ་སྒང་ཞེས་པ་སྐྱེས་པས་“བརླ་སྒང་”ཞེས་པ་དེ་ལྟར་ཐོགས་ཟེར། རི་བོ་ཆོས་གླིང་ནས་སྤྱི་ལེ་གསུམ་ཙམ་ཡར་ཀླུངས་ཕྱོགས་འཁོར་ལམ་བརྒྱད་སོང་ན་སྨོན་འགྲོ་གྲོང་གི་རྒྱབ་རིའི་སྟེང་མཁར་དེ་མཇལ་རྒྱུ་ཡོད། སྨོན་འགྲོ་ཞེས་པ་ནི་ས་པཎ་གྱིས་འདི་ཁུལ་དུ་ཆོས་མང་པོ་གསུངས་པས་“སྨོན་འགྲུབ་”ཅེས་པའི་སྒྲ་ལས་ཟུར་ཆགས། ཡུམ་བུ་བརླ་མཁར་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ཙམ་ལ་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོས་བསྐྲུན་པའམ་དེར་བཞུགས་པས་“རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བརླ་མཁར། ཞིང་ལ་སྔ་བ་ཞལ་ཟས་ཞིང་”སོགས་རིམ་བཞིན་བྱུང་གསུང། དེ་རྗེས་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་ཤལ་དགུང་ལོ་དྲུག་ཅུའི་སྟེང་ཉིན་ཞིག་ཉི་མ་རི་རྩེར་ཤར་སྐབས་ནམ་མཁའ་ནས་མཇའ་མཚོན་སྣ་ལྔ་དང་། མེ་ཏོག་གི་ཆར་བབས། སྤང་ཀོང་ཕྱག་བརྒྱ་། མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན་ཁྲུ་གང་པ། མུ་ཌའི་ཕྱག་རྒྱ་ཙིཏྟ་མ་ཎིའི་བརྐོས་ཕོར། བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་བརྐོས་ཕོར། ཙན་དན་ནོར་བུའི་རིགས་ལ་མ་ཎིའི་རང་བྱོན་བཅས་སྐུ་པང་དུ་བབས་པ་དང་དུས་མཚུངས་འདིའི་དོན་རྒྱལ་རབས་ལྔ་སོང་ན་ཤེས་ཡོང་ཞེས་པའི་སྒྲ་བྱུང་བ་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་ཡིན་པར་གསུངས། དེ་ནས་རྒྱལ་པོས་རྟེན་དེ་རྣམས་ཀྱི་དོན་མ་མཁྱེན་ཀྱང་ཕྱག་མཆོད་གནང་བས་རྒྱལ་པོའི་དགུང་གྲངས་སླར་ཡང་དྲུག་ཅུ་བསྲིངས་ཏེ་ཁྱོན་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་པས་གཉན་པོ་གསང་བ་ཞེས་པའང་དེ་ནས་བྱུང་། ཐོག་མར་མཁར་གྲུ་བཞི་མ་དེ་ཁོ་ན་ལས་མེད་པ་ལ། དེའི་སྟེང་དུ་དར་ལྕོག་བཞི་བཙུགས་པ་རྣམས་རླུང་གི་དེད་ཕྱོགས་ཁོ་ནར་མི་འགྲོ་བར་དར་ལྕེ་ཚང་མ་ནང་དུ་གཡུགས་པ་ནི་[page 50] མཐའ་བཞིའི་རྒྱལ་ཁག་དབང་དུ་བསྡུ་བའི་རྟགས་ཡིན་གསུངས། ལྷ་ཁང་ནི་རྗེས་སུ་ཆགས་ཤིང་མངའ་བདག་ཤཱཀྱ་མགོན་གྱིས་ཕྱག་བཏབ་གནང་མཛད།

གཉན་པོ་གསང་བའི་རྟེན་ནི་བསམ་ཡས་ཀྱི་མཆོད་རྟེན་དཀར་པོའི་ནང་དུ་བཞུགས་པར་གྲགས། དེ་རྗེས་རྒྱལ་བ་ལྔ་པའི་དུས་རྒྱ་ཕིབས་བསྒྲོན་གནང་མཛད་པ་བཅས་སོགས་ཀྱི་ལོ་རྒྱུས་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་ལྷ་ཁང་ནང་གསར་བཞེངས་འཕགས་པ་ལོ་ཀེ་ཤྭ་རཿསྐུའི་གཟུགས་སུ་སྔོན་ཙན་དན་གྱི་ལོ་ཀེ་ཤྭ་རཿཚལ་བུ་བཞུགས་པ། སྔོན་ཙན་དན་གྱི་ཀ་བའི་ཚབ་ཏུ་ད་ལྟའི་ཤུག་པའི་ཀ་བ་ལ་སྔོན་གྱི་ཀ་བའི་ཚལ་བུ་ཕུལ་བ། གཞན་ཡང་གསར་བཞེངས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། བློན་ཐུ་མི་དང་། མགར་སྟོང་བཙན་གྱི་སྐུ་བརྙན་། ལྷ་རི་དགོན་གྱི་རྟེན་གཙོ་ལྷ་རི་སྨན་པའི་རྒྱལ་པོ་སོགས་མཇལ་རྒྱུ་ཡོད། སྔོན་དགོན་དེར་རི་བོ་ཆོས་གླིང་ནས་དགེ་འདུན་ལྔ་གྲྭ་ཞིག་རྒྱུན་བཞུགས་ཀྱིས་ཚོགས་ཆོས་སོགས་གནང་དགོས།

ཡུམ་བུ་བརླ་མཁར་གྱི་གཡས་ངོས་སྨོན་འགྲོ་གྲོང་གི་ལྟག་ཏུ་ས་སྐྱ་པཎྜི་ཏ་བཞུགས་མྱོང་བའི་གཏམ་སྙན་བཞུགས་ཁྲི་ཞེས་པ་མཇལ་རྒྱུ་ཡོད། གཏམ་སྙན་ཞེས་པ་ནི་ས་པཎ་བཞུགས་ཁྲི་དེའི་སྟེང་དུ་ཆོས་གསུང་བཞིན་བཞུགས་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས་པའི་གཏམ་གསན་པས་“གཏམ་སྙན་”ཞེས་པ་དེ་ནས་བྱུང་ཞེས་གསུངས།

རྟག་སྤྱན་འབུམ་པ།

མཚན་རྒྱས་པར་“མཆོད་རྟེན་བཀྲ་ཤིས་འོད་འབར་”ཞེས་ཞུ། ཡར་ཀླུངས་རྟེན་གསུམ་གྱི་ནང་ཚན་ཞིག་ཡིན། ཡུམ་བུ་བརླ་མཁར་ནས་མུ་མཐུད་གྱེན་དུ་འགྲོ་བའི་ལམ་སྟེང་དུ་ལྷས་རུ་དགོན་ཤུལ་དང་དེ་ནས་སྤྱི་ལེ་ལྔ་ཙམ་སོང་ན། ཆོས་རྒྱལ་མེས་ཨག་ཚོམ་གྱི་ཕོ་བྲང་གི་རྗེས་ཤུལ་ད་ལྟའང་ཕོ་བྲང་གྲོང་ཞེས་བྱ་བར་འབྱོར་ཞིང་། དེ་ནས་བྱང་དུ་སྤྱི་ལེ་དྲུག་བདུན་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་གྱེན་དུ་སོང་ན་སྤུ་རིང་གྲོང་གི་རི་ལྡེབས་སུ་[page 51] མཆོད་རྟེན་དེ་མཇལ་རྒྱུ་ཡོད། སྤུ་རིང་ཞེས་པའི་དོན་ནི་ཡུལ་དེའི་གཞི་བདག་སྤུ་རིང་ཕུ་མ་ཆེ་ཞུ་བ་ཞིག་ཡོད་སྟབས་ཕུ་རིང་གི་སྒྲ་དེ་རིམ་བཞིན་སྤུ་རིང་དུ་འགྱུར་བ་རེད་ཅེས་གསུངས། འབུམ་པ་དེ་ནི་བཀའ་གདམས་པའི་བླ་མ་བྱ་བྲལ་འདུལ་བ་འཛིན་པས་ཕྱག་བཏབ། ཐོག་མར་ཐུགས་དམ་འབུམ་པ་ཞིག་བཞེངས་གནང་བའི་སེང་ཁྲི་ད་ལྟའང་མཇལ་རྒྱུ་ཡོད། དེ་རྗེས་རྟག་སྤྱན་འབུམ་པ་ཞེས་པ་འདི་བཞེངས་གནང་ནས་རབ་གནས་མཛད་སྐབས་ནམ་མཁའ་ནས་མཇའ་འོད་ཀྱི་གུར་ཕུབས། མེ་ཏོག་གི་ཆར་བབས། ལྷའི་བུ་བཀྲ་ཤིས་དང་འོད་འབར་གྱིས་ཁྲུས་གསོལ་མཛད་རྗེས་གཉིས་ཀ་མཆོད་རྟེན་ལ་ཐིམས་པས་མཆོད་རྟེན་གྱི་མཚན་ལའང་བཀྲ་ཤིས་འོད་འབར་ཞུ་བ་དེ་ནས་བྱུང་གསུངས། དེ་ནས་ནམ་མཁའ་ནས་མཁའ་འགྲོ་སྟག་གི་རྣ་བ་ཅན་ཞིག་ཕེབས་ནས་རབ་གནས་གནང་རྗེས་གར་སྟབས་ཀྱིས་ཞབས་སྐྱིལ་བའི་ཞབས་རྗེས་བཞག་རྗེས་ནམ་མཁར་ཕེབས་བཞིན་ཡལ་བའི་ཞབས་རྗེས་མཆོད་རྟེན་གྱི་རྟེན་དུ་ཆོས་རྒྱལ་ཁྲི་སྲོང་གི་ཐུགས་དམ་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་ཞིང་དང་། བྱང་ཆུབ་སེམས་པ་རྟག་ཏུ་ངུའི་སྤྱན་གཡོན་མ། སངས་རྒྱས་འོད་སྲུང་གི་འཕེལ་གདུང་སྲན་མ་ཙམ་གཉིས་བཞུགས་གསུངས། མཆོད་རྟེན་ཞོགས་ཀྱི་ལྷ་ཁང་ནང་རི་ཕར་ཕྱོགས་ཀྱི་དུང་བླ་རལ་པའི་དགོན་པ་ཇུན་གར་བས་གཏོར་རྗེས་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་སོགས་དུས་འགྱུར་མ་བྱང་བར་དུ་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་ཐུབ་དབང་གི་འཇིམ་སྐུ་དང་། སེང་ཁྲི་ཡན་ཉམས་གསོ་ཞུས་པའི་རྟག་སྤྱན་འབུམ་པ་སོགས་མཇལ་རྒྱུ་ཡོད། དེར་བསྐོར་བ་བསགས་ན་ལས་སྡིག་དག་ཅིང་ལྷག་པར་དུ་མིག་ནད་ལ་ཕན་པོ་ཡོད་ཅེས་ཟེར།

ཆོས་སྡེ་གོང་།

མཚན་རྒྱས་པར་“ཐོས་བསམ་དར་རྒྱས་གླིང་”ཞེས་ཞུ།[page 52] ཕོ་བྲང་ནས་ཡར་ཀླུངས་ཕྱོགས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་ཉི་ཤུ་རྩ་གཉིས་ཙམ་སོང་ན་ཆོས་སྡེ་གོང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྭ་ལོ་ཙཱ་བས་དུས་རབས་བཅུ་གཅིག་པ་ཙམ་ལ་ཕྱག་བཏབ་གནང་མཛད། དེའང་རྭ་ལོ་ཙཱ་བ་དྭགས་ཀོང་ཕྱོགས་སུ་ཕེབས་སྐབས་ཡར་ལྷ་ཤམ་པོར་གངས་བབས་ནས་ཕེབས་མ་ཐུབ་པས་མ་ཚད་རྭ་ལོའི་ཆིབས་རྟ་ཆིབས་དྲེལ་སོགས་ཀྱང་ཤི། དེ་ནས་རྭ་ལོས་འཇིགས་བྱེད་སྲུང་འཁོར་སྒོམ་གནང་བས་ཡར་ལྷ་ཤམ་པོའི་གངས་རིའང་གསུམ་ཆ་གཅིག་ཙམ་བཞུར་སྟབས་ཡར་ལྷ་ཤམ་པོ་རྭ་ལོའི་སྐུ་མདུན་དུ་བཅར་ནས་བཤགས་པ་ཕུལ། དགོན་དེ་བཞེངས་རྒྱུ་དང་། ཕྱིས་འགྲོ་བ་སེམས་ཅན་ལ་མི་གནོད་རྒྱུའི་ཁས་ལེན་ཞུས་པ་སོགས་ཐོག་མར་བཀའ་བརྒྱུད་པའི་དགོན་པ་ཡིན་པ་ལ། ཕྱིས་སུ་རྒྱལ་མཆོག་ལྔ་པའི་དུས་ཕྱི་གླིང་བཅུ་གསུམ་ཞེས་དགེ་ལུགས་པར་བསྒྱུར་གནང་མཛད། དགེ་འདུན་ཞལ་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཟིན། དེ་ནས་རིམ་བཞིན་རྭ་ལོའི་རྣམ་སྤྲུལ་དགེ་སློང་ཆར་ཀ་སྐུ་ཐོག་དང་པོ་ནས་བཟུང་ད་ལྟའི་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་བར་སྐུ་ཐོག་ཉི་ཤུ་རྩ་བཞི་བྱུང་། དེ་རྗེས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་དུས་ད་ལྟའི་དགོན་དེ་སླར་ཡང་གསར་བཞེངས་མཛད་། སྔོན་རྟེན་གཙོ་རྒྱལ་བ་རྡོ་རྗེ་འཆང་དང་། དུས་གསུམ་སངས་རྒྱས་ཐོག་སོ་གཉིས་ལྡན་སོགས་རྟེན་སྐུ་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྔོན་གྱི་རྟེན་གཙོ་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད། ད་དུང་ཆོས་སྡེ་འོག་ཅེས་རྒྱལ་བ་ལྔ་པའི་དུས་ཕྱག་བཏབ་གནང་བའི་དགུན་ཁ་བཞུགས་གནས་ཤིག་ཀྱང་ཡོད། གཉིས་ཀར་མདོ་སྔགས་གཉིས་ཀ་ཕྱག་བཞེས་གནང་ཞིང་། ཡིག་ཆ་ནི་འབྲས་བློ་གླིང་གྲྭ་ཚང་གི་ཡིན། མདུན་རི་ངོ་མཚར་ཅན་ནི་ཡར་ལྷ་ཤམ་པོའི་སྒོ་སྲུང་ངམ་རི་རྒྱུད་དང་། འདི་ནས་ཡར་སྟོད་བྲག་ལ་འཛེགས་པའི་འགོ་ཚུགས་པ་ཡིན།

[page 53]
གཡའ་བཟང་དགོན།

མཚན་རྒྱས་པར་“གཡའ་བཟང་དགའ་ལྡན་བསམ་གཏན་གླིང་”ཞེས་ཞུ། ཆོས་སྡེ་གོང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་བརྒྱད་ཙམ་སོང་ན་ཡར་ལྷ་ཤམ་པོའི་རི་འདབས་གཡའ་བཟང་གྲོང་གི་ནུབ་རིའི་ལྡེབས་ཡར་ལྷ་ཤམ་པོའི་ཁ་ཁྲོད་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་དངོས་སློབ་རྒྱལ་བ་གཡའ་བཟང་པ་དགུང་ལོ་སོ་བརྒྱད་ལ་ཕེབས་པ་སྤྱི་ལོ་༡༢༠༦ལོར་དགོན་དེ་ཕྱག་བཏབ་ནས་རྒྱུན་བཞུགས་མཛད། ཚོགས་པ་ཉིས་སྟོང་བརྒྱད་བརྒྱ་ཙམ་བྱུང་གསུངས། མཐར་སྐུ་འཇའ་ལུས་སུ་ཕེབས་ནས་སྐུ་གདུང་རིང་བསྲེལ་མཁའ་འགྲོས་སྤྱན་དྲངས། ཆོས་རྒྱལ་སྲོང་བཙན་གྱི་རྣམ་སྤྲུལ་ཡིན་པར་གྲགས། སྐུ་ཕྲེང་རིམ་པ་དགུ་ཙམ་བྱུང་བ་ལ་དགུ་པ་ལྕང་གྲོང་སྤྱི་ཕྱག་སྟེ་སྤྲུལ་སྐུ་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་ཞེས་སུ་གྲགས། གཡའ་བཟང་བཀའ་བརྒྱུད་པའི་སྲོལ་གཏོད་པོའང་རྗེ་འདི་ཡིན། སྔོན་དགོན་དེར་གསེར་ཟངས་ཀྱི་རྒྱལ་བ་ཤཱཀྱ་མུ་ནེ་མི་ཚད་མ་དང་། ཇོ་བོ་མི་སྐྱོད་རྡོ་རྗེ་སོགས་རྟེན་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྐུ་དེ་དག་གི་སྐུ་ཚབ་འཇིམ་སྐུ་མང་པོ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད་ལ། སྔོན་རྒྱལ་བ་གཡའ་བཟང་པས་བོད་ཀྱི་ཁྲི་དཔོན་གནང་སྐབས་ཀྱི་སྲུང་མ་མགོན་པོ་ཕྱག་བཞི་པ་དང་། ལྷ་ཙན་ཌི་ཀ་སོགས་ཀྱི་སྐུ་བརྙན་ཡང་མཇལ་རྒྱུ་ཡོད།

ཡང་དེའི་ཕུ་ལ་འཁོར་ལམ་མེད་སྟབས་རྐང་ཐང་མར་ཆུ་ཚོད་གསུམ་ལྷག་ཙམ་ཕྱིན་ན་གངས་ནུབ་ཅེས་པའི་ཇོ་དགོན་ཞིག་ཡོད་པ་དེར་མ་ཅིག་ལབ་སྒྲོན་གྱི་སྲས་སྒམ་པོ་ཐོས་ཡོན་བསམ་གྲུབ་ཀྱི་སྒྲུབ་ཕུག་བྱིན་ཅན་ཞིག་དང་། གུ་རུ་རིན་པོ་ཆེ་དང་། རྒྱལ་བ་ཀློང་ཆེན་པ་སོགས་ཀྱི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད།

རྒྱ་བཟའ་ཁང་།

མཚན་གཞན་ལ་“བརྒྱ་བཟའ་ལྷ་ཁང་”ཞེས་ཞུ། ཕོ་[page 54] བྲང་གྲོང་ནས་ལྷོ་ནུབ་ངོས་ཡར་ལྷ་ཤམ་བུའི་ཆུ་ཐོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གཉིས་ཙམ་སོང་ན་ཟེ་སྟོད་གྲོང་གི་སྟོད་དུ་ལྷ་ཁང་དེ་མཇལ་རྒྱུ་ཡོད། “ཟེ་སྟོད་”ཅེས་པ་ནི་སྔོན་བླ་མ་གཡུང་དྲུང་ཁྲོ་རྒྱལ་ཞུ་བ་དེར་བཞུགས་ཤིང་“ལུང་པ་འདི་གཟེངས་སུ་ཐོན་པ་ཞིག་འོང་”ཞེས་གསུངས་པ་ལས་ཟེ་སྟོད་ཅེས་པའི་མིང་དེའི་ཟུར་ཆགས། ལྷ་ཁང་དེ་ནི་ཆོས་རྒྱལ་མེས་ཨག་ཚོམ་གྱི་བཙུན་མོ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་ངང་ཚུལ་རྒྱལ་མོ་སྟེ་གྱིམ་ཤིང་ཀོང་ཇོའམ་ཅིང་དྲེང་ཀོང་ཇོའི་བཞུགས་ས་ཡིན་ཅིང་། སྔོན་དེར་ཆོས་རྒྱལ་མེས་ཨག་ཚོམ་གྱི་ཕྱག་བཟོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་ཞིག་ཡོད་པ་དེ་ཉམས་ཆགས་བྱུང་བའི་ས་དེ་རང་གིས་བཞེངས་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ཞིག་ལྷ་ཁང་རྙིང་པའི་ནང་དུ་མཇལ་རྒྱུ་ཡོད། སྔོན་ལྷ་ཁང་དེར་བཀྲ་ཤིས་ཆོས་སྡེ་ནས་སྐུ་གཉེར་རེ་བཏང་གནང་དགོས།

རྒྱ་བཟའ་ཁང་གི་འོག་ཏུ་“འབུམ་རྟེན་ཆེན་པོ་”ཞེས་པའི་འབུམ་པའི་ཤུལ་ཞིག་ཡོད་པས་བོད་ཟླ་༤ཚེས་༡༥ཟླ་བ་ཤར་སྐབས་འབུམ་པ་དེར་གྲིབ་སོ་མེད་ཟེར།

བཀྲ་ཤིས་ཆོས་སྡེ།

མཚན་རྒྱས་པར་“ཡར་ཀླུངས་བཀྲ་ཤིས་ཆོས་སྡེ་”ཞེས་ཞུ། ཁྲ་འབྲུག་ནས་བཀྲ་ཤིས་ཐོག་མེད་བར་སྤྱི་ལེ་བཞི་ཙམ་དང་། བཀྲ་ཤིས་ཐོག་མེད་ནས་བཀྲ་ཤིས་ཟམ་པ་ཐོན་ཏེ་སྤྱི་ལེ་གཅིག་ཙམ་སོང་ན་བཀྲ་ཤིས་ཞོལ་པ་གྲོང་གི་རི་འགྲམ་དུ་དགོན་དེ་མཇལ་རྒྱུ་ཡོད། “བཀྲ་ཤིས་ཞོལ་པ་”ཞེས་པ་ནི་བཀྲ་ཤིས་ཆོས་སྡེའི་ཞོལ་དུ་ཆགས་པས་བཀྲ་ཤིས་ཞོལ་པ་ཞེས་ཐོགས། དགོན་དེ་ནི་ཐོག་མར་མཁན་ཆེན་གཞོན་ནུ་བློ་གྲོས་ཏེ་རྗེ་རེད་མདའ་བས་ཕྱག་བཏབ་གནང་མཛད། དེ་རྗེས་མཚར་ཆེན་བློ་གསལ་རྒྱ་མཚོས་མཛད་པ་རྒྱ་ཆེར་བསྐྱངས། ད་ལྟ་འཚོ་བཞུགས་བྱམས་པ་བློ་གསལ་བར་སྐུ་ཕྲེང་དགུ་ཙམ་བྱུང་། ས་སྐྱ་མཚར་ལུགས་ཡིན། དགེ་འདུན་ཞལ་གྲངས་བརྒྱད་ཅུ་ཙམ་ཟིན། སྔོན་[page 55] དགོན་དེར་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་ཐོག་བརྩེགས་གཉིས་ལྡན་དང་རྗེ་རེད་མདའ་བའི་སྐུ་བརྙན་སོགས་ཡོད་པ་ལ། ད་ལྟ་གསར་བཞེངས་འདུ་ཁང་ནང་ཐུབ་དབང་གི་འཇིམ་སྐུ་དང་། སྔོན་གྱི་རྗེ་རེད་མདའ་བའི་སྐུ་འདྲའི་སྐུ་སྟོད་དེ་རང་ལ་སྐུ་སྨད་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གཞན་ཡང་ཡར་ཀླུངས་བཀྲ་ཤིས་ཞོལ་པ་ཞེས་པའི་ལྷ་མོ་འབག་དཀར་པོའི་འབྱུང་གནས་ཀྱང་ཡུལ་དེར་ཡིན། སྔོན་གྲུབ་ཐོབ་ཐང་སྟོང་གནས་དེར་ཕེབས་སྐབས། ཡུལ་འདི་ལ་བཀྲ་ཤིས་ཐོག་མེད་དང་། བཀྲ་ཤིས་ཟམ་པ། བཀྲ་ཤིས་ཆོས་སྡེ། བཀྲ་ཤིས་རྩེ། བཀྲ་ཤིས་ཞོལ་པ་བཅས་བཀྲ་ཤིས་ལྔ་ཚང་བས་འདིར་ལྷ་མོ་བཙུགས་གསུངས་ནས་ཐོག་མར་ཨ་ཅེ་ལྷ་མོ་ཡུལ་དེ་ནས་འགོ་བཙུགས། རྒྱལ་མཆོག་ལྔ་པ་འཕྱོངས་རྒྱས་སུ་འཁྲུངས་རྗེས་རྟེན་འབྲེལ་ཞུ་སྐབས་ཀྱང་ལྷ་མོ་དེ་འཁྲབ། སྔོན་ནོར་གླིང་ཞོ་སྟོན་དུ་བཅར་སྐབས་ཀྱང་ལྷ་མོ་ཀུན་གྱི་འབྱུང་གནས་ཡིན་ཟེར་ཨང་དང་པོར་འཁྲབ་དགོས། འོན་ཀྱང་རྗེས་སུ་འཕྱོངས་རྒྱས་སྤུན་བདུན་ཞེས་པའི་ལྷ་མོའི་འབག་གི་མིག་ཡར་ལྟ་རེད་ཅེས་སྔོན་དུ་འཁྲབ་སྲོལ་ཡང་བྱུང་།

རས་ཆུང་ཕུག

བཀྲ་ཤིས་ཆོས་སྡེ་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གཉིས་མ་ཟིན་ཙམ་བསྐྱོད་ན་རས་ཆུང་ཕུག་པ་གྲོང་གི་ལྷོ་ངོས་སུ་རས་ཆུང་ཕུག་དགོན་པ་མཇལ་རྒྱུ་ཡོད།“རས་ཆུང་ཕུག་”ཅེས་པ་ནི་དགོན་དེར་གཙོ་བོ་རས་ཆུང་བའི་སྒྲུབ་ཕུག་ཡོད་སྟབས་རས་ཆུང་ཕུག་ཅེས་ཟེར་ཞིང་ཡར་ཀླུངས་ཕུག་གསུམ་ཞེས་པའི་ཡ་གྱལ་ཡང་ཡིན། ཐོག་མར་རས་ཆུང་བའི་སྒྲུབ་ཕུག་ཙམ་ཡིན་པ་ལ་རྗེས་སུ་རས་ཆུང་བའི་རྣམ་སྤྲུལ་གཙང་སྨྱོན་ཧེ་རུ་ཀ་བྱོན་ཏེ་མཛད་པ་རྒྱ་ཆེར་བསྐྱངས། སྔོན་དུས་འགྱུར་གོང་དགོན་དེར་དགེ་འདུན་ཞལ་གྲངས་ལྔ་བཅུ་ཙམ་དང་། འདུ་ཁང་ཨ་མ་ཞེས་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། མ་ཎི་ལྷ་ཁང་སོགས་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད།

[page 56]

ད་ལྟ་ཉམས་གསོ་ཞུས་པའི་ཕུག་པའི་ནང་གུ་རུ་དང་། རས་ཆུང་། མི་ལ། གཙང་སྨྱོན་སོགས་ཀྱི་འདྲ་སྐུ་དང་། ལྷག་པར་དུ་རས་ཆུང་བའི་ཞབས་རྗེས་དང་། མི་ལའི་ཕྱག་འཁར། གཞན་ཡང་རང་བྱོན་སྣ་ཚོགས་བཅས་མཇལ་རྒྱུ་ཡོད།

བེེ་རོ་ཕུག

རས་ཆུང་ཕུག་ནས་འཁོར་ལམ་སྤྱིར་བཏང་བ་བརྒྱུད་སྤྱི་ལེ་གཉིས་ཙམ་ཕྱིན་ན་པད་རོང་གྲོང་གི་ཤར་རིའི་ལྡེབས་སུ་སྒྲུབ་ཕུག་དེ་མཇལ་རྒྱུ་ཡོད། སྒྲུབ་ཕུག་དེ་ནི་ཡར་ཀླུངས་ཕུག་གསུམ་གྱི་ཡ་གྱལ་ཞིག་ཀྱང་ཡིན་། པད་གྲོང་ཞེས་པ་ནི་སྔོན་ཤེལ་བྲག་གི་འོག་ཏུ་པད་སྒང་ཞེས་པའི་གྲོང་ཞིག་ཡོད་པ་དང་། དེའི་འོག་ཏུ་ཆགས་པའི་གྲོང་ལ་པད་གྲོང་ཞེས་པའི་མིང་དེ་ཐོགས་ཟེར། སྒྲུབ་ཕུག་དེར་བེེ་རོ་ཙ་ན་ལོ་དགུ་བཞུགས། བེེ་རོ་སྙེ་མོར་འཁྲུངས་ནས་རྒྱ་གར་དུ་ཕེབས། དེ་རྗེས་སྒྲུབ་ཕུག་དེར་བཞུགས་ནས་ལོ་དྲུག་ཙམ་སོང་སྐབས། ཚེ་ཆུ་འབུམ་པར་བཞུགས་པའི་གུ་རུ་རིན་པོ་ཆེས་མཁྱེན་ནས་དེར་ཕེབས་ཏེ་སྒྲུབ་རྟགས་འགྲན་གནང་མཛད། ཐོག་མར་གུ་རུས་བྲག་ཕུག་ནང་གི་བྲག་ཐམས་ཅད་མར་འབེབས་གནང་བས། བེེ་རོས་ཕྱག་གཡས་པ་དང་ཞབས་གཡོན་མས་ཕར་ཕུད། དབུས་ཡར་སྐྱོར་གནང་བ་བཅས་ཀྱི་རང་བྱོན་ཡང་ཡོད་པས། གུ་རུས་“བེེ་རོ་ཙ་ན་ཨོ་རྒྱན་དངོས་དང་མཉམ་”གསུངས་པའང་དེ་ནས་བྱུང་གསུངས། ད་དུང་སྒྲུབ་ཕུག་ནང་ཆོས་བཀའ་འགྱུར་གྱི་རྩིག་པའི་རང་བྱོན་དང་། དམ་ཅན་ཞལ་འབག་གི་རང་བྱོན་ཡང་མཇལ་རྒྱུ་ཡོད། བྲག་ཕུག་གི་འོག་ཏུ་གྲོང་ཞིག་ཡོད་པ་ལ་“རོགས་པ་རྩེ་”ཞེས་ཟེར། དེ་ལྟར་ཟེར་དགོས་དོན་ནི་བེེ་རོས་“ང་ལོ་དགུ་འདིར་སྒྲུབ་པ་རྒྱག་སྐབས་རོགས་པ་རྩེ་དྲ་བྱས་བྱུང་”ཞེས་གསུངས་པས་རོགས་པ་རྩེ་པ་ཞེས་པ་དེ་ལྟར་བྱུང་། སྔོན་བྲག་ཕུག་དེ་ཤིན་ཏུ་བཙན་པོ་ཡོད། རྗེས་སུ་ཉམས་ཆགས་བྱུང་རྗེས་ད་ལྟ་མཇལ་བདེ་པོ་ཡོད།

[page 57]
རྒོད་ཐང་འབུམ་པ།

མཚན་གཞན་ལ་“དགོན་ཐང་འབུམ་པའང་”ཟེར། བེེ་རོ་ཕུག་ནས་ལྷོ་ནུབ་མཚམས་ཀྱི་ཞིང་ཐང་དུ་སྤྱི་ལེ་གཅིག་ཙམ་སར་རྒོད་ཐང་གྲོང་ཞེས་པར་འབུམ་པ་དེ་མཇལ་རྒྱུ་ཡོད། འབུམ་པ་དེ་ནི་ཡར་ཀླུངས་རྟེན་གསུམ་ནང་ཚན་གྱི་འབུམ་པ་གཅིག་ཡིན། རྒོད་ཐང་ཞེས་པ་ནི་སྔོན་ཚོང་དཔོན་ནོར་བུ་བཟང་པོ་འདིར་ཕེབས་ནས་ཆིབས་རྟ་ཆད་ནས་བཞུགས་པའི་སྐབས་ཤིག་ན། ཆིབས་རྟའི་སྟེང་དུ་རྒོད་ཅིག་བབས་པར་ཚོང་དཔོན་རྣམ་རྟོག་འཁྲུངས་ནས་དེ་མར་རྒོད་ལ་མདའ་འཕངས་པས་རྒོད་ལ་ཕོག རྒོད་ཀྱིས་མདའ་ཁུར་བཞིན་ཤེལ་བྲག་རྒོད་ཚང་དུ་སོང་ཡང་མདའ་འཁུར་ཏེ་རྒོད་ཚང་ནང་འགྲོ་མི་ཐུབ་པ་སྐུ་གཉེར་གྱིས་མཐོང་ནས་མདའ་ཚུར་འཐེན་པས་རྒོད་ནང་དུ་ཐར། མདའ་དེ་ཤེལ་བྲག་བྲག་ཕུག་གི་སྟེང་དུ་གཟེར་ནས་བཞག དུས་ནམ་ཞིག་ན་ཚོང་དཔོན་ནོར་བུ་བཟང་པོ་ཤེལ་བྲག་ཏུ་ཕེབས་སྐབས་མདའ་དེ་གཟིགས་པས་ངེས་འབྱུང་དྲག་པོ་སྐྱེས་ཏེ་སྡིག་བཤགས་ཀྱི་ཆེད་དུ་རྒོད་ཐང་འབུམ་པ་བཞེངས། ཚོང་དཔོན་གྱི་བླ་གཡུ་བྱ་ནེ་ཙོ་ཙམ་ཞིག་ཡོད་པ་དེའང་འབུམ་པའི་ནང་འབུལ་གནང་མཛད་གསུང་། ཡང་གསུང་སྲོལ་གཞན་ཞིག་ལ་མངའ་བདག་ལྷ་སྡེའི་དུས་སུ་རྒོད་ཐང་གྲ་མིག་བྱ་བ་དེར་རྒོད་ཐང་འབུམ་པའི་ནང་བཞུགས་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ནེ་ཙོ་མས་ཉར་བའི་བླ་གཡུ་དང་། རིང་སྲེལ་སོགས་བཞུགས་པའི་མཆོད་རྟེན་ཆུང་ངུ་ཞིག་བཞེངས་ཏེ་སྨྲི་ཏིས་རབ་གནས་མཛད། དེ་རྗེས་དེའི་ཕྱིར་འབུམ་པ་ཆེན་པོ་དེ་བྱུང་ཞེས་ཀྱང་གསུང་།

ད་ལྟ་གསར་དུ་བཞེངས་པའི་ལྷ་ཁང་ནང་སྔོན་ཚོང་དཔོན་གྱི་རྟ་འདོགས་སའི་རྡོ་ཕུར་དང་། རྟེན་སྐུ་གསར་བཞེངས་གནང་བ། སྔོན་གྱི་འབུམ་པའི་ཤུལ་དུ་འབུམ་པ་གསར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད།

ཚེ་ཆུ་འབུམ་པ།

རྒོད་ཐང་འབུམ་པ་ནས་འཁོར་ལམ་བརྒྱུད་སྤྱི་ལེ་[page 58] བཞི་ལྔ་ཙམ་སོང་ན་བཙན་ཐང་གྲོང་གི་ལམ་སྟེང་དུ་འབུམ་པ་དེ་མཇལ་རྒྱུ་ཡོད། འབུམ་པ་དེའང་ཡར་ཀླུངས་རྟེན་གསུམ་ནང་ཚན་གྱི་འབུམ་པ་ཞིག་ཡིན། འབུམ་པ་དེ་ནི་སྔོན་དུས་སྐབས་ཤིག་ན་བོད་ཀྱི་མི་མང་པོ་ཤི་བ་བཙུན་མོ་ཅོག་རོ་བཟའ་སྒྲོན་གྱིས་གུ་རུ་རིན་པོ་ཆེར་དེའི་ཟློག་ཐབས་ཞུས་པར་གུ་རུས་གནས་དེར་དོང་མི་ཚད་དགུ་དྲུས་ཏེ་ཐོག་མར་བོད་མིར་བྱང་ཆུབ་ཀྱི་སེམས་སྐྱེས་ཆེད་སྤྱན་རས་གཟིགས་ཕྱག་བཞི་པ་དང་། དེའི་སྟེང་ནད་གདོན་ལས་སྒྲོལ་ཆེད་རྗེ་བཙུན་སྒྲོལ་མ། དེའི་སྟེང་གུ་རུ་སྣང་སྲིད་ཟིལ་གནོན་དང་། དེའི་སྟེང་འབུམ་པ་ཞིག་བཞེངས་དགོས་གསུངས་པ་ལྟར་བཞེངས་པ་ཡིན་གསུངས། སྔོན་ཚེས་བཅོ་ལྔར་ཚེ་ཆུ་བབས་པའི་རྡོ་དེ་ནི་གུ་རུས་བསམ་ཡས་གཡའ་མ་ལུང་དུ་ཚེ་ཆུ་ཤོ་སའི་རྡོ་དེ་ཡིན་ཀྱང་ད་ལྟ་མཇལ་རྒྱུ་མེད།

ད་ལྟ་བང་རིམ་འོག་མ་ནས་ཉམས་གསོ་ཞུས་པའི་འབུམ་པའི་ནང་ཤེལ་བྲག་གི་ནང་རྟེན་ཆོས་གོས་ཉི་ཟེར་མ་ཞེས་པ་དང་། དབུ་སྐྲ་འཇའ་འོད་འཁྱིལ་བ་སོགས་མཇལ་རྒྱུ་ཡོད། མཆོད་རྟེན་དེར་སྐོར་བ་བསགས་ན་ཚེ་འཕེལ་ཞིང་ནད་གདོན་འཇོམས་ཞེས་ཟེར།

ཤེལ་བྲག

མཚན་གཞན་ལ་“ཡར་ཀླུངས་ཤེལ་བྲག་”ཅེས་ཀྱང་ཟེར། ཚེ་ཆུ་འབུམ་པ་ནས་རྐང་ཐང་མར་ཆུ་ཚོད་བཞི་ཙམ་ནུབ་ངོས་ཀྱི་ཤེལ་བྲག་གི་རིར་འཛེགས་ན་ཤེལ་བྲག་དགོན་དུ་འབྱོར། དེ་ནས་བར་དོའི་འཕྲང་ལམ་ཞེས་བྲག་སྐས་བརྒྱུད་རིམ་བཞིན་སོང་ན་གུ་རུའི་སྒྲུབ་ཕུག་ཏུ་འབྱོར། དེའང་ཡར་ཀླུངས་ཤེལ་བྲག་དང་། བྲག་ཡེར་པ། བསམ་ཡས་མཆིམས་ཕུ་བཅས་ནི་བོད་ཀྱི་བྲག་ཆེན་གསུམ་ཞེས་དང་། ལྷ་ས་དཀྱིལ་འཁོར་མཐིལ་དང་། བསམ་ཡས། ཁྲ་འབྲུག་བཅས་ནི་ཆོས་འཁོར་གསུམ་ཡིན་ཞེས་ཟེར། ཤེལ་བྲག་ཕུག་ཏུ་གུ་རུ་རིན་པོ་ཆེ་ལོ་གསུམ་བཞུགས་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས་པ་བྲག་ལ་སྟིམས། སྒྲུབ་ཕུག་ནང་སྤྱན་རས་གཟིགས་[page 59] ཕྱག་སྟོང་སྤྱན་སྟོང་དང་། རྗེ་འབངས་ཉེར་ལྔ་སོགས་ཀྱི་རང་བྱོན་མཇལ་རྒྱུ་ཡོད། སྔོན་སྒྲུབ་ཕུག་དེར་བཀའ་བརྒྱུད་ཀྱི་བླ་མ་ཆོས་རྗེ་དུར་ཁྲོད་རིན་ཆེན་གྱིས་སྐུ་སྟོད་ནམ་མཁའ་ནས་ཕེབས་པ་དང་། སྐུ་སྨད་བཙན་ཐང་མྱང་སྟོད་སྒང་དུ་ལུག་བཀྱོན་ནས་བཞེངས་གནང་བའི་ཛྷེེ་ཀྵིམ་གྱི་གུ་རུའི་འདྲ་སྐུ་ད་ལྟའང་ཁྲ་འབྲུག་ཏུ་བཞུགས་ཡོད་པ་དེ་དང་། སྔོན་ཆོས་རྗེ་དུར་ཁྲོད་རིན་ཆེན་གྱིས་ཕྱག་བཏབ་གནང་བའི་ཤེལ་བྲག་དགོན་གྱི་འདུ་ཁང་ནང་ཆོས་རྗེ་དེ་ཉིད་ཀྱི་སྐུ་བརྙན་སོགས་ཡོད། བསམ་ཡས་རབ་བྱུང་གི་སྡེ། གོས་དཀར་ལྕང་ལོའི་སྡེ། ཤེལ་བྲག་སྔགས་པའི་སྡེ་ཞེས་ཐོག་མར་དབོན་དགོན་ཡིན་པ་ལ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་དུས་གཙང་དགོན་དུ་བསྒྱུར་གནང་མཛད། དགེ་འདུན་ཞལ་གྲངས་ཉི་ཤུ་ཙམ་ཡོད། རྡོ་རྗེ་བྲག་གི་ཁོངས་ཡིན།

ད་ལྟ་ཉམས་གསོ་ཞུས་པའི་བྲག་ཕུག་དང་། གུ་རུའི་སྐུ་བརྙན་གྱི་སྐུ་ཚབ་གསར་བཞེངས། སྒྲུབ་ཕུག་འོག་ཏུ་གུ་རུ་མཚན་བརྒྱད་གསར་བཞེངས་དང་འདུ་ཁང་ནང་སྟོན་པའི་སྐུ་དང་། སྤྱན་རས་གཟིགས། གུ་རུ་སྣང་སྲིད་ཟིལ་གནོན་སོགས་ཀྱི་འཇིམ་སྐུ་མང་པོ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

བཙན་ཐང་།

མཚན་རྒྱས་པར་“བཙན་ཐང་གཡུ་ཡི་ལྷ་ཁང་”ཞེས་ཞུ། དེ་ནི་ཡར་ཀླུངས་གནས་གསུམ་གྱི་ཁོངས་ཡིན། ཚེ་ཆུ་འབུམ་པ་ནས་གཤམ་དུ་སྤྱི་ལེ་ཕྱེད་ཙམ་གྱི་ས་ལ་ལྷ་ཁང་དེ་མཇལ་རྒྱུ་ཡོད། བཙན་ཐང་ཞེས་པ་ནི་སྔོན་གནས་དེར་སྤང་གཤོང་ཞིག་ཡོད་པ་ལ། སྤྱི་ལོའི་སྔོན་གྱི་ལོ་༡༢༧ཙམ་ལ་དེར་བྱིས་པ་བཞི་ཕྱུགས་འཚོ་བཞིན་པའི་སྐབས་རྒྱབ་རི་ཐབ་རྡོ་རི་སྟེ་བཙན་ཐང་ལྷ་རིའི་རྩེ་ནས་འོད་འཕྲོ་བ་མཐོང་ནས་དེ་ནོར་བུ་ཡིན་པར་ངོས་འཛིན་ནས་བྱིས་པ་རྒན་པ་གཉིས་གདན་འདྲེན་པར་འགྲོ་རྒྱུ་བྱས། དེ་འོག་གི་ནོར་བུ་བཞུགས་སའི་ལབ་མའི་ཁྲི་སྟེ་སྤང་དྲས་པ་ལས་རྩེགས་པའི་ཁྲི་རྩེགས། ཆུང་ཤོས་ཀྱིས་ཕྱུགས་འཚོ་བཞིན་བསྡད། རྒན་པ་གཉིས་རི་སྟེང་དུ་སླེབས་སྐབས་འོད་འཕྲོ་བ་[page 60] ནི་གཞན་མ་ཡིན་པར་མི་ཁྱད་དུ་འཕགས་པ་ཞིག་ཡོད་པར་གང་ནས་འོང་ཞེས་དྲིས་པར་ནམ་མཁའ་ལ་མཛུབ་མོ་བཙུགས་པས་ལྷ་ལས་བབས་པར་ངོས་འཛིན། ད་གང་དུ་བྱོན་དྲིས་པར་ཡུམ་བུ་བརླ་མཁར་གྱི་ཕྱོགས་སུ་མཛུབ་མོ་བཙུགས། དེ་ནས་བྱིས་པ་གཉིས་ཀྱིས་གཉའ་སྟེང་དུ་གདན་དྲངས་ཏེ་ལབ་མའི་ཁྲི་ལ་བཞུགས་སུ་གསོལ་ནས་རྒྱལ་པོར་བཀུར། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་ཡང་གཉའ་བར་སྟེགས་པ་དེ་ནས་བྱུང་། ས་དེར་བཙན་ཐང་ཞེས་ཐོགས་པའི་དོན་ཡང་དེ་ལྟར་བྱུང་། དེ་རྗེས་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་ངང་ཚུལ་བྱང་ཆུབ་རྒྱལ་མོའམ་གྱིམ་ཤིང་ཀོང་ཇོས་རྒྱ་སྐྱེད་གནང་ནས་ཙན་དན་དཀར་དམར་དང་། རྒྱ་ཕོ་རྒྱ་མོ་རྒྱ་སོགས་ཀྱི་ཀ་བ་དང་། སྐོར་བ་ཕྱི་ནང་བར་གསུམ་དུ་རྒྱག་རྒྱུ་ཡོད། ཀ་བཀྱག་ཀྱང་བསམ་ཡས་སུ་དཀྲུག་རྒྱབ་སྟེ་ཆུ་ཐོག་ནས་དྲངས་པ་ཡིན་ཟེར་བ་ད་ལྟའང་མཇལ་རྒྱུ་ཡོད། གཡུ་ཡི་ལྷ་ཁང་ཞེས་པའང་དེའི་དུས་ཡངས་ཐོག་གཡུ་རྩི་བསྒྲོན་གནང་སྟབས་མཚན་དེ་ལྟར་བྱུང་། སྔོན་བྱ་ས་ལྷ་ཁང་དུ་ལི་དཀར་གྱི་རྣམ་པར་སྣང་མཛད་དང་། ཁྲ་འབྲུག་རུ་རྡོ་ཡི་རྣམ་པར་སྣང་མཛད། བཙན་ཐང་ལ་ཙན་དན་གྱི་རྣམ་པར་སྣང་མཛད་ཅེས་གནས་གསུམ་པོར་རྣམ་པར་སྣང་མཛད་སྐུ་རྒྱུ་མི་འདྲ་བ་རེ་མཇལ་རྒྱུ་ཡོད་ཟེར། སྔོན་དགའ་ལྡན་ཆོས་འཁོར་གླིང་གི་ཁོངས་ཡིན་ཅིང་དེར་གྲྭ་པ་ལྔ་གྲྭ་རེ་གཏོང་གནང་དགོས།

ད་ལྟ་ཕྱིའི་ལྕགས་རི་ཙམ་ལས་ནང་གི་ལྷ་ཁང་གསར་བཞེངས་གནང་བའི་ནང་། རྣམ་པར་སྣང་མཛད་དང་། བཅོམ་ལྡན་འདས། མར་མེ་མཛད་སོགས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཀེ་རུ་ལྷ་ཁང་།

མཚན་རྒྱས་པར་“བྲག་དམར་ཀེ་རུ་ལྷ་ཁང་”ཞེས་ཞུ། རྩེད་ཐང་ནས་ཤར་ངོས་སུ་འཁོར་ལམ་བརྒྱུད་སོང་ན་ད་ལྟའི་རྩེད་ཐང་ཟམ་ཆེན་ཞེས་པའི་ནུབ་ཏུ་ཉ་མགོ་གྲུ་ཞེས་གྲུབ་ཐོབ་ཐང་སྟོང་གིས་བསྐྱོན་པའི་ལྕགས་ཟམ་[page 61] གྱི་རྗེས་ཤུལ་བཅས་བརྒྱུད་ད་ལྟའི་ལྕགས་ཟམ་ཐོན་ཏེ་བྱང་དུ་སྤྱི་ལེ་བཅུ་གཉིས་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་ལྷ་ཁང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ལྷ་ཁང་དེ་ནི་ཐོག་མར་ཆོས་རྒྱལ་ཁྲི་ལྡེ་གཙུག་བཙན་གྱིས་བཞེངས་གནང་མཛད། དེ་རྗེས་ཇོ་བོ་རྗེ་དེར་ཕེབས་ནས་སླར་ཡང་བྱོན་པར་ཉེ་བའི་སྐབས་“ཇོ་བོ་མི་ཕེབས་རོགས་གནང་”ཞེས་ཞུས་པར། ཇོ་བོས་“ང་མ་ཕྱིན་ན་མི་འགྲིག་པས་ངའི་ཚབ་ཏུ་འདི་བགྱིས་”ཞེས་གསུངས་ནས་ཤངས་ཁྲག་གིས་འདྲ་སྐུ་ཞིག་བཞེངས་གནང་བ་དང་། ཇོ་བོ་ཡང་གྱང་ལ་ཐིམ་སར་མཆོད་རྟེན་ཆུང་ངུ་ཞིག་མཇལ་རྒྱུ་ཡོད་པ་ལ་མཆོད་རྟེན་དཀར་ཆུང་ལྷ་ཁང་ཞེས་ཟེར། སྔོན་འདུ་ཁང་ནང་སྟོན་པ་གཙོ་འཁོར་ཉེ་སྲས་བརྒྱད་ཐོག་བརྩེགས་གཉིས་ལྡན་གྱི་འཇིམ་སྐུ་དང་། དགེ་འདུན་ཞལ་གྲངས་སུམ་ཅུ་སྐོར་ཡོད། དགོན་དེ་རྡོ་རྗེ་བྲག་གི་ཁོངས་ཡིན་སྟབས་མཁན་པོའང་རྡོ་རྗེ་བྲག་ནས་ཕེབས་དགོས།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྟོན་པ་ཉེ་སྲས་བརྒྱད་ལ་ཉམས་གསོ་ཞུས་པ་དང་། ཉམས་གསོ་ཞུས་པའི་མཆོད་རྟེན་དཀར་ཆུང་ལྷ་ཁང་ནང་གསར་བཞེངས་མཆོད་རྟེན་དཀར་ཆུང་དང་། ཇོ་རྔོག་འབྲོམ་གསུམ་གྱི་ལྡེབས་རིས་གསར་བཞེངས་གནང་བ། གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་དང་། བསྟན་འགྱུར་བྲིས་མ་པོད་ཉིས་བརྒྱ་ཙམ་བཅས་མཇལ་རྒྱུ་ཡོད།

དགོན་དེའི་ཤར་ངོས་སུ་ཇོ་དགོན་ནོར་བུ་ཆོས་འཛོམས་ཞེས་པ་དང་། ལྷོ་ངོས་སུ་འོན་རྒྱལ་སྲས་རིན་པོ་ཆེའི་དགོན་པ་འོན་ཆོས་ལྡིང་བླ་བྲང་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགོན་ལག་བདེ་ཆེན་དགའ་ཚལ་ཞེས་པ་སོགས་ཀྱི་རྗེས་ཤུལ་མཇལ་རྒྱུ་ཡོད།

བཀྲ་ཤིས་དོ་ཁ།

མཚན་གཞན་ལ་“བཀྲ་ཤིས་དུ་ཁ་”ཞེས་ཞུ། ཀེ་རུ་ལྷ་ཁང་ནས་མར་ལམ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་ཙམ་སོང་ན་ཁྲི་སྨོན་གྲོང་ཞེས་པའི་ཤར་གྱི་རི་འབུར་སྟེང་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་[page 62] ནི་ཐོག་མར་རྗེ་ཙོང་ཁ་པ་གནས་དེར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། ཉིན་གཅིག་ལ་དབུ་སྐྲ་ཐེངས་བདུན་སིལ་བ་ལས་འདྲ་སྐུ་བདུན་བཞེངས་ནས་སྐུའི་གཟུངས་སུ་དབུ་སྐྲ་ཐེངས་རེ་བཞར་བ་ཕུལ། སྐུ་མ་བསྐམ་པས་གསོལ་དཔོན་བཀྲ་ཤིས་བྱ་བས་མེར་སྐམ་པས་དུ་བ་ཁ་སྟབས། སྐུ་དེ་རྣམས་ཀྱིས་“བཀྲ་ཤིས། བཀྲ་ཤིས། དུ་བ་ཁ་བྱུང་།”ཞེས་གསུང་འབྱོན་པས་རྗེ་བཀྲ་ཤིས་དུ་ཁ་མ་ཞེས་པའི་མཚན་དེ་ལྟར་བྱུང་། སྐུ་དེ་བཞུགས་པའི་མཆོད་རྟེན་ཞིག་ཀྱང་བཞེངས་གནང་མཛད། རྗེ་རིན་པོ་ཆེ་དང་དགེ་འདུན་རྒྱ་མཚོ་ལྷོ་ཁར་ཞལ་མཇལ་སའང་ས་དེར་ཡིན། དེ་རྗེས་རྩེ་མགྲོན་རིན་པོ་ཆེས་“སྨན་བླའི་དགོན་པ་”ཞེས་པ་ཞིག་ཕྱག་བཏབ་གནང་མཛད། དེ་རྗེས་རྒྱལ་བ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་གནང་བའི་དྭགས་པོ་མངའ་རིས་གྲྭ་ཚང་གི་དགོན་ལག་ཏུ་གྱུར་ཏེ་དགེ་འདུན་བགྲེས་གྲས་བཅུ་དྲུག་གནས་དེར་བཞུགས་ཏེ་གནས་བརྟན་བཅུ་དྲུག་གི་ཚུལ་མཛད། སྔོན་དགོན་དེར་སྨན་བླ་བདེ་གཤེགས་བརྒྱད་དང་། གནས་བརྟན་བཅུ་དྲུག་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་རྗེ་ཡབ་སྲས་གསུམ་དང་། རྒྱལ་བ་ལྔ་པ་སོགས་ཀྱི་འདྲ་སྐུ་གསར་བཞེངས་གནང་བ་དང་། མཆོད་རྟེན་ཉམས་གསོ་གནང་བ། བྱམས་པ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད་ལ། ད་དུང་འདུ་ཁང་གི་ལྟག་ཏུ་རྗེ་རིན་པོ་ཆེས་སེང་གདོང་མ་སྒྲུབ་གནང་སའི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད།

དེ་ནས་མར་ལམ་སྤྱི་ལེ་གསུམ་ཙམ་འཁོར་ལམ་སྤྱིར་བཏང་བ་དེ་བརྒྱུད་འོང་ན་བྲག་ཁ་ཞོལ་གྲོང་དབུས་ནས་བྲག་ཁ་རྫོང་ཤུལ་དང་། འོན་མངའ་རིས་གྲྭ་ཚང་གི་རྗེས་ཤུལ་མཇལ་རྒྱུ་ཡོད། མངའ་རིས་གྲྭ་ཚང་ཞེས་འབོད་དོན་ནི་ཐོག་མའི་དགེ་འདུན་གྱི་སྡེ་སྟོད་མངའ་རིས་ནས་ཆོས་རྒྱལ་འཇིག་རྟེན་དབང་ཕྱུག་གིས་གཏོང་གནང་མཛད་སྟབས་མཚན་དེ་ལྟར་ཐོགས་ལ་ཐོག་མར་ཆོས་འཁོར་རྒྱལ་མངའ་རིས་གྲྭ་ཚང་དུ་བཞུགས། དེ་རྗེས་ད་ལྟའི་ཆགས་ཡུལ་དུ་རྒྱལ་[page 63] མཆོག་ལྔ་པའི་དུས་སུ་སྤོས། དྭགས་པོ་མངའ་རིས་གྲྭ་ཚང་ཞུ་དོན་ཡང་དེ་ལྟར་བྱུང་། དགོན་དེ་གནས་དེར་མ་སྤོས་གོང་འོན་གསེར་ཁང་རྩེ་ཞེས་བོན་པོའི་དགོན་པ་ཡིན། མངའ་རིས་གྲྭ་ཚང་སྤོས་རྗེས་འོན་མངའ་རིས་གྲྭ་ཚང་ཞེས་འབོད། འདུ་ཁང་ཀ་བ་ཉི་ཤུ་དང་། ཁང་ཚན་དྲུག་དང་བཅས་པར་རྟེན་སྐུ་དེ་དང་མཚམ་པ་ཡོད། མངའ་དྭགས་རྒྱལ་གསུམ་ཞེས་པའི་ཡ་གྱལ་ཡང་ཡིན། འོན་ཀྱང་ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

འཕྱོངས་རྒྱས་རྫོང་།

“འཕྱོངས་རྒྱས་”ཞེས་པ་ནི་ཡུལ་དེའི་ལྷོ་ངོས་ཀྱི་ཆུ་འགོ་ནོར་བུ་རི་ནས་སྲོང་བཙན་གྱིས་ནོར་བུ་འཕྱོངས་ཕྲུ་གང་པ་ཞིག་གཏེར་ནས་བཞེས་པས་འཕྱོངས་རྒྱས་ཞེས་པ་དེ་ལྟར་ཐོགས། ད་ལྟའི་འཕྱོངས་རྒྱས་རྫོང་གནས་ཡུལ་ནི་འཕྱོངས་རྒྱས་ཕྱིང་བ་སྟག་རྩེའི་རྫོང་ཤུལ་གྱི་འདབས་སུ་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༡༠༣༠དང་། ས་ཞིང་མུའུ་ཁྲི་.རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་.ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་.མི་འབོར་ཁྱོན་བསྟོམས་ཁྲི་.ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༣༩༠༠ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།

དཔའ་བོ་དགོན།

མཚན་རྒྱས་པར་“དཔའ་དགོན་བསམ་གཏན་འཕེལ་རྒྱས་གླིང་”ངམ་“སྦ་འོར་དགོན་”ཡང་ཞུ། བེེ་རོ་ཕུག་ནས་སྤྱི་ལེ་གཉིས་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་གྱེན་དུ་སོང་ན་སྤུན་བདུན་གྲོང་གི་རི་འབུར་སྟེང་དགོན་དེ་མཇལ་ཐུབ། སྤུན་བདུན་ཞེས་པ་ནི་འཕྱོངས་རྒྱས་བཀྲ་ཤིས་སྤུན་བདུན་ཞེས་པའི་ལྷ་མོ་འབག་དཀར་པོའི་ཡུལ་དེ་ཡིན། ཐོག་མར་གཤམ་དུ་ཇོ་[page 64] དགོན་ཞིག་ཡོད་པ་ལ། དེ་རྗེས་ད་ལྟའི་དགོན་དེ་ཕྱག་འདེབས་པ་པོ་ནི་ཀུན་བཟང་དབྱིངས་གྲོལ་ཞུ་བ་དེ་ཡིན་ཅིང་། རྗེས་ཀྱི་སྐུ་ཐོག་བཀའ་འགྱུར་བླ་མ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞུ་བ་དབྱར་གནས་བསྒྲུབས་མཚམས་གནས་དེར་བཞུགས་པ་ལས་རྒྱུན་དུ་དྭགས་པོ་བཤད་སྒྲུབ་གླིང་དུ་བཞུགས་ཀྱི་ཡོད། སྔོན་དགོན་དེར་རྒྱལ་བ་བྱམས་པའི་འཇིམ་སྐུ་ཐོག་སོ་གཅིག་ལྡན་དང་། གཡས་སུ་ཇོ་བོ་ཤཱཀྱ་མུ་ནེ། གཡོན་དུ་རྗེ་ཙོང་ཁ་པ་དང་རྣལ་འབྱོར་མ་སོགས་མཇལ་རྒྱུ་ཡོད་ལ་བཙུན་མ་གྲངས་ཉི་ཤུ་རྩ་ལྔ་ཙམ་གྱིས་དགེ་ལྡན་ཕྱག་བཞེས་གནང་གི་རེད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་རྟེན་གཙོ་རྒྱལ་བ་བྱམས་པའི་སྐུ་སྨད་ཀྱི་སྟེང་དུ་སྐུ་སྟོད་གསར་བཞེངས་གནང་བ་དང་། གཞན་ཡང་སྐུ་འདྲ་གསར་བཞེངས་གནང་བ་མང་པོ་མཇལ་རྒྱུ་ཡོད།

ཐང་པོ་ཆེ།

མཚན་རྒྱས་པར་“སོལ་ནག་ཐང་པོ་ཆེ་”ཞེས་ཞུ། དཔའ་བོ་དགོན་ནས་གྱེན་དུ་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་གཉིས་ཙམ་ཕྱིན་ན་ཐང་པོ་ཆེ་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། སོལ་ནག་ཅེས་པ་ནི་སྔོན་དགོན་དེའི་རྒྱབ་རིར་ཙན་དན་སོགས་ཀྱི་ནགས་ཚལ་ཡོད་པ་དུས་ཤིག་ན་མེས་འཚིགས་པའི་སོལ་བ་ཐང་དུ་ཁྱབ་པས་སོལ་ནག་ཐང་པོ་ཆེ་ཞེས་ཡུལ་མིང་དགོན་ལ་ཐོགས། ཐོག་མར་བསྟན་པ་ཕྱི་དར་གྱི་འདུལ་འཛིན་དབུས་གཙང་མི་བཅུའི་ནང་ཚན་ལམ་པ་ཀླུ་མེས་པ་ཆེན་པོའི་སློབ་མ་གྲུ་མེར་ལ་སོགས་མཆེད་བརྒྱད་ཀྱིས་བཏབ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་དར་རྒྱས་མཛད། བྲག་ཡེར་པ་ཕྱག་བཏབ་པ་དང་དུས་མཚུངས་ཟེར། ཇོ་བོ་རྗེ་གནས་དེར་ཕེབས་ནས་ཞག་བདུན་བཞུགས་ཀྱང་ཁུ་སྟོན་གྱིས་ཇོ་བོའི་ཞབས་ལ་མ་གཏུགས་སྟབས་ཇོ་བོ་ཉ་མགོ་གྲུ་ལས་ཕེབས་ཏེ་རྒོས་དཀར་ལ་བཀྱོན་ནས་སྙེ་ཐང་དུ་ཕེབས། རྗེས་སུ་ཁུ་སྟོན་གྱིས་འགྱོད་པ་དྲག་པོས་ཇོ་བོའི་རྗེས་སུ་བསྙེགས་ཏེ་ཞབས་ལ་བཏུགས། [page 65] ཇོ་བོ་ལས་གདམས་པ་མང་དུ་གསན། ཕར་ཕྱིན་དང་གཤེན་རྗེའི་མན་ངག་ལ་རྩལ་ཐོན་པ་སོགས་ཀྱི་ལོ་རྒྱུས་ཡོད། སྔོན་དགོན་དེར་རྟེན་གཙོ་ཐུབ་དབང་མེ་ཐུབ་མ་ཞེས་ཐོག་སོ་གཉིས་ཐོག་ཅན་དང་། བྱམས་འཇམ་དབྱངས་སོགས་ཀྱི་སྐུ་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་གསར་བཞེངས་ཐུབ་དབང་གཙོ་འཁོར་དང་། རྗེ་ཡབ་སྲས། གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད་ལ། ཡང་དེ་དང་ཉེ་བའི་ས་ན་ཇོ་བོ་བཞུགས་མྱོང་བའི་སྒྲུབ་ཕུག་གཅིག་ཀྱང་མཇལ་རྒྱུ་ཡོད།

ཚེ་རིང་ལྗོངས།

མཚན་རྒྱས་པར་“པད་མ་འོད་ཟེར་ཐེག་མཆོག་གླིང་”ཞེས་ཞུ། རྩེད་ཐང་ནས་འཕྱོངས་རྒྱས་རྫོང་བར་སྤྱི་ལེ་ཉི་ཤུ་ཙམ་དང་། འཕྱོངས་རྒྱས་རྫོང་ནས་ཤར་ངོས་སུ་སྤྱི་ལེ་བདུན་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་དོན་མཁར་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། ད་ལྟའི་དོན་མཁར་གྲོང་ཞེས་པ་དེར་སྔོན་ཁྱིམ་ཚང་གཅིག་ལས་མེད་ཅིང་དེ་ནི་ཀུན་མཁྱེན་འཇིགས་མེད་གླིང་པའི་གསང་གསུམ་གནས་དེར་བཞུགས་པ་ཡིན། ཚེ་རིང་ལྗོངས་བཙུན་དགོན་ནི་འཇིགས་མེད་གླིང་པས་ཕྱག་བཏབ་གནང་བ་དང་། དགོན་མིང་ཡང་ཀུན་མཁྱེན་གྱིས་འདོགས་གནང་མཛད་པ་ནི། ཀུན་མཁྱེན་གནས་དེར་བཞུགས་པའི་དུས་ཤིག་ན་ཕར་ཙ་ན་མི་ཞིག་འགྲོ་གི་ཡོད་པ་ལ། གཡོག་འཁོར་རྣམས་ལ་མི་ཕ་ཀི་སུ་རེད་དམ་ཞེས་དྲིས་གནང་བར། མི་ཕ་ཀི་ཚེ་རིང་ཞེས་པ་དེ་རེད་ཅེས་གསོལ་བས། ད་དེ་འདྲ་ཡིན་ན་དགོན་འདིར་ཚེ་རིང་ལྗོངས་ཞེས་འབོད་དགོས་གསུངས་པ་ལྟར་ཚེ་རིང་ལྗོངས་ཞེས་པའི་མིང་དེ་ལྟར་བྱུང་། སྔོན་དཔལ་རི་དགོན་གྱི་དགོན་ལག་ཡིན་སྟབས་མགོན་པོ་བ་གཉིས་དཔལ་རི་མགོན་ནས་ཕེབས་དགོས་ཀྱང་གཙོ་བོ་ཇོ་དགོན་ཡིན་པ་དང་། བཙུན་མ་གྲངས་བཞི་བཅུ་ཞེ་ལྔ་ཙམ་གྱིས་སྙིང་ཐིག་ཕྱག་བཞེས་གནང་གི་ཡོད། སྔོན་[page 66] དགོན་དེར་གསེར་ཟངས་ཀྱི་ཀུན་མཁྱེན་འཇིགས་མེད་གླིང་པའི་གདུང་རྟེན་དང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྟེན་དགོན་དེའི་བླ་མ་འཇིགས་མེད་ཆོས་ཀྱི་སེང་གེའི་གདུང་རྟེན་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་ཀུན་མཁྱེན་གྱི་སྐུ་དམར་གདུང་གྱི་ཕྱག་གཡོན་མ་དང་། སྐུ་གཞོན་ནུའི་དུས་ཀྱི་དབུ་ཞྭ། སྔོན་གྱི་གདུང་རྟེན་གྱི་སྒོ་ཁྱིམ་དང་ཆོས་འཁོར་སོགས་བཞུགས་པའི་དངུལ་གདུང་དང་། གསར་བཞེངས་ཀུན་མཁྱེན་ཡབ་སྲས་གསུམ་སོགས་འཇིམ་སྐུ་མང་པོ་མཇལ་རྒྱུ་ཡོད།

དཔལ་རི་དགོན།

མཚན་རྒྱས་པར་“དཔལ་རི་ཐེག་ཆེན་གླིང་”ཞེས་ཞུ། འཕྱོངས་རྒྱས་རྫོང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་ལྔ་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་དཔལ་རི་གྲོང་གི་རི་འབུར་སྟེང་དགོན་དེ་ཆགས་ཡོད། དགོན་དེ་ནི་ཐོག་མར་བེེ་རོའི་རྣམ་སྤྲུལ་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་ཕྱག་བཏབ་གནང་མཛད། རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་ཡུལ་ཡང་གནས་དེར་ཡིན་ལ། ད་ལྟའང་གྲོང་དབུས་སུ་འཁྲུངས་ཁང་དང་། ཞབས་རྗེས། བཞུགས་སྒྲོམ་སོགས་མཇལ་རྒྱུ་ཡོད། ཐོག་མར་སྦྱིན་བདག་ཧོར་བསོད་ནམས་དར་རྒྱས་ཀྱིས་མཛད། དེ་ནས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་ཇུན་གར་བས་མ་གཏོར་གོང་ཙམ་ན་དགེ་འདུན་ཞལ་གྲངས་མང་པོ་འཕེལ་ཏེ། དགེ་སློང་ཁོ་ནར་དྲུག་བརྒྱ་ལྷག་ཙམ་བྱུང་གསུང་། གཏེར་སྟོན་ཤེས་རབ་འོད་ཟེར་གྱི་སྐུ་སྐྱེ་མ་བྱུང་ཡང་། མཚོ་རྒྱལ་སྤྲུལ་སྐུ་ཞེས་པ་སྐུ་ཕྲེང་གཉིས་ཙམ་བྱུང་། སྔོན་ནས་ད་བར་སྙིང་ཐིག་ཕྱག་བཞེས་མཛད། རྒྱལ་མཆོག་ལྔ་པ་དང་ཐུགས་ཉེ་ཆགས་པོ་ཡོད། སྔོན་འདུ་ཁང་ཀ་བ་བཅུ་དྲུག་ཡོད་པ་ལ། གཙང་ཁང་ནང་གུ་རུ་ང་འདྲ་མ་དང་། སྐུ་ཚབ་སྡེ་ལྔའི་ནང་ཚན་ཞིག་སོགས་རྟེན་སྐུ་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་གསར་བཞེངས་གུ་རུ་དང་། མཁའ་[page 67] འགྲོ། ནོར་ལྷ། ཀུན་མཁྱེན་ཡབ་སྲས་ཀྱི་འཇིམ་སྐུ་སོགས་མཇལ་རྒྱུ་ཡོད།

སྲོང་བཙན་ལྷ་ཁང་།

མཚན་གཞན་ལ་“སྲོང་བཙན་བང་སོ་”ཞེས་ཞུ། འཕྱོངས་རྒྱས་རྫོང་གི་ལྷོ་ངོས་སྤྱི་ལེ་གཉིས་ཙམ་གྱི་ས་ན་ལྷ་ཁང་ངམ་བང་སོ་དེ་མཇལ་རྒྱུ་ཡོད། བང་སོ་དེ་ནི་ཆོས་རྒྱལ་གྱིས་བོད་ཀྱི་ས་བཅུད་གསོ་ཞིང་སྐྱེ་འགྲོའི་བདེ་ཐབས་ཀྱི་སླད་དུ། སྤྱི་ལོ་༦༥༠ཙམ་ལ་བཏབ། ནང་གི་ཆར་རྣམ་པ་ལྔ་རུ་བཀོད། སྒོ་ནུབ་ཕྱོགས་བལ་ཡུལ་དུ་བསྟན། དབུས་སུ་དམ་སྲི་མནན་སྟེ་དེ་སྟེང་ཐུགས་རྗེ་ཆེན་པོའི་སྐུ་དང་། ཤར་ན་སྒྲོལ་མ། ལྷོ་ན་སྨན་ལྷ། ནུབ་ན་སངས་རྒྱས་དགའ་བོ། བྱང་ན་ཛམ་བྷ་ལ་བཅས་དེ་དག་སོ་སོར་ཡང་རང་རང་གི་འཁོར་གྱིས་བསྐོར། ཙན་དན་སྦྲུལ་སྙིང་གི་གདུགས་ཀྱི་ཀུན་ལ་ཁྱབ་པར་བྱས། ནོར་གྱི་ཆ་ལ་རྒྱལ་པོ་རང་གི་བང་མཛོད་ནས་བླངས་པའི་བྱུ་རུའི་རྒྱལ་པོ་ཞེས་པ་ཁྲུ་བརྒྱད་ཡོད་པ་ཞིག་དང་། གསེར་གྱི་མི་རྟའི་གཟུགས། ཨརྟ་ཡ་ནའི་ཁྲབ་བྱང་བུ་གསེར་ལས་གྲུབ་པ། ཆུ་འགོ་ནོར་བུ་རི་ནས་གཏེར་དུ་བཞེས་པའི་ནོར་བུ་འཕྱོངས་ཁྲུ་གང་བ་སོགས་མདོར་ན་ལྷ་ཀླུ་མི་ཡི་རིན་ཆེན་སྣ་ལྔ་དང་། འཛམ་གླིང་གི་ནོར་རྫས་ཐེངས་གསུམ་བསྡུས་ཞེས་ནོར་གྱིས་གཏམས། བང་སོའི་སྟེང་གི་ལྷ་ཁང་དེ་ནི་ཉང་སྨན་ལུང་པས་ཕྱག་བཏབ་གནང་མཛད། སྔོན་དཔལ་རི་དགོན་གྱི་ཁོངས་ཡིན་ཅིང་སྙིང་ཐིག་ཕྱག་བཞེས་གནང་གི་ཡོད། འདུ་ཁང་ཀ་བ་བཅུ་གཉིས་ནང་ཆོས་རྒྱལ་དང་། རྒྱ་བཟའ། བལ་བཟའ། མགར་བློན། ཐུ་མི་སོགས་ཀྱི་སྐུ་བརྙན་དང་། གཙང་ཁང་སྦུག་མར་རྒྱལ་བ་བྱམས་པ་དང་། སངས་རྒྱས་མར་མེ་མཛད། ཚེ་དཔག་མེད་སོགས་ཀྱི་འཇིམ་སྐུ་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་འཇིམ་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

གཞན་ཡང་བང་སོ་དེའི་ཤར་ངོས་རྡོ་རིང་ཡོད་སར་ཁྲི་ལྡེ་སྲོང་བཙན་སོགས་མདོར་ན་དེ་ཁུལ་དུ་ཆོས་རྒྱལ་ཉི་ཤུ་ལྷག་གི་བང་སོ་ཡོད་ཅེས་གྲགས།

[page 68]
རི་བོ་བདེ་ཆེན།

མཚན་རྒྱས་པར་“འཕྱོངས་རྒྱས་རི་བོ་བདེ་ཆེན་”ཞེས་ཞུ། འཕྱོངས་རྒྱས་ཞོལ་གྱི་རྒྱབ་རིར་སྔོན་གྱི་དགོན་རྙིང་གི་གྱང་གོག་དང་། འཕྱོངས་རྒྱས་འཕྱིང་བ་སྟག་རྩེའི་རྫོང་ཤུལ། གསར་དུ་བཞེངས་པའི་རི་བོ་བདེ་ཆེན་དགོན་སོགས་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་འཕྱོངས་རྒྱས་སྡེ་པ་ཟ་ཧོར་གྱི་རིགས་རྒྱུད་རྡོ་རྗེ་ཚེ་བརྟན་རྣམ་རྒྱལ་བྱ་བ་དང་། གཙང་པའི་སྡེ་པ་འཁྲུག་རྩོད་ཆེན་པོ་བྱུང་། རྗེས་སུ་སྡེ་པ་དེ་གཉིས་གཞི་མཐུན་བྱུང་སྟེ་རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་གཙང་བཀྲ་ཤིས་ལྷུན་པོ་བཞེངས་པར་འཕྱོངས་རྒྱས་ནས་རྡོ་བཟོ་དང་ཤིང་བཟོ་མང་པོ་བཏང་གནང་བ་དང་། དེ་ནས་ལོ་བཅུ་སོང་མཚམས་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་དངོས་སློབ་ཉི་ཁྲི་འཛིན་པ་བློ་གྲོས་དཔལ་བཟང་གིས་དགོན་དེ་ཕྱག་བཏབ་གནང་མཛད། གཙང་གི་རྡོ་བཟོ་དང་ཤིང་བཟོ་མང་པོ་སོང་སྟེ་རི་བོ་བདེ་ཆེན་གཙུག་ལག་ཁང་ནི་བཀྲས་ལྷུན་གཙུག་ལག་ཁང་དང་དབྱིབས་འདྲ་ཟེར། དེ་ནས་སྐུ་ཐོག་བཞི་པ་འབྲས་བློ་གླིང་གི་སྐུ་ཞབས་ཐོག་མེད་རིན་པོ་ཆེ་བར་བྱུང་། སྔོན་དགེ་འདུན་ཞལ་གྲངས་དྲུག་བརྒྱ་ལྷག་ཙམ་གྱིས་དགེ་ལུགས་སྔགས་ཆོག་ཕྱག་བཞེས་གནང་གི་ཡོད། སྔོན་གྱི་འདུ་ཁང་རྙིང་པར་ཀ་བ་བདུན་ཅུ་ཡོད་པའི་ནང་གི་རྟེན་གཙོར་གསེར་ཟངས་ཀྱི་བྱམས་པ་མཐོང་གྲོལ་ཐོག་སོ་གཅིག་ཙམ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་སོགས་རྟེན་སྐུ་ཁྱད་དུ་འཕགས་པ་དུ་མ་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནི་སྔོན་རྒྱལ་བ་སྐལ་བཟང་རྒྱ་མཚོའི་གཟིམ་ཤག་གི་ཤུལ་དུ་ཡིན་ཅིང་དེའི་ནང་རྗེ་ཡབ་སྲས་ཐོག་སོ་ཉིས་ལྡན་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོ། རྒྱལ་བ་ཐུབ་བསྟན་རྒྱ་མཚོ། མཁན་ཆེན་ཉི་ཁྲི་འཛིན་པ་སོགས་ཀྱི་སྐུ་བརྙན་མཇལ་རྒྱུ་ཡོད།

གཞན་ཡང་འཕྱོངས་རྒྱས་གྲོང་དབུས་སུ་རྒྱལ་བ་ལྔ་པའི་འཁྲུངས་ཁང་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཡབ་ཆེན་བསོད་ནམས་དར་རྒྱས་ཀྱི་[page 69] འཁྲུངས་ཁང་སོགས་ཀྱང་མཇལ་རྒྱུ་ཡོད།

སྤྱན་གཡས།

མཚན་རྒྱས་པར་“ཡར་རྒྱལ་ཕུ་ཐང་སྤྱན་གཡས་དགོན”ཞེས་ཞུ། འཕྱོངས་རྒྱས་རྫོང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་ནུབ་ངོས་སུ་སྤྱི་ལེ་བཅུ་དྲུག་ཙམ་རྒྱ་སྨན་ནང་ཞེས་པར་སོང་ན་སྤྱན་གཡས་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་སྤྱི་ལོ་༡༠༡༢ལོར་ཕྱག་བཏབ་གནང་མཛད། སྤྱོད་འཇུག་གི་བཤད་གྲྭ་རྒྱ་ཆེན་སྤེལ་གནང་ནས་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ཙམ་ཟིན་གསུངས། དེ་རྗེས་སྐབས་ཤིག་ཉམས་ཏེ་དབོན་དགོན་དུའང་གྱུར། དེ་རྗེས་བཀའ་བརྒྱུད་པའི་མཁན་ཆེན་གཡའ་བཟང་རྩེག་པས་གན་དྷོ་ལ་རྡོ་རྩིགས་ལས་གྲུབ་པའི་གཙུག་ལག་ཁང་ཐོག་སོ་བཞི་བསྐྲུན། ཐོག་མའི་འདུ་ཁང་ནི་ད་ལྟའི་རུང་ཁང་དེ་ཡིན་གསུངས། ནང་རྟེན་སྔར་ཡོད་སྟེང་སྨན་འདམ་གྱི་རྒྱལ་བ་བྱམས་པ་དང་། གཡས་གཡོན་དུ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་དང་གཡའ་བཟང་བརྩེགས་པའི་སྐུ་གདུང་བཞུགས་པའི་གསེར་ཟངས་ཀྱི་གདུང་རྟེན་གཉིས་སོགས་བཞུགས་གསུངས། དེ་རྗེས་སླར་ཡང་དགེ་དགོན་དུ་གྱུར། སྤྱན་གཡས་ཞེས་པ་ནི་སྔོན་དགོན་དེའི་རྟེན་གཙོ་ཉན་ཐོས་ཤྭ་རིའི་བུའི་སྤྱན་གཡས་པ་བཞུགས་པའི་ཤར་ལིའི་བཀའ་གདམས་མཆོད་རྟེན་ཐོག་བརྩེག་གཉིས་ལྡན་ཅན་ཞིག་བཞུགས་སྟབས་དགོན་མིང་ལའང་སྤྱན་གཡས་ཞེས་ཐོགས། ད་དུང་ཡར་ཀླུངས་རྟེན་གསུམ་གྱི་ནང་ཚན་སྐུ་རྒྱུ་ཛྷེེའི་ཀྵིམ་ལས་གྲུབ་པའི་སངས་རྒྱས་རིན་ཆེན་ཟླ་བའི་སྐུ་བརྙན་ཞིག་ཡོད་པ་དེ་ནི། སྔོན་ཛ་རི་ཀུན་བཟང་སྟེ་སེང་གདོང་མ་ཞེས་པའི་རི་འདབས་སུ་བདེ་གཤེགས་ཐང་ཞེས་པར་ར་རྫི་ཞིག་གི་ར་དཀར་པོ་ཞིག་རྟག་ཏུ་བོར་བརླགས་འགྲོ་གི་ཡོད་པས་ཉིན་གཅིག་དེའི་རྗེས་བསྙེགས་ཏེ་སོང་བས། བདེ་གཤེགས་ཐང་དུ་སྨན་བླ་བདེ་གཤེགས་བརྒྱད་གསོ་སྦྱོང་ཚུགས་པའི་སྐབས་དང་འཁེལ། ར་རྫིས་དེ་དབུས་ཞྭ་མོ་གཡུགས་པས་གཞན་རྣམས་ནམ་མཁར་གཤེགས་ཀྱང་[page 70] མཚན་ལེགས་དང་། རིན་ཆེན་ཟླ་བ། སྨན་བླའི་རྒྱལ་པོ་བཅས་ལ་མི་གྲིབ་ཕོག་སྟེ་ཕེབས་མ་ཐུབ་པར་དེ་དག་སོ་སོ་སྐུ་བརྙན་དུ་གྱུར་སྟབས་ར་རྫིས་དེ་གསུམ་གདན་དྲངས་ནས་རིན་ཆེན་ཟླ་བ་སྤྱན་གཡས་སུ་ཕུལ། མཚན་ལེགས་རོལ་ཁང་དུ་ཕུལ། སྨན་རྒྱལ་ཡར་ཀླུངས་ལྷ་རུར་ཕུལ། ར་དཀར་པོའང་ལྷ་རུར་ཐིམས། ར་རྫི་སྲོང་བཙན་གྱི་བང་སོར་ཐིམས་པ་བཅས་ཀྱི་ཤོད་སྲོལ་ཡོད། ད་ལྟ་ལྷ་རི་སྨན་རྒྱལ་ཡུམ་བུ་བརླ་མཁར་དུ་བཞུགས་པ་ལས་གཞན་རྣམས་མེད། ད་དུང་ཤིང་ཏཱ་ལའི་ལོ་མའི་སྟེང་དུ་བྲིས་པའི་རྒྱ་དཔེ་མང་པོ་དང་། ཇོ་བོ་རྗེའི་དབུ་ཞྭ། ཕག་གྲུའི་ཞབས་རྗེས། དགེ་སློང་མ་པད་མོའི་ཞབས་ཅན་སོགས་ནང་རྟེན་དང་རྟེན་སྐུ་ཇི་སྙེད་བཞུགས།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་གསར་བཞེངས་སྨན་འདམ་གྱི་བྱམས་པ་ཐོག་སོ་གཉིས་ལྡན་གྱི་གཡས་སུ་མར་མེ་མཛད་དང་། གཡོན་དུ་ཤཱཀྱ་ཐུབ་པ། འདུ་ཁང་ནང་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད།

ད་དུང་དགོན་དེ་དང་ཉེ་བར་རི་བོ་བདེ་ཆེན་གྱི་ཁོངས“རོལ་ཁང་”ཞེས་པའི་ལྷ་ཁང་དང་། ཡང་དགོན་དེའི་དབྱར་གནས་བཞུགས་ཡུལ་དགའ་ལྡན་དགོན་ནམ། བསམ་གཏན་བྱང་ཆུབ་གླིང་ཞུ་བ་གསང་ཕུ་ཕྱག་འདེབས་པོ་གྲོང་ཆེན་བློ་གྲོས་རྒྱ་མཚོས་ཕྱག་བཏབ་གནང་བའི་རི་ཁྲོད་གཅིག་ཀྱང་ཡོད། སྔོན་གནས་དེར་གྲོང་ཆེན་བློ་གྲོས་རྒྱ་མཚོའི་ཐུགས་ལྗགས་སྤྱན་གསུམ་བཞུགས་པའི་རྗེ་ཙོང་ཁ་པའི་སྐུ་བརྙན་བྱིན་ཅན་ཞིག་དུས་འགྱུར་མ་བྱུང་བར་དུ་མཇལ་བ་ཡིན།

ལམ་རིམ་དགོན།

མཚན་རྒྱས་པར་“ལམ་རིམ་སྐལ་བཟང་དགའ་ཚལ་ཐེག་པ་ཆེན་པོ་”ཞེས་ཞུ། འཕྱོངས་རྒྱས་རྫོང་ནས་སྤྱི་ལེ་བཅུ་བདུན་ཙམ་འཁོར་ལམ་བརྒྱུད་མར་ཡོང་དུས་སྦས་སྣེ་ཞེས་པའི་གྲོང་ནས་ནུབ་ངོས་སུ་སྤྱི་ལེ་[page 71] བཞི་ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་ཕྱིན་ན་ལམ་རིམ་གྲོང་དབུས་སུ་དགོན་དེ་མཇལ་ཐུབ། ཐོག་མར་དགོན་དེ་ཡུལ་དེའི་ཕུ་རུ་བར་སྣང་ཞེས་པར་སྡེ་པ་འཕྱོས་པ་ཆོས་རྒྱལ་པས་སྦྱིན་བདག་བྱས་ཏེ་ཐར་མ་ཆོས་མཛད་རྒྱུད་པ་ཚུལ་བཟང་པར་གྲགས་པས་བཏབ། རྗེ་ཙོང་ཁ་པའི་དངོས་སློབ་གཞོན་ནུ་སངས་རྒྱས་ཀྱིས་ལམ་རིམ་གསུངས་པས་དགོན་མིང་དུ་ལམ་རིམ་ཞེས་ཆགས། དེ་རྗེས་དགོན་དེར་མེ་སྐྱོན་བྱུང་རྗེས་རྭ་སྒྲེང་མཁན་ཐོག་ལྔ་པ་བློ་གྲོས་ཕུན་ཚོགས་ཞུ་བས་ད་ལྟའི་དགོན་པ་ཆགས་ཡུལ་དེར་གནས་སྤོས་གནང་། སེ་ར་སྔགས་པ་གྲྭ་ཚང་དང་ཕྱག་བཞེས་མཚུངས། དགེ་འདུན་ཞལ་གྲངས་བརྒྱ་དང་བཅུ་མེད་ལྔ་ཙམ་བར་འཕེལ། སྔོན་འདུ་ཁང་ཀ་བ་སུམ་ཅུ་དང་། གཙང་ཁང་ཀ་བ་དྲུག་བཅས་ཀྱི་ནང་རྟེན་གཙོ་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་བརྩེག་གཉིས་ལྡན་དང་། གཡས་གཡོན་དུ་དུས་གསུམ་སངས་རྒྱས། སྨན་བླ་བདེ་གཤེགས་བརྒྱད། གཞན་ཡང་མཁན་ཆེན་བློ་གྲོས་ཕུན་ཚོགས་ཀྱི་ཡུམ་གྱི་དབུ་ཐོད་ནང་འཇམ་དབྱངས་ཀྱི་རང་བྱོན་གསལ་བ་ཞིག་དང་། རྗེ་བཀྲ་ཤིས་དུ་ཁ་མ་བཞུགས་པའི་རྗེ་ཡབ་སྲས་གསུམ་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་གཙོ་བོ་རྒྱལ་བ་བྱམས་པ་སྔོན་གྱི་སྐུ་ཚད་དེ་ལྷག་དང་། གཡས་སུ་ཇོ་བོ་རྗེ། གཡོན་དུ་རྗེ་རིན་པོ་ཆེ། སྨན་བླའི་ལྷ་ཁང་ནང་གུ་རུའི་སྐུ། གཞན་ཡང་བདེ་གསང་འཇིགས་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དགོན་དེ་ནས་ཕུ་རུ་སྤྱི་ལེ་གཉིས་ཙམ་གྱི་ས་ལ་སྡེ་ཆེན་ཞེས་པར་“བཀྲ་ཤིས་བདེ་ཆེན་”ཞེས་རྒྱལ་བ་དགེ་འདུན་རྒྱ་མཚོ་སྐུ་མཚམས་སུ་བཞུགས་མྱོང་བ་ཞིག་དང་། དེའི་ཁ་སྤྲོད་དུ་ཕ་དམ་པ་སངས་རྒྱས་ཀྱི་རི་ཁྲོད། དགོན་དེའི་གཤམ་དུ་བཀའ་བརྒྱུད་པའི་ཇོ་དགོན་ཞིག་གི་རྗེས་ཤུལ་སོགས་མཇལ་རྒྱུ་ཡོད།

ཟངས་རི་རྫོང་།

“ཟངས་རི་”ཞེས་པ་ནི་སྔོན་གྱི་ཟངས་རི་རྫོང་ཆགས་སའི་རི་དེ་ཟངས་ཀྱི་མདོག་ལྟར་འདྲ་བས་ཟངས་རི་ཞེས་དེའི་མིང་རང་འཇགས་སུ་བཞག་སྟབས་ད་ལྟའང་“ཟངས་རི་རྫོང་”ཞེས་ཟེར། ད་ལྟའི་རྫོང་གི་གནས་ཡུལ་ཀྱང་སྔོན་གྱི་ཟངས་རི་རྫོང་གནས་ཡུལ་དང་ཉེ་བའི་སྤྱི་ལེ་གཅིག་ཙམ་ཀྱི་སར་ཆགས་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༢༦༣༨དང་། ས་ཞིང་མུའུ་ཁྲི་.མི་འབོར་ཁྲི་.ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ལེ་༤༠༠༠ཙམ་ཀྱིས་མཐོ་བའི་ས་བབས་ཡིན་པ་བཅས་སོ།།

གདན་ས་མཐིལ།

རྩེད་ཐང་ནས་ཟངས་རིའི་ཕྱོགས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་སུམ་ཅུ་ཙམ་སོང་ན་ཀླུ་ཁང་གྲུ་ཁའི་དཔྱང་ཟམ་བརྒྱུད་ད་ལྟའི་ཟངས་རི་རྫོང་གནས་ཡུལ་སུ་འབྱོར། ཟངས་རི་རྫོང་ནས་ཕྱག་འཚལ་ཤར་ཞེས་པའི་ལ་རྒྱབ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་གདན་ས་མཐིལ་དུ་འབྱོར། དགོན་དེ་ནི་སྤྱི་ལོ་༡༡༥༨ལོར་མཉམ་མེད་དྭགས་པོ་ལྷ་རྗེའི་དངོས་སློབ་འགྲོ་མགོན་ཕག་མོ་གྲུ་པ་སྐུ་ཐོག་དང་པོ་རྡོ་རྗེ་རྒྱལ་པོའམ་བྱང་ཆུབ་རྒྱལ་མཚན་གྱིས་ཕྱག་བཏབ་གནང་མཛད། ཐེག་ཆེན་གླིང་དང་། འཕེལ་རྒྱས་གླིང་། མཛད་རྒྱས་གླིང་བཅས་གྲྭ་ཚང་གསུམ་དང་། ཚོགས་ཆེན་གཅིག གཞན་ཡང་ཤར་གླིང་བརྒྱ་དང་ནུབ་གླིང་སྟོང་ཞེས་དགེ་འདུན་ཞལ་གྲངས་ཁྲི་ཕྲག་བཅོ་བརྒྱད་དང་། བླ་མ་ལྔ་བརྒྱ་ཙམ་བར་འཕེལ་རྒྱས་བྱུང་ཞེས་གསུངས། རྗེ་ཕག་མོ་གྲུ་པ་སྐུ་ཐོག་དང་པོ་རྡོ་རྗེ་རྒྱལ་པོའམ་བྱང་ཆུབ་རྒྱལ་མཚན་ནས་སྐུ་ཐོག་བཅོ་ལྔ་ཙམ་བྱུང་། ཕག་གྲུ་སྡེ་སྲིད་སྐུ་ཐོག་དང་པོ་བྱང་ཆུབ་རྒྱལ་མཚན་གྱིས་[page 73] ལོར་ས་སྐྱར་དམག་དྲངས་ཏེ་ས་སྐྱའི་དབང་སྒྱུར་མཇུག་སྒྲིལ་བ་བཟོས་ནས་ཕག་མོ་གྲུ་པས་བོད་ཁམས་དབང་དུ་བསྒྱུར་ཞེས་ཟེར། རྗེ་སྒམ་པོ་བ་གཤེགས་རྗེས་ཕག་གྲུ་དགུང་ལོ་བཞི་བཅུ་ཞེ་དགུར་མཐར་རྩའི་གྲོང་མདར་གྲོང་ལ་ཕག་མོ་ཞེས་དང་། གྲུ་ལ་ཕག་གྲུ་ཟེར་བ། ཡི་དམ་ཕག་མོ་བཞུགས་པའི་གནས་ལ་གདན་ས་མཐིལ་ཞེས་པའི་དགོན་པ་ཕྱག་བཏབ་པས་ཕག་གྲུ་ཞེས་པ་ཡུལ་མིང་བླ་མར་ཐོགས། སྐུ་ཐོག་བཅོ་ལྔ་པ་ནས་སྐུའི་ཡང་སྲིད་མ་བྱོན་སྟབས་རྒྱལ་སྲིད་ཆོས་སྲིད་རྒྱལ་བ་ལྔ་པས་བཞེས་ཞེས་གསུངས། སྔོན་དགོན་དེར་གསེར་ཟངས་ཀྱི་ཐུབ་པ་ལྷ་ཡུལ་མ་ཞེས་གསུངས་འབྱོན་མ་མི་ཚད་དང་། གསེར་ཟངས་ཀྱི་སངས་རྒྱས་ཀྱི་སྐུ་ཐོག་སོ་གཉིས་ལྡན་ཅན་བརྒྱད། གསེར་ཟངས་ཀྱི་རྗེ་ཕག་མོ་གྲུ་པ་རིམ་བྱོན་གྱི་གདུང་རྟེན་བརྒྱད། བཀའ་བརྒྱུད་བླ་རབས་རྣམས་ཀྱི་འཇིམ་སྐུ་མི་ཚད་མ། ཧུ་མ་རྒྱལ་པོས་དམག་གིས་བཤགས་པར་ཕུལ་བའི་གསེར་རྗེན་རྡུང་མའི་ཀ་ཕན་མཐོ་ཚད་སྤྱི་ཁྲེ་གསུམ་དང་། ཞེང་ཚད་སྤྱི་སྐར་བཞི་བཅུ་ཙམ་བྱས་པ་བདུན། འབྲུག་གི་རྭ་ཅོ། སངས་རྒྱས་ཆོས་འཕགས་ཀྱི་ཚེམས། བཅོམ་ལྡན་འདས་ཀྱི་ཚེམས། ཕག་གྲུའི་དབུ་ཞྭའི་སྟེང་མུ་ཏིག་མཐེ་བོང་ཙམ་དང་། ལྷ་ཁང་རེར་བསེ་རུའི་རྭ་རེ། ད་དུང་རྒྱལ་བ་ཕེབས་རིམ་བཞིན་འབུལ་གནང་མཛད་པའི་གསེར་གྱི་མེ་ལོང་བདུན་བཅས་ལ་སོགས་པ་མཇལ་རྒྱུ་ཡོད།

ད་ལྟ་གྲྭ་ཚང་འཕེལ་རྒྱས་གླིང་ཉམས་གསོ་ཞུས་པའི་ནང་མ་ཎིའི་རང་བྱོན་དང་། ཕག་གྲུའི་བཞུགས་ཁྲི། ཚོགས་ཆེན་ལྟག་གི་ཕག་གྲུའི་གཟིམ་སྦུག་ནང་གསར་བཞེངས་སྨན་གདམ་གྱི་ཕག་གྲུའི་འདྲ་སྐུ་སོགས་མཇལ་རྒྱུ་ཡོད།

ཟངས་རི་མཁར་དམར།

ད་ལྟའི་ཟངས་རི་རྫོང་ནས་ཤར་དུ་སྤྱི་ལེ་གཉིས་ཙམ་སོང་ན་རྗེ་བཞུགས་གྲོང་སྟེ་རྗེ་རིན་པོ་ཆེ་བཞུགས་མྱོང་བའི་གྲོང་གི་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་མ་ཅིག་ལབ་སྒྲོན་གྱིས་སྤྱི་ལོ་༡༡༤༥ལོར་ཕྱག་བཏབ་གནང་མཛད། མཁར་དམར་ཞེས་པ་ནི་སྐྱོབ་[page 74] སྟོན་བསོད་ནམས་བླ་མས་མ་ཅིག་ལབ་སྒྲོན་ལ་བྲག་རྡོ་ཞིག་ཆུར་བསྐུར་གནང་སྟེ་འདི་གང་དུ་འཁུར་ཡང་དེར་ཁྱོད་ཀྱིས་དགོན་པ་ཞིག་ཐོབས་གསུངས་པར། བྲག་རྡོ་དེ་དགོན་དེའི་མདུན་གྱི་གཙང་པོའི་ནང་དུ་འཁར་སྟབས་དེ་དང་ཉེ་བའི་རི་སྟེང་དུ་ད་ལྟའི་མཁར་དམར་དགོན་དེ་ཕྱག་བཏབ་གནང་མཛད། དེ་ནས་མ་ཅིག་ལབ་སྒྲོན་གྱིས་གཅོད་ཀྱི་སྲོལ་ཆེན་པོ་གཏོད། ནང་ཆོས་ཐམས་ཅད་རྒྱ་གར་ནས་བོད་དུ་དར་བ་ཡིན་ཀྱང་། བོད་ཆོས་རྒྱ་གར་ལ་ཕར་དར་བ་ནི་མ་ཅིག་གི་གཅོད་རྒྱུན་ཙམ་ཡིན་གསུངས། ཕ་རྒྱུད་ཐབས་ཀྱི་རྒྱུད་པ་ཕ་དམ་པ་སངས་རྒྱས་དང་། མ་རྒྱུད་ཤེས་རབས་ཀྱི་རྒྱུད་པ་མ་ཅིག་ལབ་སྒྲོན་ཡིན་ཞེས་ཞུ། མ་ཅིག་མཁར་དུ་མ་བྱོན་གོང་ཨེ་ཆུང་གླང་ལུང་ཞེས་པར་ཡབ་ཐོས་པ་བྷ་ཌ་དང་། ཞལ་སྦྱོར་གྱི་ཚུལ་བསྟན་ནས་སྲས་ཆེ་བ་དོན་གྲུབ་གླང་ལུང་དུ་སྐུ་འཁྲུངས་པ་སོགས་རིམ་བཞིན་སྲས་སྲོས་གསུམ་བྱུང་བ་ཀུན་གྱི་མཛད་པ་རྒྱ་ཆེར་བསྐྱངས། རྒྱ་གར་སོགས་ཕྱོགས་མཐའ་མང་པོ་ནས་ཆོས་ཞུ་བ་འབུམ་ཕྲག་ཙམ་ཟིན་སྐད། ཐོག་མར་བཙུན་དགོན་ཡིན་ཀྱང་རྗེས་སུ་ཆུ་འགྲམ་གྱི་དགའ་སྒྲ་དགོན་ཆུས་འཇིག་རྗེས་དེར་སྤོས་པས་གྲྭ་དགོན་དུ་གྱུར། དགོན་དེའི་ཕྱག་བཞེས་ནི་གཅོད་རྒྱུན་མ་ཅིག་ཙམ་ལས་དགེ་ལྡན་པ་ཕྱག་བཞེས་གནང་བ་རེད། དགེ་འདུན་ཞལ་གྲངས་སུམ་ཅུ་ཙམ་ཡོད། སྔོན་རྟེན་གཙོར་མ་ཅིག་གི་སྐུ་བཞུར་འབུལ་ཞུས་པའི་རིང་བསྲེལ་བྲེ་གང་ཙམ་བཞུགས་པའི་འདྲ་སྐུ་དང་། གྲུབ་ཆེན་ཐོས་པ་བྷ་ཌ་དང་། ཕ་དམ་པ་སངས་རྒྱས། སྲས་སྲོས་བཅས་ཀྱི་འདྲ་སྐུ་ལ་སོགས་པའི་རྟེན་དང་བརྟེན་པ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྟོན་པའི་སྐུ་དང་། སྟེང་དུ་གསར་བཞེངས་མ་ཅིག་གི་འདྲ་སྐུའི་ཐུགས་ཀར་མ་ཅིག་གི་དབུ་སྐྲ་ཕུལ་བ། གཞན་ཡང་སྔར་གྱི་སྐུ་འདྲའི་ཚབ་ཏུ་འཇིམ་སྐུ་མང་པོ་གསར་བཞེངས་གནང་ཡོད་པ། ད་དུང་འོག་ཏུ་མ་ཅིག་གི་གཟིམ་ཕུག་ནང་ན་མ་ཅིག་གི་འདྲ་སྐུ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

[page 75]

དགོན་དེའི་གཤམ་དུ་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཕོ་བྲང་དང་། ཕུ་རུ་འཕྱིང་རི་ཁྲོད། གཏེར་ཆུང་རི་ཁྲོད། ཇོ་དགོན་དགའ་ལྡན་ལྷ་ལྡིང་། སེ་དགོན་ཨོ་རྒྱན་ཕུག ཕྲ་ཚལ་ཞེས་པ་སོགས་ཀྱི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

རྫིང་ཕྱི།

མཚན་རྒྱས་པར་“རྫིང་ཕྱི་དགའ་ལྡན་བྱམས་པ་གླིང་”ཞེས་ཞུ། ཟངས་རི་རྫོང་ནས་ཤར་ངོས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་བཞི་བཅུ་ཞེ་ལྔ་ཙམ་སོང་ན་འོལ་དགའ་རྫོང་ཤུལ་རྙིང་པར་འབྱོར། འོལ་དགའ་ཞེས་པ་ནི་ཡུལ་དེའི་ལྷོ་ངོས་སུ་སྲིད་པའི་ལྷ་ཆེན་འོལ་དེ་གོང་རྒྱལ་གནས་པའི་གངས་རི་བསྟར་ཆགས་སུ་ཡོད་པ་ལས་རྩེ་མོ་ཕྲ་བ་ཁ་སྤྲོད་དུ་ཡོད་པ་ནི་ཡབ་ཡུམ་གཉིས་དང་། དེ་ནས་ཤར་ངོས་སུ་རིམ་བཞིན་བྱང་གི་གཉན་ཆེན་ཐང་ལྷ་དང་། ཀོང་བཙུན་དེ་མོ། མོན་ཡུལ་དེ་མོ། ལྷོ་བྲག་སྐུ་ལྷ་མཁའ་རི། ཡར་ལྷ་ཤམ་བུ། གཙང་དུ་ཇོ་མོ་ཁ་དབྲག མལ་གྲོར་བདུད་རྩི་སྨན་མོ། ཆོས་འཁོར་རྒྱལ་དུ་སྟག་རྒོད་ཤིང་བྱང་སོགས་འོལ་དེ་གོང་རྒྱལ་གྱི་སྲས་སྲོས་ཡིན་ཟེར། ཡུལ་དེར་འོལ་དགའ་ཞེས་པའང་དེ་ལྟར་བྱུང་། འོལ་དགའ་ནས་བྱང་ཤར་ངོས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བཅུ་ཙམ་སོང་ན་རྫིང་ཕྱི་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། “རྫིང་ཕྱི་”ཞེས་པ་ནི་ཐོག་མར་བླ་ཆེན་དགོངས་པ་རབ་གསལ་གྱི་བཀའ་ལྟར་ཁམས་ནས་ཕེབས་པའི་བཤེས་གཉེན་སྒར་མི་ཡོན་ཏན་གཡུང་དྲུང་ཞེས་བཀའ་བརྒྱུད་པའི་བླ་མ་ཞིག་གིས་ཕྱག་བཏབ་གནང་མཛད། དགོན་དེ་ཕྱག་མ་བཏབ་གོང་། བླ་ཆེན་དགོངས་པ་རབ་གསལ་གྱིས་གནང་བའི་རྒྱལ་བ་བྱམས་པའི་སྐུ་བྱིན་ཅན་ལ་གསོལ་བ་བཏབ་པས་“བྲག་ལྷ་གསེར་ཁང་ནས་རྫིང་མ་གིའི་ཕྱི་ཙམ་དུ་རྩིགས་”ཞེས་ལུང་བསྟན་པས་ཡུལ་མིང་དང་དགོན་མིང་བཅས་པར་རྫིང་ཕྱི་ཞེས་ཐོགས། དགོན་དེ་བཞེངས་བསྒྲུབས་རྗེས་ཀྱི་རྟེན་གཙོར་གོང་གསལ་ཛྷེེ་ཀྵིམ་གྱི་རྗེ་བཙུན་བྱམས་པའི་སྐུ་བྱིས་པ་ལོ་བརྒྱད་ཙམ་ཞིག་གི་ཐུགས་ཀར་ཙན་དན་དེ་བའི་ནགས་ཁྲོད་ནས་འཁྲུགས་པའི་ཙན་དན་གྱི་བྱམས་པ་ཁྲུ་[page 76] གང་པ་ཞིག་དེའི་ཐུགས་ཀར་ཤེལ་གྱི་བྱམས་པ་མཁྱིལ་ནས་བཞུགས་པ་བྱིན་ཅན་ཞིག་སོགས་མཇལ་རྒྱུ་ཡོད། སྐབས་དེར་ཆོས་གྲྭ་རྒྱས་ཏེ་དགེ་འདུན་ལྔ་བརྒྱ་སྐོར་ཟིན། དེ་ནས་རིམ་བཞིན་ཉམས་རྒུད་དུ་སོང་ནས་རྗེ་ཙོང་ཁ་པ་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་ལུང་བསྟན་པ་ལྟར་དེར་ཕེབས་སྐབས་བྱམས་པའི་དབུ་ལ་བྱ་བྲུན་དང་། ཐལ་རྡུལ་གྱིས་ཁེངས་ཤིང་གཙུག་ལག་ཁང་ཡང་གོག་པོར་གྱུར་པ་གཟིགས་པས་ཐུགས་སྐྱོ་ནས་སྤྱན་ཆབ་ཤོར། དེ་ནས་འོལ་ཁ་སྟག་རྩེ་རྫོང་ལ་སྦྱིན་བདག་ཞུས་ནས་ཉམས་གསོ་གནང་། རྗེ་ཁོང་རང་གི་གཏོར་ཆས་བཙོངས་ནས་དངུལ་ཞོ་གང་བྱུང་བ་ལས་རྒྱལ་ཆེན་རྣམ་སྲས་ལ་གྲོགས་དན་བཅོལ་བས་ལྟུང་བཤགས་ལྷ་སོ་ལྔ་བྲི་མི་དགོས་པར་རང་བཞིན་དུ་གྱང་ལྡེབས་སུ་གསལ་ཞེས་གསུངས། རྗེ་རིན་པོ་ཆེའི་མཛད་ཆེན་བཞི་ལས་གཅིག་འདི་ཉིད་ཡིན། རྗེས་སུ་འོན་རྒྱལ་སྲས་རིན་པོ་ཆེའི་དགོན་པར་གྱུར། དགེ་འདུན་ཞལ་གྲངས་ལྔ་བཅུ་ཙམ་ཟིན།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྔོན་གྱི་བྱམས་པའི་ཞབས་གཡས་པའི་སྟེང་སྨན་འདམ་གྱི་བྱམས་པའི་སྐུ་གསར་བཞེངས་གནང་བ་དང་། གཡས་སུ་སྤྱན་རས་གཟིགས་ཁ་སར་པ་ཎི། གཡོན་དུ་རྡོ་རྗེ་སེམས་དཔའ། དེའི་གཡས་སུ་ཐུབ་དབང་ཐོག་བརྩེགས་གཅིག་ལྡན། གཡོན་དུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐོག་སོ་གཅིག་ལྷག མཐའ་འཁོར་དུ་ཉེ་སྲས་བརྒྱད་སྒོ་སྲུང་དང་བཅས་ཐོག་སོ་གཅིག་ལྷག གཞན་ཡང་སྒར་མི་ཡོན་ཏན་གཡུང་དྲུང་དང་། རྗེ་ཡབ་སྲས་གསུམ། རྒྱལ་བ་འཕྲིན་ལས་རྒྱ་མཚོ་སོགས་ཀྱི་འཇིམ་སྐུ་གསར་བཞེངས་གནང་བ་དང་། ལྷག་ཏུ་རྗེ་རིན་པོ་ཆེའི་ཞབས་རྗེས་དང་། ཕྱག་རྗེས། ལྟུང་བཤགས་ཀྱི་ལྡེབས་རིས་རྙིང་མ་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེའི་གཤམ་དུ་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་འཁྲུངས་ཡུལ་དུ་ཕོ་བྲང་རྙིང་པའི་གྱང་གོག་ཀྱང་མཇལ་རྒྱུ་ཡོད།

[page 77]
བསམ་གླིང་དགོན།

མཚན་རྒྱས་པར་“འོལ་དགའ་བསམ་གཏན་གླིང་”ཞེས་ཞུ། འོལ་དགའ་ཤང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་བརྒྱད་ཙམ་སོང་ན་འབྲི་ལུང་བརྒྱུད་གནས་ཁྲོད་ནས་དགོན་དེ་མཇལ། “འབྲི་ལུང་”ཞེས་པ་ནི་སྔོན་རྒྱལ་བ་སྐལ་བཟང་རྒྱ་མཚོ་མཚོ་གཟིགས་སུ་ཕེབས་སྐབས་འབྲི་ཞིག་གིས་ལམ་བསྟན་པས་འབྲི་ལུང་ཞེས་པ་དེ་ལྟར་བྱུང་གསུངས། དགོན་དེར་ཐོག་མར་རྗེ་སྒམ་པོ་བས་སྒྲུབ་པ་མཛད། དེ་རྗེས་གདན་ས་མཐིལ་བའི་རྟོགས་ལྡན་མི་བརྒྱད་ཀྱིས་བཟུང་སྟེ་མཆོད་ཁང་བཞེངས། དེ་རྗེས་རྗེ་ཙོང་ཁ་པའང་གནས་དེར་བཞུགས་ནས་ཆོས་གསུངས། སྒྲུབ་པ་ཡུན་རིང་བསྐྱོན་པས་རྗེ་བཙུན་སྒྲོལ་མ་ཞལ་གཟིགས་བྱུང་། སྔོན་འདུ་ཁང་ཀ་བ་བཅོ་བརྒྱད་ཅན་དང་རྒྱལ་སོགས་རིན་པོ་ཆེ་ཞུ་བས་རིན་ཆེན་སྣ་ཚོགས་ལས་བཞེངས་པའི་སྒྲོལ་མའི་སྐུ་གསུངས་འབྱོན་མ་དང་། རྗེ་ང་འདྲ་མ་གསུམ་བཞེངས་པ་ལས་དང་པོ་དེ་ཁོང་ལས་སྐུ་ན་བགྲེས་འདུག་གསུངས། གཉིས་པ་དེ་ཁོང་ལས་སྐུ་ན་གཞོན་འདུག་གསུངས། གསུམ་པ་དེ་ང་འདྲ་པོ་འདུག་གསུངས་པ་བཅས་རྗེ་ང་འདྲ་མའི་སྐུ་གསུམ་ཡོད། སྒྲོལ་མས་གསུང་འབྱོན་པ་ནི་ཐེངས་ཤིག་ཁམས་པ་གནས་སྐོར་བ་ཞིག་གིས་སྒྲོལ་མའི་མགུལ་གཡུ་འཁྱེར་སོང་བས་སྒྲོལ་མས་སྐུ་གཉེར་ལ་“གནས་སྐོར་བ་དེས་ངའི་བླ་གཡུ་འཁྱེར་སོང་བས། ཁྱོད་ཀྱིས་བླ་གཡུ་ཚུར་ལེན་པ་ལས་མི་དེ་ལ་གནོད་པ་མ་བྱེད་ཨང་”ཞེས་གསུངས་པས། སྐུ་གཉེར་གྱིས་གནས་སྐོར་བའི་རྗེས་དེད་ནས་བླ་གཡུ་ཚུར་འཕྲོག གནས་སྐོར་བའི་ལག་གཡས་པ་བྲེགས་པས་རྗེ་བཙུན་སྒྲོལ་མས་“མི་ཁ་མནན་པ་ལས། རང་ཁ་བཙུམས་པ་དགའ་”ཞེས་གསུངས་ཏེ་དེ་ནས་བཟུང་གསུང་མ་འབྱོན་ཞེས་པའི་གསུང་སྲོལ་ཡོད།

ད་ལྟ་གསར་བཞེངས་རྗེ་རིན་པོ་ཆེའི་གཟིམ་ཕུག་ནང་སྔོན་གྱི་སྒྲོལ་མ་གསུང་འབྱོན་མའི་སྐུ་ཚབ་དང་། རྗེ་ང་འདྲ་མའི་སྐུ་ཚབ་སོགས་གསར་བཞེངས་གནང་བ། རྗེ་རིན་པོ་ཆེས་ཙ་རི་ནས་བསྣམས་ཕེབས་པའི་རྡོ་མཆིན་པ་གཟུགས་[page 78] ཞེས་པ། གཞན་ཡང་སྒྲོལ་མ་ཉེར་གཅིག་དང་འཇིགས་བྱེད་སོགས་ཀྱི་རང་བྱོན་མཇལ་རྒྱུ་ཡོད།

ཆོས་བསམ།

འོལ་དགའ་ནས་ལྷོ་ངོས་སུ་རྐང་ཐང་མར་ཆུ་ཚོད་གཉིས་མ་ཟིན་ཙམ་ཕྱིན་ན་རི་ཁྲོད་དེར་འབྱོར། རི་ཁྲོད་དེ་ནི་རྗེ་ཙོང་ཁ་པས་ཚེ་དཔག་མེད་སྒྲུབ་གནང་ས་ཡིན། རྗེ་རིན་པོ་ཆེ་སྐུ་ངོ་མས་ཚྩ་དགུ་བརྒྱ་དགུ་བཅུ་གོ་དགུ་བཏབ་གནང་སའང་གནས་དེར་ཡིན། དེ་རྗེས་ལྷོ་བྲག་ནམ་མཁའ་རྒྱལ་མཚན་དང་། རྗེ་བསོད་ནམས་བློ་གྲོས་གཉིས་ཀྱང་བཞུགས་གནང་མཛད་ཅེས་ཟེར།

ད་ལྟ་གསར་བཞེངས་ལྷ་ཁང་ནང་སྟོན་པའི་སྐུ་བརྙན་དང་། རྗེ་བསོད་ནམས་བློ་གྲོས། འཇམ་དབྱངས་སོགས་ཀྱི་འཇིམ་སྐུ་དང་། སྒྲུབ་ཕུག་ནང་རྗེ་རིན་པོ་ཆེས་བསྐྱོན་པའི་ཚེ་དཔག་མེད་ཀྱི་ཚྩ་དང་། རྗེ་རིན་པོ་ཆེ་དང་། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་ཞབས་རྗེས། རྟ་མགྲིན་བསམ་གྲུབ་བཅས་ཀྱི་རང་བྱོན་སོགས་མཇལ་རྒྱུ་ཡོད།

ཡང་དེའི་ལྟག་ཏུ་རྐང་ཐང་མར་ཆུ་ཚོད་བཞི་ལྷག་ཙམ་སོང་ན་ལྷ་ལྡིང་རི་ཁྲོད་ཅེས་པར་རྗེ་རིན་པོ་ཆེར་སྟོང་ཉིད་ལྟ་བ་འཁྲུངས་ཏེ་རྟེན་འབྲེལ་བསྟོད་པ་གནས་དེར་ལྗགས་རྩོམ་གནང་ཞེས་གསུངས།

འོལ་དགའ་ཆོས་ལུང་།

ཆོས་བསམ་ནས་འཕྲེད་དུ་རྐང་ཐང་མར་སྤྱི་ལེ་གཅིག་ཙམ་སོང་ན་གནས་དེར་སླེབས། གནས་དེ་ནི་རྗེ་ཙོང་ཁ་བས་མདོ་སྨད་པ་བཞི་དང་དབུས་པ་བཞི་བཅས་འཁོར་དག་པ་རྣམ་བརྒྱད་སོ་སོ་སྒྲུབ་ཕུག་རེར་བཞུགས་སྐབས། འོལ་དགའ་རྫོང་དཔོན་བཀྲ་ཤིས་རྒྱལ་མཚན་ཐོག་སྐོར་དུ་ཡོད་སྐབས་ཆོས་ལུང་ནས་འོད་འཚེར་བ་མཐོང་བས་འཁོར་གཡོག་མངགས་ཏེ་ཅི་འདུག་ལྟོས་ཤིག་གསུངས་པར་འཁོར་གཡོག་རྣམས་དེར་སླེབས་སྐབས་རྣལ་འབྱོར་པ་དགུ་རང་རང་གི་སྒྲུབ་ཕུག་ཏུ་བཞུགས་འདུག་པ་དེ་ལྟར་རྫོང་[page 79] དཔོན་ལ་ཞུས་པས་རྫོང་དཔོན་སོང་སྟེ་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས་ནས་ཞབས་ཏོག་འབུལ་རྒྱུར་ཁས་བླངས་པ། རྗེ་རིན་པོ་ཆེས་ངེས་ཚོར་གཞན་གྱི་རྒྱས་སྤྲོས་མི་དགོས། ཁྱོད་ཀྱིས་འགྲུབ་ན་འདུལ་བའི་སྤྱོད་ལམ་བཞི་གཤོངས་པའི་ཁང་པ་ཞིག་ཨེ་འགྲུབ་གསུངས་པར་རྫོང་དཔོན་གྱིས་དེ་མར་ཁས་བླངས་ཏེ་ལོ་དེ་རང་དུ་འགྲུབ་པར་བྱས། གནས་དེར་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ཀྱིས་ལུང་བསྟན་ལྟར་སྐུ་ཕྱག་འབུམ་སོ་ལྔ་བར་གནང་བར་ལྟུང་བཤགས་ལྷ་སོ་ལྔའི་ཞལ་གཟིགས་ཐོབ། མཎྜལ་རྡོ་སྟེང་ཁོ་ནར་ཕུལ་གནང་བས་ཕྱག་ངར་ཡང་རྡོལ། རྡོའང་ཤེལ་ལྟར་གྱུར། མདོ་སྡེ་ཕལ་མོ་ཆེ་གཟིགས་པས་ཐུགས་སྟོབས་ཅི་ཆེ་འཁྲུངས་ཏེ་སྤྱན་ཆབ་ཀྱང་ཤོར། ལྷག་པའི་ལྷ་དངོས་དང་མནལ་ལམ་ཅི་རིགས་ལ་ཡང་ཡང་ཞལ་གཟིགས་ཐོབ། དེ་ནས་ཆོས་རྭ་སྒང་ཞེས་ད་ལྟ་སྐུ་རྗེས་རང་བྱོན་ཡོད་སའི་ཕ་བོང་གི་སྟེང་ནས་དགལ་ལྡན་ཡིད་དགའ་ཆོས་འཛིན་གཟིགས་སྣང་དུ་བྱུང་སྟེ་དགའ་ལྡན་དགོན་པ་ཕྱག་འདེབས་དགོས་ཐུགས་ལ་འཁྲུངས། སྔོན་དགོན་དེར་འོལ་དགའ་དགོན་ཁག་བདུན་ནས་དགེ་སློང་རེ་ཕེབས་དགོས་པ་དང་། དགོན་དེ་གཞུང་འཛིན་ཡིན་སྟབས་འོལ་དགའ་རྫོང་ནས་གསོལ་ཕོག་འབྲུ་ཁལ་བཅོ་བརྒྱད་རེའང་རྒྱག་དགོས། སྔོན་འདུ་ཁང་ནང་རྗེ་བཞི་གྲགས་མ་དང་། ལྟུང་བཤགས་ལྷ་སོ་ལྔའི་ལྡེབས་རིས། རྗེ་རིན་པོ་ཆེས་མཎྜལ་འབུལ་གནང་སའི་རྡོ། སྐྱ་ཕྱག་འབུལ་གནང་སའི་རྡོ། འཁོར་དག་པ་རྣམ་བརྒྱད། རྗེ་རིན་པོ་ཆེའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྐུ་དེ་དག་གི་སྐུ་ཚབ་འཇིམ་སྐུ་དང་། རྗེའི་སྐུ་ཕྱག་འབུལ་སའི་རྡོ་དང་། མཎྜལ་འབུལ་སའི་རྡོ། དགོན་དེའི་འོག་ཏུ་མཁའ་འགྲོ་དང་གཞི་བདག་གིས་བསུ་བ་ཞུ་སའི་“མཁའ་འགྲོ་བྲག་ཐོག་”ཅེས་པའི་ཕ་བོང་སོགས་ད་ལྟའང་མཇལ་རྒྱུ་ཡོད།

ཡང་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ལྷག་ཙམ་ཕྱིན་ན་གསང་སྔགས་བྱམས་པ་གླིང་ཞེས་རྗེ་རིན་པོ་ཆེས་སྔགས་རིམ་ཆེན་མོ་གསུངས་སའི་གནས་དེར་[page 80] འབྱོར། གནས་དེ་ནི་འོལ་དེ་གུང་རྒྱལ་གྱི་འོག་ཏུ་ཡོད་ཅིང་འོལ་དེ་གུང་རྒྱལ་དགེ་བསྙེན་གྱི་སྡོམ་པ་ཞུ་སའང་གནས་དེར་ཡིན་གསུངས། ཡང་དེའི་ཁ་སྤྲོད་དུ་ཉི་མ་གླིང་ཞེས་པའི་དགོན་པའི་རྗེས་ཤུལ་ཞིག་དང་། གླེ་ལུང་བཞད་པ་རྡོ་རྗེའི་དགོན་པའང་མཇལ་རྒྱུ་ཡོད། འོལ་དགའ་རྫོང་ཤུལ་རྙིང་པ་དང་ཉེ་བར་ཆུ་ཚན་ཞིག་ཀྱང་ཡོད་པ་དེ་ལ་རྒྱལ་བ་རིན་པོ་ཆེ་དང་། རྗེ་རིན་པོ་ཆེ་སོགས་ཀྱི་ཆབ་ཚན་ཡིན་ཟེར་བ་སོགས་སོ་སོར་ཡོད།

འཆད་དཀར་ཆོས་སྡེ།

མཚན་རྒྱས་པར་“འཆད་དཀར་བཀྲ་ཤིས་རབ་བརྟན་དགོན་”ཞེས་ཞུ། ཟངས་རི་རྫོང་ནས་དཔྱང་ཟམ་ཐོན་ཏེ་སྤྱི་ལེ་གསུམ་ཙམ་སོང་ན་རོང་གྲོང་ཚོའི་རི་སྟེང་དུ་དགོན་དེ་མཇལ་ཐུབ། དགོན་དེ་ནི་ཐོག་མར་སྤྱི་ལོའི་དུས་རབས་བཅུ་དྲུག་པ་ཙམ་ལ་རྒྱལ་བ་བསོད་ནམས་རྒྱ་མཚོས་ཨེ་རོང་ཕྱོགས་འདིར་ཞྭ་སེར་རིང་ལུགས་ཤིག་འཛུགས་དགོས་དགོངས་པ་ལྟར་རིག་པའི་འབྱུང་གནས་རྗེ་ནམ་མཁའ་རྒྱ་མཚོས་ཐིགས་བཏབ། ས་གཞི་བྱིན་རླབས་དང་བཅས་འཆད་དཀར་བཀྲ་ཤིས་རབ་བརྟན་ཞེས་པ་ལེགས་པར་འགྲུབ། དེ་རྗེས་དྭགས་གྲྭ་བླ་མ་ཁྲི་ཟུར་མཁས་གྲུབ་བྱམས་བསྟན་ནས་གནས་ཀྱི་བླ་མར་རྒྱུན་བཞུགས་མཛད་དེ་ཆོས་རྭ། འདོན་ཆོས། གདངས་དབྱངས། དཔལ་གསང་འདུས་སོགས་སྔགས་ཀྱི་ཉམས་ལེན་ཕྱོགས་བསྒྲིགས་དང་བཅས་བསྟན་པའི་མིག་རྒྱན་ལྟ་བུར་གྱུར་ཏེ་དགེ་འདུན་ཞལ་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཟིན། སྔོན་གཙང་ཁང་མཐིལ་ཞེས་པའི་ནང་རྟེན་གཙོ་ཤར་ལིའི་སྐུ་ཐོག་སོ་གཉིས་ལྡན་དང་། གཡས་གཡོན་དུ་གསེར་ཟངས་ཀྱི་བྱམས་པ་དང་། འོད་སྲུང་བཅས་པར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ཤར་ལིའི་སྒྲོལ་མ་གསུང་འབྱོན་ཁྲུ་གང་མ་ཟིན་ཙམ། གཟེར་ཟངས་ཀྱི་སྒྲོལ་མ་མཐོ་གང་ཙམ་བྱས་པ་སྟོང་ཚར། གསེར་ཟངས་ཀྱི་བྱམས་པ་བཞེངས་བཞུགས་བྱིས་པ་ལོ་བརྒྱད་ཙམ་དང་། ཙན་དན་གྱི་འཕགས་པ་ལོ་ཀེ་ཤྭ་ར་གོང་གསལ་བྱམས་པ་ལས་ཆུང་ཙམ། དངུལ་གྱི་[page 81] ཇོ་བོ་ཁྲུ་དོ་ཙམ་བྱས་པ་བཅས་སོགས་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་རྟེན་གཙོ་ཐུབ་དབང་དང་། རྒྱལ་བ་བྱམས་པ། རྗེ་ཡབ་སྲས། རྒྱལ་བ་ལྔ་པ་སོགས་འཇིམ་སྐུ་མི་ཚད་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།

དགོན་དེའི་མདུན་དུ་བཀྲ་ཤིས་ཐོག་རྒྱལ་རྫོང་ཤུལ་དང་། དགོན་དེ་དང་ཉེ་བའི་བྱིང་ལུང་གི་ཕུ་རུ་བདེ་ཆེན་བསམ་གླིང་ཞེས་པའི་དགོན་དེ་ཡོད།

ལྦ་ནག་ཆོས་ཁང་།

འཆད་དཀར་ཆོས་སྡེའི་ནུབ་ངོས་གྲོང་དབུས་སུ་ཆོས་ཁང་དེ་མཇལ་རྒྱུ་ཡོད། ཆོས་ཁང་དེ་ནི་སྔོན་འབའ་ཡེ་ཤེས་སེང་གེ་ཞུ་བ་ཞིག་ས་དེར་ཕེབས་ནས་ལྷ་ཁང་དེ་བཞེངས་གནང་བ་རེད་ཟེར། སྔོན་ཆོས་ཁང་དེའི་ནང་རྟེན་གཙོ་ཐུབ་དབང་ལི་སྐུ་དང་། འཇིམ་སྐུའི་གནས་བརྟན་བཅུ་དྲུག་སོགས་ཡོད། ད་ལྟ་ཉམས་གསོ་ཞུས་པའི་ཆོས་ཁང་ནང་སྔོན་གྱི་ཙན་དན་ཀྱི་ཀ་རིང་གཉིས་དང་། གསར་བཞེངས་ཇོ་བོའི་སྐུ་ལ་སྔོན་གྱི་སྟོན་པའི་སྐུའི་ཕྱག་གཡོན་མ་བཞུགས་པ། གཞན་ཡང་ལྡེབས་རིས་ཉམས་གསོ་ཞུས་པ་སོགས་མཇལ་རྒྱུ་ཡོད།

ཆུ་གསུམ་རྫོང་།

ཆུ་གསུམ་རྫོང་ཞེས་པ་ནི་དེ་ཁུལ་དུ་ཆུ་གསུམ་གྱི་འདུས་མདོ་ཡིན་པས་རྗེས་སུ་མིང་དེ་ལྟར་བྱུང་བ་ལས། སྔོན་དེ་ཁུལ་དུ་ཨེ་ལྷ་རྒྱ་རི་ཞེས་ཟེར། “ཨེ་”ནི་ཡུལ་ལུང་སྤྱིའི་མིང་དང་“ལྷ་”ནི་ཨེ་བཙུན་བཙན་པོའི་སྲས་དགྲ་ལེགས་རྣམ་རྒྱལ་བཙན་པོའི་གདུང་རྒྱུད་ཡིན་སྟབས་མཚན་ལ་ལྷ་ཞེས་དང་། “རྒྱ་རི་”ཞེས་པ་ནི་རྩྭ་རྒྱ་བ་སྐྱེས་པའི་རི་ལ་གནས་གཞི་བཏབ་པས་རྒྱ་རི་ཞེས་སུ་གྲགས། སྔོན་[page 82] ལྷ་རྒྱ་རིའི་རྫོང་ལ་ལྷ་རྒྱ་རིའི་ཕོ་བྲང་ངམ། ལྷ་ཁང་ཞེས་སོགས་ཟེར། ད་ལྟའི་ཆུ་གསུམ་རྫོང་ཞེས་པའང་། ༡༩༦༥ལོར་ལྷ་རྒྱ་རི་རྫོང་ཟེར་གྱི་ཡོད་ཀྱང་རྗེས་སུ་ཆུ་གསུམ་རྫོང་ཞེས་པར་མིང་བསྒྱུར་བྱས། ད་ལྟའི་རྫོང་གནས་ཡུལ་ཡང་ལྷ་བརྒྱ་རི་དང་ཉེ་བའི་བྲོག་ཤུར་ནང་དུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༡༩༦༧དང་། ས་ཞིང་མུའུ་ཁྲི་.རྩ་ཐང་རྒྱ་ཁྱོན་མུའུ་ཁྲི་༢༨༥ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་.མི་འབོར་ཁྲི་.ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༢༠༠ཙམ་གྱིས་མཐོ་བའི་ས་བབས་ཡིན་པ་བཅས།

རི་སྒོ་ཆོས་སྡེ།

མཚན་རྒྱས་པར་“ཨེ་རི་སྒོ་བསླབ་གསུམ་ཆོས་སྡེ་”ཞེས་ཞུ། ཟངས་རི་དཔྱང་ཟམ་ནས་ཤར་དུ་འཁོར་ལམ་བརྒྱུད་སྤྱི་ལེ་ཉི་ཤུ་རྩ་དྲུག་ཙམ་ཕྱིན་ན་ཆུ་གསུམ་རྫོང་དུ་འབྱོར། རྫོང་གནས་ཡུལ་ནས་སྤྱི་ལེ་གཅིག་ཙམ་གྱི་གད་སྟེང་ན་ལྷ་རྒྱ་རིའི་ཕོ་བྲང་རྙིང་པ་དང་། ཕོ་བྲང་གསར་པ་དགའ་ལྡན་རྩེ་སོགས་ཀྱི་རྗེས་ཤུལ་གྱང་གོག་ཡོད། དེ་དང་ཐག་ཉེ་བའི་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད་དགོན་དེ་ནི་ཐོག་མར་སྒོམ་ཆེན་ངག་དབང་གྲགས་པ་ཆོས་ལྡན་སྦུག་ཏུ་གསུང་གཏོར་གནང་བཞིན་བཞུགས་སྐབས་རོང་ལྷ་སྐྲཀྴད་ནག་པོས་བྱ་རོག་ཅིག་ལ་སྤྲུལ་ནས་སྒོམ་ཆེན་གྱི་གཏོར་ཆས་གནས་དེར་ཁྱེར་ཡོང་ནས་ཤིང་སྒྲོ་སྡོང་ཞིག་གི་སྟེང་དུ་བཞག སྒོམ་ཆེན་གཏོར་ཆས་འཚོལ་དུ་ཕེབས་པ་དང་དྲོ་སྡོང་སྟེང་ནས་གཏོར་ཆས་གཟིགས་པས་“ད་ངའི་དགོན་པ་འདིར་འདེབས་དགོས་པ་འདྲ་”དགོངས་ནས་དགོན་དེ་ཕྱག་བཏབ་གནང་མཛད། དེ་རྗེས་ལྷ་རྒྱ་རིུའི་དབུ་འཁོར་གྲྭ་ཚང་དུ་གྱུར། དགེ་སློང་བརྒྱད་གྲྭ་ཞིག་མི་ལྡེང་སྟབས་དེ་ཁུལ་དུ་ཁྲལ་ཁག་ཆེ་བ་བདུན་ཡོད་པ་ལས་རེ་རེས་གྲྭ་པ་རེ་བཟོས། གཅིག་མི་ལྡེང་བས་ལྷ་རྒྱ་རིས་ཁམས་ཕྱོགས་ནས་མི་ཞིག་ཉོས་ཕེབས་ཏེ་དགེ་སློང་བརྒྱད་གྲྭ་གཅིག་བྱུང་། དགོན་པའི་ཞལ་ཡང་མི་སེར་ལ་སློག དེ་ནས་རིམ་བཞིན་རྒྱ་བསྐྱེད་བྱུང་སྟེ་ལྷ་ཁང་མང་པོ་བཞེངས། ཇོ་བོའི་སྐུ་བྱིན་ཅན་དང་། [page 83] སྒོམ་ཆེན་ངག་གྲགས་ཀྱི་སྐུ་དམར་གདུང་བཞུགས་པའི་སྨན་འདམ་གྱི་བྱམས་པ་ཐོག་བརྩེག་ཅན་སོགས་ཡོད། དགེ་འདུན་ཞལ་གྲངས་བརྒྱ་དང་ལྔ་བཅུ་ཙམ་གྱིས་དགེ་ལྡན་ལུགས་ཕྱག་བཞེས་གནང་གི་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྨན་འདམ་གྱི་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་རྗེ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་མི་ཚད་ལྷག་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

མདོ་མཁར་ཆོས་སྡེ།

ཆུ་གསུམ་རྫོང་ནས་བྱང་ངོས་སུ་སྤྱི་ལེ་ལྔ་ཙམ་སོང་ན་གཟེ་མཁར་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། གཟེ་མཁར་ཞེས་པ་ནི་དེ་ཁུལ་གྱི་རི་རྟའི་དབྱིབས་འདྲ་བ་ལ་གྲོང་དེ་གཟེ་སྟེང་དུ་ཆགས་པས་གཟེ་མཁར་ཞེས་ཟེར། དགོན་དེ་ནི་ཐོག་མར་མདོ་མཁར་རིན་པོ་ཆེ་སྟེ་གནུབས་སྟོན་ཤེས་རབ་གྲགས་པ་ཞུ་བ་བཀའ་གདམས་པའི་བླ་མ་ཞིག་གིས་ཕྱག་བཏབ་གནང་མཛད། དེ་རྗེས་རྒྱལ་མཆོག་ལྔ་པའི་དུས་དགེ་ལུགས་པར་འགྱུར་ཞེས་གསུངས། གཙོ་བོ་གསང་འདུས་དང་འཇིགས་བྱེད་སོགས་སྔགས་ཆོག་ཕྱག་བཞེས་གནང་བའི་དགེ་འདུན་ཞལ་གྲངས་བཞི་བཅུ་ཙམ་ཡོད།སྔོན་དགོན་དེར་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེག་གཉིས་ལྡན་དང་མདོ་མཁར་མཁན་རིན་པོ་ཆེའི་སྐུ་དམར་གདུང་བཞུགས་པའི་འཇིམ་གྱི་གདུང་རྟེན་ཐོག་བརྩེག་གཅིག་ལྷག གསེར་ཟངས་ཀྱི་ཕྱག་སྟོང་སྤྱན་སྟོང་བྱིས་པ་ལོ་བརྒྱད་ཙམ་བཅས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་དུས་གསུམ་སངས་རྒྱས་ཀྱི་འཇིམ་སྐུ་ཐོག་བརྩེག་གཅིག་ལྡན་དང་། ཐུགས་ཀར་སྔོན་གྱི་རྗེ་ཙོང་ཁ་པའི་སྐུ་བྱིན་ཅན་བཞུགས་པའི་རྗེ་ཡབ་སྲས། གཞན་ཡང་ཚེ་ལྷ་རྣམ་གསུམ་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

ཡང་དེ་ནས་བྱང་ངོས་སུ་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་ཕྱིན་ན་ནོར་བུ་[page 84] སའི་རི་རྒྱབ་ཏུ་གཏེར་དགོན་པ་ཞེས་དགེ་ལུགས་པའི་དགོན་པ་ཞིག་དང་། དེ་དང་ཉེ་བར་དགའ་ལྡན་ཆོས་སྟེང་ཞེས་པ་དགེ་ལུགས་པའི་དགོན་ཞིག་གི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

བླ་འདྲེན་དགོན།

ཆུ་གསུམ་རྫོང་ནས་ཤར་དུ་འཁོར་ལམ་བརྒྱུད་སྤྱི་ལེ་གསུམ་ཙམ་དང་། དེ་ནས་གད་སྟེང་དུ་འཛེགས་ན་དགོན་དེར་སླེབས། དགོན་དེ་ནི་ཐོག་མར་ཀརྨ་བཀའ་བརྒྱུད་པའི་དགོན་ཞིག་ཡིན་པ་ལ་རྗེས་སུ་བླ་མ་འདྲེན་བསྟན་ཡེ་ཤེས་ཀྱིས་དགེ་ལུགས་པའི་ཕྱག་བཞེས་གནང་སྟབས་དགོན་དེའི་མཚན་ལའང་བླ་འདྲེན་དགོན་ཞེས་གསོལ། རྒྱལ་བ་ལྔ་པ་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོ་སོགས་དགོན་དེར་ཕེབས་མྱོང་ཡོད། དགེ་འདུན་ཞལ་གྲངས་ཀྱང་བརྒྱ་ཙམ་ཟིན་སྐད། སྔོན་དགོན་དེར་ཤར་ལིའི་ཐུབ་པ་དམ་སྦྱར་མ་ཞིག་ཡོད་པ་ལ་ལོ་ལྟར་གཞུང་ནས་དྲུང་སེར་སྐྱ་གཉིས་ཕེབས་ནས་ཞལ་གསེར་འབུལ་དགོས། གཞན་ཡང་རྟེན་གཙོ་ཐུབ་དབང་གི་ཐུགས་ཀར་སངས་རྒྱས་ཆོས་འཕགས་ཀྱི་མཚམས་ཞུགས་པ་ཞིག་དང་། ཀརྨ་པའི་འདྲ་སྐུའི་ཐུགས་ཀར་མཚོ་བདག་གླང་སྣ་བཞུགས་པ་སོགས་བྱིན་ཅན་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་གསར་བཞེངས་སྔོན་གྱི་སྐུ་བརྙན་གྱི་སྐུ་ཚབ་འཇིམ་སྐུ་མི་ཚད་མ་རྣམས་དང་། གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།

དགའ་རྣམ་རྒྱལ།

མཚན་རྒྱས་པར་“ཨེ་སེའུ་དགའ་ལྡན་རྣམ་རྒྱལ་”ཞེས་ཞུ། ཆུ་གསུམ་རྫོང་ནས་སྤྱི་ལེ་བཅུ་བདུན་ཙམ་ལྷུན་རྩེར་འགྲོ་སའི་འཁོར་ལམ་བརྒྱུད་སོང་ན་ས་ནག་ལ་ཕར་བབས་པའི་ལམ་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་རྗེ་བྱམས་པ་ཆོས་མཆོག་གིས་ཕྱག་བཏབ་གནང་མཛད་ཅེས་དང་། ཡང་རྒྱ་རི་ཞབས་དྲུང་བློ་བཟང་མཐུ་སྟོབས་ཀྱི་དུས་གསོལ་དཔོན་རབ་[page 85] བརྟན་པས་ཁུར་འཁུར་ཏེ་ཆོས་སྡེ་གསར་དུ་བཏིང་ཞེས་ཟེར། རྒྱལ་དབང་ལྔ་པ་ཆེན་པོས་རབ་གནས་གནང་། དེ་རྗེས་གྲུབ་ཆེན་ཕུན་ཚོགས་རྒྱ་མཚོ་ཕེབས་ནས་ལྷོ་རྒྱུད་ལམ་རིམ་གྱི་གདན་ས་གཙོ་བོར་གྱུར། དགོན་དེ་ནི་གཞུང་དགོན་ཡིན་ལ་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགོན་ལག་ཀྱང་ཡིན། སྔོན་འདུ་ཁང་ཀ་བ་ཉི་ཤུ་རྩ་གཉིས་ཀྱི་ནང་རྟེན་གཙོ་བོ་སྨན་གདམ་གྱི་ཐུབ་དབང་དང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། དགེ་འདུན་ཞལ་གྲངས་བརྒྱ་ལ་ཉེ་བ་བཅས་ཡོད། དགོན་དེ་ཆགས་ཚུལ་ནི་སྨན་བླའི་དཀྱིལ་འཁོར་གྱི་སྟེང་དུ་ཆགས་པ་འདྲ་ལ། ཤར་ངོས་སུ་རྣམ་སྲས་ཀྱི་བང་མཛོད། རྗེ་ཙོང་ཁ་པའི་མཚན། ཧྭ་ཤང་གི་རང་བྱོན་སོགས་གསལ་གྱི་ཡོད་གསུངས། ད་ལྟ་གསར་བཞེངས་འདུ་ཁང་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན་དང་། སྐུ་ཚད་དེ་འདྲའི་རྗེ་ཙོང་ཁ་པ་དང་། སྟོན་པའི་སྐུ་སོགས་མཇལ་རྒྱུ་ཡོད།

རྒྱ་རི་དགོན།

མཚན་རྒྱས་པར་“ཨེ་སྟོང་རྒྱ་རི་དགོན་”ཞེས་ཞུ། དགའ་རྣམ་རྒྱལ་ནས་ཤར་ངོས་སུ་སྤྱི་ལེ་བཞི་ལྔ་ཙམ་སོང་ན་རྒྱ་རི་ཞོལ་གྲོང་གི་ལྟག་ཏུ་དགོན་དེ་མཇལ་ཐུབ། དགོན་དེ་ནི་རྒྱལ་བ་རིས་མེད་པ་ཞུ་བ་བཀའ་བརྒྱུད་པའི་བླ་མ་ཞིག་གིས་ཐོག་མར་དགོན་དེའི་ལྟག་ཏུ་ཞོལ་མོ་ཆེ་ཞེས་པར་དགོན་ཞིག་ཕྱག་འདེབས་གནང་མཛད། དེ་ནས་མར་གཟིགས་དུས་ད་ལྟའི་དགོན་དེ་ཆགས་ཡུལ་དུ་ཉིན་མོ་དུ་བ་དང་། མཚན་མོ་མར་མེ་འབར་བ་གཟིགས་པས་སློབ་མ་ཚོར། ས་མ་ཀིར་ཅི་འདུག་ལྟོས་ཤིག་ཅེས་གསུངས་པར། སློབ་མ་ཚོ་དེར་ཡོང་ནས་བལྟ་སྐབས་གཞན་གང་ཡང་མེད་པར་རྩྭ་རྒྱ་བ་ཞིག་སྐྱེས་འདུག་ཅེས་ཞུས་པར། ད་འོ་ན་ངའི་དགོན་པ་ས་ཕ་ཀིར་གདབ་དགོས་གསུངས་ནས་ད་ལྟའི་དགོན་པ་དེ་ཕྱག་བཏབ་གནང་མཛད། དེ་རྗེས་རིམ་བཞིན་དགེ་ལྡན་པར་འགྱུར་ནས་དགེ་འདུན་ཞལ་གྲངས་བདུན་ཅུ་སྐོར་ཟིན། སྔོན་འདུ་ཁང་ནང་འགྲན་མེད་རྣམ་གསུམ་ཞེས་གཙོ་བོ་ཇོ་བོ་དང་། གཡས་སུ་[page 86] ཇོ་བོ་རྗེ། གཡོན་དུ་རྗེ་ཙོང་ཁ་པའི་སྐུ་བརྙན་སོགས་ཡོད། ད་ལྟ་གསར་བཞེངས་འདུ་ཁང་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་འཇིམ་སྐུ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དགོན་དེ་ནས་ཤར་ལྷོའི་མཚམས་ཀྱི་རི་ལྡེབས་སུ་ཆུ་ཚོད་གཅིག་ལྷག་ཙམ་སོང་ན་ཨེ་སྟོད་ཆུ་ཚན་ཞེས་པ་དེ་ཡོད། ཆུ་ཚན་དེ་ནི་སྐྱེས་བུ་ཡེ་ཤེས་རྡོ་རྗེས་འོལ་དགའ་ནས་གཟིགས་སྐབས་ཨེ་སྟོད་ལུང་ཤུར་གྱི་ཆུའི་ནང་ཆུ་འགྲོ་བ་འདྲེན་པ་ཡོད་པ་གཟིགས་ཏེ་རོང་ནས་ཆུ་དེ་དེད་བཞིན་ཕེབས་པས་ཀློག་ཅེས་པར་ཕེབས་སྐབས་ལུང་ཤུར་གཉིས་ནས་ཆུ་བབས་ཀྱི་ཡོད་སྟབས་ཆུ་འགྲོ་བ་འདྲེན་པ་བརླགས་པས་ཀློག་ཅེས་པའི་མིང་དེ་ཐོག་མར་བརླགས་ཞེས་པ་ལས་བྱུང་ཟེར། དེ་ནས་མར་ཙམ་ཕེབས་པས་སླར་ཡང་བརྙེས་གནང་ནས་ཕེབས་སྐབས་ཞབས་སྙུན་ལ་སྐུ་གཉེལ་ནས་སྐྱོ་མོ་ཞེས་པར་སྐུ་ངལ་གསོ་བ་དང་སྦྲགས་གསུང་གཏོར་གནང་ནས་བཞུགས་སྐབས་བྱ་རོག་གཅིག་གིས་གཏོར་ཆས་ཁྱེར་སོང་བས་དེའི་རྗེས་བསྙེགས་ནས་ཕེབས་པས་ད་ལྟའི་ཕོ་རོག་ཆུ་ཚན་ཞེས་པར་ཕོ་རོག་གཅིག་གི་རྐང་པ་བཅུག་ནས་བསྡད་ཡོད་སྟབས་སྐྱེས་བུ་ཡེ་ཤེས་རྡོ་རྗེས་དེ་ཆུ་ཚན་ཡིན་པར་མཁྱེན་ནས་དེར་ཆུ་ཚན་བསྐྱོན་པས་ཞབས་ཀྱི་སྙུན་གཞི་དྲག དེ་ནས་བཟུང་“ཨེ་སྟོད་ཆུ་ཚན་”ཞེས་པ་བྱུང་།

ཀློག་ཆོས་སྡེ་དགོན།

མཚན་རྒྱས་པར་“ཀློག་ཆོས་དགའ་ལྡན་འཕེལ་རྒྱས་གླིང་”ཞེས་ཞུ། རྒྱ་རི་དགོན་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་མར་ཡོང་ན་ཀློག་གྲོང་དབུས་སུ་དགོན་དེ་མཇལ། ཀློག་ཅེས་པའི་དོན་ནི་ཨེ་སྟོད་ཆུ་ཚན་དུ་གསལ། དགོན་དེ་ནི་བྱ་པའི་ཞལ་ངོ་ཡོན་ཏན་མཆོག་གིས་བཏབ་ཅེས་དང་། ཡང་ཐོག་མར་བྱང་ངོས་ཀྱི་བྲག་ཕུག་ཡོད་སར་བཀའ་བརྒྱུད་པའི་དགོན་ཞིག་ཡོད་པ་ལ་དེ་རྗེས་ལྷ་དགྲ་ལྷའི་རྣམ་རྒྱལ་གྱིས་ད་ལྟའི་དགོན་གནས་འདིར་གནས་སྤོས་གནང་ནས་གཙུག་ལག་ཁང་དང་། འདུ་ཁང་ཀ་བ་ཉི་ཤུ་ཐོག་[page 87] བརྩེག་གཉིས་ལྡན། བྱམས་ཁང་ཀ་བ་བཞི་ཐོག་བརྩེག་གསུམ། སྲུང་མ་བསམ་ཡས་དང་གཅིག་མཚུངས་ཀྱི་མགོན་ཁང་སོགས་རྟེན་གསུམ་ཇི་སྙེད་ཅིག་བཞེངས་གནང་མཛད་ནས་རྒྱ་རི་བའི་གཙོ་དགོན་དུ་གྱུར། དགེ་འདུན་ཞལ་གྲངས་ལྔ་བཅུ་ཙམ་ཐོས་བསམ་སློབ་གཉེར་ཤིན་ཏུ་རྒྱས་པ་བྱུང་སྟབས་རྒྱལ་བ་སྐུ་ཕྲེང་གཉིས་པ་ནས་བཅུ་གསུམ་བར་ཞབས་བཅགས། རྒྱལ་མཆོག་ལྔ་པ་ཆེན་པོས་རི་བོ་དགེ་ལྡན་པར་བསྒྱུར་གནང་མཛད། ཆོས་ཐེབས་སུ་མི་སེར་མང་པོ་གནང་། སླད་ཉམས་ཆགས་བྱུང་ཚེ་གཞུང་ནས་གཟིགས་སྐྱོང་མཛད་རྒྱུའི་བཀའ་གཏན་གནང་། དེ་རྗེས་རྒྱལ་བ་སྐལ་བཟང་རྒྱ་མཚོའང་ཡུན་རིང་བཞུགས་ནས་ས་ཟླའི་དུས་ཆེན་ལ་བསྙུང་གནས་འཛུགས་གནང་མཛད། སྐུ་ཐང་། ལི་ཏིང་། ཁྲུས་དར་སོགས་ལའང་ཕྱག་རྗེས་གསལ། དེ་རྗེས་རྒྱལ་བ་འཇམ་དཔལ་རྒྱ་མཚོས་དགོན་དེར་བཅའ་ཡིག་དམ་སྦྱར་གསོལ་སྩལ་གནང་བ་བཅས། སྔོན་དགོན་དེར་རྟེན་གཙོ་དགོན་དེའི་མདུན་གྱི་མཛོ་མོའི་སྣ་ཁུག་ཅེས་པའི་ས་ཕུག་ནས་གདན་དྲངས་པའི་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་བརྩེག་གསུམ་ལྡན་ཉེ་སྲས་བརྒྱད་དང་བཅས་པ་དང་། འདུ་ཁང་ནང་ཤར་ལིའི་སྟོན་པ་མི་ཚད་ལྷག གཡས་གཡོན་དུ་རྗེ་ཙོང་ཁ་པ་དང་རྒྱལ་བ་སྐལ་བཟང་རྒྱ་མཚོའི་འདྲ་སྐུ། སྒྲོལ་མ་ལྷ་ཁང་ནང་ཤར་ལིའི་སྒྲོལ་མ་གསུང་འབྱོན་དང་། བཀའ་གདམས་མཆོད་རྟེན་མི་ཚད་ལྷག་སོགས་མཇལ་རྒྱུ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་སྨན་འདམ་གྱི་ཐུབ་དབང་དང་། བྱམས་པ། སྒྲོལ་དཀར། རྗེ་ཡབ་སྲས་སོགས་ཀྱི་ཐུགས་ཀར་སྔོན་གྱི་སྐུ་འདྲའི་བཙོ་ཐལ་འབུལ་བཞུགས་བྱས་པ་སོགས་མཇལ་རྒྱུ་ཡོད།

ཨེ་སྒྲེ་དགོན་པ།

མཚན་རྒྱས་པར་“ཨེ་དགོན་དགའ་ལྡན་བྱང་ཆུབ་གླིང་”ཞེས་ཞུ། ཀློག་ཆོས་སྡེ་དགོན་ནས་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་ཀློག་གི་ལྷོ་ནུབ་སྒྲོལ་མ་རིར་འཛེགས་ན་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་[page 88] མཉམ་མེད་སྒམ་པོ་བའི་ཐུགས་སྲས་སམ་སྐུ་མཆེད་སྒྲེ་རིན་པོ་ཆེ་ཞུ་བ་བཀའ་རྒྱུད་པའི་བླ་མ་རྗེ་བཙུན་སྒྲོལ་དཀར་གྱི་རྣམ་སྤྲུལ་ཡིན་ཞེས་ཞུ་བས་ཕྱག་བཏབ་གནང་མཛད། རྗེ་བཙུན་སྒྲོལ་དཀར་གྱི་ཞལ་གཟིགས་ཀྱང་བྱུང་གསུངས། སྐུ་གསུང་ཐུགས་རྟེན་དང་བཅས་པ་བཞུགས། དེ་ནས་རིམ་བཞིན་ཉམས་ཆགས་བྱུང་རྗེས་སླར་ཡང་༡༧༠༧ལོར་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཁན་ཆེན་སྐལ་བཟང་རབ་རྒྱས་ཀྱི་ཐུགས་དམ་དུ་མཉམ་མེད་སྒྲེ་བའི་སྐུ་ཞིག་ཕེབས་པར་ཐོག་མར་འབུལ་ས་མ་བརྙེད། རྗེས་སུ་ཨེ་སྟོད་ཆུ་ཚན་དུ་ཕེབས་སྐབས་ཀློག་དགོན་པའི་གྲྭ་པ་གསུམ་གདན་ཞུར་བཅར་བར་མཁན་ཆེན་གྱིས་དེ་ཁུལ་མཉམ་མེད་སྒྲེ་བའི་བཞུགས་གནས་ཨེ་ཡོད་གསུངས་པར་སྒྲེ་པ་ཞེས་པའི་དགོན་ཧྲུལ་ཞིག་ཡོད་ཞུས་པས་ཐུགས་ཤིན་ཏུ་མཉེས་ནས་གཟིགས་པར་ཕེབས་སྐབས་ས་འོག་ནས་ཕྱག་འཁར་གཉིས་བླ་གོས། བཞེས་ཆས་བཅས་ཐོན་པ་ནང་རྟེན་དུ་བྱས་ནས་འདུ་ཁང་ཀ་བ་བཞི་ལ་རྗེ་བཙུན་སྒྲོལ་དཀར་དང་། གཡས་གཡོན་ཤཱཀྱ་ཐུབ་པ་དང་། ཙོང་ཁ་པ། མཉམ་མེད་སྒྲེ་པ། མཁན་ཆེན་སྐལ་བཟང་རབ་རྒྱས་སོགས་ཀྱི་འདྲ་སྐུ་དང་། མཆོད་རྟེན་བདུན་སོགས་བཞེངས་གནང་མཛད།

ད་ལྟ་གསར་བཞེངས་ལྷ་ཁང་ཀ་བ་གཉིས་ལྡན་ནང་སྒྲོལ་དཀར་གྱི་འཇིམ་སྐུ་མི་ཚད་མ་དང་། མཉམ་མེད་སྒྲེ་པ་རིན་པོ་ཆེའི་སྐུ་ཕྲེང་དུ་གྲགས་པ་ཀུན་གླིང་རྟ་ཚག་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པའི་ཡོངས་འཛིན་སེར་སྨད་གཞུང་པ་ལྷ་བཙུན་རིན་པོ་ཆེའི་འདྲ་སྐུ་ཁྲུ་གང་པ། སྤྱན་རས་གཟིགས་ཁྲུ་གང་པ། མཆོད་རྟེན་གསུམ་བཅས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

སྟོད་གཟིགས།

མཚན་རྒྱས་པར་“སྟོད་གཟིགས་དགའ་ལྡན་རབ་བརྟན་”ཞེས་ཞུ། ཀློག་ཆོས་སྡེ་དགོན་ནས་རྐང་ཐང་མར་ཆུ་ཚོད་གཉིས་མ་ཟིན་ཙམ་མར་ཡོང་ན་སྟོད་གཟིགས་གྲོང་གི་ལྟག་ཏུ་དགོན་དེ་མཇལ་བ་རེད། “སྟོད་[page 89] གཟིགས་”ཞེས་པ་ནི་བྱང་སེམས་གཅེར་བུ་བས་སྟོད་གངས་རིན་པོ་ཆེ་ནས་གཟིགས་སྐབས་འབུམ་པ་ཕུག་ཙམ་ཞིག་གནས་དེར་ཡོད་པ་གཟིགས་པས་སྟོད་གཟིགས་ཞེས་པ་དེ་ལྟར་བྱུང་། དགོན་དེ་ནི་ཐོག་མར་བྱང་སེམས་གཅེར་བུ་བས་ཕྱག་བཏབ་གནང་བའི་བཀའ་རྒྱུད་པའི་དགོན་ཞིག་ཡིན་པ་ལ། དགོན་དེ་ཆགས་ཡུལ་ཡང་འབུམ་པ་དེའི་འོག་ཏུ་ཡིན་གསུངས། འོན་ཀྱང་ཇུན་གར་དམག་དུས་གཏོར་བཤིག་སོང་བ་དང་། དེ་རྗེས་རྒྱལ་མཆོག་ལྔ་པའི་དུས་ད་ལྟའི་དགེ་ལུགས་པའི་དགོན་དེ་བྱུང་། དགེ་འདུན་ཞལ་གྲངས་ལྔ་བཅུ་ཙམ་ཡོད། སྔོན་འདུ་ཁང་ཀ་བ་ཉི་ཤུའི་ནང་རྒྱལ་བ་བྱམས་པའི་སྐུ་ཐོག་བརྩེག་གཉིས་ལྡན་དང་། གཡས་གཡོན་དུ་ཐུབ་དབང་དང་། མར་མེ་མཛད་བཅས་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་སོགས་བཞུགས་སུ་གསོལ་ཡོད།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་། དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཐོག་བརྩེག་གཅིག་ལྡན་དང་། འགྲན་མེད་རྣམ་གསུམ་གྱི་སྐུ་བརྙན་འཇིམ་སྐུ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

རྒྱ་ཚྭ་རྫོང་།

“རྒྱ་ཚྭ་”ཞེས་པ་ནི་སྔོན་རྒྱ་བཟས་གནས་དེར་ཚྭ་བསྣམས་ཕེབས་སྟབས་རྒྱ་ཚྭ་ཞེས་དང་། ད་ལྟའི་རྒྱ་ཚྭ་རྫོང་ནི་སྔོན་གྱི་རྒྱ་ཚྭ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་རྒྱ་ཚྭ་རྫོང་ཞེས་དྭགས་པོ་བཤད་སྒྲུབ་གླིང་ཆགས་ཡུལ་གྱི་ཉེ་འགྲམ་དུ་གནས་ཡོད་པ། རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༤༥༠༤དང་། ས་ཞིང་རྒྱ་ཁྱོན་མུའུ་ཁྲི་.རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༨༡ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༡༤མི་འབོར་ཁྲི་.ཆ་སྙོམས་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༢༠༠ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།[page 90]

དྭགས་པོ་བཤད་སྒྲུབ་གླིང་།

ཆུ་གསུམ་རྫོང་ནས་འཁོར་ལམ་བརྒྱུད་པུར་ཏང་ལ་བརྒྱབས་ནས་སྤྱི་ལེ་བདུན་ཅུ་དོན་ལྔ་ཙམ་སོང་ན་ད་ལྟའི་རྒྱ་ཚྭ་རྫོང་དུ་འབྱོར་ཞིང་། དེ་ནས་ད་ལྟའི་རྒྱ་ཚྭ་རྫོང་གི་ཉེ་འགྲམ། སྔོན་གྱི་དྭགས་པོ་གྲུམ་པ་དང་ཉེ་བར་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་དགོན་དེ་ཆགས་ཡུལ་དུ་ཀརྨ་པ་སྐུ་ཕྲེང་དགུ་པས་བཏབ་གནང་བའི་བཀའ་བརྒྱུད་པའི་དགོན་པ་ཞིག་ཡོད་པ་ཇུན་གར་དམག་དུས་ཐོར་ཞིག་ཏུ་སོང་། དེ་རྗེས་དགའ་ལྡན་ཁྲི་ཐོག་བདུན་པ་རྫེ་བློ་གྲོས་བརྟན་པས་ཐོག་མར་ཆུ་ཕར་ཕྱོགས་བྲག་སྟེང་ཞེས་པར་དགེ་འདུན་བརྒྱད་གྲྭ་ཞིག་གི་དགེ་ལུགས་པའི་དགོན་པ་ཞིག་ཕྱག་བཏབ་གནང་མཛད། གང་སར་ཆོས་རྡོག་ཏུ་ཕེབས་སྟབས་རྗེས་སུ་ལྷ་རྒྱ་རི་དང་ཆོས་ཡོན་སྦྱིན་བདག་གནང་བའང་དེ་ནས་བྱུང་གསུངས། དེ་རྗེས་ད་ལྟའི་དགོན་གནས་འདིར་གནས་སྤོས་གནང་། འདུལ་བའི་བཅའ་ཁྲིམས་ཤིན་ཏུ་དམ་པོ་ཡོད་པ་ནི་སྔོན་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་ཉན་ཐོས་ཀྱི་བཅད་པ་དང་འདྲ་གསུངས། ཤག་ཆས་ཀྱང་རྫ་ལྕགས་ཤིང་བཅས་ལས། གསེར་དངུལ་ཟངས་རག་སོགས་རིན་ཐང་ཆེ་བའི་དངོས་པོ་ཉར་མི་ཆོག དགེ་འདུན་ཞལ་གྲངས་བདུན་བརྒྱ་མ་ཟིན་ཙམ་ཡོད་པ་ལས་ཕྱོགས་དང་གཞིས་པ་གཉིས་སུ་དབྱེར་ཏེ་གཞིས་པ་ཉིས་བརྒྱ་བརྟན་བཞུགས་དང་། ལྔ་བརྒྱ་ཕྱོགས་སུ་ཕེབས་དགོས། སྔོན་དགོན་དེར་རྟེན་གཙོ་གསེར་ཟངས་ཀྱི་ཐུབ་དབང་ཐོག་བརྩེག་གསུམ་ལྡན་གྱི་ཐུགས་ཀར་ནོར་བུ་དགོས་འདོད་ཀུན་འབྱུང་བཞུགས་པ་འཁོར་ཉན་ཐོས་གཉིས་དང་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་སོགས་རྟེན་ཇེ་སྙེད་ཅིག་བཞུགས།

ད་ལྟ་སྔོན་གྱི་ཆོས་རྭའི་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ནང་རྟེན་གཙོ་གསེར་ཟངས་ཀྱི་ཇོ་བོ་ཐོག་བརྩེག་ཙམ་དང་། དེའི་གཡས་སུ་རྗེ་བློ་གྲོས་བརྟན་པའི་སྐུ་འདྲ་མི་ཚད་མ་དང་། གཡོན་དུ་རྗེ་བཙུན་སྒྲོལ་མ་སོགས་མཇལ་རྒྱུ་ཡོད།[page 91]

གཞན་ཡང་ད་ལྟའི་རྒྱ་ཚྭ་རྫོང་གི་ལྷོ་ངོས་ལོག་གླེན་ཞེས་པའི་ནང་རྐང་ཐང་མར་ཆུ་ཚོད་བཞི་ཙམ་སོང་ན་ཁྲ་མ་བྲག་ཅེས་རྙིང་མའི་མོ་དགོན་བྱིན་ཅན་ཞིག་དང་། དབེན་གནས་རི་བོ་ལྷ་ལྡིང་། དྲུང་དགོན་པ། བཀའ་བརྒྱུད་ཀྱི་རབ་བརྟན་གླིང་། དགེ་ལུགས་པའི་ལྕང་རྭ་མཁའ་ཐོག་སོགས་ཀྱི་དགོན་གནས་ཀྱང་མཇལ་རྒྱུ་ཡོད།

ཆོས་འཁོར་རྒྱལ།

མཚན་རྒྱས་པར་“ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་”ཞེས་ཞུ། ད་ལྟའི་རྒྱ་ཚྭ་རྫོང་ནས་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་ལྷག་ཙམ་སོང་ན་རྒྱ་ཚྭ་ཤང་དང་། དེ་ནས་བྱང་ངོས་སུ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་སྤྱི་ལེ་དྲུག་ཅུ་ཙམ་སོང་ན་རྒྱལ་མེ་ཏོག་ཐང་ཞེས་པར་དགོན་དེ་མཇལ་རྒྱ་ཡོད། ཐོག་མར་གནས་དེར་ཆོས་རྒྱལ་སྲོང་བཙན་དང་། སློབ་དཔོན་རིན་པོ་ཆེ། ཆོས་རྒྱལ་ཁྲི་སྲོང་ལ་སོགས་ཞབས་བཅགས་པ་ལྷ་ཐོག་རི་ཁྲོད་སོགས་ལ་ཞབས་རྗེས་ཀྱང་མཇལ་རྒྱུ་ཡོད། དེ་ནས་ད་ལྟའི་ཆོས་འཁོར་རྒྱལ་དགོན་ནི་སྤྱི་ལོ་༡༥༠༩ལོར་རྒྱལ་བ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་མཛད། དེའང་རྒྱལ་བ་དགེ་འདུན་རྒྱ་མཚོ་སྐུ་འཁོར་དང་བཅས་གནས་དེར་ཕེབས་སྐབས་རི་ཐང་ཆུ་གསུམ་གྲུ་གསུམ་གསུམ་རྩེག་འདིའི་སྟེང་གཙུག་ལག་ཁང་བཞེངས་རྒྱུའི་ཐུགས་འཁྲུངས་པའི་ཚེ་ནམ་མཁའ་ནས་རྨ་བྱའི་གདུགས་ཕུབ་འདྲའི་དཔལ་ལྡན་ལྷ་མོའི་ཕོ་བྲང་གི་དབྱིབས་བཀོད་གཟིགས། ཆོས་རྒྱལ་ཨ་མོ་གྷས་སྦྱིན་བདག་མཛད་དེ་གཙུག་ལག་ཁང་ཀ་ཆེན་བདུན་ཅུ་དང་། གཙང་ཁང་ཀ་ཆེན་བརྒྱད། མགོན་ཁང་ཀ་བཞི་བཅས་བསྐྲུན་གནང་མཛད། རྟེན་གཙོར་བལ་པོ་ཉི་མ་དཔལ་གྱིས་བཞེངས་པའི་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་སོ་གཉིས་ལྡན་དང་། དཔལ་ལྡན་ལྷ་མོའི་སྐུ་བྱིན་ཅན། གུ་རུ་རིན་པོ་ཆེའི་ཕྱག་ཌམ། ལྷག་པར་དུ་དགོན་དེ་བཞེངས་སྐབས་འོལ་དགའ་བའི་འུལ་ལག་གིས་རྒྱབ་རིའི་ངོས་སུ་བྲག་རི་བཤགས་པའི་རྡོ་སུབ་ལས་ཐོན་པའི་[page 92] དཔལ་ལྡན་ལྷ་མོའི་ཕྱག་མཚན་གནམ་ལྕགས་ཀྱི་རལ་གྲི་ཁྲུ་གང་པ། མདོག་མཐིང་སྐྱ་འོད་འཕྲོ་བ། འོག་ཏུ་འཛམ་བུ་ཆུ་གསེར་གྱི་ཡིག་འབྲུ་བྷོ་དང་། མེ་རི་ངོ་མཚར་ཅན་ཞིག་ཡོད་པ་བཅས་དུས་འགྱུར་མ་བྱུང་བར་བཀའ་གདམས་ཕོ་བྲང་དུ་བཞུགས། ཐོག་མར་དགེ་ལྡན་ཁ་གཙང་ཕྱག་བཞེས་གནང་བ་ལ། རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་དུས་ས་བཀའ་རྙིང་གསུམ་ཕྱག་བཞེས་གནང་སྟབས་ཤར་ངོས་སྤང་སྟེང་དུ་དཀར་དམར་སྔོ་གསུམ་གྱི་ལྷ་ཁང་བཞེངས་གནང་མཛད། ལོ་ལྟར་འོན་མངའ་རིས་གྲྭ་ཚང་དང་། དྭགས་པོ་བཤད་སྒྲུབ་གླིང་དེར་ཕེབས་ཏེ་དབྱར་གནས་མཉམ་ཚོགས་གནང་དགོས་པའི་མཛད་བཟང་སྤེལ། གཞན་ཡང་རྒྱལ་དབང་སྐུ་ཕྲེང་གཉིས་པ་ནས་བཅུ་གསུམ་བར་གནས་དེར་ཞབས་བཅག་པས། རྒྱལ་བ་ཕེབས་རིམ་བཞིན་ཉམས་གསོ་དང་རྒྱ་བསྐྱེད་གནང་སྟབས་ད་ལྟའི་དགོན་ཤུལ་དེ་ལྟ་བུའི་ནང་དེ་འཚམ་གྱི་སྐུ་གསུང་ཐུགས་རྟེན་བཞུགས་སུ་གསོལ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ནང་དཔལ་ལྡན་ལྷ་མོ་སོགས་སྔོན་གྱི་རྟེན་སྐུ་གཙོ་གྲས་ཀྱི་སྐུ་ཚབ་འཇིམ་སྐུ་དང་། རྟེན་གཙོར་གཙང་ཁང་ནས་གསེར་ཟངས་ཀྱི་རྒྱལ་བ་བྱམས་པ་ཐོག་བརྩེག་གཉིས་ལྡན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ལྷ་མོའི་བླ་མཚོ།

ཆོས་འཁོར་རྒྱལ་དགོན་ནས་རྐང་ཐང་མར་མཚོ་ལུང་ནང་བརྒྱུད་ཆུ་ཚོད་གསུམ་ལྷག་ཙམ་སོང་ན་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བརྒྱ་ལྷག་ཙམ་བརྒལ་བའི་མཚོ་ལའི་སྟེང་ནས་བྱང་ཤར་མུ་ལིང་སྟེང་གི་ཁྲག་མཚོ་སྟེ་དཔལ་ལྡན་ལྷ་མོའི་བླ་མཚོ་དེ་མཇལ་བ་རེད། མཚོ་དེ་ནི་རྒྱལ་བ་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་དགོན་ཕྱག་བཏབ་གནང་ནས་ལོ་གཉིས་སོང་མཚམས་སྤྱི་ལོ་༡༥༡༡ལ་གནས་སྒོ་ཕྱེས་གནང་མཛད། མཚོ་དེའི་ནང་ནས་སྐྱེ་བོ་སོ་སོར་མཐོང་སྣང་མི་འདྲ་བ་སྣ་ཚོགས་སྟོན་གྱི་ཡོད། ལྷག་པར་དུ་རྒྱལ་བ་[page 93] སྐུ་ཕྲེང་རིམ་བྱོན་གཙོ་བོར་གྱུར་པས་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་རྩད་གཅོད་སྐབས་བླ་སྤྲུལ་རྩ་ཆེན་གདན་ཞུས་ཀྱིས་དཔལ་ལྡན་ལྷ་མོར་གྲོགས་དན་བཅོལ་ཏེ་རྟགས་མཚན་ཐོན་ཐབས་གནང་སྲོལ་ཡོད།

གཞན་ཡང་བླ་མཚོ་དེའི་ཉེ་འགྲམ་དུ་སྒྲོལ་མ་ཉེར་གཅིག་གི་བླ་མཚོ་དང་། གེ་སར་གྱི་བླ་མཚོ། ལྕམ་སྲིང་གི་བླ་མཚོ་སོགས་ཀྱང་མཇལ་རྒྱུ་ཡོད།

རྭ་སྒྲེང་འཁྲུངས་ཁང་།

རྒྱ་ཚྭ་ཤང་དང་ཉེ་བའི་རམ་སྨད་གྲོང་དབུས་སུ་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་འཁྲུངས་ཁང་དེ་མཇལ་རྒྱུ་ཡོད། རྭ་སྒྲེང་མ་འཁྲུངས་གོང་ཡབ་ཕུན་ཚོགས་དབང་འདུས་ཕྱུགས་འཚོ་བར་འགྲོ་བའི་སྐབས་རི་ལྡེབས་ནས་ཆོས་གོས་ཤིག་རྙེད། ཡབ་མཐུན་རྐྱེན་ཞན་པས་འཚོ་རྟེན་དུ་ཚོང་རྩིས་བྱས་པར་དེ་བྱིན་ཅན་ཡིན་པས་ཚོང་མི་རུང་ཞེས་མི་རྒན་པ་མང་པོས་ཁ་ཏ་བྱས། དེ་ནས་མི་རིང་བ་སྟེ་སྤྱི་ལོ་༡༩༡༢ལོར་རྭ་སྒྲེང་འཁྲུངས་རྗེས་ཆུ་ཁར་ཞབས་རྗེས་སོགས་རྟགས་མཚན་མང་པོ་བསྟན། དེ་ནས་རྭ་སྒྲེང་སྐུ་ཐོག་བཞི་པའི་ཡང་སྲིད་རྩད་གཅོད་བརྟག་སྐབས་ཕན་པོ་དགའ་ལྡན་ཆོས་འཁོར་གྱི་ལྷའི་ལུང་རྟགས་སུ་འོག་ཏུ་ཚོས་རམ་ཞེས་པ་དང་། སྟེང་དུ་རྒྱ་ཚྭ་ཞིག་བཞག་པས་རྒྱ་ཚྭ་རམ་སྨད་དུ་འཁྲུངས་པར་གོ་ནས་ཡང་སྲིད་རྩད་གཅོད་མཁན་འོང་ཉིན་“དེ་རིང་ངའི་འགྲུལ་པ་ཡོང་གི་ཡོད་པས་རྟ་འདོགས་ས་དགོས་”ཞེས་གསུངས་ནས་རྡོ་བྲག་གོང་རིལ་རིལ་ཞིག་གི་སྟེང་དུ་ཕུར་པ་བཀྱོན་པའི་རྗེས་ཤུལ་ད་ལྟའང་མཇལ་རྒྱུ་ཡོད། ཡང་ཉིན་ཞིག་ཡུམ་གྱིས་ཐུག་པ་དཀྲུག་འཇུག་གནང་བར་ཞབས་དྲོག་གིས་ཟར་བུ་དང་བཅས་ཁ་བདམས་གནང་བའི་རྫ་དེ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསེར་སྡོང་ནང་བཞུགས་སུ་གསོལ་ཡོད། སྤྱི་ལོ་༡༩༣༤ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་རྒྱལ་ཚབ་ཏུ་མངའ་གསོལ། ༡༩༤༧ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས།

[page 94]
དྭགས་ལྷ་སྒམ་པོ།

མཚན་རྒྱས་པར་“གདན་ས་ཆེན་པོ་དྭགས་ལྷ་སྒམ་པོ་”ཞེས་ཞུ། “དྭགས་པོ་”ཞེས་པ་ནི་སྔོན་བོད་མིའི་རིགས་རུས་ཤིག་ཡིན་པ་དང་། “དྭགས་ལྷ་སྒམ་པོ་”ནི་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཡིན་པས་ལྷ་མིང་ཡུལ་ལ་ཆགས་པར་གྲགས། རྒྱ་ཚྭ་རྫོང་ནས་དཔྱང་ཟམ་ཕར་ཐོན་ཏེ་ཡར་ཀླུངས་གཙང་པོའི་བྱང་ངོས་ཀྱི་འཁོར་ལམ་སྤྱིར་བཏང་བ་བརྒྱུད་ཆོས་འཁོར་རྒྱལ་དུ་འགྲོ་སའི་ལམ་དང་། རྭ་སྒྲེང་འཁྲུངས་ཁང་སོགས་བརྒྱུད་སྤྱི་ལེ་བཞི་བཅུ་ལྷག་ཙམ་སོང་ན་གཅེས་ཞེས་པའི་གྲོང་དེར་འབྱོར། དེ་ནས་འཁོར་ལམ་མེད་ལ་རྐང་ཐང་མར་ཆུ་ཚོད་གསུམ་མ་ཟིན་ཙམ་འཛེགས་ན་དགོན་དེར་སླེབས། དགོན་དེ་ནི་མར་མི་དྭགས་གསུམ་གྱི་ཡ་གྱལ་མཉམ་མེད་དྭགས་པོ་ལྷ་རྗེས་སྤྱི་ལོ་༡༡༢༡ལ་ཕྱག་འདེབས་གནང་མཛད། གནས་དེ་ནི་རྒྱལ་བའི་ལུང་གིས་ཟིན་པའི་རི་བོ་ཤཀྟིར་རམ་རི་བྲག་ཚང་ཚིང་ཅན་གྱི་གནས་ལ་ངོས་བཟུང་། ངོ་མཚར་ཆེ་བའི་རྒྱབ་རི་ནས་སྐྱེས་བུ་དམ་པ་སོ་སོར་གཟིགས་སྣང་མི་འདྲ་བ་མང་པོ་བྱུང་བར་གྲགས། མཉམ་མེད་དྭགས་པོ་ལྷ་རྗེའམ་ཟླ་འོད་གཞོན་ནུ་ནི་སྤྱི་ལོ་༡༠༧༩ལོར་གཉལ་བོད་རྙིང་གྲོང་གསར་ཞེས་པར་སྐུ་འཁྲུངས་ཚུལ་དང་། བཙུན་མོ་སྲས་སྲོས་དང་བཅས་པ་རིམ་བཞིན་གཤེགས་ཚུལ་འཁོར་བ་ལ་ངེས་པ་འབྱུང་ནས་རབ་ཏུ་བྱུང་ཚུལ་སོགས་དེབ་འདིའི་ལྷུན་རྩེ་རྫོང་ཁོངས་མཁར་སྟེང་དགོན་གྱི་གནས་བཤད་ཀྱི་ཞར་དུ་ཞིབ་པར་གསལ། དྭགས་པོ་ལྷ་རྗེ་དགུང་ལོ་སོ་གཉིས་ལ་སྟོད་དུ་ཕེབས་ནས་རྗེ་བཙུན་མི་ལའི་ཞབས་ལ་གཏུགས། གདམས་ངག་གསན་ཏེ་ཉམས་མྱོང་གི་རྩལ་ཐོན། དབུས་སུ་ཕེབས་ཁར་རྗེ་བཙུན་མི་ལས་“བུ་སྟོན་པ་དབུས་སུ་བཞུད་པ་ན།། ཤར་སྒམ་པོ་དར་གྱི་རི་བོ་དེ།། རྒྱལ་པོ་གདན་ལ་བཞུགས་པ་འདྲ།། རྒྱབ་རི་དར་དཀར་ཡོལ་བ་འདྲ།། རི་བདུན་བློན་པོ་འདུད་པ་འདྲ།། ཤིང་སྤང་གསེར་གྱི་མཎྜལ་འདྲ།། རི་དེ་ཡི་མགུལ་ན་གདུལ་བྱ་ཡོད།། ཁྱོད་དེ་རུ་སོང་ལ་འགྲོ་དོན་སྒྲུབས།། བུ་ཁྱོད་ཀྱི་བཞེད་དོན་འགྲུབ་ནས་མཆིས།།”ཞེས་གསུངས་པ་ལྟར་དྭགས་ལྷ་སྒམ་པོ་ཕྱག་བཏབ།[page 95] བཀའ་གདམས་པའི་ལམ་རིམ་དང་། རྗེ་མི་ལའི་བཀའ་ཕྱག་རྒྱ་ཆེན་པོའི་གདམས་པ་གཅིག་ཏུ་དྲིལ་ནས་《ལམ་རིམ་ཐར་རྒྱན》མཛད། ལོ་གསུམ་སྟན་དང་མ་བྲལ་བར་སྒོམ་པའི་བརྩོན་འགྲུས་བསྐྱེད་པས་བཟོད་སེམས་ཀྱི་ངོ་བོ་མཐོང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན། སློབ་མ་མཐའ་ཡས་པ་བྱུང་ནས་དྭགས་པོ་བཀའ་བརྒྱུད་པའི་སྲོལ་གཏོད། སྔོན་དགོན་དེར་གཙུག་ལག་ཁང་ཀ་ཆེན་བཞི་བཅུ་དང་། ཀ་ཡུལ་ལྔ་བཅུ་རྩ་བཞི། ཟངས་ལུང་སྤྲུལ་པའི་ཕོ་བྲང་། གསང་སྔགས་ཕོ་བྲང་། ཆོས་ཁང་རྩེ་སོགས་སོ་སོར་དྭགས་པོ་ལྷ་རྗེའི་ཐུགས་དག་གྱི་རྟེན་རྗེ་མི་ལའི་སྐུ་དང་། དྭགས་པོ་ལྷ་རྗེའི་སྐུ་གསུང་འབྱོན་མ། ཇོ་བོ་རྗེའི་ཕྱག་བཟོ་ཐུགས་རྗེ་ཆེན་པོ་གཙོ་འཁོར། མངའ་བདག་ཁྲི་རལ་གྱིས་བཞེངས་པའི་སྤྱན་རས་གཟིགས་ཁ་སར་པ་ཎི། ཀླུ་སྒྲུབ་ཀྱི་ཕྱག་བྲིས་གྲུབ་ཆེན་མང་པོའི་ཕྱག་བརྒྱུད་པ་ན་རོ་པའི་ཐུགས་དམ་གི་རྟེན་བདེ་མཆོག་གི་སྐུ་ཐང་། མར་པའི་ཕྱག་བྲིས་ན་རོ་པའི་སྐུ་ཐང་། བེེཌཱུརྻའི་གླེགས་བམ་ཉི་ཁྲི་སོགས་ནང་རྟེན་ཁྱད་དུ་འཕགས་པ་མང་པོ་བཞུགས།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནང་གསེར་ཟངས་ཀྱི་དྭགས་པོ་ལྷ་རྗེའི་སྐུ་བརྙན་ཐོག་ཚད་མའི་ཐུགས་ཀར་གུ་རུའི་རིང་བསྲེལ་དང་། རྗེ་ཉིད་ཀྱི་དབུ་ཀླད་རིང་བསྲེལ། ཐུགས་ལྗགས་འཁྲུལ་བྲལ། སངས་རྒྱས་བྱང་སེམས་མང་པོའི་རིང་བསྲེལ་བཞུགས་པ་བྱིན་ཅན། གཞན་ཡང་གསར་བཞེངས་གནང་བའི་སྐུ་བརྙན་མང་པོ་མཇལ་རྒྱུ་ཡོད།

ལྷུན་རྩེ་རྫོང་།

“ལྷུན་རྩེ་”ཞེས་པ་ནི་སྔོན་ཆོས་རྒྱལ་འོད་སྲུང་གི་རྒྱུད་པ་ཆོས་རྒྱལ་བྱ་བའི་སྲས་དབུལ་རྒྱལ་གྱི་ཕོ་བྲང་སྟེ་ལྷུན་རྩེ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་[page 96] ད་ལྟའི་རྫོང་ལའང་ལྷུན་རྩེ་རྫོང་ཞེས་དང་། ད་ལྟའི་རྫོང་གནས་ཡུལ་ནི་སྔོན་གྱི་ལྷུན་རྩེ་རྫོང་གནས་ཡུལ་གྱི་ཤར་བྱང་མཚམས་ཞིང་པ་ཞེས་པའི་ཡུལ་དེར་ཆགས་ཡོད།རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༠༥༦༦ཙམ་དང་། ས་ཞིང་མུའུ་ཁྲི་.རྩ་ཐང་མུའུ་ཁྲི་༨༠༠ནགས་ཚལ་མུའུ་ཁྲི་༣༠མི་འབོར་ཁྲི་ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ལེ་༣༩༠༠ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན་ནོ།།[page 105]

མཁར་སྟེང་དགོན།

མཚན་རྒྱས་པར་“མཉལ་ཤོར་པོ་མཁར་སྟེང་དགོན་”ཞེས་ཞུ། གཉལ་སྡེ་དྲུག་གི་ཁོངས་ཡིན། རྩེད་ཐང་ནས་འཁོར་ལམ་བརྒྱུད་ཡར་སྟོད་བྲག་ལ་དང་། དེ་ནས་ཤོར་པོ་ལྟག་ལ་བརྒྱབ་སྟེ་སྤྱི་ལེ་བརྒྱ་དང་བཅུ་གསུམ་ཙམ་སོང་ན་རླངས་འཁོར་ལམ་ཟུར་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་རྒྱུད་པའི་བླ་མ་རོང་པོ་རྡོ་རྗེ་རྒྱལ་མཚན་ཞུ་བས་ཕྱག་བཏབ་གནང་མཛད་དེ་གླིང་ཁག་ཁ་ཤས་ཡོད་པ་ལ་ཇུན་གར་དམག་དུས་གཏོར་བཤིག་ཚབས་ཆེན་བཏང་། དེ་རྗེས་ད་ལྟའི་དགོན་དེ་ཆགས་ཡུལ་ནི་དགོན་དེའི་གླིང་གཅིག་ཡིན་པར་གྲགས་ལ། དེ་རྗེས་གུང་ཐང་པ་མཛེས་པ་དཔལ་ལྡན་སོགས་ཀྱི་དུས་ནས་རིམ་བཞིན་དགེ་ལུགས་པའི་སྔགས་ཆོག་གི་དགོན་པ་ཞིག་ཏུ་གྱུར། དགེ་འདུན་ཞལ་གྲངས་བརྒྱ་མ་ཟིན་ཙམ་བར་འཕེལ། སྔོན་དགོན་དེར་འདུ་ཁང་ཀ་བ་སུམ་ཅུ་ཅན་གྱི་ནང་སྨན་འདམ་གྱི་འཇིམ་སྐུ་དུས་གསུམ་སངས་རྒྱས་ཐོག་སོ་གཅིག་ཙམ་དང་། གཙོ་སྐུའི་ཐུགས་ཀར་ཤེལ་གྱི་ཐུབ་དབང་མཐོ་གང་པ། གཞན་ཡང་གནས་བརྟན་བཅུ་དྲུག་སོགས་ཀྱིས་གཏམས་ཡོད།

ད་ལྟ་དབུ་རྩེ་ཉམས་གསོ་ཞུས་པའི་སྔོན་གྱི་འདུ་ཁང་ནང་སྔོན་གྱི་དུས་གསུམ་སངས་རྒྱས་ལ་ཉམས་གསོ་ཞུས་པ་དང་། གསར་བཞེངས་རྒྱལ་བ་ལྔ་པའི་འདྲ་སྐུ་སོགས་མཇལ་རྒྱུ་ཡོད།

[page 97] ཡང་དེ་ནས་ཅུང་ཉེ་བའི་ལྷོ་ངོས་ཀྱི་རི་སྟེང་དུ་བླ་མ་ཟླ་འོད་གཞོན་ནུ་སྟེ་མཉམ་མེད་དྭགས་པོ་ལྷ་རྗེས་ཕྱག་བཏབ་གནང་བའི་སེ་བ་ལུང་ཞེས་པའི་རི་ཁྲོད་བྱིན་ཅན་དེ་མཇལ་རྒྱུ་ཡོད། བླ་མ་ཟླ་འོད་གཞོན་ནུ་ཐོག་མར་བོད་རྙིང་གྲོང་གསར་ཞེས་པར་འཁྲུངས། སྐུ་གཞོན་དུས་སྨན་དཔྱད་པ་སྦྱངས་པ་གནས་བས་ལྷ་རྗེ་ཞེས་པའི་མཚན་དེ་ལྟར་བྱུང་། ཁྱིམ་ཐབས་བསུས་ཏེ་སྲས་སྲོས་ཀྱང་གཉིས་ཙམ་བྱུང་། དེ་ནས་མི་རིང་བར་བཙུན་མོ་དང་སྲས་སྲོས་རྣམས་རིམ་བཞིན་སྐུ་ཚེའི་འཕེན་པ་རྫོགས་པས་ཐུགས་སྐྱོ། ཉིན་ཞིག་ཞིང་རྨོ་བཞིན་བཞུགས་སྐབས་རྨོས་གླང་ལ་རྟ་ལྕག་གཅིག་གཞུས་གནང་བས་རྟ་ལྕག་གི་སྣེ་ཚུར་ཕྱག་གི་སྟེང་དུ་ཕོག་པའི་སྙུན་ཟུག་ལས་ངེས་འབྱུང་འཁྲུངས་ཏེ། རྟ་ལྕག་ཚུར་འཕར་བ་ལ་ན་ཚ་འདི་འདྲ་ཡོད་ན་རྨོས་གླང་ལ་ན་ཚ་ཇི་འདྲ་ཞིག་མེད་དམ་གསུངས་ཏེ་རྨོས་གཉའ་གློད་ནས་དབེན་པའི་གནས་རྒྱལ་སྲས་གླིང་ཞེས་པར་སྒྲུབ་པ་བསྐྱོན་ནས་བཞུགས། སྐབས་གཞན་སུ་གཅིག་གིས་འཁོར་མཁན་མེད་པ་ལ། འབྲོག་པ་ཞིག་གིས་རྟག་ཏུ་གསོལ་བ་དྲངས་པས་ཉིན་ཞིག་བླ་མས་འབྲོག་པ་དེར་བོད་ཟླ་༡༢ཚེས་༡༥དགོང་མོ་ཟླ་བ་ཤར་བ་དང་དུས་མཚུངས་ཁྱོད་ཀྱིས་གནས་འདིའི་གནས་སྒོ་འབྱེད་དགོས་ཞེས་གསུངས་པར། འབྲོག་པས་ངས་ཆོས་མི་ཤེས་པར་གནས་སྒོ་ཇི་ལྟར་ཕྱེས་ཐུབ་ཅེས་ཞུས་པར། འབྲོག་གླུ་བླངས་ཏེ་གནས་སྒོ་ཕྱེ་ན་འགྲིག གནས་སྒོ་ཕྱེ་བའི་བསྐལ་བ་ཁྱེད་ལ་ཡོད་ཅེས་གསུངས་པ་ལྟར་བྱས་པས་ཟླ་འོད་ལས་བླ་མ་མཇལ་བ་སོགས་བྱུང་ཞིང་ཟླ་འོད་གཞོན་ནུ་ཞེས་པའི་མཚན་ཡང་དེ་ལྟར་བྱུང་། དུས་ཆེན་དེ་འབྲོག་པ་ཚོས་ད་ལྟའང་གཏོང་སྲོལ་ཡོད། ཡང་དེའི་ཉེ་འདབས་སུ་གསང་ཡུམ་འབུམ་པ་ཞེས་བཙུན་མོ་གཤེགས་རྗེས་ཀྱི་འབུམ་པ་དང་། ཞབས་བཅག་འབུམ་པ་ཞེས་ཞིང་རྨོ་ས་ནས་ཕེབས་སྐབས་ཞབས་བཅག་ནང་གི་ས་ལས་བསྐྲུན་པའི་འབུམ་པ་སོགས་མཇལ་རྒྱུ་ཡོད།

མཁར་སྟེང་དགོན་ནས་ཤར་ངོས་སུ་རྐང་ཐང་མར་ཆུ་ཚོད་གཉིས་ལྷག་ཙམ་[page 98] སོང་ན་སྔོན་དགོན་དེའི་དགོན་ལག་ཤོར་པོ་ཤར་དགོན་ཏེ་གྲོང་མཁར་ཆོས་སྡེ་ཞེས་པ་དེ་མཇལ་རྒྱུ་ཡོད།

གསང་སྔགས་ཆོས་གླིང་།

མཚན་རྒྱས་པར་“དཔལ་ལྷར་བསྟན་རི་བོ་གསང་སྔགས་ཆོས་གླིང་རྒྱ་མཚོ་གྲྭ་ཚང་”ཞེས་ཞུ། ཤོར་པོ་ནུབ་ནས་འཁོར་ལམ་བརྒྱུད་སྦ་ར་ལ་བརྒྱབ་སྟེ་སྤྱི་ལེ་བརྒྱ་དང་དྲུག་ཅུ་ཙམ་སོང་ན་གསང་སྔགས་ཆོས་གླིང་གྲོང་གི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སྐུ་སྐྱེ་འབྲུག་པ་པད་མ་དཀར་པོས་དུས་རབས་བཅུ་དྲུག་པའི་ནང་ཕྱག་བཏབ་གནང་མཛད། འབྲུག་པ་པད་མ་དཀར་པོས་དགོན་པ་ཕྱག་བཏབ་གནང་བའི་རྗེས་མ་དེ་ཡིན་གསུངས། འབྲུག་པ་པད་མ་དཀར་པོ་ཀོང་པོ་བརྩེ་ཆེན་མདོ་ཞེས་པར་སྤྱི་ལོ་༡༥༡༧ལོར་སྐུ་འཁྲུངས། བོད་ཀྱི་ས་ཆ་གང་སར་དགོན་པ་མང་པོ་ཕྱག་བཏབ་གནང་མཛད། གནས་དེར་ཕེབས་ནས་ཆུ་ཕ་རི་ནས་ས་དཔྱད་གཟིགས་སྐབས་ཡུལ་དེ་ནི་གནམ་གྲུ་གསུམ། ས་གྲུ་གསུམ་དུ་གཟིགས་ནས་ས་དཔྱད་ངན་པ་བཟློག་ཕྱིར་གནས་དེར་དགོན་ཞིག་འདེབས་དགོས་ཐུགས་ལ་འཁྲུངས་སྟེ་དགོན་དེ་ཕྱག་བཏབ་གནང་མཛད། བོད་གངས་ཅན་ཙམ་མ་ཟད་འབྲུག་ཡུལ། ལ་དྭགས། ཁུ་ནུ་ལ་སོགས་ཀྱི་ཡུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆུ་འགོ་ལྟ་བུ་ཞིག་ཡིན། འབྲུག་པ་བཀའ་བརྒྱུད་ཅེས་པ་ནི་ཐོག་མར་འབྲུག་པ་པད་དཀར་སྐུ་ཕྲེང་དང་པོ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་གྲུབ་ཆེན་གླིང་རས་པས་ལུང་བསྟན་པ་ལྟར་ཆུ་ཤུར་གནམ་ཕུར་འབྲུག་དགོན་པ་ཕྱག་བཏབ་ཅིང་། དགོན་པ་དེ་རྨང་འདིང་དུས་འབྲུག་སྒྲ་དྲག་པོ་ཐེངས་ཁ་ཤས་གྲགས་པས་དགོན་པའི་མིང་ལ་འབྲུག་ཅེས་བཏགས་གནང་མཛད་པ་དང་། དེ་ནས་བཟུང་གྲུབ་མཐའ་འདིའི་རྒྱུན་འཛིན་པ་ལའང་འབྲུག་པ་བཀའ་བརྒྱུད་ཅེས་ཐོགས། འགྲོ་མགོན་གཙང་པ་རྒྱ་རས་ད་ལྟ་འཇིགས་མེད་པད་མ་དབང་ཆེན་བར་སྐུ་ཐོག་བཅུ་གཉིས་ཙམ་བྱུང་། སྐུ་ཕྲེང་བཞི་པ་པད་མ་[page 99] དཀར་པོ་ནས་དགོན་དེར་གཏན་བཞུགས་མཛད། གསུང་རྩོམ་ཡང་པོད་ཉི་ཤུ་རྩ་བཞི་ཙམ་ཡོད། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་སྦུག་མར་བསམ་ཡས་ཀྱི་ཇོ་བོ་བྱང་ཆུབ་ཆེན་པོར་དཔེ་བྱས་ཏེ་བཞེངས་པའི་སྨན་གདམ་གྱི་ཐུབ་དབང་ཐོག་སོ་གཉིས་ལྡན་བླ་མ་རང་གི་ཕྱག་བཟོ་གསུང་འབྱོན་མ་དང་། གཡས་སུ་འཇམ་དབྱངས་དང་། གཡོན་དུ་བྱམས་པ་སོགས་ཀྱང་སྤྲུལ་སྐུ་རྣམ་པའི་ཕྱག་བཟོ་ཡིན་པ། གཞན་ཡང་ཀུན་མཁྱེན་གྱི་ཞབས་རྗེས། མི་མ་ཡིན་གྱིས་བཞེངས་པའི་ལྷ་མོ་དུད་སོལ་མའི་སྐུ་བརྙན་བཞི་བཅས་སྐུ་གསུང་ཐུགས་རྟེན་ངོ་མཚར་ཆེ་བ་མང་པོ་ཡོད། སྐུ་ཐོག་བརྒྱད་པའི་སྐབས་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ཙམ་ཟིན་ཞེས་གསུངས།

ད་ལྟ་གསར་བཞེངས་གནང་བའི་འདུ་ཁང་ནི་སྔོན་ཀྱི་སྒྲུབ་སྡེའི་ཤུལ་དུ་བཞེངས་གནང་ཡོད་པ་དང་། རྟེན་གཙོ་སྨན་གདམ་གྱི་ཐུབ་དབང་མི་ཚད་ལྷག་གསར་བཞེངས་གནང་བ་དང་། སྔོན་ཀྱི་ལྷ་མོ་དུད་སོལ་མའི་སྐུ་བརྙན་གྲས་གཅིག་དང་བླ་མ་ལྷ་ཁང་ནང་སྨན་འདམ་གྱི་རྡོ་རྗེ་འཆང་གཙོ་བོར་གྱུར་པའི་གུ་རུ་སྣང་སྲིད་གཟིལ་གནོན། འབྲུག་པ་པད་མ་དཀར་པོ་སོགས་འབྲུག་པའི་བླ་བརྒྱུད་ཁག སྔོན་གྱི་གཙང་ཁང་སྦུག་མའི་ཤུལ་དུ་གསེར་ཟངས་ཀྱི་ཐུབ་དབང་ཐོག་སོ་གཉིས་ལྡན་ཅན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་སོང་ན་འབྲུག་པ་པད་མ་དཀར་པོའི་གཟིམ་སྤྱིལ་ཞེས་དགོངས་པ་ཆོས་དབྱིངས་སུ་འཐིམ་སའི་མོ་དགོན་ཞིག་མཇལ་རྒྱུ་ཡོད། དགོན་དེ་ནི་འབྲུག་གསང་སྔགས་ཆོས་གླིང་ཕྱག་འདེབས་རྒྱུར་ཐུགས་ཐག་བཅད་གནང་རྗེས་སྒར་དུ་ཕེབས་ཁར་ལུང་པ་ཡ་ཀིའི་ཕུ་ལ་ང་སྡོད་ས་ཞིག་རྒྱབས་ཤིག་ཅེས་ལྗགས་བཀོད་གནང་བ་ཇི་བཞིན་བཞེངས་པ་ཡིན་གསུངས།

ཡང་དགོན་དེ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་འགྲོ་མགོན་གཙང་པ་རྒྱ་རས་ཙ་རིའི་གནས་སྒོ་ཕྱེས་བསྒྲུབས་རྗེས་ཚུར་ཕེབས་སྐབས་ཞག་[page 100] གཅིག་བཞུགས་སའི་བྲག་ཕུག་གཅིག་ཡོད་པ་ལ་ཐུགས་སྤྲོ་པོ་བྱུང་སྟབས་“སྐྱིད་ཕུག་”ཅེས་པའི་སྒྲུབ་ཕུག་དང་ཇོ་དགོན་སྒྲུབ་སྡེ་དང་བཅས་པ་མཇལ་རྒྱུ་ཡོད།

ཙ་རི།

མཚན་རྒྱས་པར་“ལྷོ་གནས་ཕྱོགས་དཔལ་གྱི་ཙ་རི་ཏྲ་”ཞེས་ཞུ། “ཙ་རི་”ཞེས་པ་ནི་རྒྱལ་བའི་ལུང་གིས་ཟིན་པའི་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་ཙ་རི་ཏྲ་ཞེས་རྒྱ་གར་གྱི་སྐད་ཡིན་ནམ། ཡང་ན་“ཙ་རིའི་གནས་སུ་རྩ་རླུང་ཐིག་ལེ་སྒོམ་”ཞེས་བཀའ་བརྒྱུད་གོང་མ་རྣམས་ཀྱིས་རྩ་རླུང་སྒོམ་སྒྲུབ་གནང་བས་ན་དེ་ལྟའི་སྒྲ་ཟུར་ཆགས་སམ། ཡང་ན་ཆོས་རྒྱལ་སྲོང་བཙན་གྱིས་“དེ་ལྟར་རྩྭའི་མཆོག་ཏུ་གྱུར་པས་ན་ཙྭ་མཆོག རྩྭ་དེའི་གོང་ན་གཞན་མེད་པས་ན་རྩྭ་གོང་ཞེས། ཅིག་ཅར་ལ་རྩ་གོང་ངམ། རྩ་མཆོག་ཏུ་བཤད། དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་”ཡོད་པར་གསུངས་པའི་རྩྭ་མཆོག་ཀླུ་བདུད་རྡོ་རྗེ་འདི་ཉིད་ན་བཞུགས་པ་ཞེས་སོགས་གནས་ཙ་རི་ཞེས་པའི་མིང་ལ་དཔྱད་པར་འཚལ། དེའང་ཙ་རིའི་གནས་སྐོར་ལ་འགྲོ་བ་ལ། སྔོན་འཁོར་ལམ་མ་ཟུག་གོང་དྭགས་ལྷ་སྒམ་པོའི་བརྒྱུད་ནས་འགོ་བཙུགས་ཏེ། གནས་ཀྱི་དང་པོ་འབུམ་རྟ་སེར་པོ་དང་། ཚུགས་ཀྱི་དང་པོ་སྒྲུབ་ཆུ་ཁ། དེ་ནས་མཆོད་རྟེན་ནག་པོ། དེ་ནས་ཆོས་ཟམ་ལ་འབྱོར་ཏེ་འགོ་ཚུགས་པ་ཡིན་ཀྱང་། དེང་སང་འཁོར་ལམ་བརྒྱུད་སོང་ན་སྟབས་བདེ་བས་འབྲུག་གསང་སྔགས་ཆོས་གླིང་ནས་འཁོར་ལམ་དེད་ཆགས་ལ་བརྒྱབ་སྟེ་སྤྱི་ལེ་བརྒྱ་ལྷག་ཙམ་སོང་ན་ཆོས་ཟམ་དུ་འབྱོར་ཏེ་ཙ་རིའི་གནས་སྐོར་གྱི་འགོ་ཚུགས་པ་ཡིན་པས་དེའང་སྟོད་དུ་གྲགས་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏེ་སི་དང་། བར་དུ་ཁུངས་བཙུན་པ་ལ་ཕྱི་གངས་རྭ། སྨད་དུ་འགྲན་ཟླ་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་ཙ་རི་ཏྲ་བཅས་གསུམ་རྒྱལ་བའི་ལུང་གིས་ཟིན་པའི་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་གནས་ཡིན་པ་ལ་གངས་ཏི་སི་སྐུ་ཡི་གནས་དང་། ལ་ཕྱི་གསུང་གི་གནས། ཙ་རི་ཕག་གདོང་ནག་པོ་ཐུགས་ཀྱི་གནས་ཞེས་[page 101] སུ་གྲགས། ཙ་རི་ལའང་ཕྱི་ནང་གསུམ་གྱི་གནས་རི་ཡོད་པ་ནི་ཀོང་པོ་སྨན་གླིང་དུ་རི་བོ་ལྷ་རི་འཛིན་ནམ་ཙ་རི་གསར་མ་ཚེ་རིང་ལྗོངས་ཞེས་པ་དང་གཅིག་ཡང་སྐྱེས་སྐར་ཐང་ནས་ནགས་ལ་དང་། སྤང་ལ། རྫ་ལ་བཅས་བརྒྱབ་ན་ཙ་རི་མཚོ་དཀར་ཞེས་པས་གཉིས། ཡང་ཅིག་ཅར་ནས་སྒྲོལ་མ་ལ་བརྒྱུད་དཀྱིལ་འཁོར་རམ། དག་པ་ཤེལ་རི་བཅས་གསུམ་སོ་སོར་མཇལ་རྒྱུ་ཡོད་པ་ལ་དེ་གསུམ་ནི་རྩ་རོ་རྐྱང་དབུ་གསུམ་མམ་ཕྱི་ནང་གསང་གསུམ། སྐུ་གསུང་ཐུགས་བཅས་ཀྱི་མཚོན་དོན་ཡོད་པས་དེ་དག་སོ་སོ་ལའང་དག་པ་ཤེལ་རི་མཚོ་གླིང་དང་བཅས་པའི་བཀོད་པ་རེ་ཡོད་ཅེས་གསུངས། ཙ་རི་དཀྱིལ་འཁོར་ཏེ་དག་པ་ཤེལ་རི་ནི་ཐོག་མར་རྒྱལ་བའི་ལུང་གིས་ཟིན་ལ། བར་དུ་ཆོས་རྒྱལ་སྲོང་བཙན་དང་། གུ་རུ་པད་མ་འབྱུང་གནས་སོགས་ཀྱི་གཟིགས་སྣང་སྣ་ཚོགས་བྱུང་། དེ་རྗེས་མཉམ་མེད་དྭགས་པོ་ལྷ་རྗེར་ཙ་རིའི་གནས་ཀྱི་གཟིགས་སྣང་བྱུང་སྟབས་སློབ་མ་རྣམས་ལ་ཁྱེད་སུས་ཙ་རིའི་གནས་སྒོ་འབྱེད་ཅེས་ཙ་རིར་ཕྱག་མཛུབ་གཏད་པས་གནས་ཙ་རི་བཀའ་ཤིན་ཏུ་གཉན་སྟབས་དེ་མར་ཕྱག་མཛུབ་ལ་ཆུ་བུར་བདུན་ཤར། ཉིན་གསུམ་སོང་ཡང་སློབ་མ་རྣམས་ཀྱིས་ང་འགྲོ་ཞེས་ཁས་ལེན་ཞུ་མཁན་མ་བྱུང་། ཉིན་གསུམ་པར་སྐྱེས་བུ་ཡེ་ཤེས་རྡོ་རྗེར་སྤྱན་ཆེད་གཉེར་གཟིགས་པས་བླ་མས་ང་ལ་གསུངས་པ་འདྲ་དགོངས་ནས་ཁས་ལེན་ཞུས་པས་བླ་མ་ཐུགས་ཤིན་ཏུ་མཉེས། སྐྱེས་བུ་ཡེ་ཤེས་རྡོ་རྗེ་དཔོན་སློབ་བཅུ་གཅིག་དང་བཅས་པ་ཙ་རིའི་གནས་སྒོ་ཕྱེ་བར་ཕེབས། མཁའ་འགྲོ་མ་སེང་གེའི་གདོང་ཅན་མཆེད་གསུམ་གྱིས་རྣལ་འབྱོར་པ་ཁྱེད་སྡུག་རུས་ཆེ་བ། ལུས་སྲོག་ལ་ལྟོས་པ་མེད་པ་ཞིག་འདུག་སྟེ་ཆ་ལུགས་འདི་ལྟ་བུས་ཕ་བླ་མའི་ཐུགས་དགོངས་ཀྱང་མི་རྫོགས། མ་མཁའ་འགྲོ་མཉེས་པ་ཡང་མི་འགྱུར། གནས་ཙ་རིའི་སྒོ་ཡང་མི་ཕྱེ། ནང་སྤྲུལ་པའི་ལྷ་ཞལ་ཡང་མི་མཐོང་། མཆོག་ཐུན་མོང་གི་དངོས་གྲུབ་ཀྱང་མི་ཐོབ་པས་ཙ་རིའི་གནས་སྒོ་འབྱེད་པར་འདོད་ན་སང་ཕོད་ད་ཙམ་ན་མགོ་ལ་ཆུ་ཞྭ། རྐང་པར་ཆུ་ལྷམ། ལག་ཏུ་ཆུ་བེར་ཁྱེར་ནས་སྤོས་ཀྱི་དུད་པ་རྒྱུན་[page 102] མ་ཆད་པ། ཐབས་ཤེས་ཀྱི་རྫས་ཡ་མ་བྲལ་བ། རི་གསུམ་གྱི་རྩེ་ནས་གླུ་དང་མ་བྲལ་བ། ལུང་གསུམ་གྱི་མདོ་ནས་རྐང་བྲོ་དང་མ་བྲལ་བ། ཚོགས་དང་གཏོར་མ་རྒྱུན་མི་ཆད་པར་ཐོངས་ལ་གསོལ་བ་དྲགས་པོ་ཐོབས། དེ་ལྟར་བགྱིས་ན་གནས་ཀྱི་སྒོ་འབྱེད་པའི་གྲོགས་ངེད་ཀྱིས་བྱེད་གསུངས་ནས་རྡོ་མཚན་ལ་ཐིམས་པར་གྱུར། དེ་ནས་སྐྱེས་བུ་ཡེ་རྡོར་དཔོན་སློབ་ཕྱིར་ཕེབས། སང་ཕོད་དེ་ཙམ་ན་མཁའ་འགྲོས་ཇི་ལྟར་ལུང་བསྟན་པ་བཞིན་མཛད་དེ་ཕེབས་པས་ཕོ་བྲང་གཡུ་མཚོ་གཟིགས། དག་པ་ཤེལ་རིའི་འཁོར་ནང་སྤྲུལ་པའི་ལྷ་ཚོགས་མངོན་གསུམ་དུ་མཇལ། ཞིང་སྐྱོང་གི་མཁའ་འགྲོ་མ་མཆེད་གཉིས་ཀྱིས་གླིང་གི་ཟས་ཕུལ་བས་ཞབས་ས་ལ་མི་རེག་པ་སོགས་ཀྱི་དངོས་གྲུབ་བརྙེས། ཕྱག་རྒྱ་ཆེན་པོའི་རྟོགས་པ་དང་བསྟན་པ་སོགས་སྐྱེས་བུ་ཡེ་ཤེས་རྡོ་རྗེས་སྤྲུལ་པའི་སྒོ་ནས་ཙ་རིའི་གནས་སྒོ་ཕྱེ་ཞེས་གསུངས།

དེ་ནས་མི་ཐོག་གཅིག་གི་རྗེས་སུ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་གྱིས་ཙ་རིའི་གནས་ཀྱི་ཕྱི་ནང་གསང་བའི་ཚུལ་ཐམས་ཅད་གཟིགས་ནས། མཉོས་ཆེན་པོ་རྒྱལ་བ་ལྷ་ནང་པ་དང་། འགར་དམ་པ། དཔལ་ཆེན་ཆོས་ཡེ་བཅས་སློབ་མའི་མཆོག་གསུམ་བརྫངས། དེ་དག་གིས་དྭགས་པོ་གྲུམ་ལུང་བརྒྱུད་བྱ་གོང་མོ་གསུམ་སོང་བའི་ཤུལ་དུ་ཕེབས་པས་གོང་མོ་ལ་ཞེས་པ་དེ་དུས་བརྙེས་ཞེས་གྲགས།

དུས་དེ་ཙ་ན་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པས་ཇོ་མོ་ཁ་རག་ན་སྒྲུབ་པ་ལ་བཞུགས་པའི་ཚེ་ཐོ་རེངས་སུ་མཁའ་འགྲོ་སེང་གེའི་གདོང་ཅན་གྱིས་རྒྱ་རས་པ། ད་ནི་ཙ་རིའི་གནས་སྒོ་འབྱེད་པའི་དུས་ལ་བབས་པས་སོང་ཞིག་ཅེས་ལུང་བསྟན་པས་དགོས་པ་ཆེར་མེད་སྙམ་སྟེ་བཞུགས་པ་ལ། ཁ་རག་གི་རྩེར་ཉི་མ་ཤར་བ་དང་དུས་མཚུངས་དམ་པ་གང་གི་རྩ་བའི་བླ་མ་གྲུབ་ཆེན་གླིང་རས་པ་འཇའ་འོད་ཀྱི་གུར་ཁྱིམ་དང་བཅས་བྱོན་ཏེ། “བུ་རྒྱ་རས་མ་སྡོད་སྒོམ་དུ་རྒྱུགས།། ཙ་རི་སྤྲུལ་པའི་དཀྱིལ་འཁོར་ན།། མཁའ་འགྲོ་རྡོ་ཡི་སྙིང་ཕུག་[page 103] ཡོད།། གླང་ཆེན་ཟས་ཀྱི་དངོས་གྲུབ་ཡོད།། མ་དང་མཁའ་འགྲོའི་བྱིན་རླབས་ཡོད།། མ་སྒོམ་སངས་རྒྱས་དེ་ན་ཡོད།།”ཅེས་གདམས་པའི་མོས་ལ་ཡལ་བའི་གཟིགས་སྣང་ཞིག་བྱུང་བས་ཙ་རིར་བྱོན་པའི་དགོངས་པ་མངོན་དུ་བཏང་ནས་བྱོན་པས་གོང་གསལ་འབྲི་གུང་གི་མཉོས་འགར་ཆོས་གསུམ་དང་། ཞལ་འཛོམས་བྱུང་སྟེ་ལྷན་དུ་ཕེབས། ཐོག་མར་ཁྱེའུ་གཞོན་ནུ་རྟ་གྲོ་སེར་གཡུའི་རྔོག་མ་ཅན་ཞིག་ལ་བཞོན་པ་ཞིག་གིས་བླ་མ་ཁྱེད་རྣམས་འདི་ནས་ཡར་ཕེབས་ན། རིབ་པ་ཞིག་ལས་མེད་ཅེས་ཞུས་པ་བཞིན་ཕེབས་པས་“རིབ་པ་ལ་ཞེས་པ་དེ་ལྟར་བྱུང་། དེ་ནས་མཁའ་ལྡིང་བྲག་འགོ་དང་། དེ་ནས་ཡུལ་སྟོད་སྦལ་པ་མཚོར་ཕེབས་པས་སྦལ་པ་གཡག་ཤས་ཙམ་འཇིགས་སུ་རུང་བ་ཞིག་གིས་ལམ་བཀག་ནས་ཡོད་པ་དེའི་སྟེང་དུ་མཆོངས་ནས་དྲག་ཏུ་བརྫིས་པས་ཕ་བོང་ཞིག་ཏུ་གྱུར། དེ་ལ་ཞབས་རྗེས་ཤིན་ཏུ་བཀྲ་བ་མང་པོ་བྱུང་བ་དེང་སང་མཇལ་རྒྱུ་ཡོད། དེ་ནས་ཡུལ་སྨད་དུ་བྱོན་པ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཚོགས་པའི་གྲས་ལ་བྱོན། དེ་ནས་ཆོས་རྗེ་སྐྱོབ་ཆེན་ལ་ཁ་ནས་ཅིག་ཅར་དུ་གཤེགས་པའི་ལམ་བར་དུ་མི་མ་ཡིན་གྱིས་མོ་མཚན་མང་དུ་སྤྲུལ་ནས་ལམ་བཀག་པ་ན་གསང་བའི་རྡོ་རྗེ་ལས་སུ་རུང་བར་མཛད་ནས་དེ་ལ་བསྣུན་པས་བྲག་ཏུ་སོང་བའི་རྗེས་གསལ་བར་དོད། དེ་ནས་མཁའ་འགྲོའི་རྡོའི་སྙིང་ཕུག་བརྙེས། དེར་ཞིང་སྐྱོང་གི་མཁའ་འགྲོ་མ་རྡོ་རྗེ་གཡུའི་སྒྲོལ་མ་དམ་ལ་བཏགས་པས་གཡུ་སྒྲོལ་མས་བཀའ་བཞིན་སྒྲུབ་པ་དང་། རྗེས་འཇུག་སྐྱོང་བར་ཞལ་གྱིས་བཞེས། སྨན་བཙུན་དེ་མོ་དེས་ལས་ཀྱི་ཕྱག་རྒྱ་མཛད། ཞིང་སྐྱོང་སེང་གདོང་མས་ཀྱང་ཅི་བསྒོ་བ་ཐམས་ཅད་ཉན་པར་དམ་བཅས། དེ་ནས་མར་ཕེབས་ཏེ་རང་བྱུང་རོལ་པའི་ཁྲི་ལ་བཞུགས་དུས་ཕྱོགས་སྐྱོང་གཤིན་རྗེའི་རྒྱལ་པོ་ཁྱེའུ་ལོ་བརྒྱད་ཀྱི་གཟུགས་ཡིད་དུ་འོང་བའི་ཚུལ་གྱི་སྤྱན་སྔར་འོང་། གུས་པས་བཏུད་དེ་དགེ་བསྙེན་མཉོས། མཚན་ཅིག་ཅར་དམར་པོར་བཏགས། རྗེའི་འཕྲིན་ལས་གྲུབ་པར་ཁས་བླངས། དེ་ནས་མར་བྱོན་པས་ཤ་ཟམ་ལ་རྩེ་ནས་སླར་ཡང་མཉོས་འགར་ཆོས་གསུམ་དང་[page 104] མཇལ་བས་ཁོང་རྣམས་ཀྱིས། དེ་རིང་གྲོགས་པོ་རྒྱ་རས་ཀྱིས་ཚོགས་གཤོམ་ཞིག་མཛོད་ཅིག་གསུངས་པར། དེ་ལྟར་བགྱིའོ་ཞེས་ཞལ་གྱིས་བཞེས་ཏེ་རླུང་སྒོམ་སྟེ་གཤེགས་པས་ཞིང་སྐྱོང་གི་རུ་བ་གཟིགས་ཏེ་དེ་ལ་སློང་པས་མར་ཐུད་བསམ་ལས་འདས་པ་བྱུང་བས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར། མར་རྣམས་ཕྱོགས་གཅིག་ཏུ་སྤུངས་པས་དཀར་རྡོག་ཐང་ཞེས་པའང་དེ་ནས་བྱུང་། དེ་ནས་ཕོ་བྲང་དུ་གཤེགས། ནང་སྤྲུལ་པའི་ལྷ་ཚོགས་མངོན་གསུམ་དུ་མཇལ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་མེད་པར་འཚང་རྒྱ་བ་དང་། བཅོམ་ལྡན་འདས་རྡོ་རྗེ་ཕག་མོས་བསྟན་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཀྱི་བར་ཁྱབ་པར་ལུང་བསྟན། དེ་ནས་རྒྱ་རས་འཕྲང་བརྒལ་ཏེ་སིན་ཏུ་རའི་མཚོ་ཡོད་སའི་ངོགས་སུ་བཞུགས་སྐབས་མཁའ་འགྲོས་རྡོ་རྗེའི་ཡུལ་བར་དྲངས་པའི་ཆུ་ཕུལ། དེ་དུས་སིན་ཏུ་རའི་མཚོ་དེ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཐོན་ཏེ་ཉིད་ཀྱི་སྐྲ་ལས་བཏགས་པའི་མིག་ར་ཕུལ་བས་ཕུག་ཆེན་དེ་ལ་རྒྱ་རས་མིག་ར་ཕུག་ཅེས་པའི་མིང་ཆགས། སླར་ཡུལ་སྟོད་དུ་ཕེབས། དེའི་རྒྱབ་རི་རྡོ་རྗེ་ཕག་མོའི་སྐུ་ལྟ་བུ་དང་། སྡོང་པོ་ཁ་ཊམ་ག་དྲ་བའི་འོག་ཏུ་སྨྱུག་སྤྱིལ་མཛད་ནས་ཟླ་བ་གསུམ་དུ་མཉམ་པར་བཞག་ནས་བཞུགས་སྐབས་ཀྱི་ཐོ་རེངས་ཤིག་ལ་འོད་དང་སྤོས་ཀྱི་དྲི་ཞིམ་པོ་བསམ་གྱིས་མི་ཁྱབ་པ་བྱུང་བའི་མོས་ལ་སངས་རྒྱས་རབ་བདུན་དངོས་སུ་བྱོན། རྟེན་འབྲེལ་གྱི་གདམས་ངག་ཐམས་ཅད་བསྩལ། དུས་དེ་ཙ་ན་མཉོས་མགར་ཆོས་གསུམ་གྱིས་ཙ་རི་འཁོར་དགོངས་ཏེ་སྐྱོབ་པའི་སྤྱན་སྔར་བྱོན་པས། སྐྱོབ་པའི་ཞལ་ནས་དམར་ནག་ཞལ་མཇལ་མི་འདུག་པས་ཙ་རི་མ་འཁོར་བ་གདའ་སླར་སོང་གསུང་བརྫང་བར་མཛད། གཉིས་པ་ལ་ད་དུང་ཅིག་ཅར་མ་འཁོར་བ་འདུག་པས་དེ་ན་ངའི་ཁྱད་པར་གྱི་ལྷ་བཞི་ཡོད་པ་མ་མཇལ་བ་འདུག་གསུངས་ནས་སླར་ཡང་བཏང་བར་མཛད། གསུམ་པ་ལ་མཉོས་ཆེན་པོ་ཅིག་ཅར་དུ་ཕེབས་སྐབས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་སྐོར་བ་གཟིགས་ཏེ་དེའི་[page 105] གྲལ་ཏུ་བྱོན་ཏེ་བཞུགས་པས་མཉོས་ཀྱི་རྡོ་བཅལ་དུ་གྲགས། ལན་གསུམ་པ་དེར་མཉོས་མགར་ཆོས་གསུམ་གྱིས་ནང་དཀྱིལ་འཁོར་གྱི་ལྷ་ཚོགས་ཇི་ལྟ་བ་མཇལ་བར་འགྱུར་རོ། རྗེ་རྒྱ་རས་པས་ནི་ལན་གཅིག་པུ་ཁོ་ནའི་ནང་དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་དུ་གཟིགས་ཤིང་གནས་ཀྱི་སྒོ་ཕྱེ་བ་ཡིན་ནོ་ཞེས་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་མི་ལམ་གཏོད་དེ་ནས་སྒོ་ཕྱེས་གནང་བ་ཞེས་ཟེར།

ཙ་རི་མཚོ་དཀར་ནི་ཀརྨ་པ་སྐུ་ཕྲེང་བཞི་པ་དགུང་ལོ་བཅུ་གཉིས་ཐོག་གནས་སྒོ་ཕྱེས་གནང་བ་དང་དུས་མཚུངས་མཚོ་དཀར་དགོན་པའང་ཕྱག་འདེབས་གནང་མཛད། ཀརྨ་པས་དབུ་རྐྱང་གཉིས་ཀྱི་གནས་སྒོ་ངས་ཕྱེས་ཞེས་མཚོ་དཀར་དང་། ཙ་རི་གསར་མ་བཀྲ་ཤིས་ལྗོངས་ཏེ་རི་བོ་ལྷ་ཏིང་འཛིན་གྱི་གནས་སྒོ་ཀརྨ་པས་ཕྱེས་གནང་བར་གྲགས།

ཙ་རིར་རྩེ་སྐོར་དང་། བར་སྐོར། རོང་སྐོར་བཅས་སྐོར་ཚུལ་ཡོད་པ་ལ་རོང་སྐོར་ནི་ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོ་ཡིན་ཀྱང་ད་ལྟ་མཐའ་མཚམས་སོང་མཇལ་མི་ཐུབ། རྩེ་སྐོར་དང་བར་སྐོར་ནི་ལོ་ལྟར་བོད་ཟླ་༣ཚེས་༡༥ནས་བོད་ཟླ་༨ཚེས་༡༥བར་གནས་སྒོ་ཕྱེ་བ་ཡིན་ཟེར། དུས་ཚོན་དེ་ལས་བརྒལ་ཚེ་གནས་སྒོ་བརྒྱབ་པའམ། མི་ཕྱེ་བ་ཞེས་ཁ་བས་ལམ་འགག་པ་དང་། ལམ་དུ་འབུ་མང་བ། བྱིན་རླབས་ཆུང་བ། མཁའ་འགྲོའི་བཀའ་ཆད་ཕོག་པ་ཞེས་སོགས་གནས་སྐོར་དུ་འགྲོ་སྲོལ་མེད། ད་ལྟ་རྒྱུན་པར་ཙ་རི་སྐོར་ཚུལ་འདི་བར་སྐོར་ཡིན་ཞེས་ཟེར། དེའང་བར་སྐོར་དུ་འགྲོ་ཚུལ་ནི་འབྲུག་གསང་སྔགས་ཆོས་གླིང་ནས་འཁོར་ལམ་དེད་ཆགས་ལ་བརྒྱབ་སྟེ་སྤྱི་ལེ་བརྒྱ་ལྷག་ཙམ་སོང་ན་ཆོས་ཟམ་དང་། དེ་ནས་སྤྱི་ལེ་ཉི་ཤུ་ཙམ་སོང་ན་རྡོ་མཚན། དེ་ནས་སྤྱི་ལེ་ཉི་ཤུ་ཙམ་སོང་ན་གཡག་རབ། དེ་ནས་སྤྱི་ལེ་སུམ་ཅུ་ཙམ་སོང་ན་ཀློ་མི་ཁྱིམ་བདུན་ནམ་ཙ་རི་སྐྱེས་དཀར་ཐང་སྟེ་ད་ལྟའི་ཙ་རི་ཆུས་སུ་འབྱོར། ཡུལ་དེའི་བྱང་ངོས་སུ་ཟངས་མདོག་དཔལ་རིའི་དབྱིབས་འདྲ་བའི་རིའི་ནང་ཨོ་རྒྱན་ཕུག་ཅེས་ནང་དུ་མཚོ་ཡོད་པའི་ཕུག་པ་སྒོ་གཉིས་ཅན་དེ་མཇལ། དེ་ནས་འཁོར་ལམ་མེད་པས་རྐང་ཐང་མར་ནགས་ལ་[page 106] དང་། སྤང་ལ། རྫ་ལ་བཅས་བརྒྱབ་སྟེ་ཉིན་གཅིག་ཙམ་སོང་ན་ཙ་རི་མཚོ་དཀར་དགོན་དུ་འབྱོར། དགོན་དེའི་ལྟག་ཏུ་མཚོ་དཀར་མཇལ་རྒྱུ་ཡོད། མཚོ་དེའི་རྒྱབ་ཏུ་དག་པ་ཤེལ་རི་དང་། མདུན་དུ་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་སོགས་མཚོ་དཀར་དང་ཙ་རི་གསར་མ་བཀྲ་ཤིས་ལྗོངས་ཏེ་རི་བོ་ལྷ་ཏིང་འཛིན་ནི་བསྟན་པའི་གནས་ཡིན་ཞེས་གང་སར་རང་བྱོན་སྣ་ཚོགས་མཇལ་རྒྱུ་ཡོད། ཙ་རི་གསར་མ་ནི་ཉི་ཁྲི་ས་ཁུལ་སྨན་གླིང་རྫོང་ཁོངས་སུ་ཡོད། མཚོ་དཀར་དུ་ཞག་གཉིས་གསུམ་ཇི་བསྡད་དེ་ནས་སླར་ཡང་སྐྱེས་སྐར་ཐང་དུ་ལོག སྐྱེས་དཀར་ཐང་ནི་སྔོན་ཙ་རི་རོང་སྐོར་སྐབས་ཀློ་བརྫོང་རྒྱག་ས་ཡིན། དེ་ནས་འཁོར་ལམ་བརྒྱུད་རང་ལོགས་སུ་གཡག་རབ་བར་འོང་སྟེ་དེ་ནས་འཁོར་ལམ་མེད་པས་རྐང་ཐང་མར་ལྷ་མོ་ཟམ་གདོང་ཐོག་ནས་ཅིག་ཅར་དུ་འབྱོར་བ་བྱས། ཅིག་ཅར་ནས་ཙ་རི་དཀྱིལ་འཁོར་རམ་དག་པ་ཤེལ་རི་སྐོར་བའི་འགོ་ཚུགས། གནས་དེར་འབྲུག་པ་ཀུན་མཁྱེན་པད་མ་དཀར་པོས་རབ་བྱུང་དགུ་པའི་དུས་དཀྱིལ་ཙམ་ནང་རྡོ་རྗེ་ཕག་མོའི་ལྷ་ཁང་ཞིག་བཞེངས་གནང་མཛད་པ་རྩ་ཐོར་དུ་སོང་ཡང་ད་ལྟ་གསར་བཞེངས་གནང་བའི་ནང་རྡོ་རྗེ་ཕག་མོའི་སྐུ་བརྙན་གསར་བཞེངས་གནང་བ་སོགས་རྟེན་གསུམ་དང་བཅས་པ་མཇལ་རྒྱུ་ཡོད། དེ་ནས་སྒྲོལ་མ་ལར་སླེབས་པས་དེ་ནས་བུད་མེད་འགྲོ་མི་ཆོག་པས་རང་ལོག་ཏུ་འོང་དགོས། སྐྱེས་པ་རྣམ་མི་ལྤགས་ཐང་དང་། དེ་ནས་སྟག་ལ་ལ་འགོ། དེ་ནས་དཀར་རྡོག་ཐང་། དེ་ནས་ཤ་ངུས་ལ། དེ་ནས་ཕོ་བྲང་སྐྱོར་མོ། དེ་ནས་དོམ་ཚང་། དེ་ནས་ཡུལ་སྨད། དེ་ནས་ཆོས་ཟམ་བར་ཞག་བདུན་ཙམ་སོང་ན་ཙ་རི་ཐུགས་ཀྱི་གནས་དཀྱིལ་འཁོར་རམ་དག་པ་ཤེལ་རི་འཁོར་བ་དང་། སྒྲོལ་མ་ལ་ནས་ཕྱིར་ལོག་པའི་བུད་མེད་རྣམས་དང་། མཉམ་དུ་འཛོམས་དུས་གནས་དེར་བྱས་ནས་འཁོར་ལམ་ཡོང་སར་ཕྱིར་ལོག་པ་ཡིན།

སྤྱིར་གནས་ཚང་མར་གནས་སྒོ་འབྱེད་པའི་ལོ་དེ་གནས་ལོར་རྩི་བས་གངས་ཏི་སི་རྟ་ལོ་དང་། ལ་ཕྱི་གངས་ལུག་ལོ། ཙ་རི་སྤྲེལ་ལོ་བཅས་ཡིན་པས་[page 107] ཙ་རི་རོང་སྐོར་ཡང་སྤྲེལ་ལོ་ཡིན། ཙ་རི་རྩེ་སྐོར་དང་བར་སྐོར་ནི་རྡོ་རྗེ་ཕག་མོའི་དབུ་དང་སྐུ་སྐེད་འཁེལ་བས་བུད་མེད་འགྲོ་མི་ཆོག་ཀྱང་། རོང་སྐོར་ནི་ཞབས་འཁེལ་བས་བུད་མེད་ཀྱང་འགྲོ་ཆོག འོན་ཀྱང་རོང་སྐོར་ལ་ངལ་བ་ཁྱད་བསད་བྱ་རྒྱུ་ལྟ་ཅི་རང་སྲོག་བློས་བཏང་གིས་འགྲོ་དགོས་པས་ཙ་རིའི་གནས་སྐོར་ཞེས་པའི་སྐད་གྲགས་ཆེན་པོ་དེ་ལྟར་བྱུང་། དེའང་ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོར་བོད་སྡེ་པ་གཞུང་ནས་ལས་བྱེད་གོ་ཆོད་གཉིས་ཏེ་དྲུང་འཁོར་ཞེས་སྐྱ་བོ་ཞིག་དང་། རྩེ་དྲུང་སྟེ་གྲྭ་པ་ཞིག་བཏང་ནས་ཀློ་བརྫོངས་ཞེས་ཀློ་པ་རྣམས་དགའ་བའི་དངོས་རྫས་མང་པོ་སྤྲད་དེ་ལོ་དེའི་གནས་སྐོར་བ་བདེ་བླག་ངང་འགྲོ་ཐུབ་པའི་ལམ་བཅོས་དང་། གནོད་པ་མི་བྱེད་རྒྱུའི་མནའ་སྐྱེལ་དུ་འཇུག་སྲོལ་ཡོད། སྲོལ་དེ་ནི་གུ་རུ་རིན་པོ་ཆེས་ཀློ་པ་རྣམས་ལ་མི་མ་ཡིན་གྱི་དངོས་རྫས་མང་པོ་གནང་བ་ནས་བཟུང་སྲོལ་དེ་དར་བ་ཡིན་ཞེས་ཟེར། ཀློ་བརྫོངས་རྒྱག་ས་ནི་ད་ལྟའི་ཙ་རི་ཆུས་གནས་ས་སྟེ་ཀློ་མི་ཁྱིམ་བདུན་ནམ། སྐྱེས་དཀར་ཞེས་པ་རྩྭ་ཐང་ཆུང་ཆུང་ཞིག་ཡོད་པ་དེར་ཡིན། དེའང་ལུག་ལོའི་བོད་ཟླ་༡༢པའི་ནང་གནས་སྐོར་བ་དང་། ཀློ་པ། སྡེ་པ་གཞུང་གི་ལས་བྱེད་སེར་སྐྱ་གཉིས་དང་། དམག་མི་སོགས་སྔ་རྗེས་སུ་འཛོམས་པར་བྱས། གསང་སྔགས་ཆོས་གླིང་ནས་སྒྲུབ་བཞག་དང་འབྲེལ་སྐུ་མཚམས་ཀྱང་བསྐྱོན་དགོས། ཀློ་བརྫོངས་ནི་གཡག་སོགས་སེམས་ཅན་སྣ་ཚོགས་དང་། སིལ་སྙན། སྦུག་ཆལ། ཏིང་ཤགས། སྔོ་སྣེ། སྣམ་རིགས་སོགས་ཡིན། དེ་ནས་ཀློ་པ་རྒད་པོ་ཞིག་གོམ་པ་སྤོ་མི་ཐུབ་ཀྱང་ཀློ་པ་ན་གཞོན་ཞིག་གི་རྒྱབ་ཏུ་ཁྱེར་ཡོང་ནས་དེས་སྔོན་བྱུང་གི་ལོ་རྒྱུས་རྣམས་རེ་རེ་བཞིན་བགྲངས་པ་དང་། ཀློ་པས་ཡི་གེ་མི་ཤེས་སྟབས་དོན་ཚན་རེར་ཤིང་ཐུར་རེ་བཞག་སྟེ་ཀློ་བརྫོངས་མི་སྐལ་ཇི་ལྟར་དགོས་ཚུལ་སོགས་བཤད། དེ་ནས་ཉིན་གཅིག་ཤིང་གདུང་མ་གསུམ་ཨོམ་རྒྱབ་པའི་སྟེང་ཕྱག་རྡོར་གྱི་སྐུ་ཞིག་བཞག་དེ་ནི་སྔོན་ཇུན་གར་བས་དགོན་པ་མེར་སྲེགས་སྐབས་ཕྱག་རྡོར་སྐུ་མ་ཚིག་སྟབས་ཀློ་པ་རྣམས་ཀྱིས་ཕྱག་རྡོར་ལ་དད་གུས་ཞུ་གི་ཡོད་པས་ཡིན། དེའི་ཟུར་དུ་[page 108] གཡག་གཅིག་བཏགས་ཡོད་པས་ཀློ་པ་མི་རེས་གྲི་རེ་ཁྱེར་ཡོང་སྟེ་གཡག་གསོན་པོའི་ལུས་སྟེང་ནས་ཤ་དྲེག་སྟེ་ཁྱེར་འགྲོ་གི་རེད། དེ་ནས་ཀློ་པ་རེ་རེ་བཞིན་ཤིང་ཨོམ་བརྒྱབ་པའི་འོག་ཏུ་འཛུལ་འཇུག་པ་དང་། གཡག་བསད་པའི་ཁྲག་ངོ་གདོང་ལ་བྱུག་ཐུབ་པ། ཤིང་ཨོམ་བརྒྱབ་པའི་སྟེང་དུ་མི་ཞིག་འཛེགས་ནས་ཡོད་པས་དེས་བལ་ཕྲན་བུ་རེ་ཀློ་པའི་མགོ་ལ་གཡུགས་ཐུབ་པ་བཅས་བྱེད་ཐུབ་ན་ཀློ་པས་མནའ་སྐྱེལ་བ་བཅས་ཡིན་པས་ལོ་དེར་ཀློ་པས་གནས་སྐོར་བ་ལ་གནོད་པ་མི་བྱེད། འོན་ཀྱང་ཀློ་བརྫོངས་འདོད་བློ་ཁེངས་པ་ཞིག་མ་བྱུང་ཕྱིན་ཀློ་པས་མནའ་མི་སྐྱེལ་བར་བྲོས་འགྲོ་གི་རེད། མཐའ་འཁོར་དུ་བོད་དམག་དང་གནས་སྐོར་བས་བསྐོར་ནས་ཡོད་ཀྱང་བཀག་མི་ཐུབ། ཙ་རི་རོང་སྐོར་ལ་མི་ཁྲི་ལ་ཉེ་བ་འཛོམ་གྱི་ཡོད། དེ་དག་ཡུལ་ལུང་སོ་སོ་ཤོ་དང་གཉིས་བྱས་ནས་འགྲོ་དགོས། ཤོའི་བར་བར་དུ་དམག་མི་རེས་མེ་མདའ་གནམ་མདའ་རྒྱག་བཞིན་འགྲོ་དགོས་པ་ནི་ཀློ་པ་རྣམས་མེ་མདར་སྐྲག་པས་ཡིན། དམག་མི་ཙམ་མ་ཟད་གནས་སྐོར་བའི་ནང་དུའང་མེ་མདའ་ཡོད་པ་མང་པོ་ཡོད། ཤོའི་བར་མཚམས་གཏན་ནས་མི་ཆད་པ་བྱེད་དགོས། ཞག་ཚུགས་གཡང་གཟར་ཅན་གང་འདྲ་ཞིག་ཏུ་ཁེལ་ཀྱང་དེ་གར་སྡོད་རྐྱང་བྱེད་དགོས་མཚན་མོ་རྦབ་རིལ་མི་འགྲོ་བའི་ཆེད་འཁུར་པོ་དང་མི་སྨྱུག་མ་སོགས་ལ་བཏགས་དགོས། འོན་ཀྱང་ཤིང་ནགས་ཤིན་ཏུ་སྟུག་པས་ཀློ་པ་ནི་གར་ཡོང་ཆ་མི་རྟོགས་པར་སྦ་ཟམ་གཅོད་པའམ། རྦབ་རྡོ་གྲིལ་བ། དུ་མདའ་རྒྱག་པ་སོགས་ཀྱི་གནོད་སྐྱེལ་གྱི་ཡོད། སྤྱི་ལོ་༡༩༢༠ལོའི་སྤྲེལ་ལོར་ཀློ་བརྫོངས་ཡག་པོ་མ་བྱུང་སྟབས་མི་ཧ་ཅང་མང་པོ་ཤི་ཆད་བྱུང་བ་རེད་ཟེར། ནད་ཀྱིས་མནར་བ་དང་། ཚེ་རྫོགས་ནས་ཤི་བ་ཕུད། ད་དུང་ལྟོགས་ཤི་ཐེབས་པ་དང་། ལྐོག་མདས་བསད་པ། རྦབ་རྡོས་བསད་པ། སྦ་ཟམ་ཆད་དེ་གཡང་ལ་ལྷུང་བ་སོགས་ཧ་ཅང་མང་པོ་བྱུང་ཡོད། འོན་ཀྱང་ཙ་རི་རོང་སྐོར་ལ་འགྲོ་ཐུབ་ན་སླར་ཡང་མི་ལུས་ཤིག་ཐོབ་ཀྱི་ཡོད་ཅེས་གནས་ནང་ཤི་བ་ལ་འགྱོད་པ་བྱེད་ཀྱི་མེད།

[page 109]
བྲ་འོར་དགོན།

མཚན་རྒྱས་པར་“དཔལ་ལྡན་བྲ་འོར་ཆོས་ཀྱི་སྡེ་ཆེན་པོ་”ཞེས་ཞུ། ཡང་དགེ་ཤེས་པོ་ཏོ་བའི་ཐུགས་སྲས་སྨྱོས་སྟོན་ཆོས་འབར་གྱིས་གཙུག་ལག་ཁང་བཏབ་མཐར་ལྕགས་རིས་བསྐོར་བས་“གྲྭ་སྐོར་”ཞེས་བཏགས། གཉལ་སྡེ་དྲུག་གི་གཙོ་དགོན་ཡིན། མཁར་སྟེང་དགོན་ནས་ལྷུན་རྩེ་རྫོང་ཕྱོགས་སུ་འཁོར་ལམ་དེད་སྤྱི་ལེ་ཉི་ཤུ་ཙམ་བསྐྱོད་ན་ལམ་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དེའང་ཐོག་མར་གཉལ་གཞུང་དེ་ཆུས་འཇིགས་ནས་གཉལ་ཆུ་ལུང་དཀར་པོ་ཞེས་བརྗོད་པ་ལ། སྐབས་དེར་རྒྱ་གར་ནས་གྲུབ་ཆེན་ལ་བ་པ་ཞེས་པ་བླ་གོང་ལ་རྩེར་ཕེབས་ནས་ཉེ་གནས་ལ་ཆུ་ཇི་ཙམ་ཆག་ཡོད་མེད་བལྟ་བར་བཏང་གནང་བས། ཉེ་གནས་ཀྱིས་ཡུལ་དེར་ཆུ་ཤིན་ཏུ་ཆེ་བས་ཕེབས་མི་ཐུབ་ཅེས་ཞུས། ཡང་ཐེངས་གཉིས་པ་བཏང་གནང་བས་ད་ཆུ་ཅུང་ཟད་ཆག་སྟེ་ཐང་རྒྱལ་མཚན་འདྲ་བ་ཞིག་དང་། གད་པ་གླང་ཆེན་འདྲ་བ་སྒྲུབ་ཕུག་བཅས་མངོན་གྱི་འདུག་ཅེས་ཞུས་པར། ད་ངེད་གཉིས་ཆུ་ཕ་རིར་འགྲོ་དགོས་ཞེས་གསུངས་ནས་ཁྱི་པགས་ཀྱི་བཞུགས་གདན་དེ་ཀོ་གྲུའི་ཚུལ་མཛད་ནས་ཁོང་བླ་སློབ་གཉིས་གནས་དེར་ཕེབས། གནས་དེ་ནི་བདེ་མཆོག་གི་གནས་ཁྱད་པར་ཅན་ཡིན་གསུངས། དེ་ལྟར་ལ་བ་ཕུག་ཏུ་ཡུན་རིང་བཞུགས་རྗེས་ཙ་རི་ལ་བ་ཕུག་ཏུ་གསང་ལམ་བརྒྱུད་ཕེབས་ནས་མཐར་ཙ་རི་ལ་བ་ཕུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམས་ཞེས་ཟེར། དེ་རྗེས་གཉོན་སྟོན་ཆོས་འབར་དང་། དེ་རྗེས་ཀུན་མཁྱེན་མཚོ་སྣ་བ་སོགས་བྱོན་ནས་ཆོས་འཁོར་རྒྱ་ཆེར་སྤེལ་གནང་བ་དང་། མཚོ་སྣ་བའི་གདན་ས་ལྟ་བུར་གྱུར། མཚོ་སྣ་བ་སྐུ་གཞོན་ནུའི་མཛད་རྣམ་དེབ་འདིའི་མཚོ་སྣ་དགོན་པ་རྩེའི་གནས་བཤད་དུའང་གསལ། བྲ་འོར་འདུ་ཁང་ཀ་བ་བརྒྱད་ཙམ་དང་དེའི་ནང་རྟེན་དང་བརྟེན་པ་བཅས་བཞེངས་གནང་མཛད། ཡུལ་དེའི་འོན་གླེན་ལྐུག་སོགས་སྐྱེ་བོ་མང་པོ་སྡུག་བསྔལ་ལས་སྒྲོལ་བར་མཛད། ད་ལྟ་འདུ་ཁང་རྙིང་པའི་སྒོ་ཕྱོར་དུའང་“འཁོར་ལོ་བདེ་མཆོག་རྣམ་སྤྲུལ་ལྭ་བ་པ།[page 110] དེ་དག་རྣམ་སྤྲུལ་གཉོན་སྟོན་ཆོས་འབར་དང་། སླར་ཡང་རྣམ་སྤྲུལ་ཀུན་མཁྱེན་མཚོ་སྣ་བ། མཚུངས་མེད་སྐྱབས་གནས་གསུམ་ལ་གསོལ་བ་འདེབས་”ཞེས་སོགས་གསལ་བ་བཞིན་ཀུན་མཁྱེན་མཚོ་སྣ་པ་ནི་གསན་ས་དེར་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་བརྒྱ་ལྷག་བར་འཕེལ། སྔོན་དགོན་དེར་འདུ་ཁང་ཀ་བ་སོ་དྲུག་ནང་རྟེན་གཙོ་ཀུན་མཁྱེན་ཆོས་སྐྱབས་བཟང་པོའི་ཕྱག་བཟོ་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེག་གཅིག་ལྷག་དང་། ལྭ་བ་པའི་ཐུགས་དམ་གྱི་རྟེན་ཛྷེེ་ཀྵིམ་གྱི་ཇོ་བོ་པད་མ་འོད་འབར་ཞུ་བ་ཞིག་སོགས་རྟེན་གཙོ་མང་པོ་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྔོན་གྱི་དུས་གསུམ་སངས་རྒྱས་ལ་ཉམས་གསོ་ཞུས་པ་དང་། གསར་བཞེངས་མཚན་ཞབས་བསྟན་པའི་སྒྲོན་མེའི་འདྲ་སྐུ་དང་། གུ་རུ་སྣང་སྲིད་ཟིལ་གནོན་གཞན་ཡང་ལྡེབས་རིས་རྙིང་མ་ངོ་མཚར་ཅན་མང་པོ་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་མི་རིང་བའི་ས་ན་དགོན་དེའི་དགོན་ལག་ཨོ་རྒྱན་གླིང་ཞེས་པའི་རི་ཁྲོད་ཅིག་ཀྱང་མཇལ་རྒྱུ་ཡོད།

རྟིའུ་ར་དགོན།

མཚན་རྒྱས་པར་“བསམ་གླིང་རྟིའུ་ར་དགོན་”ཞེས་ཞུ། རྟིའུ་ར་ཞེས་པ་ནི་པོ་ཏོ་བའི་སློབ་མ་སྐོར་འདུལ་བ་ཆེན་པོ་རང་གཞིས་ཆགས་སའི་རྟ་རྭ་དང་ཉེ་བར་ཆོས་སྡེ་བཏབ་པས་རྟིའུ་ར་ཞེས་པ་དེ་ལྟར་བྱུང་གསུང་། གཉལ་སྡེ་དྲུག་གི་ཡ་གྱལ་ཡིན། བྲ་འོར་དགོན་ནས་ལྷུན་རྩེའི་ཕྱོགས་སུ་སྤྱི་ལེ་བཞི་ཙམ་སོང་ན་དགོན་དེ་མཇལ་ཐུབ། དགོན་དེ་ནི་ཐོག་མར་ད་ལྟའི་དགོན་དེའི་ཉེ་འདབས་སུ་རྟིའུ་ར་ཞེས་བཀའ་བརྒྱུད་པའི་དགོན་ཞིག་ཡོད་པ་ཇུན་གར་བས་མེར་སྲེག་གཏོང་སྐབས་རྟེན་གཙོ་བཟོ་རྒྱལ་བྷི་ཀར་གྱིས་བཞེངས་པའི་ཛྷེེ་ཀྵིམ་གྱི་ཇོ་བོ་བྱང་ཆུབ་སེམས་དཔའ་ཞེས་པ་ཞིག་ཡོད་པ་དེ་མེས་མ་འཚིགས་པར་ཡོད་པ་ལ་སྐུ་གཉེར་གྱིས་དེའི་རྒྱབ་ཏུ་ཡིབ་ནས་བསྡད། དེ་ནས་[page 111] ད་དགོན་པ་ནི་མེར་བསྲེགས་སོང་བས་འདིར་བསྡད་ཀྱང་དགོས་པ་མི་འདུག་སྙམ་ནས་འགྲོ་བར་བརྩམས་པ་ན་ཇོ་བོས་“ཁྱོད་སོང་ན་ང་ཁྱེར་དགོས་”ཞེས་གསུང་འབྱོན་པར་སྐུ་གཉེར་གྱིས་“ངས་གདན་འདྲེན་ཐུབ་པ་མི་འདུག་”ཅེས་ཞུས་པས། ཡང་ཇོ་བོས་“དེ་ལྟར་ན་ངའི་སྐུ་སྟོད་ཁྱེར་དགོས་”ཞེས་གསུངས་པ་ཇི་བཞིན་སྐུ་གཉེར་གྱིས་སྐུ་སྨད་གསེར་ཟངས་ཡིན་པ་དེ་བཞག་སྐུ་སྟོད་ཛྷེེ་ཀྵིམ་ལས་གྲུབ་པ་གདན་དྲངས་ནས་ཉང་དཀར་ཐང་དུ་བབས་གཅིན་ལུང་ཞེས་པར་བྱོན། བབས་གཅིན་ལུང་ཞེས་མིང་དེ་ལྟར་ཐོགས་དོན་ཡང་ཇོ་བོས་“ངས་འདིར་བབས། ཁྱེད་གཅིན་པ་ཐོངས། ཁང་རལ་འདིར་བབས་གཅིན་ལུང་གྱིས་”ཞེས་གསུངས། དེ་ནས་སྐུ་གཉེར་གྱིས་ད་ངེད་རྣམ་གཉིས་གང་དུ་ཕེབས་པ་ལེགས་སམ་ཞེས་ཞུས་པར། ད་ངེད་གཉིས་ཤར་ངོས་སུ་མི་མ་ཡིན་གྱིས་བརྩིགས་པའི་མཁར་བཞི་ཡོད་པ་དེར་འགྲོ་གསུངས་ནས་ད་ལྟའི་དགོན་དེ་ཆགས་ཡུལ་དུ་བཞུགས། དེ་རྗེས་དགེ་བཤེས་པོ་ཏོ་བའི་སློབ་མ་ཕྱག་ལོ་ཙཱ་བ་ཡུལ་དེའི་ཕུར་སྒྲུབ་པ་བཀྱོན་ནས་བཞུགས་སྐབས་གནས་དེར་དགོན་པ་ཞིག་ཕྱག་འདེབས་རྒྱུའི་ཐུགས་འཁྲུངས་ཏེ་འགོ་བརྩམ། དེ་ནས་རྗེ་ཙོང་ཁ་པ་ཙ་རི་ནས་ཡར་ཕེབས་སྐབས་ཕྱག་ལོ་ཙཱ་བས་དགོན་དེའི་རྨང་བཏིང་བསྒྲུབ་ཡོད་པས་རྗེ་ཙོང་ཁ་པས་“ངས་བསམ་པ་དེ་ཁྱེད་ཀྱིས་གླེང་བ་མཉམ་འདུག་”ཅེས་གསུངས་པས་“བསམ་གླིང་རྟིའུ་ར་”ཞེས་པའི་མཚན་དེ་ལྟར་བྱུང་གསུངས། དེ་ནས་དགོན་དེ་འགྲུབ་རྗེས་མཛད་པ་རྒྱ་ཆེར་བསྐྱངས། སྐུ་ཕྲེང་བཅུ་གཉིས་བར་ཕེབས། སྐུ་ཕྲེང་དང་པོ་ཕྱག་ལོ་ཙཱ་བ་སྒྲུབ་པ་བསྐྱོན་ནས་བཞུགས་སྐབས་སྡེ་བརྒྱད་ཀརྨ་ཉི་ཟླས་བཀའ་སྲུང་ཞུ་རྒྱུར་ཁས་བླངས། གནས་དེར་ཐོག་མར་སྐྱེ་ཤིང་གང་ཡང་མེད་པ་ལ་ཉིན་གཅིག་ཕྱག་ལོ་ཙཱ་བས་དབུ་སྐྲ་སིལ་ཏེ་ཉེ་གནས་ལ་ཁྱེད་ཀྱིས་ངའི་སྐྲ་འདི་རྒྱ་གང་ཆེ་ཆེའི་སར་“ཤིང་སྣ་སྣ་ཚོགས་སྐྱེས་ཤིག་”ཅེས་ཤིང་སོ་སོའི་མིང་ནས་བོས་ཏེ་གཏོར་ཞིག་ཅེས་གསུངས་པར། ཉེ་གནས་ཀྱིས་ཙན་དན་གྱི་མིང་འབོད་རྒྱུ་མ་བྱུང་སྟབས་ཤིང་གཞན་དག་ཡོད་ཀྱང་ཙན་དན་[page 112] མེད། འོན་ཀྱང་ཡུལ་དེའི་ཁུལ་དུ་གཏན་ནས་མེད་པ་ལ་དགོན་དེའི་མཐའ་འཁོར་དུ་ཤིང་སྣ་སྣ་ཚོགས་ཡོད་པ་ཤིན་ཏུ་ངོ་མཚར་ཆེན་པོ་ཡོད། སྔོན་དགོན་དེར་དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཙམ་དང་། འདུ་ཁང་ཀ་བ་སོ་དྲུག་ནང་རྟེན་གཙོ་བྱང་ཆུབ་སེམས་དཔའ་དང་། སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེག་གཉིས་ལྡན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞུགས་སུ་གསོལ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྨན་འདམ་གི་དུས་གསུམ་སངས་རྒྱས་སྐུ་ཚད་ཐོག་བརྩེག་གཅིག་ལྷག་གསར་བཞེངས་དང་། སྔོན་གྱི་ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད།

ཟངས་ཆེན་དགོན།

མཚན་རྒྱས་པར་“ཚུལ་ཁྲིམས་རྣམ་དག་ཟངས་ཆེན་དགོན་”ཞེས་ཞུ། གཉལ་སྡེ་དྲུག་གི་ཡ་གྱལ་ཞིག་ཡིན། ད་ལྟའི་ལྷུན་རྩེ་རྫོང་གནས་ཡུལ་ཞིང་པ་ཤང་ཞེས་པ་ནས་ཤར་ངོས་སུ་སྤྱི་ལེ་བཅུ་ཙམ་འཁོར་ལམ་བརྒྱུད་སོང་ན་གཉལ་སྨད་གྲོང་གི་རི་ཁུག་ཏུ་དགོན་དེ་མཇལ་རྒྱུ་ཡོད། “མཉལ་”ཞེས་པ་ནི་ཡུལ་དེའི་དབྱིབས་མཉལ་ཉལ་བའི་དབྱིབས་འདྲ་བས་མཉལ་ཞེས་པའི་མིང་དེ་ལྟར་བྱུང་ཟེར། དགོན་དེ་ནི་ཐོག་མར་སྟོད་ལས་མཆེད་པ་ཆོས་རྒྱལ་འོད་སྲུང་གི་རྒྱུད་པ་ཆོས་རྒྱལ་བྱ་བའི་སྲས་སྙིང་ཐིག་ཇོ་སྲས་ཞེས་པས་ཕྱག་བཏབ་གནང་མཛད་པའི་སྙིང་ཐིག་གི་ཇོ་དགོན་ཞིག་ཡོད་པ་ལ་རྗེས་སུ་དགེ་བཤེས་པོ་ཏོ་བའི་ཐུག་སྲས་དགེ་བའི་བཤེས་གཉེན་བསོད་ནམས་འབྱུང་གནས་ཀྱི་གདན་ས་མཛད། དགེ་འདུན་ཞལ་གྲངས་སྟོང་ཁ་ལོན་ཏེ་ཆོས་འཕེལ་གླིང་དང་། སྟག་ཚང་གླིང་། དཔལ་འབྱོར་གླིང་། རིན་ཆེན་གླིང་བཅས་ཆོས་སྡེ་བཞི་ཙམ་ཡོད། དེ་རྗེས་གཉལ་སྨད་དུ་འཁྲུངས་པ་རྣམ་དག་ཟངས་ཆེན་ཞུ་བས་དགེ་བཤེས་བསོད་ནམས་འབྱུང་གནས་ཀྱི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ། བླ་མ་དེས་དགོན་དེའི་གཤམ་གྱི་ཟངས་ཆེན་ལུང་ཞེས་པ་ནས་ཟངས་ཆེན་པོ་ལུང་[page 113] བརྒྱད་བྱས་པ་ཞིག་གཏེར་ལས་བཞེས་སྟབས་ཟངས་ཆེན་དགོན་ཞེས་པ་དེ་ནས་བྱུང་། ཡང་ལ་ལས་སྦྱིན་བདག་ཞིག་གིས་ཟངས་ཆེན་ཨ་ལུང་བརྒྱད་ལྡན་ཞིག་བླ་མར་ཕུལ་ཞེས་ཀྱང་གསུང་སྲོལ་ཡོད། རྣམ་དག་ཟངས་ཆེན་ནི་སྤྱི་ལོ་༡༩༦༣ལོར་ཞིང་གཤེགས་བླ་མ་བློ་བཟང་བསྟན་འཛིན་བར་སྐུ་ཐོག་བཅུ་བདུན་ཙམ་བྱུང་། སྔོན་དགོན་དེར་འདུ་ཁང་ཀ་བ་སུམ་ཅུ་ཐམ་པའི་ནང་སྨན་འདམ་གྱི་རྒྱལ་བ་བྱམས་པ་ཐོག་བརྩེག་གཉིས་ལྡན་དང་། བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་ཐུབ་པ་གསེར་སྐུ་ཞེས་པ་སོགས་བཞུགས་སུ་གསོལ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་གསེར་ཟངས་ཀྱི་བྱམས་པ་ཛྷེེ་ཀྵིམ་གྱི་དབུ་ཅན་ཐོག་བརྩེག་གཉིས་ལྡན་མ་དང་། དགོན་དེར་མེ་སྐྱོན་བྱུང་སྐབས་མ་ཚིག་པའི་ཐུགས་དམ་གསེར་སྐུ། གཞན་ཡང་སྨན་འདམ་གྱི་ཟངས་ཆེན་པོའི་སྐུ་བརྙན་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་མུ་མཐུད་ཤར་ངོས་སུ་སྤྱི་ལེ་བཞི་ཙམ་འཁོར་ལམ་བརྒྱུད་ཕྱིན་ན་བོད་རྒྱལ་ཕྲན་སིལ་མའི་དུས་སྐབས་ཀྱི་ཆོས་རྒྱལ་བྱ་ཁྲིའི་ཕོ་བྲང་“ཕོ་བྲང་ཡང་རྩེའི”རྗེས་ཤུལ་དང་། ད་ལྟ་གསར་བཞེངས་ལྷ་ཁང་དཀར་པོ་ཞེས་ཁྱབ་འཇུག་གི་གནས་ཤིག་ཀྱང་མཇལ་རྒྱུ་ཡོད།

ཡང་དེ་ནས་མུ་མཐུད་སོང་ན་ཟངས་ཆེན་གྱི་དགོན་ལག་བྱ་བ་བཀྲ་ཤིས་དར་རྒྱས་ཀྱིས་ཞལ་ཏ་མ་པད་མ་ཟེར་བ་བཀོད་པ་བྱེད་བཅུག་གནང་བའི་བྱ་ཡུལ་པད་མ་བཀོད་ཞེས་པའི་དགོན་ཤུལ་མཇལ།

ཡང་དེ་ནས་ནུབ་ཏུ་སྤྱི་ལེ་ལྔ་ཙམ་ཕྱིན་ན་གཉལ་སྡེ་དྲུག་གི་ཡ་གྱལ་བཀའ་གདམས་པའི་དགེ་བཤེས་སྣེའུ་ཟུར་པའི་བུ་སློབ་བྱང་སེམས་ཐུགས་རྗེ་རྒྱལ་མཚན་གྱིས་བཏབ་གནང་བའི་གསེར་བྱེ་དགོན་ཞེས་པ་ལམ་སྟེང་དུ་མཇལ་རྒྱུ་ཡོད།

དྲེའུ་ལྷས་དགོན།

མཚན་རྒྱས་པར“ཐེག་མཆོག་ཀུན་སྒྲོལ་གླིང་”[page 114] ཞེས་ཞུ། འབྲུག་པ་སྡེ་དྲུག་གི་ཡ་གྱལ་ཡིན། ད་ལྟའི་ལྷུན་རྩེ་རྫོང་ནས་སྤྱི་ལེ་བཅུ་ཙམ་འཁོར་ལམ་བརྒྱུད་ལྷོ་ནུབ་ངོས་སུ་ཕྱིན་ན་སྔོན་ཆོས་རྒྱལ་བྱ་བའི་སྲས་དབུས་རྒྱལ་གྱི་ཕོ་བྲང་སྟེ་ལྷུན་རྩེ་རྫོང་ཆགས་ཡུལ་རི་འབུར་དང་ཉེ་བར་དྲེའུ་ལྷས་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད།

དགོན་དེ་ནི་ཐོག་མར་ད་ལྟའི་དགོན་དེའི་གནས་ཡུལ་གྱི་ལྷོ་ནུབ་མཚམས་ཀྱི་རི་འབུར་ཞིག་ཡོད་པ་དེར་གྲུབ་དབང་ངག་དབང་ནོར་བུས་ཕྱག་བཏབ་གནང་བའི་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་རྡོ་རྗེ་གདན་ཞེས་པ་ཞིག་ཡོད་པ་ལ་དེ་རྗེས་གྲུབ་དབང་བསྟན་འཛིན་བཟང་པོས་ལྷ་མོ་དུས་སོལ་མའི་རྟེན་དྲེའུ་ཞིག་ལ་བཀལ་ནས། དྲེའུ་དེ་གང་དུ་ཉལ་ཡང་དེར་ངའི་དགོན་པ་བཏབ་ཀྱི་ཡིན་གསུངས་པར། ཐོག་མར་ད་ལྟའི་དགོན་དེ་ཆགས་ཡུལ་དུ་བཀའ་གདམས་པའི་དགོན་ཞིག་ཡོད་པ་ལ་གྲོ་བ་ལུང་པ་བློ་གྲོས་འབྱུང་གནས་ཞུ་བས་བློ་ལྡན་ཤེས་རབ་ཀྱི་སྐུ་དམར་གདུང་བཞུགས་པའི་མཆོད་རྟེན་ལ་ཉམས་གསོའང་གནང་སྐད། དེ་རྗེས་བཀའ་གདམས་པའི་དགོན་དེ་རིམ་བཞིན་ཉམས་ཏེ་ལྷས་ར་ཞིག་ཏུ་གྱུར་ནས་ཡོད་པ་ལ། གྲུབ་དབང་བསྟན་འཛིན་བཟང་པོ་གནས་དེར་ཕེབས་པ་དང་། དྲེའུ་དེའང་ལྷས་རའི་ནང་དུ་ཉལ་བས་ད་ངའི་དགོན་པ་གནས་འདིར་འདེབས་ཀྱི་ཡིན་གསུངས་པ། དགོན་པའི་མཚན་ལ་དྲེའུ་ལྷས་ཅེས་པའང་དེ་ལྟར་བྱུང་། གྲུབ་དབང་བསྟན་འཛིན་བཟང་པོའི་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་བརྒྱ་དང་བཅོ་ལྔ་ཙམ་བར་འཕེལ་བས་སྟོད་ལ་དྭགས་རྒྱལ་པོའི་དབུ་བླའང་གནང་སྟབས་རྒྱལ་པོས་གསེར་མང་པོ་ཕུལ་བས་དགོན་དེའི་སྐུ་འདྲའི་ཞལ་གསེར་དང་། ལྡེབས་རིས་སོགས་ལ་གསེར་མང་པོ་ཕུལ་བ་དེ་ནས་བྱུང་གསུངས། སྔོན་དགོན་དེའི་རྟེན་གཙོ་སྨན་འདམ་གྱི་སངས་རྒྱས་སྣང་བ་མཐའ་ཡས་དང་། གཡས་སུ་བྱམས་པ། གཡོན་དུ་རྣམ་སྣང་། དེ་འབྲེལ་ཉེ་སྲས་བརྒྱད་དང་བཅས་པ་ཐོག་སོ་གཉིས་ལྡན་ཅན་ཉམས་གསོ་ཞུས་པ་དང་། ད་ལྟ་གསར་བཞེངས་སྨན་འདམ་གྱི་དུས་གསུམ་སངས་རྒྱས་[page 115] དང་། གུ་རུའི་སྐུ། ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད།

རི་ཐང་དགོན།

མཚན་རྒྱས་པར་“རྒྱ་མཚོ་རིན་ཆེན་སྟེང་”ཞེས་ཞུ། དྲེའུ་ལྷས་དགོན་ནས་ལྷོ་བརྒྱུད་སྤྱི་ལེ་བཅུ་ལྷག་དང་། ད་ལྟའི་ལྷུན་རྩེ་རྫོང་ནས་འཁོར་ལམ་བརྒྱུད་སྤྱི་ལེ་ཉི་ཤུ་ལྷག་སོང་ན་དགོན་དེར་འབྱོར། གཉལ་སྡེ་དྲུག་གི་ཁོངས་ཡིན། དགོན་དེ་ནི་ཤིན་ཏུ་རྙིང་བ་ཞིག་སྟེ་ཐོག་མར་གནས་དེར་སྤྱི་ལོའི་དུས་རབས་བཅུ་གཉིས་པ་ཙམ་ལ་ཆགས་པའི་བོན་དགོན་ཞིག་ཡོད་པ་ལ་དེ་རྗེས་བཀའ་གདམས་པའི་བླ་མ་རི་བོ་མཁྱེན་བརྩེ་ཞུ་བས་དགོན་ཞིག་ཕྱག་འདེབས་གནང་མཛད། དེ་ནས་རིམ་བཞིན་དགེ་ལྡན་པ་ཕྱག་བཞེས་མཛད། བླ་མ་བློ་བཟང་རི་བོ་མཁྱེན་བརྩེའི་སྐུ་གདུང་བཞུགས་པའི་མཆོད་རྟེན་གྱི་ཕྱིར་སླར་ཡང་མཆོད་རྟེན་ཞིག་དང་འདུ་ཁང་ཀ་བ་སོ་དྲུག་ཅན་སོགས་བཞེངས་གནང་མཛད། དགེ་འདུན་ཞལ་གྲངས་བརྒྱ་ལ་ཉེ་བ་ཡོད། སྔོན་རྟེན་གཙོ་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེག་ཅན་དང་། ཕྱག་སྟོང་སྤྱན་སྟོང་ཐོག་བརྩེག་ལྷག་སོགས་རྟེན་དུ་བཞུགས།

ད་ལྟ་སྔོན་བོན་དགོན་རེད་ཞུ་བའི་ལྷ་ཁང་ཀ་བ་རང་གྲུབ་ཅན་དེ་ཉམས་གསོ་ཞུས་པའི་ནང་གསར་བཞེངས་སྨན་འདམ་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོག་བརྩེག་གཅིག་ལྷག་ཅན་དང་འབྲེལ་བའི་རིགས་གསུམ་མགོན་པོ། ངོ་མཚར་ཆེ་བའི་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད།

མཚོ་སྣ་རྫོང་།

“མཚོ་སྣ་”ཞེས་པ་ནི་སྔོན་གྱི་མཚོ་སྣ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་མཚོ་སྣ་རྫོང་ཞེས་དང་། མཚོ་སྣ་ཞེས་པའི་མིང་དེ་ལྟར་ཐོགས་དོན་ནི་[page 116] རྫོང་དེའི་བྱང་ངོས་སུ་མཚོ་མོ་ནེ་ར་གཡུ་མཚོ་དང་། གཡག་མཚོ། ཉ་པ་མཚོ་སོགས་དང་། ལྷོ་རུ་བྱིའུ་མཚོ། སྐྱེས་ཆེན་མཚོ་སོགས་མཚེའུ་དེ་དག་གི་སྣེ་རུ་ཆགས་པས་མཚོ་སྣ་ཞེས་པའི་མིང་དེ་ལྟར་ཆགས་ཞེས་བརྗོད། ཡང་ཤོད་སྲོལ་གཞན་ཞིག་ལ། ཚོང་དཔོན་ནོར་བུ་བཟང་པོ་ཚོང་ལ་ཕེབས་སྐབས་ཞག་བཞུགས་གནང་ས་འཁེལ་སྟབས་ཚོང་སྣ་འཛོམས་པོ་ཡོད་པས་“ཚོང་སྣ་”ཞེས་པའི་མིང་གི་ཟུར་ཆགས་ཞེས་ཀྱང་ཟེར། རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༣༤༩༧༩དང་། ས་ཞིང་མུའུ་ཁྲི་.༢༧རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༡༢༠ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་༣༦.མི་འབོར་ཁྲི་.ས་བབས་མཐོ་ཤོས་ལ་སྤྱི་ཁྲེ་༧༠༠༠དང་དམའ་ཤོས་ལ་སྤྱི་ཁྲེ་༡༨ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༠༠༠གིས་མཐོ་བའི་ས་བབས་བཅས་ཡིན།

དགོན་པ་རྩེ།

མཚན་རྒྱས་པར་“མཚོ་སྣ་དགོན་པ་རྩེ་དགའ་ལྡན་རབ་རྒྱས་གླིང་”ཞེས་ཞུ། ལྷུན་རྩེ་རི་ཐང་དགོན་ནས་ཤང་སྐྱ་ལ་དང་། དེ་ནས་མཚོ་མོ་ན་ར་གཡུ་མཚོ། དེ་ནས་ཁམ་བུ་གངས་རི། དེ་ནས་གཡག་མཚོ་དང་། གཡག་མཚོ་ལ་དེ་ནས་ཉ་པ་མཚོ་བཅས་བརྒྱུད་སྤྱི་ལེ་བརྒྱད་བཅུ་ཙམ་འཁོར་ལམ་བརྒྱུད་སོང་ན་ད་ལྟའི་མཚོ་སྣ་རྫོང་གནས་ཡུལ་དུ་འབྱོར། དེ་ནས་བྱང་ཤར་ངོས་སུ་སྤྱི་ལེ་གཉིས་ཙམ་སོང་ན་དགོན་ཁྲོད་ཞོལ་གྱི་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་མངའ་བདག་ཉང་རལ་དཔལ་བཟང་པོ་བྲག་ཏུ་ཡུན་རིང་སྒྲུབ་པ་བསྐྱོན་ནས་དགོན་དེའི་ཤར་ངོས་“བླ་མ་ཆུ་རྐ་”ཞེས་པའི་ཆུ་དེའང་གཏེར་ལས་བཞེས། དེ་རྗེས་ཀུན་མཁྱེན་མཚོ་སྣ་པས་བཀའ་གདམས་པ་ཕྱག་བཞེས་མཛད་པ་ནས་རིམ་བཞིན་དགེ་ལྡན་པར་གྱུར། དེའང་ཀུན་མཁྱེན་མཚོ་སྣ་པ་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་འགོར་མཚོ་སྣ་མཚོ་ལུང་ཞེས་བྱ་དུད་ཁྱིམ་དབུལ་པོ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། ཅུང་སྐུ་ན་སོན་སྐབས་མཚོ་སྣ་ཐང་གྲོང་ལྡིང་དཔོན་གྱི་བ་རྫིར་བཞུགས། སྐབས་དེ་དུས་ནས་རྡོ་དཀར་[page 117] གོང་འདམ་པ་ལྟར་བརྫིས་ནས་སྒམ་ཆུང་དང་རླུང་ཐབ་བཟོས་གནང་བ་དང་། ཞོགས་པ་བ་ཕྱུག་ས་རྩྭ་ཁར་གློད་དུས་རྒྱུགས་ཐུང་མང་པོ་ས་ལ་བཀྲམ་ནས་“རྩྭ་ཁར་རྒྱུགས་”གསུང་སྐབས་ཚང་མ་རྩྭ་བཟའ་བར་འགྲོ་བ་དང་། དགོང་མོ་ཤིང་ཐུར་དེ་དག་ཡར་བསྒྲུགས་གནང་ནས་“ཚུར་ཤོག་”ཅེས་གསུང་སྐབས་བ་ཕྱུགས་རྣམས་རང་བཞིན་དུ་ཚུར་ལོག་འོང་བ། ན་བཟའ་རྩབ་ཧྲལ་ཡིན་སྟབས་ཕྲུ་གུ་ཚོས་“རྒྱལ་མཚན་”ཞེས་འབོད་དེ་མ་སྒྲིག་རྟེན་འབྲེལ་དེ་ལྟར་འགྲིག་ཐུགས་རྒྱུད་ཤིན་ཏུ་བཟང་བས་ཕྲུ་གུ་ཚོས་ཁོང་དང་མཉམ་དུ་ཕྱུགས་འཚོ་བ་ལ་དགའ་སྣང་བྱེད། བ་གླང་གི་ཤ་ཤེད་ཤིན་ཏུ་རྒྱས་པ་བྱུང་སྟབས་ལྡིང་དཔོན་གྱིས་གཙིགས་ཆེར་འཛིན། དེ་ནས་སྐུ་ན་རིམ་བཞིན་སོན་པའི་ཉིན་ཞིག་ལ་ལྡིང་དཔོན་གྱིས། ད་ཁྱེད་དེ་མུར་བསྡད་ན་འགྲིག་པ་མིན་འདུག་པས་ངོས་གཉིས་སུ་རེད་ཅིག་གིས་ཆོས་བྱེད་དུ་འགྲོ། གཅིག་གིས་ཁྱིམ་སྐྱོང་བཞིན་ཆོས་རྒྱགས་སྐྱེལ། ངའི་བསམ་པར་ང་རྒན་ཆོས་བྱེད་པ་ལས་ཁྱོད་ལོ་ཆུང་བ་དང་། ཆོས་སྒོར་ཞུགས་འདོད་ཀྱང་ཆེ་བས་ཁྱོད་གཉལ་བྲ་འོར་དུ་ཆོས་བྱེད་པར་སོང་། ཆོས་རྒྱགས་ངས་བསྐུར་གསུངས་པས་མཚོ་སྣ་པ་ཐུགས་ཤིན་ཏུ་སྤྲོ་སྟེ་མཁན་པོ་ཟངས་ཆེན་པ་ལས་རབ་བྱུང་གི་སྡོམ་པ་བཞེས། ཡི་གེ་འབྲི་ཀློག་ནས་འགོ་བརྩམ་སྟེ་གསན་བསམ་རྩེ་གཅིག་ཏུ་མཛད་པས་སྐུ་ཡོན་ཤིན་ཏུ་འཕེལ་ཏེ་དགུང་ལོ་ཉེར་གཅིག་ནས་དབུ་བརྩམས་ཏེ་《འདུལ་བ་མདོ་རྩ་བའི་འགྲེལ་པ་ལེགས་བཤད་ཉི་མའི་འོད་ཟེར་》སྟོད་ཆ་དང་སྨད་ཆ་གཉིས་བརྩམས་གནང་བས་དང་པོ་མཁའ་འགྲོས་གདན་དྲངས་ཟེར། གཉིས་པ་བརྩམས་གནང་བ་གཉལ་བྲ་འོར་དུ་རླུང་གིས་ཁྱེར་ཏེ་དེར་ཐིམ་པའི་གཟིགས་སྣང་བྱུང་སྟབས་སླར་ཡང་བྲ་འོར་དུ་འཇམ་དཔལ་མཚན་བརྗོད་གསུང་བཞིན་ཕེབས་པས་རྒྱལ་སྒོ་ནུབ་ཀྱི་ཐེམ་པའི་སྟེང་ཞབས་བཅག་པ་དང་དུས་མཚུངས་“ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་”ཞེས་པའི་ཚིགས་མཚམས་སུ་སླེབས། དེ་ནས་མི་དཀར་པོ་ཞིག་གིས་“ཁྱེད་འདིར་ཕེབས་པ་རྟེན་འབྲེལ་གྱི་སྒོ་བཟང་པོ་ཞིག་འགྲིག་སྟེ་བསྟན་པ་དང་འགྲོ་བའི་དོན་[page 118] དུ་འདིར་བཞུགས་པར་མཛོད་ཅིག་”ཅེས་ཞུས་ཏེ་ཡལ། དེ་ནས་གྷན་དེ་བརྡུང་སྟེ་གསོ་སྦྱོང་ཚུགས་པ་དང་དུས་མཉམ་པ་བཅས་ཀྱི་རྟེན་འབྲེལ་བཟང་པོ་འགྲིག་མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་གནང་མཛད། རྗེ་ཙོང་ཁ་པའི་རྣམ་སྤྲུལ་ཡིན་ཞེས་ཞུ་ལ་རྗེ་ཙོང་ཁ་པས་“འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་འབྲོག་པ་”ཞེས་འདུལ་བའི་སྐོར་འདི་ལྷག་བརྩམ་དགོས་མིན་འདུག་ཅེས་གསུངས་པར་གྲགས། མཐར་དགོངས་པ་གཞན་དོན་དུ་ཕེབས་སའང་བྲ་འོར་དགོན་དུ་ཡིན་ཞེས་གསུངས། སྔོན་དགོན་པ་རྩེར་ཡང་འདུ་ཁང་ཀ་བ་བཅུ་དྲུག་ཅན་ནང་རྒྱལ་བ་བྱམས་པ་ཐོག་བརྩེག་ཉིས་ལྡན་ལ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས།

ད་ལྟ་ཀུན་མཁྱེན་མཚོ་སྣ་བའི་སྤྲོ་ཁང་ཉམས་གསོ་ཞུས་པའི་ནང་ཀུན་མཁྱེན་གྱི་བཞུགས་ཁྲི་དང་། དབུ་ཞྭ། སྐུ་བེར་། སྔོན་གྱི་རྒྱལ་བ་བྱམས་པའི་སྐུ་བརྙན་གྱི་ཕྱག་མཛུབ་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་རྐང་ཐང་མར་ཉིན་གཅིག་ཙམ་གྱི་ས་ན་དོམ་ཚང་ཞེས་པའི་རི་ཁྲོད་དང་། ཤའུ་གཙུག་ལག་ཁང་། དཀར་པོ་བཟང་སོགས་དགོན་དེའི་དགོན་ལག་ཁག་དང་། མདོ་མཁར་དུ་མདོ་མཁར་ལྷུན་གྲུབ་ཕོ་བྲང་། ཡང་དེ་ནས་རྐང་ཐང་མར་ཉིན་གཉིས་ཙམ་མོན་ཡུལ་དུ་སོང་ན་རྟ་དབང་དགོན་དང་། སྟག་ཚང་སོགས་གུ་རུའི་དྲག་པོའི་གནས་ཁག་མཇལ་རྒྱུ་ཡོད་ཀྱང་མཐའ་མཚམས་སོང་བས་མཇལ་སྟབས་མི་བདེ།

ཡང་མཚོ་སྣ་ནས་སྤྱི་ལེ་དྲུག་ཅུ་ལྷག་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་སོང་ན་གཉལ་ཇོ་ར་དགོན་དང་། འབྲུག་པ་སྡེ་དྲུག་གི་ཁོངས་བཀྲ་ཤིས་མཐོང་སྨོན། མཁར་ལྟག་དགོན་སོགས་ཀྱང་མཇལ་རྒྱུ་ཡོད།

[page 119]
མཚོ་སྨད་རྫོང་།

“མཚོ་སྨད་”ཅེས་པ་ནི་གྲི་གུ་མཚོའི་སྨད་དུ་ཆགས་སྟབས་རྗེས་སུ་མིང་དེ་ལྟར་ཐོགས་པ་ལས། སྔོན་མིང་“གཏམ་ཤུལ་”ཞེས་ཟེར། གཏམ་ཤུལ་ཞེས་པ་ནི་ཡུལ་ལྷ་གཏམ་ལྷ་སྤུན་དགུ་དང་དེ་དམ་འདོགས་གནང་མཁན་ཤུལ་པོ་དཔལ་སེང་ཡིན་པས་མིང་དེ་ལྟར་བྱུང་ཞེས་དང་། ཡང་གཏམ་ལྷ་སྤུན་དགུའི་ཞོལ་དུ་ཆགས་པས་གཏམ་ཞོལ་ཞེས་ཟེར་བ་ཡིན་སོགས་ཀྱི་གསུང་སྲོལ་ཆགས། རྫོང་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༤༥༢༤དང་། ས་ཞིང་མུའུ་ཁྲི་.རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་༦༣༠ཤིང་ནགས་རྒྱ་ཁྱོན་མུའུ་ཁྲི་.མི་འབོར་ཁྲི་.ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༡༧༠ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།

སྨྲ་བོ་ལྕོག

མཚན་རྒྱས་པར་“གཏམ་ཤུལ་ཨོ་རྒྱན་སྨྲ་བོ་ལྕོག་”ཞེས་ཞུ། རྩེད་ཐང་ནས་འཕྱོངས་རྒྱས་བརྒྱུད་ལུ་གུ་ལ་བརྒྱབ། དེ་ནས་གྲི་གུ་མཚོ་བརྒྱུད་འཁོར་ལམ་སྤྱིར་བཏང་བ་དེད་སྤྱི་ལེ་བརྒྱ་དང་སུམ་ཅུ་སོ་ལྔ་ཙམ་སོང་ན་ད་ལྟའི་མཚོ་སྨད་རྫོང་གནས་ཡུལ་དུ་འབྱོར། ཡང་གཉལ་རི་ཐང་ནས་སྒོ་དུད་བརྒྱུད་མཚོ་སྨད་དུ་འཁོར་ལམ་ཡོད་ཀྱང་ལམ་བདེ་པོ་མེད། ད་ལྟའི་མཚོ་སྨད་རྫོང་གི་རྒྱབ་རིར་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་སོང་ན་དགོན་དེར་སླེབས། དགོན་དེ་ནི་ཆོས་རྒྱལ་ཁྲི་སྲོང་གི་སྐུའི་རྣམ་སྤྲུལ་ཉང་རལ་ཉི་མའི་འོད་ཟེར་ཞུ་བ་དེ་ཡིན། ཉང་ཉི་མའི་འོད་ཟེར་ནི་ལྷོ་བྲག་འཇོང་ས་སེར་དགོན་དུ་སྤྱི་ལོ་༡༡༢༤ལོར་སྐུ་བལྟམས། སྐུ་ཆུང་དུས་ནས་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་ལས་དབང་ལུང་མང་པོ་གསན་ཏེ་གྲུབ་རྟགས་ཀྱང་ཐོན། དེ་ནས་མཁའ་འགྲོས་ལུང་བསྟན་ལྟར་[page 120] གནས་དེར་ཕེབས། ཐོག་མར་ཕ་བོང་ཤོ་འདྲའི་སྟེང་དུ་བཞུགས་སྐབས་མཁའ་འགྲོས་གནས་འདིར་གང་ཡོད་ཅེས་བཀའ་འདྲི་ཞུས་པར། གནས་འདིར་ཤར་དུ་ཀླུ་བདུད་གསུམ་དང་། ལྷོ་རུ་མ་མོ་སྤུན་གསུམ། ནུབ་ཏུ་བཙན་གསུམ། བྱང་དུ་གནོད་སྦྱིན་གསུམ་སོགས་དང་། གནས་རི་འདིའི་མཚན་ལ་སྟོང་དཔོན་དཔལ་རི་ཞུ་ཞེས་གསུངས་པ་དང་། སྐབས་དེར་ཉི་མ་ཤར་བ་དང་དུས་མཚུངས་པས“མ་རིག་མུན་སེལ་ཉི་མ་ཤར་དང་མཇལ། སྐྱེས་བུའི་མཚན་ནི་ཉི་མ་འོད་ཟེར་བཟང་”ཞེས་གསུངས་པས་ཉི་མ་འོད་ཟེར་ཞུ་བའི་མཚན་ཡང་དེ་ནས་བྱུང་། རལ་པ་ཞེས་པ་ནི་སྐུ་ཆུང་དུས་ནས་དབུ་སྐྲ་མདའ་ཚད་ཙམ་ཡོད་སྟབས་རལ་པ་ཞེས་པའི་མཚན་ཐོགས། དེ་ནས་རིམ་བཞིན་མཛད་འཕྲིན་རྒྱས་སྟབས་གདུགས་ཐོབ་པའི་སློབ་མ་སྟོང་ཁ་ལོན་པ་བྱུང་གསུངས། བཀའ་ཐང་ཟངས་གླིང་མ་ཁམས་གསུམ་ཟངས་ཁང་གླིང་ནས་གཏེར་ལས་བཞེས། རྙིང་མའི་གཏེར་སྟོན་བརྒྱ་རྩའི་ནང་ནས་རྗེ་འདི་ཉིད་གཏེར་སྟོན་གོང་མ་དང་། གུ་རུ་ཆོས་དབང་གཏེར་སྟོན་འོག་མ་ཞེས་སུ་གྲགས། སྔོན་དགོན་དེར་གསུང་གི་རྟེན་དུ་ལ་བཀའ་འགྱུར་བསྟན་འགྱུར། ཐུགས་ཀྱི་རྟེན་ལ་མཆོད་རྟེན་བཀྲ་ཤིས་འོད་འབར། ཡོན་ཏན་གྱི་རྟེན་ལ་གསེར་ཐང་བརྒྱ་དང་བརྒྱད། འཕྲིན་ལས་ཀྱི་རྟེན་དུ་རྡོ་དཀར་པོ་འཛུམ་ཤར་དང་། ནག་པོ་འཛུམ་མེད་གཙོ་བོར་གྱུར་པའི་ལྷ་སའི་ཇོ་བོ་རགས་རྒྱག་གི་མཛད་འཕྲིན་བསྐྱངས། ཉང་རལ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཐུགས་སྲས་འགྲོ་བའི་མགོན་པོས་བལ་ཡུལ་དུ་བཞེངས་པའི་སྐུ་རྒྱུ་ལི་མ་ལས་གྲུབ་པའི་རིགས་གསུམ་མགོན་པོའི་སྐུ་བརྙན་གྲ་ཕྱི་ཚོང་བར་དབོར། དེ་ནས་ལྷུ་བསྒྲིགས་ཏེ་གནས་དེར་སྤྱན་དྲངས། དེ་རྗེས་ཇུན་གར་དམག་དུས་སྐུ་དེ་རྣམས་ས་སྐྱར་དབོར་ཏེ་ལྷ་ཁང་ཞིག་ནང་བཞུགས་སུ་གསོལ་བ་ལ་ཉིན་གཅིག་སྐུ་དེ་གསུམ་གྱིས་“ཨ་ཆུ་ཆུ། གནས་སྐྱིད་པོ་ལྷོ་བྲག་སྨྲ་བོ་ལྕོག་ལས་སྨོན་ལམ་དབང་གིས་འདིར་སླེབས་སོང་”ཞེས་གསུངས་འབྱོན་པས་སྐུ་གཉེར་གྱིས་ལྷ་འདི་རྣམས་ལ་འདྲེ་བཞུགས་འདུག་ཟེར་ནས་སྤྱན་རས་གཟིགས་ཀྱི་སྤྱན་[page 121] དང་། འཇམ་དབྱངས་ཀྱི་ཕྱག་གཡོན་མ། ཕྱག་རྡོར་གྱི་ཞབས་བཅས་ལ་ཏིའུ་ཞུས་པའི་རྗེས་ཀྱང་ཡོད། དེ་ནས་སླར་ཡང་རང་སློག་ཏུ་ཚུར་ཕུལ་བ་སོགས་ཀྱི་ལོ་རྒྱུས་ཀྱང་ཡོད།

ད་ལྟ་སྔོན་གྱི་རྩིག་རྨང་སྟེང་གསར་བཞེངས་གནང་བའི་འདུ་ཁང་ནང་རྟེན་གཙོ་སྔོན་གྱི་འཇམ་དབྱངས་གསུང་འབྱོན་མའི་སྐུ་སྟོད་ལ་སྐུ་སྨད་གསར་བཞེངས་ཞུས་པ་དང་། སྔོན་གྱི་སྐུ་བརྙན་རྡོར་སེམས་དང་། ཚེ་དཔག་མེད། ཐུག་སྲས་འགྲོ་བའི་མགོན་པོའི་མཆོད་རྟེན་བཀྲ་ཤིས་འོད་འབར། ཉེ་གནས་སོ་བདུན་པ་ཞེས་པས་བཞེངས་གནང་བའི་མཆོད་རྟེན་བཀྲ་ཤིས་འོད་འབར་བཅས་ཀྱི་ཆོས་འཁོར་ཡང་ཉམས་གསོ་ཞུས་པ་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་གཏམ་ཤུལ་ཡུལ་གྱི་ནུབ་ངོས་སུ་སོང་ན་ཆོས་གླིང་ཞེས་པ་དགེ་ལུགས་པའི་དགོན་ཞིག་ཀྱང་མཇལ་རྒྱུ་ཡོད།

གནས་གཞི་དགོན།

མཚན་རྒྱས་པར་“གནས་གཞི་ཞི་ཁྲོ་བཀའ་བརྒྱད་ལྷ་ཁང་”ཞེས་ཞུ། མཚོ་སྨད་རྫོང་ནས་སྤྱི་ལེ་ཉི་ཤུ་ཙམ་སོང་ནས་འཁོར་ལམ་འོག་ཏུ་གནས་གཞི་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་སྲས་གུ་རུ་ཆོས་དབང་གིས་ཕྱག་བཏབ་གནང་མཛད། རྗེ་དེ་ཉིད་ལྷོ་བྲག་ཏུ་ཡབ་མཁས་སྟོན་ཉི་རྒྱ་བ་དང་། ཡུམ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༢༡༢ལོར་སྐུ་བལྟམས། མཚན་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། རྙིང་མའི་གཏེར་སྟོན་བརྒྱ་རྩའི་ནང་ནས་ཉང་ཉི་མའི་འོད་ཟེར་གཏེར་སྟོན་གོང་དང་། རྗེ་འདི་ཉིད་གཏེར་སྟོན་འོག་ཅེས་གྲགས། ཐོག་མར་དགོན་དེའི་རྒྱབ་རིར་རྗེ་ཉིད་སྒྲུབ་པ་བསྐྱོན་ནས་བཞུགས་ཡོད་པ་ལ། གནས་འདིར་ཞི་ཁྲོ་བཀའ་བརྒྱད་ལྷ་ཁང་ཞིག་བཞེངས་དགོས་ཐུགས་ལ་འཁྲུངས་ནས་དགོན་དེ་ཕྱག་འདེབས་གནང་མཛད། སྔོན་གྲ་ཕྱི་སྨོན་གྲོལ་གླིང་གི་ཁོངས་ཡིན། ཐོག་མར་དབོན་དགོན་ཡིན་པ་ལ་རྗེས་སུ་གཙང་དགོན་དུ་འགྱུར། སྔོན་དགོན་དེར་ཆེ་མཆོག་ཧེ་[page 122] རུ་ཀ་སོགས་ཞི་ཁྲོའི་ལྷ་ཚོགས་ཆ་ཚང་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་བཀའ་བརྒྱད་ལྷ་ཁང་ནང་ཆེ་མཆོག་ཧེ་རུ་ཀ་གསར་བཞེངས་དང་། ཉམས་གསོ་ཞུས་པའི་ལྡེབས་རིས་སྒྲོལ་མ་ལྷ་ཁང་ནང་གཙོ་བོ་སྟོན་པའི་སྐུ་བརྙན་དང་། གུ་རུ་སྣང་སྲིད་ཟིལ་གནོན། གུ་རུ་ཆོས་དབང་སོགས་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

དེ་ནས་ནུབ་ངོས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་གཉིས་གསུམ་ཙམ་སོང་ན་མངའ་བདག་ཉང་གི་གཏེར་གནས་བྲག་སྲིན་པོ་སྦར་རྗེས་ཞེས་པའི་སྒྲུབ་ཕུག་དེ་ལམ་སྟེང་དུ་མཇལ་རྒྱུ་ཡོད།

ལྷོ་བྲག་རྫོང་།

“ལྷོ་བྲག་”ཅེས་པ་ནི་ཡར་ལྷ་ཤམ་བུའི་ལྷོ་ངོས་ཀྱི་བྲག་རི་ལ་ལྷོ་བྲག་ཅེས། ད་ལྟའི་ལྷོ་བྲག་རྫོང་གནས་ཡུལ་ནི་དཀར་པོ་ཞེས་སྔོན་ལྷོ་བྲག་དུ་བ་རྫོང་གི་ཞོལ་དུ་ཆགས་ཡོད། རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༤༤༢༦དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༤༠༠ས་ཞིང་རྒྱ་ཁྱོན་མུའུ་ཁྲི་3རྩ་ཐང་རྒྱ་ཁྱོན་མུའུ་ཁྲི་༢༣༠མི་འབོར་ཁྲི་.ས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ལེ་༧༥༣༨དང་། དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ༢༧༤༠ཆ་སྙོམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༨༢༠ཙམ་གྱིས་མཐོ་བའི་ས་བབས་བཅས་ཡིན།

ཐིག་ཕྱི་དགོན།

མཚན་གཞན་ལ་“བན་པ་ཕྱག་རྡོར་དགོན་”ནམ་ལྕང་ལོ་ཅན་གཉིས་པ་ཞེས་སོགས་མཚན་གྱི་རྣམ་གྲངས་མི་འདྲ་ཞུ། གནས་གཞི་ཞི་ཁྲོ་བཀའ་བརྒྱད་ལྷ་ཁང་ནས་གཞོང་ལ་བརྒྱབ་སྟེ་འཁོར་ལམ་བརྒྱུད་སྤྱི་ལེ་དྲུག་ཅུ་ལྷག་ཙམ་སོང་ན་ཐིག་ཕྱི་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་[page 123] དགོན་གནས་དེར་མཚོ་ཡིན་པ་དང་། དེ་ནས་གནས་དེའི་ཡུལ་ལྷ་ཁྱི་ཁ་ར་ཐོད་ཅེས་པས་མཚོ་དེ་བརྟོལ། དེ་རྗེས་མཚོ་མིག་ཏུ་ཀླུ་གདོལ་པ་ནག་པོ་ཅེས་པ་གདུག་པ་ཅན་ཞིག་མཚོ་དེར་གནས་ཏེ་སྐྱེ་འགྲོར་གནོད་ཆེན་པོ་བྱས་པས་དེའི་ཁ་གནོན་དུ་ཤུད་པོ་དཔལ་སེང་གི་གདུང་རབས་བཅུ་དྲུག་པ་གྲུབ་ཐོབ་ལས་ཀྱི་རྡོ་རྗེའམ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ཞུ་བ་སྤྱི་ལོ༡༣༢༦ལོར་སྐུ་བལྟམས། དགུང་ལོ་གསུམ་པ་ལ་ཕུར་པའི་དབང་ཐོབ་པས་རིགས་ཀྱི་མཁའ་འགྲོ་རྣམས་གར་བྱེད་པའི་སྣང་བ་ཤར་བས་གར་སྒྱུར་གྱི་ཕྱག་རྒྱ་མང་པོ་མཁྱེན། དགུང་ལོ་བཅུ་པ་ལ་ཁུ་བོ་རྒྱལ་སྲས་བཟང་པོ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་གཉིས་པ་ལ་ཕུར་པ་ཁྲོ་བཅུར་བསྐོར་བ་ཞིག་ལ་བསྙེན་པ་དུ་མ་མཛད་པས་ངག་ནུས་ཆེ་བས་སྡིག་པ་ལ་སྔགས་ཆུ་རེག་པ་ཙམ་གྱིས་ཤི་བ་ལ་སྙིང་རྗེ་འཁྲུངས་ནས་བཤུམས་པས་ཕུར་པའི་ཞལ་གཟིགས་ཀྱང་ཐོབ། དེ་ནས་མཚོ་ཤུལ་དེར་དགོན་པ་ཞིག་འདེབས་དགོས་ཐུགས་ལ་འཁྲུངས་ཏེ་ཐིག་བསྐྱོན་པ་ལ་མཚན་མོ་ལྷ་འདྲེས་ཕྱིས་པས་ཐིག་ཕྱི་ཞེས་པའི་མཚན་ཡང་དེ་ལས་བྱུང་། དེ་ལྟར་ལྷ་འདྲེས་ཀོ་ལོང་ཕྲག་དོག་བྱས་པའི་རུ་གནོན་དུ་ཕྱོགས་བཞི་དང་དབུས་བཅས་པར་མཆོད་རྟེན་ལྔ་བཞེངས། དེ་ནས་ཐིག་ཕྱི་གཙུག་ལག་ཁང་བཞེངས། དགོན་དེའི་རྒྱབ་རི་ནི་ཕྱི་གླང་ཆེན་གྱི་གཟུགས་འདྲ་བ་ལ་ནང་བྱ་ཁྱུང་གི་རང་བྱོན་དང་། དེའི་ལྟོ་བའི་ཐད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཁང་དང་། གླང་ཆེན་གྱི་མཆུ་སྟེང་དུའང་དགོན་པ་ཞིག་ཡོད་པ་དེ་གཉིས་ལ་ཁྱུང་ཚང་ཞེས་ཟེར་ཡང་། འཇིགས་བྱེད་ལྷ་ཁང་ལ་དགོན་པ་མཐིལ་ཞེས་ཀྱང་ཟེར། ནམ་མཁའ་རྒྱལ་མཚན་གྱིས་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་འཁོར་ཤིན་ཏུ་རྒྱས་ཏེ་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ཙམ་བྱུང་བ་ལས་ཕུལ་དུ་བྱུང་བའི་སློབ་མ་ནམ་མཁའ་ལྷན་རྒྱས་དང་། ནམ་མཁའ་ལྷུན་གྲུབ་གཉིས་བྱུང་བ་དང་། དེ་ལས་ལྷག་པ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་བྱུང་ཞེས་གསུངས། སྔོན་དགོན་དེ་དགའ་ལྡན་བླ་སྤྱིའི་ཁོངས་ཡིན་ཅིང་། མཁན་པོའང་དགའ་ལྡན་བྱང་རྩེ་ནས་ཕེབས་དགོས། ད་ལྟ་འཚོ་[page 124] བཞུགས་བློ་བཟང་ཚེ་རིང་མཆོག་བར་ནམ་མཁའ་རྒྱལ་མཚན་སྐུ་ཕྲེང་གཉིས་ལས་མ་བྱུང་། སྔོན་འདུ་ཁང་ནང་ནམ་མཁའ་རྒྱལ་མཚན་གྱི་ཕྱག་བཟོ་འདྲ་སྐུ་མཐོང་བ་དོན་སྒྲོལ་དང་། གཙང་ཁང་སྦུག་མར་སྨན་འདམ་གྱི་དུས་གསུམ་སངས་རྒྱས་དང་། གཡས་གཡོན་ཉེ་སྲས་བརྒྱད། སྒོ་སྲུང་གཉིས་དང་བཅས་པ། དབུས་སུ་ནམ་མཁའ་རྒྱལ་མཚན་གྱི་སྐུ་དམར་གདུང་བཞུགས་པའི་གསེར་ཟངས་ཀྱི་གདུང་རྟེན་ཐོག་བརྩེག་གཉིས་ལྡན་དང་། འདུ་ཁང་ནང་ནམ་མཁའ་རྒྱལ་མཚན་གྱི་ཕྱག་བཟོ་ཕྱག་རྡོར་གཏུམ་མོ་མེ་འབར་གྱིས་གཙོས་པའི་འཁོར་ཆེན་བརྒྱད། སྨན་བླ་བདེ་གཤེགས་བརྒྱད། རྗེ་ཡབ་སྲས་གསུམ། སྦུག་ཏུ་འོད་དཔག་མེད་ལྷ་ཁང་སོགས་རྟེན་གསུམ་ཁྱད་དུ་འཕགས་པ་གནས་དེར་བཞུགས་སུ་གསོལ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་གཙང་ཁང་སྦུག་མར་སྐུ་རྒྱུ་ས་ལས་བཞེངས་པའི་གདུང་རྟེན་ནང་ནམ་མཁའ་རྒྱལ་མཚན་གྱི་སྐུ་ཤ་ཚལ་བུ་བཞུགས་པ་ཉམས་གསོ་གནང་བ་དང་། འདུ་ཁང་ནང་ཤིང་རྩ་རིན་པོ་ཆེའི་ཕྱག་བཟོ་གུ་རུའི་སྐུ། རྗེ་ཙོང་ཁ་པ། ནམ་མཁའ་རྒྱལ་མཚན་བཅས་ཀྱི་སྨན་སྐུ་ཐོག་སོ་གཅིག་ལྷག གཞན་ཡང་ཕྱག་རྡོར་གྱི་སྐུ་དང་། ལྡེབས་རིས་སྙིང་པ་མང་པོ་སོགས་མཇལ་རྒྱུ་ཡོད།

སྤྲོ་བ་དགོན།

མཚན་གཞན་ལ་“སྒྲོ་བ་དགོན་ནམ། བགྲོ་བ་དགོན་”ཞེས་སོགས་མཚན་གྱི་རྣམ་གྲངས་མི་འདྲ་བ་སོ་སོ་མཆིས།

ཐིག་ཕྱི་དགོན་ནས་སྤྱི་ལེ་བརྒྱད་ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་ཤར་ངོས་སུ་སོང་ན་ལམ་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་གནས་དེར་ནམ་མཁའ་རྒྱལ་མཚན་རྟ་མགྲིན་སྒྲུབ་གནང་ནས་བཞུགས་སྐབས་རྟ་སྐད་ལན་གསུམ་བརྒྱབ་ཀྱང་ཡུལ་དེའི་མིས་མ་ཐོས་སྟབས་ཡུལ་དེར་འོན་ལུང་ཞེས་ཀྱང་འདོགས་གནང་མཛད་པས་ད་ལྟའང་མིང་དེ་ལྟར་འབོད་ཀྱི་ཡོད། དུས་དེ་ཙ་ན་[page 125] རྗེ་ཙོང་ཁ་པ་གཉལ་ཙོང་ཁ་ཕུག་དུ་བཞུགས་སྐབས་བླ་མ་ཟབ་མོ་དབུ་མ་ལ་མཁས་པ་ཞིག་དང་མཇལ་བའི་ཐུགས་སྨོན་གནང་བར་མཁའ་འགྲོའི་བརྡ་རུ་“ཁྱོད་འདི་ནས་ལྷོ་བྲག་ཤར་དུ་ཕྱིན་ན་ཚད་ལྡན་གྱི་བླ་མ་མཇལ་བ་ཡོད་”ཅེས་པའི་བརྡ་བྱུང་བས། ནམ་མཁའ་རྒྱལ་མཚན་དབེན་གནས་སྤྲོ་བ་དགོན་དུ་ཕྱག་རྡོར་གྱི་སྒྲུབ་པ་བསྐྱོན་ནས་བཞུགས་ཡོད་པ་ལ་ཕྱི་ཉིན་ཁོང་རྣམ་གཉིས་ཞལ་འཛོམས་ཡོང་བའི་སྔ་ནུབ་ཏུ་ནམ་མཁའ་རྒྱལ་མཚན་ལ་འཇམ་དབྱངས་ཀྱི་མཚན་ལམ་དང་། ཙོང་ཁ་པར་ཕྱག་རྡོར་གྱི་མཚན་ལམ་བྱུང་། ཕྱི་ཉིན་ནམ་མཁའ་རྒྱལ་མཚན་གྱིས་ཉེ་གནས་ལ་དེ་རིང་འགྲུལ་པ་གལ་ཆེན་པོ་ཞིག་ཡོང་བ་ཡོད་པས་ལྟོས་གསུངས་པར། གང་མཚམས་ན་ཉེ་གནས་ཀྱིས་གཞན་སུ་ཞིག་མི་འདུག་ཨ་མདོ་གནས་སྐོར་བ་ཞིག་ཡོང་གི་འདུག་ཅེས་ཞུས་པར་ཡར་གདན་དྲོངས་གསུངས་ནས་ཁོང་རྣམ་གཉིས་ཞལ་འཛོམས་བྱུང་སྐབས་དེར་ནམ་མཁའ་རྒྱལ་མཚན་དགུང་ལོ་བདུན་ཅུ་དང་། ཙོང་ཁ་པ་དགུང་ལོ་སོ་དགུ་ཡིན་པར་གྲགས། དེ་ནས་ནམ་མཁའ་རྒྱལ་མཚན་དང་རྗེ་ཙོང་ཁ་པ་ཆོས་གསུང་རེས་མཛད་པའི་ཚེ་ན་བཞུགས་ཁྲིར་ང་གཉིས་ཀས་བཞུགས་འདོད་མ་གནང་བའི་སྐབས་དེར་ནམ་མཁའ་ནས་“ནམ་མཁའ་རྒྱལ་མཚན་བླ་མའི་ཚུལ་དུ་བཞུགས་དང་། བློ་བཟང་གྲགས་པ་སློབ་མའི་ཚུལ་དུ་བཞུགས་”ཞེས་པའི་སྒྲ་བྱུང་བས་ནམ་མཁའ་རྒྱལ་མཚན་ཞེས་པའི་མཚན་ཡང་དེ་ལྟར་བྱུང་བར་གྲགས། ནམ་མཁའ་རྒྱལ་མཚན་ནི་རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་པ་བཞིའི་མཆོག་གཅིག་ཡིན་གསུངས། དེ་ནས་རྗེ་ཙོང་ཁ་པར་ཟབ་མོ་དབུ་མའི་ལྟ་བ་འཁྲུངས། ཉི་མ་ཤར་བ་དང་དུས་མཚུངས་ཤར་རི་ནས་སངས་རྒྱས་སྟོང་གི་ཞལ་གཟིགས་བྱུང་བས་སྟོང་རི་ཉི་ཤར་ཞེས་པའང་དེ་ནས་བྱུང་། བླ་སློབ་གཉིས་ཐུག་ཤིན་ཏུ་སྤྲོ་བས་“སྤྲོ་བ་དགོན་”དང་། ཡང་བཀའ་གདམས་དང་། ཕྱག་ན་རྡོ་རྗེའི་ཆོས་སྐོར་བགྲོ་གླེང་མཛད་པས་“བགྲོ་བ་དགོན་”སོགས་གསུང་སྲོལ་ལྟར་འབྲི་སྲོལ་ཡང་མི་འདྲ། དེ་ནས་ཙོང་ཁ་པས་ད་ངའི་དགོན་པ་གང་དུ་བཏབ་ན་[page 126] ལེགས་སམ་ཞུས་པར། ཁྱོད་ཀྱི་དགོན་པ་འབྲོག་དགའ་ལྡན་ཞེས་པར་ཐོབས་གསུངས། ཆོས་ཇི་འདྲ་བ་ཞིག་སྤེལ་དགོས་སམ་ཞེས་ཞུས་པར། ཁྱོད་སྒེར་ལུགས་ཤིག་བགྱིས་གསུངས་པས་“དགེ་ལུགས་”ཞེས་པ་དེ་“སྒེར་ལུགས་”ཞེས་པའི་སྒྲ་ལས་བྱུང་གསུངས། ཡང་དགེ་ལུགས་ཞེས་པ་ནི། དགའ་ལྡན་པ་ཞེས་པ་ལས་བྱུང་ཞིང་། དགའ་ལྡན་ཞེས་འབོད་ན་བརྗོད་ལ་མི་བདེ་བས་“དགེ་ལུགས་”ཞེས་འབོད་ཅེས་སོགས་གསུངས་ཚུལ་མི་འདྲ། ངའི་དགོན་པ་བཏབ་ཚར་རྗེས་རབ་གནས་སུ་ཕེབས་པར་ཞུ་ཞུས་པར་ཞལ་བགྱིས་བཞེས། འོན་ཀྱང་དགའ་ལྡན་དགོན་པ་ཕྱག་བཏབ་བསྒྲུབས་རྗེས་རབ་གནས་གནང་བར་ཉེ་བའི་དུས་ནམ་མཁའ་རྒྱལ་མཚན་སྙུན་ཏེ་ཕེབས་མ་ཐུབ་པར་སྟོང་རི་ཉི་ཤར་སྟེང་ནས་རབ་གནས་གནང་རྒྱུ་དང་། དེ་ཉིན་དགའ་ལྡན་གྱི་སྒོ་དང་སྒེའུ་ཁུང་ཕྱེ་རྒྱུ་གནང་བར་ཚེས་གྲངས་དུས་བཀག་གནང་བ་ནོར་སྟབས་སྒོ་དང་སྒེའུ་ཁུང་ཕྱེ་རྒྱུ་མ་བྱུང་བས་ཕྱག་ནས་སྐོར་ལམ་དུ་ཐོར་བའི་རང་བྱོན་ཡང་མཇལ་རྒྱུ་ཡོད་ཅེས་གསུངས། སྔོན་དགོན་དེར་རྡོ་ནག་ལ་རྡོ་དཀར་གྱི་མ་ཎིའི་རང་བྱོན་ངོ་མཚར་ཅན་དང་། ཤུད་པོ་དཔལ་སེང་གི་སྐུ་དམར་གདུང་བཞུགས་པའི་གདུང་རྟེན། ནམ་མཁའ་རྒྱལ་མཚན་གྱི་སྒྲུབ་ཕུག་ནང་མཁའ་འགྲོའི་གསང་ལམ་མཇལ་རྒྱུ་ཡོད་པ་དང་། དེའི་ནང་བསངས་བཏང་ན་ཉིན་བདུན་སོང་མཚམས་སྟོང་རི་ཉི་ཤར་གྱི་རྩེ་ནས་དུ་བ་ཐོན་ཟེར།

ད་ལྟ་གསར་བཞེངས་འདུ་ཁང་དང་སྒྲུབ་ཕུག་ནང་གསར་བཞེངས་གུ་རུའི་སྐུ་བརྙན་དང་། མ་ཎིའི་རང་བྱོན། ཤུད་བུ་དཔལ་གྱི་སེང་གེའི་གདུང་རྟེན། ནམ་མཁའ་རྒྱལ་མཚན་དང་རྗེ་ཙོང་ཁ་པའི་བཞུགས་ཁྲི་སོགས་མཇལ་རྒྱུ་ཡོད།

ཡང་དགོན་དེ་ནས་དངོས་ཤོས་ཞེས་པའི་ནང་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་ཙམ་སོང་ན་བསམ་གྲུབ་གླིང་ཞེས་པའི་དགོན་ཞིག་ཀྱང་མཇལ་རྒྱུ་ཡོད།

[page 127]
མཁར་ཆུ་དགོན།

མཚན་རྒྱས་པར་“མཁར་ཆུ་དགའ་ལྡན་བདུད་འཇོམས་གླིང་”ཞེས་ཞུ། ཐིག་ཕྱི་དགོན་ནས་འཁོར་ལམ་བརྒྱུད་སྤྱི་ལེ་སུམ་ཅུ་སོ་བཞི་ཙམ་སོང་ན་ལྷ་ཁང་དུ་འབྱོར། དེ་ནས་ལྷོ་ངོས་ཀྱི་ནགས་རིར་རྐང་ཐང་མར་ཆུ་ཚོད་གཉིས་ལྷག་ཙམ་དང་། འཁོར་ལམ་བརྒྱུད་སྤྱི་ལེ་བརྒྱད་དགུ་ཙམ་སོང་ན་ལྕགས་ཕུར་ཅན་ཞེས་པའི་རི་བོའི་སྟེང་ཐང་ཤིང་དང་ཤུག་པ་ལ་སོགས་ལྗོན་ཤིང་སྣ་ཚོགས་ཀྱི་ཁྲོད་དུ་དགོན་དེ་མཇལ་རྒྱུ་ཡོད། “མཁར་ཆུ་”ཞེས་པ་ནི་བྲག་མཁར་བདེ་མཆོག་རང་བྱོན་ནམ་མཁའ་ལ་བསྙེགས་འདྲའི་མདུན་ནས་ཕུ་ཆུ་རྒྱུགས་པས་མཁར་ཆུ་ཞེས་འབོད། ཞེས་པ་ལས་མཁར་ཆུའི་མཚན་བྱུང་གསུངས། ཡང་གསུངས་སྲོལ་གཞན་ཞིག་ནི། ཕུ་ཡི་གངས་རི་ཤེལ་དཀར་གྱི་བ་གམ་བརྩེགས་པ་ལྟ་བུ་ནས་ཕྱོགས་ཀུན་དུ་ཡན་ལག་བརྒྱད་ལྡན་གྱི་བདུད་རྩི་དྭངས་ཤིང་བསིལ་བ་འོ་མའི་རྒྱུན་ལྟར་འབབ་པ་དེ་ལྷ་མོ་མཁར་ཆེན་གྱི་རི་བོ་དེར་མཁར་བས་“མཁར་ཆུ་”ཞེས་པའི་མཚན་དེ་ལྟར་བྱུང་ཡང་གསུངས།

དགོན་དེ་ནི་ཐོག་མར་འབྲུག་པ་པད་མ་དཀར་པོས་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་ཕྱག་བཏབ་གནང་མཛད། དེ་རྗེས་གནུབས་ཀྱི་རིགས་འཁྲུངས་དགེ་སློང་ནམ་མཁའི་སྙིང་པོའི་མཆོག་སྤྲུལ་སླར་ཡང་བསྟན་འགྲོའི་དོན་དུ་བྱོན་པ་དགེ་སློང་ལྷ་མཆོག་ནས་ད་བར་སྐུ་ཕྲེང་རིམ་བྱོན་གྱིས་འདུལ་སྡེ་བསྐྱངས་གནང་གིས་མཛད་འཕྲིན་ཤིན་ཏུ་རྒྱས། རྒྱལ་མཆོག་ལྔ་པས་ཀྱང་མཐུན་རྐྱེན་བཀའ་དྲིན་བླ་མེད་སྩལ་གནང་མཛད་ཚུལ་སོགས་གསུངས། དགེ་འདུན་ཞལ་གྲངས་བརྒྱ་ལ་ཉེ་བས་ཉེར་ལྔ་ཚེས་བཅུ་སོགས་བྱང་གཏེར་ཕྱག་བཞེས་གནང་གི་ཡོད་པ་ལ། བླ་མ་གསང་འདུས་ཏེ་གུ་རུ་ཆོས་དབང་གི་གཏེར་མ་སོགས་ཀྱང་ཕྱག་བཞེས་མཛད་ཀྱི་ཡོད། སྔོན་འདུ་ཁང་ཐོག་བརྩེག་གསུམ་ལྡན་གྱི་གཙང་ཁང་སྦུག་མར་སྨན་འདམ་གྱི་གུ་རུ་མཚོ་སྐྱེས་རྡོ་རྗེ་ཐོག་བརྩེག་གསུམ་ཙམ་ལོན་པའི་གཟུགས་སུ་སོར་མོའི་ཚད་ཙམ་གྱི་གུ་རུའི་སྐུ་ཁྲི་བཅུ་གཉིས་[page 128] ཙམ་བཞུགས་པ། གཡས་སུ་སྐུ་རྒྱུ་དེ་མཚུངས་ཀྱི་འོད་དཔག་མེད་དང་། མཁན་ཆེན་ཞི་བ་འཚོ། གཡོན་དུ་ཐུགས་རྗེ་ཆེན་པོ་དང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་འདྲ་སྐུ་ཐོག་བརྩེག་ལྷག དབུ་སྟེང་དུ་གསང་འདུས་ཀྱི་དཀྱིལ་འཁོར། གཞན་ཡང་ཀུན་མཁྱེན་པད་དཀར་གྱིས་བཞེངས་པའི་གསེར་ཟངས་ཀྱི་རྒྱལ་བ་མི་འཁྲུག་པ་ཐོག་བརྩེག་གཅིག་ལྷག ནམ་སྙིང་སྐུ་ཕྲེང་དྲུག་པའི་གསེར་ཟངས་ཀྱི་རྒྱལ་བ་མི་འཁྲུག་པ་ཐོག་བརྩེག་གཅིག་ལྷག ནམ་སྙིང་སྐུ་ཕྲེང་དྲུག་པའི་གསེར་ཟངས་ཀྱི་གདུང་རྟེན། གཞན་ཡང་བྱུ་རུའི་སྡོང་པོ་དང་དུང་དཀར་གཡས་འཁྱིལ་སོགས་ནང་རྟེན་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་གྱང་རོར་ཉམས་གསོ་ཞུས་པའི་འདུ་ཁང་ནང་གོང་གསལ་སྐུ་དེ་དག་གི་སྐུ་ཚབ་སྐུ་རྒྱུ་དང་སྐུ་ཚད་དེ་མཚུངས་གསར་བཞེངས་གནང་ཡོད་པ་དང་། གུ་རུའི་སྐུ་ཚབ་ཉེར་ལྔ་ཞེས་པའི་གྲས་ཤིག་དང་། ནམ་མཁའི་སྙིང་པོའི་སྐུ་ཆོས་ཉི་ཟེར་མ་སོགས་བཞུགས་སུ་གསོལ་བ་མཇལ་རྒྱུ་ཡོད།

གཞན་ཡང་དགོན་དེ་ནི་གུ་རུའི་ཐུགས་ཀྱི་དབེན་གནས་ཏེ་དུང་དཀར་གཡས་འཁྱིལ་གྱི་གཤོག་པ་འདྲ་བའི་ནང་འོག་མིན་ལྕགས་ཕུར་ཅན་ཞེས་པའི་ཕུག་ཏུ་གུ་རུས་ལོ་བདུན་ཟླ་བདུན། ཞག་བདུན་སྒྲུབ་པ་བསྐྱོན་པ། དེའི་ལམ་གྱི་བྲག་ལ་མ་ཅིག་གི་ཞབས་རྗེས། གུ་རུའི་ཕྱག་འཁར་དང་། ཕྱག་མཛུབ་ཀྱི་རྗེས་སོགས་འདམ་ལ་བཏབ་པ་བཞིན་གསལ་བའི་རི་སྟེང་དུ་དགོན་དེ་ཆགས། ཤར་རིར་སྒྲོལ་མ་ཉེར་གཅིག་གི་རང་བྱོན་གྲལ་རིང་དུ་བཞུགས་འདྲ་དང་། དེའི་མདུན་དུ་གཡུ་ཡི་རྡོ་བཅས་བཏིང་འདྲའི་ལྷ་མོ་གཡུ་སྒྲོན་མའི་བླ་མཚོ་དང་། དངུལ་གཞོངས་ཇ་ཐང་གིས་བསྐངས་འདྲའི་ཞིང་སྐྱོང་གི་བླ་མཚོ། གཏེར་བདག་དགེ་གཉེན་སྨྱོན་ཁའི་བླ་མཚོ་བཅས་ནི་སྒྲོལ་མའི་རང་བྱོན་མདུན་ཡོན་ཆབ་ཕུལ་བ་བཞིན་ཡོད། དེ་ནས་ལྷོ་ངོས་སུ་རྒྱལ་བ་རིགས་ལྔའི་རང་བྱོན་གསལ་བའི་ཁྲོད། ལྷོ་དོན་ཡོད་སྒྲུབ་པའི་སྐུ་སྐེད་ཀྱི་མཚམས་སུ་རྒྱལ་བ་རྒོད་ཚང་པའི་སྒྲུབ་ཕུག ལྷོ་ནུབ་ཀྱི་མཚམས་སུ་རྡོ་སྐས་དང་ཤིང་ཟམ་བརྒྱུད་མར་བབས་ན་རོང་ཆུ་འགྲོ་བ་འདྲེན་པའི་ཆུ་རྒྱུན་དང་། དེ་ནས་ཙ་རིའི་རླུང་སྒོ་ཞེས་[page 129] པ་དང་བྲག་མཁར་བདེ་མཆོག་རང་བྱོན་སོགས་ཙ་རི་གཉིས་པ་ཡིན་ཞེས་གསུངས། ནུབ་ངོས་སུ་ནམ་མཁའི་སྙིང་པོར་གུ་རུས་ལུང་བསྟན་པའི་དཔལ་གྱི་ཕུ་རིང་སྒྲུབ་ཕུག་དེ་དང་ཉེ་བར་མཚོ་རྒྱལ་གྱི་གསང་བའི་ཕུག་པ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེའི་གདན་ས་དང་དུར་ཁྲོད་སོགས་མཇལ་རྒྱུ་ཡོད། དགོན་དེ་ནས་མི་རིང་བའི་སར་གངས་ལ་བརྒྱབ་ནས་སོང་ན་མོན་ཀུ་རུ་ལུང་ཞེས་པའི་མདོར་ཨོ་རྒྱན་རིན་པོ་ཆེའི་ཕུར་པ་འཕྲིན་ལས་ཀྱི་སྒྲུབ་གནས་ཁྱད་པར་ཅན་མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་ཞེས་པ་མཇལ་རྒྱུ་ཡོད་ཀྱང་མཐའ་མཚམས་སོང་བས་མཇལ་སྟབས་བདེ་པོ་མེད།

ལྷ་ཁང་།

མཚན་རྒྱས་པར་“མཁོ་མཐིང་རྣམ་སྣང་ལྷ་ཁང་”ཞེས་ཞུ། མཁར་ཆུ་དགོན་ནས་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་མར་བབས་ན་ལྷ་ཁང་གྲོང་དབུས་སུ་སྔ་ཉམས་ལྡན་པའི་ལྷ་ཁང་དེ་མཇལ་རྒྱུ་ཡོད། དེ་ནི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཁོངས་དབུས་ཀྱི་རྣམ་པར་སྣང་མཛད་ཞུ་བ་དེ་ཡིན། ཐོག་མར་ཡུལ་དེར་མཁོ་མཐིང་ཞེས་ཟེར་བ་ལ་རྗེས་སུ་མཐའ་འདུལ་གྱི་ལྷ་ཁང་དེ་བཞེངས་སྟབས་ལྷ་ཁང་ཞེས་པའི་མིང་དེ་ལྟར་ཐོགས། སྔོན་ལྷ་ཁང་དེའི་ནང་སྨན་འདམ་གྱི་རྣམ་སྣང་སྐུ་ཐོག་བརྩེག་གསུམ་ཙམ་དང་། གཞན་ཡང་རྟེན་སྐུ་མང་པོ་མཇལ་རྒྱུ་ཡོད་པ་ལ་མཐའ་འཁོར་ལྕགས་རི་དང་སྒོ་བཞིའང་ཡོད། བསམ་ཡས་བཞེངས་སྐབས་དང་དུས་མཚུངས། མཁོ་མཐིང་རྣམ་སྣང་གི་སྐུ་རྒྱབ་ནས་གཏེར་སྒྲོམ་སྨུག་པོ་དང་། སྐྱ་བོ་གཉིས་བཏོན་པའི་སྒྲོམ་ནང་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་གཏེར་ལས་བཞེས་ཞེས་གསུངས།

ད་ལྟ་ལྷ་ཁང་རྙིང་པ་དེའི་ནང་སངས་རྒྱས་སྟོང་སྐུའི་ལྡེབས་རིས་མཇལ་རྒྱུ་ཡོད་ལ་དགོན་དེའི་ཁ་སྤྲོད་དུ་འཁོར་ལམ་སྟེང་མ་ཎིའི་རང་བྱོན་གསལ་བ་ཞིག་མཇལ་རྒྱུ་ཡོད་པས་དེ་བྱེ་མས་ནུབ་དུས་བསྐལ་པའི་མཐའ་རུ་སླེབས་ཞེས་ཟེར།

[page 130] ལྷ་ཁང་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་གུ་རུའི་ཚེ་ཡི་སྒྲུབ་པ་མཛད་ས་ཚེ་བུམ་དཔལ་གྱི་རི་ཞེས་ཨོ་རྒྱན་གྱི་སྒྲུབ་ཕུག་དང་། ཚེ་ཆུ་སོགས་ཡོད། དེ་ནས་མུ་མཐུད་སོང་ན་སྡུར་ཞེས་པར་ཨོ་རྒྱན་སངས་རྒྱས་གླིང་པའི་གདན་སའང་མཇལ་རྒྱུ་ཡོད།

སྲས་མཁར་དགུ་ཐོག

མཚན་རྒྱས་པར་“སྲས་གསང་སྔགས་ཆོས་གླིང་”ཞེས་ཞ྄ུ། མཁོ་མཐིང་ལྷ་ཁང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སེང་གེ་རྫོང་སྟེ་ད་ལྟའི་སེང་གེ་ཆུས་དང་། དེ་ནས་ཁམས་པ་ལ་བབས། དེ་ནས་ཆུ་གསུམ་མདོ་ཞེས་པ་ནས་ལྷོ་ནང་སྟེ་སྲས་ཁུལ་དུ་སྤྱི་ལེ་སུམ་ཅུ་ཙམ་སོང་ན་སྲས་གྲོང་ཚོའི་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བཀའ་བརྒྱུད་བསྟན་པའི་སྲོལ་གཏོད་པ་མར་པ་ལོ་ཙཱའི་སློབ་མའི་ཕུལ་དུ་བྱུང་བ་མི་ལ་རས་པ་གཅིག་པུས་༡༠༧༧ལོར་བཞེངས་གནང་མཛད། མི་ལ་རས་པ་ནི་ཡུལ་ལ་སྟོད་མང་ཡུལ་གུང་ཐང་གི་བྱེ་བྲག་སྐྱ་རྔ་རྩ་བྱ་བར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གྱི་སྲས་སུ་སྤྱི་ལོ་༡༠༤༠ལོར་སྐུ་བལྟམས། ཆུང་ངུའི་དུས་ནས་ཡབ་གྲོངས་པས་ཁུ་བོ་དང་ཨ་ནེས་ནོར་གཞིས་ཕྲོགས། ཡུམ་གྱི་བཀས་དབུས་སུ་བྱོན་ནས་མཐུ་སེར་གྱིས་དགྲ་ཐམས་ཅད་ཕམ་པར་མཛད། དེ་ལྟར་སྡིག་པ་བསགས་པ་ལ་ཐུགས་འགྱོད་དྲག་པོ་སྐྱེས་སྟེ་རོང་སྟོན་ལྷ་དགའ་ཞུ་བ་ལ་རྫོགས་ཆེན་ཞུ་དུས། རོང་སྟོན་ལྷ་དགས་ལྷོ་གྲོ་བོ་ལུང་དགོན་པ་ན་རྒྱ་གར་གྱི་གྲུབ་ཆེན་ན་རོ་པའི་དངོས་སློབ་མར་པ་ལོ་ཙཱ་ཞེས་བྱ་བའི་གྲུབ་ཐོབ་འགྲན་ཟླ་བྲལ་བ་ཞིག་བཞུགས་པའི་སྐོར་གསུངས་པས་མི་བཟོད་པའི་དད་གུས་སྐྱེས་ཏེ་ལྷོ་གྲོ་བོ་ལུང་དུ་ཕེབས། མི་ལ་དང་མར་པ་མཇལ་བའི་སྔ་ནུབ་ཏུ་མར་པར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་ལ་གཡའ་ཅུང་ཟད་ཡོད་པ་ཞིག་རྨིས་གནང་བས་ཡུམ་བདག་མེད་མར་དེ་རིང་འགྲུལ་པ་གལ་ཆེན་ཞིག་འོང་བ་ཡོད་པས་ཁྱོད་ཀྱིས་ཆང་དམ་བི་གང་སྡོགས་ཤིག་གསུངས་ནས་ཆང་དེ་བསྣམས་ནས་གྲོ་བོ་ལུང་[page 131] འོག་ཏུ་མཐུན་རྐྱེན་ཞིང་ཞེས་པ་དེར་ཕྲུ་སློག་བཞིན་བཞུགས་ཙ་ན་མི་ལ་དེར་ཕེབས་ཏེ་མར་པ་ཡིན་པ་མ་མཁྱེན་པར་མར་པ་ལོ་ཙཱ་ཞེས་པ་གང་དུ་བཞུགས་ཡོད་མེད་བཀའ་འདྲི་ཞུས་པར། མར་པས་ཁྱོད་ཀྱིས་ཞིང་འདིའི་ཕྲུ་སློག་འཕྲོ་རྣམས་སློག ཆང་འཐུང་འཕྲོ་འདི་བཏུངས་ནས་ཁང་པ་ཡ་གིར་ཤོག་དང་ངས་བླ་མ་བསྟན་གསུངས། མི་ལས་དེ་ལྟར་གནང་ནས་ཞིང་རྨོ་འཕྲོ་དེ་རྨོས། ཆང་བཞེས་འཕྲོ་དེ་བཞེས་པས་མར་པའི་རྒྱུད་འཛིན་གནང་རྒྱུའི་རྟེན་འབྲེལ་འགྲིགས། དེ་ནས་གྲོ་བོ་ལུང་དུ་ཡར་ཕེབས་པས་མར་པ་ནི་ད་ལྟ་ཞིང་རྨོ་བའི་ཐལ་རྡུལ་དང་བཅས་བཞུགས་ཡོད་པས་བླ་མ་མར་པ་དེ་མིན་ནམ་སྙམ། མར་པས་ཁྱོད་དོགས་པ་མ་བྱེད། བླ་མ་མར་པ་ང་ཡིན་པས་ཕྱག་འཚོལ་གསུངས་པ་ལ། མི་ལས་ཐེ་ཚོམ་མེད་པར་ཕྱག་འཚལ་ཏེ་དད་གུས་དང་བཅས་ལྟོ་གོས་ཆོས་གསུམ་བླ་མས་གནང་བར་ཞུ་ཞུས་པར། ཆོས་གསུང་རྒྱུ་ཞལ་གྱིས་མ་བཞེས་པར་ཐོག་མར་སྒྲིབ་སྦྱོང་གི་ཆེད་དུ་སྲས་དར་མ་མདོ་སྡེའི་སྐུ་མཁར་བརྩིག་ཏུ་བཅུག་གནང་མཛད། སྲས་མཁར་ཞེས་པའང་དེ་ནས་བྱུང་། ཐོག་མར་ཤར་ངོས་སུ་སྒོར་མོ་རྔ་འདྲ་བ་ཞིག་བརྩིགས་པས་ཐོག་བརྩེག་བཞི་ཙམ་ལོན་སྐབས་གཤིག་བཅུག་གནང་བས་མ་ཚད་ས་རྡོ་གནས་སོ་སོར་སྐྱེལ་དུ་འཇུག་གནང་མཛད། ཡང་བྱང་གི་རི་རྩེ་དང་། ནུབ་ཀྱི་རི་སྣ་སོ་སོར་ཟླ་གམ་དང་གྲུ་གསུམ་བཅས་བརྩིགས་པ་གོང་ལྟར་བཤིག་བཅུག་གནང་རྗེས་མཐར་དབུས་ཀྱི་གྲུ་བཞི་ཐོག་བརྩེགས་དགུ་ལྡན་དེ་བཞེངས་གནང་མཛད་སྐབས་མི་ལའི་སྐུ་གཟུགས་ལ་རྨ་བཟོས་ཏེ་རྣག་ཁྲག་ཀྱང་བབས་པ་བུ་ཆེན་རྣམས་ཀྱིས་ཐུགས་མི་བཟོད་པར་རྡོ་ཆེན་པོ་ཞིག་རྩིག་སྟེང་དུ་བཞག་གནང་བ་མར་པས་གཟིགས་ཏེ། རྡོ་འདིས་ཁྱོད་ཀྱི་གོ་མི་ཆོད་གསུངས་ནས་སླར་ཡང་རང་གནས་སུ་སྐྱེལ་དུ་འཇུག་གནང་མཛད་རྗེས། མི་ལས་ཡང་བསྐྱར་སྐུ་རྒྱབ་ཏུ་བསྣམས་ནས་རྩིག་གདན་དུ་བཀྱོན་པའི་མི་ལའི་རྒྱབ་རྡོ་ཞེས་པ་ད་ལྟའང་མཇལ་རྒྱུ་ཡོད། འོན་ཀྱང་རྗེ་བཙུན་མི་ལས་བླ་མ་མར་པར་དད་ལོག་ཅུང་ཟད་ཀྱང་མི་གནང་བར་མཁར་དེ་བཞེངས། སྔ་ཕྱིར་[page 132] མཁར་བཞི་བཞེངས་པར་ཞི་རྒྱས་དབང་དྲག་གི་རྟེན་འབྲེལ་ཡང་འགྲིག་གསུངས། མཐའ་མཇུག་གི་མཁར་དེ་འགྲུབ་རྗེས་པཎ་ཆེན་ན་རོ་པའི་གདམས་ངག་ཡོངས་རྫོགས་གནང་སྟེ་མཐར་བྲག་དཀར་རྟ་སོ་ཞེས་པར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས། སྐུ་ལུས་མ་དང་བཅས་མཁའ་འགྲོས་ལྷ་མི་ཀུན་གྱིས་མཐོང་སར་ནམ་མཁར་སྤྱན་དྲངས། རྗེ་མར་པས་པཎ་ཆེན་ན་རོ་པར་མི་ལའི་ལོ་རྒྱུས་རྣམས་ཞུས་པས་དཔལ་ན་རོ་པས་ཕྱག་ཐལ་མོ་སྦྱར་ཏེ་“བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚོལ་ལོ།།”ཞེས་དབུ་གུག་གནང་བས་རྒྱ་གར་ཕུ་ལ་ཧ་རིའི་རི་དང་རྩི་ཤིང་བཅས་པ་བོད་ལ་མགོ་གུག་པས་ཡིན་གསུངས། སྔོན་སྲས་མཁར་དགུ་ཐོག་གི་ཐོག་བརྩེག་དྲུག་པར་སྨན་འདམ་གྱི་རྒྱལ་བ་རྡོ་རྗེ་འཆང་དང་། ཏེ་ལོ་པ། ན་རོ། མར་པ་སོགས་ཀྱི་སྐུ་བརྙན་དང་། འཁྱམས་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་སྦུག་མར་གུ་རུའི་སྐུ་བརྙན། མདོར་མར་པས་ཤངས་ཁྲག་གིས་བྲིས་གནང་བའི་ལྷ་མོ་དུད་སོལ་མའི་སྐུ་བརྙན་སོགས་བཞུགས་སུ་གསོལ། དེ་རྗེས་ཀརྨ་སྐུ་ཕྲེང་བདུན་པའི་བཀའ་ལྟར་དཔའ་བོ་གཙུག་ལག་ཕྲེང་བས་གསེར་ཟངས་ཀྱི་རྒྱ་ཕིབས་བསྒྲོན་པར་མཛད་པ་དང་འབྲེལ་དགེ་འདུན་གྱི་སྡེ་ཆེན་པོའང་འཛུགས་གནང་མཛད་པ་བཅས་ཡིན།

ད་ལྟ་ཉམས་གསོ་ཞུས་པའི་སྲས་མཁར་གྱི་རྒྱ་ཕིབས་ཕུད། དེ་བྱིངས་སྔོན་གྱི་དེ་རང་འཇགས་མཇལ་རྒྱུ་ཡོད་པ་དང་། ནང་དུའང་སྔོན་གྱི་སྐུ་འདྲ་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྷག་པར་དུ་ལྡེབས་རིས་རྙིང་མ་མང་པོ་མཇལ་རྒྱུ་ཡོད་པ་ལས་གཙོ་བོ་གོང་གསལ་མར་པས་ཤངས་ཁྲག་གིས་བྲིས་གནང་བའི་ལྷ་མོ་དུད་སོལ་མའི་སྐུ་བརྙན། གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་རྒྱ་བསྐྱེད་གནང་བའི་འདུ་ཁང་དང་། མགོན་ཁང་རྙིང་མ་སོགས་མཇལ་རྒྱུ་ཡོད།

[page 133]
གྲོ་བོ་ལུང་།

མཚན་རྒྱས་པར་“ལྷོ་གནས་མཆོག་འོག་མིན་ཨོ་རྒྱན་དཔལ་གྱི་གྲོ་བོ་ལུང་”ཞེས་ཞུ། སྲས་མཁར་དགུ་ཐོག་ནས་ལྷོ་ངོས་ཀྱི་རིར་རྐང་ཐང་མར་ཆུ་ཚོད་གཅིག་ལྷག་ཙམ་ཞིག་འཛེགས་ན་མི་ལ་དང་མར་པ་ཐོག་མར་མཇལ་ས་མཐུན་རྐྱེན་ཞིང་ཞེས་པའི་སྟེང་ནས་ཞལ་ནུབ་བྱང་མཚམས་སུ་གཏད་པའི་དགོན་དེ་མཇལ་གྱི་རེད། དགོན་དེ་ནི་མར་པ་ལོ་ཙཱ་དགུང་ལོ་ཉེར་དགུའི་སྟེང་ཕྱག་བཏབ་གནང་ཞེས་གསུངས། མར་པ་ལོ་ཙཱ་ནི་དགོན་དེའི་ཐད་ཀའི་བེ་ས་ཞེས་པར་སྤྱི་ལོ་༡༠༡༢ལོར་སྐུ་འཁྲུངས། དགུང་ལོ་གསུམ་སྟེང་རྡིའུ་ཞིག་འཕངས་གནང་བ་ས་དེར་བབས་པས་“ངའི་དགོན་པ་གནས་འདིར་འདེབས་”ཞེས་དང་། ཡང་མར་པ་དགུང་ལོ་བཅོ་ལྔར་ཕེབས་སྐབས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་དུ་སམ་སྐྲི་ཏའི་སྐད་དང་སྒྲ་རིག་པ་སྦྱངས་རྗེས་རྒྱ་གར་དུ་ལན་གསུམ་བྱོན་ཏེ་པཎ་ཆེན་ནཱ་རོ་པ་དང་། པཎྜི་ཏ་ཡེ་ཤེས་སྙིང་པོ། ཀུ་ཀུ་རི་བ། མེེ་ཏྲི་བ། ཞི་བ་བཟང་པོ་སོགས་མང་པོའི་ཞབས་ལ་གཏུགས་པས་པན་ཆེན་ནཱ་རོ་པས་ཕྱག་མར་པའི་དབུ་ཐོད་དུ་བཞག་ནས་“ལྷོ་གྲོ་བོ་ལུང་ཞེས་གྲགས་པའི་གནས། །སྨན་སྟོང་དང་རྩ་བརྒྱད་སྐྱེས་པའི་གནས། །སྤོས་ཀྱི་ཤིང་སྣས་བརྒྱན་པའི་ས། །མ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞིང་། །ཁྱེད་དེ་རུ་སོང་ལ་སྒྲུབ་པ་བགྱིས།།”ཞེས་གསུངས་པ་ལྟར་དགོན་དེ་བཏབ་རྗེས་མར་པ་གནས་དེར་བཞུགས། གནས་དེར་ཞག་གཅིག་བསྡད་པ་ཙམ་གྱིས་ཉམས་རྟོགས་སྐྱེས་ཅེས་བྱིན་ཆེ་བར་གྲགས། མར་པའི་ཡོངས་གྲགས་ཀྱི་བུ་ཆེན་བཞི་སྟེ་རྔོག་ཆོས་སྐུ་རྡོ་རྗེ་དང་། གཙང་རོང་གི་མེ་སྟོན་ཚོམ་བུ། དོར་གྱི་ཚུལ་སྟོན་དབང་ངེ་། རྗེ་བཙུན་མི་ལ་རས་པ་སོགས་དང་ལྷན་དུ་ཕོ་བྲང་དབུ་རྩེ་དམར་པོར་རྡོ་ཆེན་ཨ་ལོ་ཎི་ཀའི་ཁྲི་སྟེང་ནས་གསང་སྔགས་ཀྱི་ཆོས་མང་པོ་སྒྲ་བསྒྱུར་གནང་། བཀའ་བརྒྱུད་བསྟན་པའི་སྲོལ་གཏོད་དེ་ཆུ་མགོ་ལྟ་བུར་གྱུར། སྔོན་ཕོ་བྲང་དབུ་རྩེ་དཀར་པོའི་ནང་རྒྱ་གར་ནས་རྫུ་འཕྲུལ་གྱིས་སྤྱན་དྲངས་པའི་དཔེ་ཆ་ཁྲ་རིང་གིས[page 134] གཙོས་དཔེ་མཛོད་ཁང་དང་། ཕོ་བྲང་དབུ་རྩེའི་ནང་མི་ལ་རས་པས་མར་པར་འབུལ་གནང་མཛད་པའི་ཟངས་ལུང་བཞི་མའམ་བསྐལ་པའི་མེ་ལྕེ་ཞེས་པ་དང་། བྱང་ཆུབ་སེམས་དཔའ་སེམས་འབུམ་ཆེན་པོ་སོགས་བཞུགས་སུ་གསོལ་ཡོད།

ད་ལྟ་སྔོན་གྱི་གྱང་གོག་སྟེང་གསར་བཞེངས་གནང་བའི་ཕོ་བྲང་དབུ་རྩེ་དཀར་པོའི་ནང་སྨན་འདམ་གྱི་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་ཚད་ཐོག་བརྩེག་གཉིས་ལྡན་དང་། དེ་འཁོར་གུ་རུ་མཚན་བརྒྱད། བཀའ་བརྒྱུད་གོང་མ་རྣམ་ལྔའི་སྐུ་བརྙན་མི་ཚད་མ། དབུ་རྩེ་དཀར་པོའི་ནང་སྔོན་གྱི་བྱང་ཆུབ་མཆོད་རྟེན་བང་རིམ་ཡན་ཉམས་གསོ་ཞུས་པ། དེའི་གཡོན་དུ་རྡོ་ཆེན་ཨ་ལོ་ཎི་ཀའི་ཁྲི་བཞུགས་པའི་ལྷ་ཁང་ནང་མར་པའི་སྐུ་བརྙན་གྱི་གཡས་སུ་དར་མ་མདོ་སྡེ་དང་། མི་ལ། གཡོན་དུ་ཡུམ་བདག་མེད་མ་དང་། གྲུབ་ཆེན་ཀརྨ་ནོར་བུའི་སྐུ་བརྙན། གཞན་ཡང་ཡུམ་བདག་མེད་མ་དང་མར་པའི་ཞབས་རྗེས། ཡུམ་གྱི་མཁར་ཐོག་བརྩེག་ཅན་ནང་མ་ཎིའི་འཁོར་ཆེན་སོགས་མཇལ་རྒྱུ་ཡོད།

གྲོ་བོ་ལུང་དང་ཅུང་ཉེ་བའི་སར་བུ་ཆེན་བཞིའི་སྒྲུབ་གནས་ཟངས་སྦུག་ཅེས་པ་དང་། དེ་ནས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་སོང་ན་མི་ལའི་སྒྲུབ་ཕུག་ལྟག་གཉའ་ལུང་བསྟན་ཕུག་ཅེས་པ་དེ་མཇལ་རྒྱུ་ཡོད། མར་པས་མི་ལར་ནཱ་རོ་ཆོས་དྲུག་དང་བཀའ་ཕྱག་རྒྱ་ཆེན་པོ་སོགས་དཔལ་ནཱ་རོ་པའི་ཆོས་ཡོངས་རྫོགས་གཏད་གནང་ཡང་འཕོ་བ་གྲོང་འཇུག་གི་གདམས་ངག་གནང་མེད་པ་མཁའ་འགྲོས་ལུང་བསྟན་པས་“ལུང་བསྟན་ཕུག་”ཅེས་པ་དེ་ལྟར་བྱུང་ཞེས་སོ།།

ཆོས་སྡེ་དགོན།

མཚན་གཞན་ལ་“རྡོ་རྙིང་གླིང་ངམ། རྡོ་གླིང་གྲྭ་ཚང་”ཞེས་ཞུ། སྲས་མཁར་དགུ་ཐོག་ནས་འཁོར་ལམ་བརྒྱུད་སྤྱི་ལེ་བདུན་ཅུ་ཙམ་སོང་ན་ད་ལྟའི་ལྷོ་བྲག་རྫོང་གནས་ཡུལ་དུ་འབྱོར། རྫོང་གི་ལྷོ་ངོས་ཀྱི་རི་སྟེང་སྟེ་སྔོན་གྱི་དུ་བ་རྫོང་ཤུལ་དང་ཉེ་བའི་རི་གླང་ཆེན་འདྲ་བའི་མགོ་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། ཐོག་མར་ད་ལྟའི་དགོན་གནས་དེར་བཀའ་བརྒྱུད་[page 135] པའི་དགོན་ཆུང་ཞིག་ཡོད་སྐད་ལ། དེ་རྗེས་རྒྱལ་མཆོག་ལྔ་པའི་དུས་ད་ལྟའི་དགེ་ལུགས་པའི་དགོན་དེ་ཕྱག་བཏབ་གནང་མཛད། དགོན་དེ་གཞུང་དགོན་ཡིན་པ་ལ་དགའ་ལྡན་བྱང་རྩེའི་ཁོངས་ཡིན་སྟབས་མཁན་པོའང་བྱང་རྩེ་གྲྭ་ཚང་ནས་གཏོང་གནང་མཛད་ཀྱི་ཡོད། དགེ་འདུན་ཞལ་གྲངས་བརྒྱ་ལྷག་ཙམ་ཡོད་གསུངས། སྔོན་དགོན་དེར་འདུ་ཁང་ཀ་བ་བཞི་བཅུའི་གཙང་ཁང་ནང་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེག་གཉིས་ལྡན་དང་དེ་འབྲེལ་ཉེ་སྲས་བརྒྱད། འདུ་ཁང་ནང་རྗེ་ཡབ་སྲས་གསུམ་དང་། རྒྱལ་མཆོག་ལྔ་པ། བདེ་གཤེགས་མཆོད་རྟེན་བརྒྱད། ལྷག་པར་དུ་ནང་རྟེན་བཅུ་གསུམ་ཞེས་སྔོན་ཞྭ་ལུའི་བླ་མ་རྐྱང་འཁྲུངས་མ་ཞེས་པ་གནས་དེར་ཕེབས་ནས་བཅུད་ལེན་གནང་སྟེ་ཡུན་རིང་བཞུགས་པ་དང་། སྐུ་གཤེགས་རྗེས་བཞུ་འབུལ་ཞུས་པར་སྐུ་རུས་མ་འཚིག་པ་དང་། སྐུ་སྐེད་ཀྱི་ཚིགས་སྟེང་སྤྱན་རས་གཟིགས་སོགས་ལྷ་བཅུ་གསུམ་གྱི་རང་བྱོན་ཤིན་ཏུ་གསལ་བ་རྒྱུན་དུ་རིང་སྲེལ་ཕེབས་པ་སོགས་སྐུ་གསུང་ཐུགས་རྟེན་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད།

ད་ལྟ་གསར་བཞེངས་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་གཙང་ཁང་ནང་རྗེ་ཡབ་སྲས་གསུམ་དང་། མགོན་ཁང་ནང་སྲུང་མ་དམར་ནག་གཉིས་དང་། ཙིའུ་དམར་པོ། འདུ་ཁང་ནང་ཐུབ་པའི་སྐུ་བརྙན་སོགས་སྔོན་གྱི་སྐུ་འདྲའི་སྐུ་ཚབ་ཏུ་འཇིམ་སྐུ་མང་པོ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།

ལྷ་ལུང་དགོན།

མཚན་རྒྱས་པར་“ཐེག་མཆོག་རབ་རྒྱས་གླིང་”ཞེས་ཞུ། ད་ལྟའི་ལྷོ་བྲག་རྫོང་ངམ། རྡོ་གླིང་ཆོས་སྡེ་དགོན་ནས་སྤྱི་ལེ་ཉི་ཤུ་མ་ཟིན་ཙམ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་སོང་ན་ལྷ་ལུང་གྲོང་དབུས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྒྱ་བཟའ་ཀོང་ཇོས་“གནས་འདིར་ཁ་ཤར་གཏད་ཀྱི་ལྷ་ཁང་ཞིག་ཆགས་པ་ཤོག་”ཅེས་ཐུགས་སྨོན་གནང་བའི་བདེན་ཚིག་ལས། ཤར་མཁར་དུང་གི་ལྷ་ཁང་ཞེས་གཞུ་སྤུངས་བཟོ་དབྱིབས་ཀྱི་ལྷ་ཁང་[page 136] ཞིག་ཆགས།

སངས་རྒྱས་རབས་བདུན་གནས་དེར་འཕུར་ཕེབས་ནས་ལྷ་ཁང་དེར་བཞུགས་སུ་གསོལ་བས་ཡུལ་དེར་རྟེན་ཆགས་གཞུང་ཞེས་ཐོགས་ཚུལ་ཡང་དེ་ནས་བྱུང་ཟེར། དེ་རྗེས་ཆོས་རྒྱལ་མངའ་བདག་ཁྲི་རལ་གྱི་བྲེ་སྤུངས་དབྱིབས་ཅན་གྱི་གཙང་ཁང་སྦུག་མར་རྒྱ་ལུགས་ཀྱི་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་བཞེངས་གནང་མཛད། དེ་ནས་རྗེ་འབངས་ཉེར་ལྔའི་ནང་ཚན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱ་བསྐྱེད་གནང་། ལྷ་ལུང་དཔལ་རྡོར་འཁྲུངས་སའང་ཡུལ་དེའི་བྱང་ཤར་གྱི་ལྷ་ལུང་ཕུ་ཞེས་པར་འཁྲུངས། སྐུ་ལྷ་མཁའ་རི་ནས་རྩིས་ན་གཡོན་ཕྱོགས་ཡལ་བ་སའི་ཐིག་ལེར་འཁྲུངས་ཞེས་གསུངས། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་བཀྲོངས་ཏེ་མདོ་ཁམས་སུ་བྲོས་བྱོལ་དུ་ཕེབས་སྟབས་རེ་ཞིག་དགོན་དེ་ཉམས་ཆག་ཏུ་སོང་། དེ་ནས་ཕག་གྲུས་དབང་སྒྱུར་སྐབས་དཔའ་བོ་གཙུག་ལག་འཕྲེང་བས་སྲས་མཁར་དགུ་ཐོག་རྒྱ་སྐྱེད་གནང་བ་དང་དུས་མཚུངས་བཀའ་བརྒྱུད་པར་བསྒྱུར་གནང་མཛད། དེ་རྗེས་རྒྱལ་མཆོག་ལྔ་པའི་དུས་བསྒྱུར་གླིང་བཅུ་གསུམ་ཞེས་པའི་ཁོངས་སུ་རྙིང་དགོན་དུ་བསྒྱུར། བྱང་གཏེར་རྡོ་རྗེ་བྲག་དང་། ཤར་གཏེར་སྨིན་གྲོལ་གླིང་། ནུབ་གཏེར་རྡོ་རྗེ་གླིང་སྟེ་ཡུལ་རབ་དགོན་གསར། དབུས་གཏེར་སངས་རྒྱས་གླིང་སྟེ་རྩེད་ཐང་བན་ཚང་དགོན། ལྷོ་གཏེར་པད་མ་གླིང་པ་བཅས་གཏེར་ཆེན་ལྔ་ལས་དགོན་དེ་ནི་ལྷོ་གཏེར་པད་མ་གླིང་དུ་གྲགས། པད་མ་གླིང་པའི་སྐུ་སྐྱེ་ཀུན་བཟང་རང་གྲོལ་བར་སྐུ་ཐོག་བཅུ་གཅིག་བྱུང་། དགེ་འདུན་ཞལ་གྲངས་ཀྱང་བརྒྱ་ལྷག་ཡོད། སྔོན་ཤར་མཁར་དུང་གི་ལྷ་ཁང་ནང་སྨན་འདམ་གྱི་སངས་རྒྱས་རབས་བདུན་ཐོག་བརྩེག་གཉིས་ལྡན་དང་། གཙང་ཁང་སྦུག་མར་སྐུ་རྒྱུ་དེ་མཚུངས་ཀྱི་དུས་གསུམ་སངས་རྒྱས་ཐོག་སོ་ཉིས་ཐོག ཀུན་མཁྱེན་ཀློང་ཆེན་པའི་དབུ་ཀླད་རིང་སྲེལ་གྱི་ཕུང་པོ་སོགས་རྟེན་ཁྱད་པར་ཅན་དུ་མ་དགོན་དེར་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་སྔོན་གྱི་གཙུག་ལག་ཁང་ནང་རྙིང་མ་དང་། བཀའ་བརྒྱུད་སོགས་ཀྱི་ལྡེབས་རིས་རྙིང་མ་མང་པོ་དང་། གཟིམ་ཆུང་ཀུན་[page 137] བཟང་རྩེར་པད་མ་གླིང་པ་དང་། མངའ་བདག་ཉང་རལ་པ། སྨྲ་བོ་ལྕོག གུ་རུ་ཆོས་དབང་སོགས་ཀྱི་སྐུ་བརྙན་གསར་བཞེངས་གནང་བ་དང་། ཉང་ཆོས་གླིང་གསུམ་གྱི་མཛད་རྣམ་འཁོད་པའི་ལྡེབས་རིས་རྙིང་མ་ངོ་མཚར་ཅན་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་རྐང་ཐང་མར་ནུབ་ངོས་སུ་ཆུ་ཚོད་གཉིས་ཙམ་སོང་ན་རྫར་ལ་ཡག་པ་གྲོང་ཞེས་པའི་ཡུལ་དུ་གུ་རུ་ཆོས་དབང་གི་འཁྲུངས་ཡུལ་དང་། གདན་ས་སོགས་ཀྱི་རྗེས་ཤུལ་ཡང་མཇལ་རྒྱུ་ཡོད།

སྣ་མཁར་རྩེ་རྫོང་།

“སྣ་མཁར་རྩེ་”ཞེས་པ་ནི་རི་བྱ་ཁྱུང་གི་དབྱིབས་འདྲ་བའི་མཆུ་སྟེང་ངམ་སྣ་སྟེང་དུ་ཆགས་སྟབས་མིང་དེ་ལྟར་ཐོགས། སྔོན་གྱི་སྣ་མཁར་རྩེ་རྫོང་གི་མིང་རང་འཇགས་སུ་བཞག་སྟབས་ད་ལྟའི་རྫོང་ལའང་སྣ་མཁར་རྩེ་ཞེས་འབོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༨༠༢༢དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ༡༠༥༤ས་ཞིང་རྒྱ་ཁྱོན་མུའུ་ཁྲི་.རྩ་ཐང་རྒྱ་ཁྱོན་མུའུ་ཁྲི་༦༨༠མི་འབོར་ཁྲི་.རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༦༠༠༠བརྒལ་བའི་རི་བོ་དྲུག་ཙམ་དང་། རི་བོ་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༧༢༠༦ཙམ་གྱིས་ས་བབས་ཡིན་པ་བཅས།

བྲག་ར་དགོན།

མཚན་རྒྱས་པར་“བྲག་ར་བསམ་གཏན་ཆོས་གླིང་དགོན་”ཞེས་ཞུ། ལྷོ་བྲག་ལྷ་ལུང་དགོན་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་སྨོན་མདའ་ལ་བརྒྱབ་སྟེ་ཐུད་མཚོའམ་ཕུ་མ་གཡུ་མཚོར་འབྱོར། དེ་ནས་འབྲུག་པ་ཀུན་ལེགས་བཞུགས་གནས་ཆོས་རྫོང་གངས་རི་དང་། ལྷོ་ངོས་སུ་སྐུ་ལྷ་[page 138] མཁའ་རི་སོགས་མཇལ་བཞིན་བོ་ལ་བརྒྱབ་ནས་སྤྱི་ལེ་བརྒྱད་ཅུ་ཙམ་སོང་ན་ལམ་ཟུར་དུ་ཞོལ་བདེ་སྐྱིད་ནང་གྲོང་ཞེས་པའི་རྒྱབ་རིར་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བྲག་ར་སྐུ་ཕྲེང་དང་པོ་རཊྞ་ཞུ་བ་ཐོག་མར་དགོན་དེ་དང་ཉེ་བའི་སྐྱེས་སྡོང་ཞེས་པར་སྐུ་འཁྲུངས། ཆུང་དུས་ར་གཅིག་གི་ར་རྫི་གནང་ནས་བཞུགས། དེ་ནས་ར་དེ་ཕུ་མ་གཡུ་མཚོའི་རྒྱབ་ཏུ་བཅོལ་གནང་བས་ཡུལ་དེར་ད་ལྟའང་ར་བཅོལ་ཞེས་ཟེར། དེ་ནས་ར་དེ་རྐྱང་ཙམ་ཆགས་པས་ར་རྐྱང་ཞེས་པའི་ཡུལ་མིང་ཡང་དེ་ནས་བྱུང་གསུངས། དེ་ནས་ད་ར་ཁྱོད་གང་དུ་སོང་ཡང་ང་དེར་སྡོད་ཀྱི་ཡིན་གསུངས་པར་ར་དེ་ད་ལྟའི་དགོན་ཆགས་ཡུལ་དུ་ཉལ་ནས་མ་ལངས་སྟབས་དགོན་དེ་དེ་ལྟར་ཆགས། “བྲག་ར་དགོན་”ཞེས་པའི་མཚན་ཡང་དེ་ལྟར་བྱུང་། དེ་ནས་ཇུན་གར་དམག་མིས་རྐྱང་དེད་ཡོང་བ་བླ་མ་སྐུ་རྐྱང་གིས་བཀག་གནང་བ་དང་། ཡང་རྟ་ངར་མ་ལ་བསྐྱོན་པས་མ་གཡུགས་པ། སྐུ་གཟན་ཉི་ཟེར་ལ་བཀལ་གནང་བ་བཅས་ཀྱིས་དགོན་པ་མ་སྟོར། སྡིག་བཤགས་སུ་གནས་དེར་ལྕང་མ་མང་པོ་བཙུགས་ཞེས་ཟེར། དེ་རྗེས་སྐུ་ཐོག་བཞི་པ་ཀུན་བཟང་པད་མ་གྲོལ་འདུལ་རྡོ་རྗེ་འཆང་གིས་རྡོ་བྲག་གི་མཁན་པོ་གནང་རྗེས་བཀའ་བརྒྱུད་ནས་སྙིང་ཐིག་ཏུ་བསྒྱུར་གནང་མཛད། ཤེལ་བྲག་ནས་མཆོད་རྟེན་དང་སྐུ་བཅུ་གཉིས་གཏེར་ལས་བཞེས་པ་དགོན་དེ་ཉམས་ཆག་མ་བྱུང་བར་དུ་མཇལ་རྒྱུ་ཡོད། དགེ་འདུན་ཞལ་གྲངས་ཀྱང་ཉི་ཤུ་ཙམ་ཟིན། ད་ལྟ་འཚོ་བཞུགས་རྣམ་གྲོལ་མདོ་སྔགས་བསྟན་འཛིན་རྡོ་རྗེ་བར་སྐུ་ཕྲེང་དྲུག་ཙམ་བྱུང་། སྔོན་དགོན་དེར་གོང་གསལ་སྐུ་འདྲ་གཏེར་མ་དེ་དག་དང་། དངུལ་གྱི་རྣམ་རྒྱལ་མཆོད་རྟེན་ཐོག་བརྩེག་གཅིག་ཙམ་ལ་ཕ་ལམ་སོགས་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་བཏབ་པ། སྨན་འདམ་གྱི་རྒྱ་གར་རིག་འཛིན་བརྒྱད་དང་། གུ་རུ་མཚན་བརྒྱད་སོགས་སྐུ་གསུང་ཐུགས་རྟེན་རྣམས་བཞུགས་སུ་གསོལ་ཡོད།

ད་ལྟ་གསར་བཞེངས་གནང་བའི་དགོན་དེའི་འདུ་ཁང་ནང་རྟེན་གཙོ་སྨན་འདམ་གྱི་སྟོན་པའི་སྐུ་ཐོག་བརྩེག་གཉིས་ཙམ་དང་། སྐུ་རྒྱུ་དེ་འདྲའི་གུ་རུ་[page 139] མཚོ་སྐྱེས་རྡོ་རྗེ་དང་། གུ་རུ་རིན་ཆེན་དོན་གྲུབ་སོགས་སྔོན་གྱི་སྐུ་འདྲའི་སྐུ་ཚབ་གསར་བཞེངས་གནང་བ་མང་པོ་མཇལ་རྒྱུ་ཡོད།

དགོན་དེའི་རི་རྒྱབ་ཏུ་བྲག་རཊྞ་མེ་གླིང་ཞེས་པའི་ཇོ་དགོན་གྱི་རྗེས་ཤུལ་ཞིག་ཀྱང་མཇལ་རྒྱུ་ཡོད།

སྟག་ལུང་དགོན།

མཚན་རྒྱས་པར་“སྟག་ལུང་མཐར་གླིང་ཆོས་སྡེ་”ཞེས་ཞུ། བྲག་ར་དགོན་ནས་འཁོར་ལམ་བརྒྱུད་སྤྱི་ལེ་དགུ་ཙམ་སོང་ན་སྟག་ལུང་གྲོང་གི་དབུས་སམ། གྲྭ་ཚང་རྩེའི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། “སྟག་ལུང་”ཞེས་པ་ནི་ཐོག་མར་གནས་དེར་ནགས་ཚལ་ཡིན་པ་ལ་སྟག་ལ་ཞེས་པའི་ལ་སྟེང་ནས་སྟག་ཐོན་པས་སྟག་ལུང་ཞེས་པ་དེ་ལྟར་བྱུང་གསུངས། དགོན་དེ་ནི་ཐོག་མར་རྒྱལ་པོ་གོ་དན་སྐབས་བཞེངས་པ་ཡིན་ཚོད་ལྡེབས་རིས་ལས་གསལ་ཞེས་དང་། དེ་རྗེས་སྟག་ཚང་ལོ་ཙཱ་བ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱིས་རྒྱ་བསྐྱེད་གནང་། ས་སྐྱ་མཚར་ལུགས་ཕྱག་བཞེས་གནང་བ་ཡིན་། དགེ་འདུན་ཞལ་གྲངས་སྟོང་ཁ་ཉེ་བ་བྱུང་སྟབས་སྟོང་ཁྲོ་ཞེས་ཚོགས་ཁྲོ་ཆེན་པོ་ཞིག་ཀྱང་ཡོད། སྔོན་དགོན་དེའི་གཙང་ཁང་སྦུག་མར་རྒྱ་བཟའ་དང་། བལ་བཟའ་བཞེངས་གནང་བའི་གསེར་ཟངས་ཀྱི་དུས་གསུམ་སངས་རྒྱས་ཐོག་སོ་གཉིས་ལྡན་རྒྱབ་ཡོལ་ཙན་དན་དཀར་དམར་ལས་གྲུབ་པ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་ནས་ཡོད་པ་དང་། འདུ་ཁང་ནང་སྡེ་སྲིད་སྣ་མཁར་རྩེའི་ཡུམ་གྱི་འཁྲུངས་རྟགས་གསེར་རའི་མཆིན་པ་ཙམ་བཏང་བའི་གནས་བརྟན་བཅུ་དྲུག་གི་ཞལ་ཐང་བཅུ་དྲུག་ནང་ལྟུང་བཤགས་ལྷ་སོ་ལྔ་དང་བཅས་པ། ཀླུས་ཕུལ་ཞེས་གྲགས་པའི་རྡོ་ནག་གི་མགོན་པོ་བེང་གི་སྐུ་བརྙན། དགོན་དེ་ཉམས་གསོ་གནང་སྐབས་ལྟེ་བ་ལས་ཁྲག་ཐོན་པའི་ཡེ་ཤེས་དགོན་པོའི་ལྡེབས་རིས། གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད།

ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་སྔོན་གྱི་དུས་གསུམ་སངས་རྒྱས[page 140] ་ཀྱི་བཞུགས་ཁྲི་དང་རྒྱབ་ཡོལ་རང་འཇགས་སྟེང་གསར་བཞེངས་སྨན་འདམ་གྱི་དུས་གསུམ་སངས་རྒྱས་དང་། ཉེ་སྲས་སྔོན་གྱི་སྐུ་བརྙན་དེ་རང་། སྔོན་གྱི་གནས་བཅུའི་ཞལ་ཐང་གཅིག་ཇུན་གར་དམག་རྗེས་ས་འོག་ནས་ཐོན་པའི་ཐུབ་པ་ལ་བྱན་མ་ཞེས་པ། མགོན་ཁང་ནང་ཡེ་ཤེས་དགོན་པོ་དང་། ལྷ་མོ་སོགས་རྟེན་རྙིང་། གཞན་ཡང་ཡེ་ཤེས་མགོན་པོའི་ལྟེ་བ་ལས་ཁྲག་ཐོན་པ་སོགས་ལྡེབས་རིས་རྙིང་མ་མང་པོ། གསར་བཞེངས་གུ་རུ་ལྷ་ཁང་ནང་གུ་རུ་སྣང་སྲིད་ཟིལ་གནོན་ཐོག་བརྩེག་གསུམ་ལྡན་དང་། མ་ཎི་དུང་ཉེར་གཅིག་བཞུགས་པའི་མ་ཎི་ལྷ་ཁང་། སྤྱན་རས་གཟིགས་ཀྱི་ཐུགས་ཀར་རྡོ་ནག་གི་ཨ་རང་བྱོན་བཞུགས་པ་སོགས་མཇལ་རྒྱུ་ཡོད།

དགོན་དེའི་རྒྱབ་རིར་གྲྭ་ཚང་གོང་སྟེ་རྩེ་སྤྲུལ་རིན་པོ་ཆེའི་དགོན་ཤུལ་གྱང་གོག་མཇལ་རྒྱུ་ཡོད།

ཆོས་སྡེ་དགོན།

མཚན་རྒྱས་པར་“མངོན་དགའ་ཆོས་སྡེ་དགོན་”ཞེས་ཞུ། སྟག་ལུང་དགོན་ནས་འཁོར་ལམ་བརྒྱུད་སྤྱི་ལེ་བཅུ་ལྷག་ཙམ་སོང་ན་ད་ལྟའི་སྣ་མཁར་རྩེ་རྫོང་དུ་འབྱོར་ཞིང་དེའི་རྒྱབ་རིའི་གཡས་ངོས་ཀྱི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བླ་བརྒྱུད་འཆི་མེད་དཔལ་བཟང་ཞུ་བས་ཕྱག་བཏབ་གནང་མཛད། གྲུབ་མཐའ་རིས་མེད་བོ་དོང་གི་ཕྱག་བཞེས་གནང་གི་ཡོད། སྔོན་འདུ་ཁང་ཀ་བ་ཉི་ཤུའི་ནང་རྟེན་གཙོ་ཐུབ་དབང་ལི་མ་ཐོག་བརྩེག་གཉིས་ལྡན་དང་། གཡས་སུ་ཇོ་བོ་མི་སྐྱོད་རྡོ་རྗེ་གཏེར་མ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་བརྙན་སོགས་དང་ལྷག་པར་དུ་ཆོས་དུང་དཀར་པོ་རྒྱང་གྲགས་ཞེས་ས་སྐྱར་ཕོ་དུང་དང་། དགོན་དེར་མོ་དུང་། མགོན་པོ་ཞལ་གྱི་རང་བྱོན་སོགས་བཞུགས་སུ་གསོལ་བ་རེད།

སྔོན་གྱི་དགོན་ཤུལ་རི་སྟེང་དུ་ཡིན་པ་ལ་ད་ལྟ་རི་དེའི་གཡས་ཟུར་དུ་སྤོས་[page 141] ཏེ་གསར་བཞེངས་གནང་བའི་འདུ་ཁང་ནང་རྟེན་གཙོ་སྨན་འདམ་གྱི་སྟོན་པ་མི་ཚད་ལྷག་དང་། སྐུ་རྒྱུ་དེ་འདྲའི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་བརྙན། ཆོས་དུང་དཀར་མོ་རྒྱང་གྲགས། མགོན་པོ་ཞལ་གྱི་རང་བྱོན་སོགས་མཇལ་རྒྱུ་ཡོད།

བསམ་སྡིངས་དགོན།

མཚན་རྒྱས་པར་“དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་བསམ་གྲུབ་ཆོས་ཀྱི་སྡེ་”ཞེས་པའམ། “མཁའ་སྤྱོད་སྡིངས་བསམ་གཏན་ཆོས་འཁོར་གླིང་”ཞེས་ཞུ། ད་ལྟའི་སྣ་མཁར་རྩེ་རྫོང་ངམ་ཆོས་སྡེ་དགོན་ནས་ཤར་ངོས་སུ་སྤྱི་ལེ་བདུན་བརྒྱད་ཙམ་འཁོར་ལམ་བརྒྱུད་སོང་ན་གླིང་སྨད་གྲོང་གི་རྒྱབ་ངོས་རི་སྟེང་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེ་སྟེ་བོད་ཀྱི་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་ཕེབས་པ་དེ་དག་ལས་མཆེད་པ་མངའ་རིས་གུང་ཐང་དུ་ཁྲི་བསོད་ནམས་རྒྱལ་མཚན་དང་། ཁྲི་ལྷ་དབང་རྒྱལ་མཚན་གཉིས་བྱུང་བ་ལས། ཁྲི་ལྷ་དབང་རྒྱལ་མཚན་དང་། བཙུན་མོ་མདོ་སྡེ་རྒྱལ་པོ་གཉིས་ལ་ཁྲི་རྣམ་རྒྱལ་ལྡེ་དང་། ནམ་མཁའ་ནོར་བུ། ལྕམ་སྲིང་ཨ་གྲོལ་ཆོས་ཀྱི་སྒྲོན་མེ་བཅས་གསུམ་བྱུང་བ་ལས་མཐའ་ཆུང་འདི་ཉིད་སྐུ་གཞོན་ནུའི་དུས་ནས་འཁོར་བའི་ཆོས་དང་སྲིད་པའི་དཔལ་ལ་ཆགས་པ་ནི་འཁོར་བར་འཆིང་བའི་རྒྱུ་ཉིད་དུ་དགོངས་ནས་འཇིག་རྟེན་གྱི་བྱ་བ་ལས་རིང་དུ་འདས་ཏེ་ཀློག་པ་ལ་སོགས་ཚེགས་མེད་མཁྱེན་པས་ཐོས་བསམ་གྱི་རྩལ་ཉིན་བཞིན་འཕེལ་བར་གྱུར་པ་དེ་ཉིད་ནི། མཚོ་རྒྱལ་གྱི་གསུང་རྣམ་ནང་དུའང་། “འཕྲིན་ལས་གསུང་སྤྲུལ་མངའ་རིས་སྤྲུལ་པ་སྟོན་”ཞེས་དང་། མཆོད་བརྗོད་ནང་དུའང་། “གུང་ཐང་རྒྱལ་པོའི་རིས་སུ་པད་འབྱུང་གིས། །ལུང་བསྟན་མངོན་འགྱུར་ཆོས་ཀྱི་སྒྲོན་མེ་ཞེས། །འཇིགས་བྲལ་ཞབས་དང་གྲུབ་ཆེན་ཐང་རྒྱལ་བས། །རྗེས་བཟུང་གྲུབ་མཆོག་བརྙེས་ལ་གསོལ་བ་འདེབས། །”ཞེས་ལུང་དང་མཐུན་པ་དེ་ཉིད་བོ་[page 142] དོང་ཕྱོགས་ལས་རྣམ་རྒྱལ་ལས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་རྒྱལ་མོར་མངའ་གསོལ། སྡེ་སྣོད་ཀྱི་ཆོས་མཐའ་ཡས་པ་དང་། སྨིན་གྲོལ་གྱི་ཁྲིད། མན་ངག་ལུང་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། དབུས་གཙང་ཀུན་ལ་ཕྱག་ཕྱིར་བྱོན་པར་མཛད་པས་གྲུབ་ཐོབ་ཐང་སྟོང་དང་མཇལ་ཏེ་གསང་སྔགས་གསར་རྙིང་གི་ཆོས་མང་པོ་གསན། དེ་ནས་གྲུབ་ཐོབ་ཀྱི་བཀའ་ལྟར་ཙ་རི་ཅིག་ཅར་དུ་སྒྲུབ་པ་ཡུན་རིང་མཛད། ཡར་ལམ་མི་དབང་གྲགས་པ་རྒྱལ་མཚན་གྱི་བསུ་བའི་བཀོད་པ་དང་བཅས་ཆོས་རྒྱལ་ཉིད་ཀྱི་དཀོར་མཛོད་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་ལོ་ཆ་ཚང་དང་། སྙན་གཡུ། སྐུ་རྒྱན་བཅས་ཕུལ་ནས་བསྟན་འགྲོའི་དཔལ་ཡོན་དམ་པ་བསོད་ནམས་ཀྱི་ཞིང་དུ་བདག་གིར་མཛད་དུ་གསོལ་ཞེས་ཞུས། དེ་ནས་མཁའ་འགྲོ་སེང་གདོང་མའི་ལུང་བསྟན་དང་། མཁའ་འགྲོ་སེང་གདོང་མ་ད་ལྟའི་དགོན་དེ་ཆགས་ཡུལ་དུ་ཐིམ་པའི་གཟིགས་སྣང་བྱུང་བས་ཡར་འབྲོག་ཏུ་བྱོན། དེ་ནས་འབྲོག་ཁྲི་དཔོན་གྱིས་མཐུན་རྐྱེན་བསྐྲུན་ནས་སྤྱི་ལོ་༡༤༤༠ལོར་བླ་མ་གཅིག་དང་གྲྭ་པ་དྲུག་ལས་གྲུབ་པའི་སྒྲུབ་སྡེ་ཆུང་ངུ་ཞིག་བསྐྲུན་གནང་མཛད། སྐུ་ཕྲེང་བདུན་པ་ཆོས་སྒྲོན་དབང་མོས་ཇུན་གར་དམག་དཔུང་དགོན་དེར་འབྱོར་སྐབས་ཕག་རྒོད་འཇིགས་སུ་རུང་བ་མེ་འོད་ཚག་དང་བཅས་འཕྲོ་བ་ཞིག་ཏུ་སྤྲུལ་ནས་བཞུགས་པས་གདུག་རྩུབ་ཀྱི་བསམ་ངན་དེ་མར་ཞི་ནས་ཁྲབ་རྨོག་འཁོར་གསུམ་ཕུལ་ཏེ་དགོན་དེར་མི་གནོད་རྒྱུའི་དམ་བཅའ་ཕུལ། སྐུ་ཕྲེང་བརྒྱད་པ་སྐལ་བཟང་མཆོག་ལྡན་བདེ་ཆེན་དབང་མོ་གོང་མ་ཆན་ལུང་གིས་མ་ཧྭ་ཙི་ནའི་རྒྱལ་ཁབ་ཏུ་གདན་དྲངས། དཀར་ཡོལ་ཡུ་རིང་དང་། བྱུ་རུའི་སྡོང་པོ། ཤིང་བྱང་ལ་གོང་མ་སྟོན་འཁོར་དང་རྒྱ་ཡིག་བྲིས་པ་སོགས་སྐྱེས་མང་པོ་ཕུལ། ད་ལྟ་འཚོ་བཞུགས་བདེ་ཆེན་ཆོས་ཀྱི་སྒྲོན་མེ་བར་སྐུ་ཕྲེང་བཅུ་གཉིས་བར་བྱུང་། དགེ་འདུན་ཞལ་གྲངས་བདུན་ཅུ་ཙམ་བར་འཕེལ། བོ་དོང་གི་ལུགས་ཞེས་ས་དགེ་བཀའ་རྙིང་རིས་མེད་ཕྱག་བཞེས་གནང་གི་ཡོད། སྔོན་དགོན་དེའི་འདུ་ཁང་ཀ་བ་བཅུ་གཉིས་དང་།[page 143] གཙང་ཁང་ཀ་གཉིས་ནང་འབྲོག་ཁྲི་དཔོན་གྱིས་བཞེངས་པའི་གསེར་ཟངས་ཀྱི་ཐུབ་དབང་གཟུངས་སུ་སངས་རྒྱས་ཀྱི་རིང་བསྲེལ། མཛོད་པུར་པད་རག་བཞུགས་པ་ཐོག་སོ་ཉིས་ཐོག་དང་། འཇིམ་སྐུ་ལས་གྲུབ་པའི་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་འདྲ་སྐུ་ཚེམས་བྱོན་མ་དང་། དེའི་གཡས་གཡོན་དུ་གསེར་ཟངས་ཀྱི་དུས་འཁོར་དང་བདེ་མཆོག མཐའ་འཁོར་དུ་ཉེ་སྲས་བརྒྱད་དང་ཁྲོ་བོ་བཅས་ཀྱི་འཇིམ་སྐུ་ཐོག་སོ་རེ། འདུ་ཁང་ནང་གསེར་ཟངས་ཀྱི་ཕྱོགས་ལས་རྣམ་རྒྱལ་གསུང་འབྱོན་མི་ཚད་མ། ལི་མའི་དགྱེས་རྡོར་ལྷ་དགུ་ཁྲུ་གང་ཙམ། ཡིད་དམ་དང་ཆོས་སྐྱོང་ཁག་གི་གཉན་ཐང་སོགས་མང་པོ་ཡོད། གསང་སྔགས་ཕོ་བྲང་ཀ་བ་བཅུ་གཉིས་ནང་བཀའ་བློན་བཤད་གྲྭ་དོན་གྲུབ་རྡོ་རྗེས་སྦྱིན་བདག་མཛད་པའི་དངུལ་གདུང་བྱང་ཆུབ་མཆོད་རྟེན་དང་། གཡོན་དུ་རྣམ་རྒྱལ་མཆོད་རྟེན་གཡས་སུ་བྱང་ཆུབ་མཆོད་རྟེན་བཅས་ཐོག་སོ་གཉིས་ལྡན་ཁྲ་རྒྱན་སྣ་ཚོགས་ཀྱིས་སྤུད་པ་སོགས་ཇི་སྙེད་ཅིག་མཇལ་རྒྱུ་ཡོད།

ད་ལྟ་སྔོན་གྱི་གཙུག་ལག་ཁང་གི་ཕྱེད་ཙམ་སྟེ་ཤར་ངོས་ཀྱི་གྱང་རོའི་སྟེང་གསར་བཞེངས་གནང་བའི་གཙང་ཁང་ནང་ཐུབ་དབང་བདུད་འདུལ་མའི་འཇིམ་སྐུ་ཐོག་སོ་གཉིས་ལྡན་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་དང་། འདུ་ཁང་ནང་འཇིམ་ལས་གྲུབ་པའི་བོ་དོང་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་ཕག་མོ། གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་སྔོན་གྱི་སྐུ་འདྲའི་སྐུ་ཚབ་མང་པོ་གསར་བཞེངས་གནང་ཡོད་ལ། ཨི་ཌ་ལིར་པར་དུ་བསྐྲུན་པའི་བོ་དོང་གི་གསུང་རྩོམ་པོད་བརྒྱ་ལྷག་དེང་དུས་ལུགས་གསར་གྱི་དེབ་ཏུ་བཀོད་པ་སོགས་མཇལ་རྒྱུ་ཡོད།

དགོན་དེ་ནས་ཤར་ངོས་སུ་འཁོར་ལམ་སྤྱིར་བཏང་བ་བརྒྱུད་རྐང་ཐང་མར་ཉིན་གཅིག་ཙམ་ཕྱིན་ན་ཁྲམ་ཞེས་པའི་ཡུལ་དུ་ཡར་འབྲོག་ཡོན་པོ་རྡོ་ཞེས་པ་དེར་སླེབས་ཀྱི་རེད། དགོན་དེ་ནི་རིག་འཛིན་ཆེན་མོ་མདོ་སྔགས་འབྱུང་གནང་ཀྱིས་ཕྱག་བཏབ་གནང་བ་དང་། ཡོན་པོ་རྡོ་ཞེས་པ་ནི་སྒྲོལ་མ་ཉེར་གཅིག་དུས་གཅིག་ཏུ་ཞལ་གཟིགས་པའི་གནས་རྡོ་ཆེན་པོ་ཞིག་ཡོད་སྟབས་ཡོན་[page 144] པོ་རྡོ་ཞེས་པའི་མཚན་དེ་ལྟར་བྱུང་ཞེས་གསུངས། དགོན་དེ་གནས་ཡུལ་ནི་མཚོ་དཀྱིལ་རི་འབུར་གྱི་པང་ཁར་ཆགས་ཡོད་པ་དང་། དགོན་དེའི་མདུན་ངོས་མཚོ་ནང་དུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཕྱག་གཡས་པའི་ཕྱག་རྗེས་གསལ་བས། དེའང་ལེའུ་བདུན་པ་ལས་“གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག་”ཅེས་པའི་མཚོ་ཆེན་བཞིའི་ནང་ཚན་ཞིག་ཡིན། རི་བོའི་རྩེ་མོར་རྗེ་འབངས་ཉེར་ལྔའི་བླ་ཤིང་ཞེས་ཤུག་སྡོང་ཉི་ཤུ་རྩ་ལྔའང་ཡོད། ད་ལྟ་ཉམས་གསོ་གནང་བའི་དགོན་གནས་རྟེན་དང་བཅས་པ་མཇལ་རྒྱུ་ཡོད་ལ། ད་དུང་གུ་རུ་རིན་པོ་ཆེ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་སྒྲུབ་གནས་དང་གཞན་ཡང་ཡོན་པོ་རྡོའི་གནས་རྡོ་སོགས་མཇལ་རྒྱུ་ཡོད།

ཡང་ཡར་འབྲོག་བསམ་གླིང་ནས་སྤྱི་ལེ་བརྒྱ་ལྷག་དང་། མཚོ་སྨད་ནས་སྤྱི་ལེ་དྲུག་ཅུ་ལྷག་ཙམ་སོང་ན་བཙན་ཆེན་མདོ་ཞེས་པར་ཤིང་རྩ་དགོན་ཞེས་པ་དེ་མཇལ་རྒྱུ་ཡོད། ཤིང་རྩ་ཞེས་པ་ནི་ཤིང་པ་མ་སྐྱེས་པའི་རི་འདབས་སམ་རྩ་བ་ལ་ཆགས་པས་མཚན་དེ་ལྟར་བྱུང་། དགོན་དེ་ནི་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སློབ་མའི་སློབ་མ་གྲགས་པ་རིན་ཆེན་ཞུ་བས་ཕྱག་བཏབ་གནང་མཛད། ད་ལྟ་འཚོ་བཞུགས་ཤིང་རྩ་བསྟན་འཛིན་ཆོས་གྲགས་བར་སྐུ་ཕྲེང་བཅུ་བཞི་བྱུང་། འབྲུག་པ་བཀའ་བརྒྱུད་ཕྱག་བཞེས་གནང་གི་ཡོད། སྔོན་དགོན་དེར་ཤིང་རྩ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་བྲིས་མ་ཇི་སྙེད་ཅིག་བཞུགས་སུ་གསོལ་ཡོད། དགེ་འདུན་ཞལ་གྲངས་ཀྱང་སུམ་ཅུ་ཙམ་ཡོད། ཤིང་རྩ་སྒྲུབ་སྡེ་ཞེས་སྒྲུབ་པ་ཁོ་ན་བསྐྱོན་ནས་བཞུགས་པ་རེད། སྔོན་རྟེན་གཙོ་གསེར་ཟངས་ཀྱི་རྒྱལ་བ་མི་འཁྲུགས་པ་གཙོ་འཁོར་གསུམ་མི་ཚད་ལྷག་དང་། ལི་མའི་སངས་རྒྱས་སྟོང་སྐུ། བཀའ་འགྱུར་ལྷ་ཁང་ནས་བཀའ་འགྱུར་བྲིས་མ། ཀ་དྲུག་ལྷ་ཁང་ནང་གྲགས་པ་རིན་ཆེན་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱི་དངུལ་གདུང་དང་། སྨན་འདམ་གྱི་འདྲ་སྐུ་སོགས་ཡོད། རས་རྐྱང་ཞེས་རྩ་རླུང་ལ་རང་དབང་ཐོབ་པའི་སློབ་མ་སྟོང་ཚོ་བརྒལ་བ་བྱུང་མྱོང་ཡོད་གསུངས། ད་ལྟ་སྔོན་གྱི་དགོན་ཤུལ་གྱི་གཤམ་[page 145] དུ་སྐོར་ལམ་རིམ་པ་གསུམ་ལྡན་གྱི་འདུ་ཁང་ཞིག་བསྐྱོན་བཞིན་ཡོད་པ་བཅས་ལྷོ་ཁ་ས་ཁུལ་གྱི་རྫོང་ཁག་བཅུ་གཉིས་ཀྱི་གནས་བཤད་གཡས་སྐོར་དུ་བྱས་ནས་བསྒྲིགས་པ་འདི་ཉིད་གནས་སྐབས་འདིར་འཇོག་པ་ལགས་སོ།

མཇུག
སྨྲས་པ།

ཨ་ལ་ལ་མོ་མཐོན་པོའི་རྩེ་མོ་ནས་བལྟས་པས།།

སྤྲིན་དཀར་ཞོ་གསར་འདྲ་བ་མུ་འབྲེལ་གྱི་རི་རྩེའི།།

མགུལ་ནས་འཁྱུད་བྱས་ཅི་འདོད་རྩེ་དགའ་ལ་རོལ་ཚུལ།།

ཟག་མེད་བདེ་བ་སྟེར་བའི་ངང་ཚུལ་དུ་གོ་ཡང་།།

སྲིད་པའི་གངས་རི་བཞུར་བའི་བྲོག་ཤུར་གྱི་རྒས་ཉམས།།

སྔོན་མོའི་གཡུ་མཚོ་བྲི་བའི་རྗེས་ཤུལ་གྱི་སྐྱོ་སྣང་།།

གདོད་མའི་ནགས་ཚལ་བྲེག་པའི་རྩ་བ་ཡི་རང་རོང་།།

བདག་མེད་སྲོག་ཆགས་བསད་པའི་ཤ་ཁྲག་དང་པགས་པ།།

སྔོན་བྱོན་མེས་པོས་བསྐྲུན་པའི་ཁང་བཟང་གི་གྱང་གོག །

དེ་དག་མཐོང་བས་ནང་བཅུད་སེམས་ཅན་ནི་ལོས་ཡིན།།

ཕྱི་སྣོད་འཇིག་རྟེན་འདིའང་མི་རྟག་པར་མཐོང་ནས།

བསམ་བློ་ནང་དུ་བཀུག་སྟེ་རང་ཐོག་ལ་བཏང་དུས།།

མི་ལོ་བརྒྱ་ཕྱེད་ལྔ་བཅུ་སྟོང་ཟད་དུ་སོང་འདུག །

ཤུལ་དུ་བཞག་རྒྱུ་མི་གཙང་ཕུང་པོ་དང་ཁང་གོག །

རོ་གོག་གསུམ་གྱིས་གཞན་ལ་བསུན་སྣང་ལས་ཅི་འོང་།།

མཉམ་དུ་འཁྱེར་རྒྱུ་ལས་ངན་བྱས་བསགས་ཀྱི་སྡིག་ལྟུང་།

ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཚུལ་དེ་ཅི་དྲག །

ད་ནི་གྲངས་གསོག་ཙམ་ལས་མི་འོང་བ་འདུག་སྙམ།།

[page 146]

སྙམ་ཡང་དེ་ཡིས་ས་ཆོད་འོང་དཀའ་བ་འདུག་པས།།

དེ་བས་ཡངས་པའི་ས་མཐའ་བསྐོར་རྒྱུ་རུ་ཐག་བཅད།།

བཅད་དེ་རྒྱལ་ཁམས་སྐོར་ནས་འགྲོ་བཞིན་པའི་སྐབས་སུ།།

སྐབས་སུ་བབས་པ་སེམས་ལ་ཐུག་པ་དེ་ཤེས་བྱུང་།།

ཤེས་ཀྱང་རང་གིས་དེ་ལྟར་མི་འོང་པ་འདུག་ལ།།

ལ་ཆེན་ཀུན་གྱིས་འདི་ཐད་དང་དོད་ཅང་མིན་འདུག །

འདུག་སྟངས་འགྲོ་སྟངས་དེ་འདྲ་ཞེ་ཅིག་ཀྱང་གནང་དུས།།

དུས་ངན་མཐའ་ལ་ཐུག་པ་མིན་ནམ་ཡང་སྙམ་བྱུང་།།

སྙམ་ཡང་སྲེད་ཞེན་ཕྲ་མོས་ལྷག་བསམ་གྱི་རྒྱུད་བསྐུལ།།

གནས་སྐོར་འགྲོ་བཞིན་གནས་ཡིག་འབྲི་བ་ཡི་སྒོ་བརྩམས།།

བརྩམ་བྱ་འདི་འདྲ་མཁས་པའི་མཚན་ཅན་ལ་མིན་ཡང་།།

དད་ལྡན་གནས་སྐོར་བ་ལ་ལམ་ཡིག་གི་ཚུལ་དང་།།

ང་རང་མུ་ཏོ་བ་ལ་ཤུལ་བཞག་གི་ཚུལ་གཉིས།།

མཁྱེན་ཡངས་ཉམས་ཞིབ་པ་ལ་དཀར་ཆག་གི་ཚུལ་གསུམ།།

ཕྱིས་རབས་གཞོན་སྐྱེས་པ་ལ་བརྗེད་ཐོ་ཡི་ཚུལ་བཞི།།

ཚུལ་བཞིར་དམིགས་ཏེ་བྲིས་པའི་ལམ་ཡིག་གི་དེབ་ཆུང་།།

མེ་ཏོག་ཆུང་ཡང་ལྷ་རྫས་མཆོད་སྤྲིན་གྱི་དཔེ་ལྟར།།

དབུས་གཙང་མཚམས་ཀྱི་གམ་པ་ལ་མོ་ཡི་རྩེ་ནས།།

བསོད་ནམས་ཞིང་གི་ཚོམ་བུའི་དབུས་ཕྱོགས་སུ་འབུལ་ལོ།།

ཞེས་དང་། གཞན་ཡང་གནས་ཡིག་འདི་འབྲི་རྩོམ་བྱེད་པའི་ནང་སྤེན་པ་བཀྲ་ཤིས་དང་། ཨེམ་རྗེ་ཚེ་རིང་ཆོས་འཕེལ། གཅུང་ཐུབ་བསྟན་བཅས་ནས་གང་ཅིའི་མཐུན་རྐྱེན་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་ཀྱང་ཞུའོ།།

པར་སྐྲུན་ཆ་འཕྲིན།

རྩོམ་སྒྲིག་འགན་འཁུར་པ། ངག་དབང་ཕུན་ཚོགས།

责任编辑:阿旺平措

མཛེས་ཆ་ཇུས་འགོད་པ། ཀརྨ་རྡོ་རྗེ་ཚེ་རིང་།

装帧设计:吾 要

༄༅། ། གངས་ཅན་ལྗོངས་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་

-ལྷོ་ཁ་ས་ཁུལ་གྱི་གནས་ཡིག

ཆོས་འཕེལ་གྱི་བརྩམས།

མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམས་སྤེལ་བྱས།

(པེ་ཅིང་ཧོ་ཕིང་ལི་བྱང་ལམ་ཨང་14པ། སྦྲག་ཨང་100013

ཁ་པར་ཨང་གྲངས་64234411-6524)

ཏི་ཞིན་པར་ཁང་ནས་པར་བཏབ།

2002ལོའི་ཟླ་6པར་པར་གཞི་དང་པོ་བསྒྲིགས།

2002ལོའི་ཟླ་6པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

དེབ་ཚད། 850×1168 1/32 པར་ཤོག 5.625

དཔར་གྲངས། 0001་-་4000 དེབ་རེར་སྒོར16.00

图书在版编目(CIP)数据

雪域圣迹导游—山南/群培著.—北京:民族出版社,2002.6

ISBN 7—105—05049—7

I.雪…II.群…III.旅游指南—山南地区—藏语

IV.K928.975.2

中国版本图书馆CIP数据核子(2002)第030397号

民族出版社出版发行

(北京市和平里北街14号 邮 编 100013)

http://www.e56.com.cn

迪鑫印刷厂印刷

各地新华书店经销

2002年61月第1版 2002年6月北京第1次印刷

开本:850×1168 1/32印张:5.625

印 数:0001-4000册 定价:16.00元

该书如有印装质量问题,请与本社发行部联系退换

(电话:64234411 – 6524; 发行部电话:64234411 – 6509)

ལྷོ་ཁ་ས་ཁུལ་གྱི་གནས་ཡིག
Collection Tibetan Monastic Guidebooks
Visibility Public - accessible to all site users
UID mandala-texts-13154
DOI