སྟག་རིག་གི་གྱོད་བཤད་སྲོལ་སྐོར་ལ་རགས་ཙམ་དཔྱད་པ་བྱུ་རུའི་མགུལ་རྒྱན།
ཤཀྱཱ་བཀྲ་ཤིས་ཚེ་རིང་། ཀན་སུའུ།
སྟག་རིག་ནི་མདོ་སྨད་ཁྲི་ཀ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ37མཚམས་སུ་ཆགས་ཡོད་པའི་རང་བྱུང་སྡེ་བ་ཆུང་ཆུང་ཞིག་ཡིན་ལ། སྡེ་བ་ཡོངས་ལ་ཁྱིམ་ཚང186ཡོད་པ་དང་མི་གྲངས800ཙམ་ལས་མེད། སྡེ་བར་དེར་ཚོ་བ་ཆེ་ཆུང་དགུ་ཡོད་པ་དང་ཚོ་ཁག་ཏུ་ཆགས་ཡོད་པ་ཤ་ཀྱཱ་ཚོ་བ་མ་གཏོགས་མེད། ཤ་ཀྱཱ་ཚོ་བ་ལ་ཤ་ཀྱཱ་ཚང་དང་ཤ་ཀྱཱའི་སྤྱན་ཚང་གཉིས་སུ་དབྱེ་རྒྱུ་ཡོད། གཞན་ནགས་ཚང་ཚོ་བ་དང་བྲ་ཚ་ཚོ་བ། ཞོར་ཚང་ཚོ་བ་བཅས་ནི་ཚོ་བ་ཆེ་ཤོས་ཀྱི་གྲས་སུ་འདྲེན་བཞིན་ཡོད་ལ། རྙེ་ཚང་དང་སྟག་རིག་ཚང་། འོ་ལྡུར་ཚང་། ཀེ་ལུ་ཚང་། རེ་ཚང་། ནགས་ཕྲུག་ཚང་བཅས་ནི་ཚོ་བ་ཆུང་ཤོས་སུ་རྩི་བཞིན་ཡོད།
སྡེ་བ་འདིའི་ཤར་ཕྱོགས་སུ་སྒྱོམ་སྡེ་བ་དང་དམེ་ཀྱཱ་སྡེ་བ། ཞིང་མོ་ཆེ་སྡེ་བ་བཅས་ཡོད་པ་དང་། ལྷོ་ཕྱོགས་སུ་རྐང་ཚ་གོང་ཞོལ་གཉིས་ཀ་དང་བདུད་ཤུལ་སྡེ་བ་བཅས་ཡོད། ནུབ་ཕྱོགས་སུ་བྱེ་མ་ལུང་དང་རྒྱ་ཚ་སྡེ་བ་ཡོད་ལ། བྱང་ཕྱོགས་སུ་ཨ་སྐོང་དང་ཁྲོ་བོ་རྒྱལ་སྡེ་བ་བཅས་ཡོད། སྡེ་བ་ཆུང་ཡང་ས་ཁྱོན་ཆེ་ཞིང་རི་ལུང་མང་བས་གནའ་ནས་ད་བར་དུ་ཞིང་ཕྱུགས་གཉིས་ཀའི་ལས་ཀ་གཉེར་བཞིན་ཡོད། འཕྲང་དམར་གཞུང་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པའི་སྡེ་བ་གོང་མ་གོང་མས་དེ་ལ་འཇམ་པ་ཟེར་བ་དང་། ཞོལ་མ་ཞོལ་མས་འཇམ་པ་གོང་མཐའ་བ་ཟེར་བཞིན་ཡོད། སྡེ་བའི་མི་རྣམས་ཀྱིས་མི་རབས་ནས་མི་རབས་ལ་རང་ཉིད་ནི་འཇམ་པ་བ་ཡིན་པར་ངེས་འཛིན་གྱིན་ཡོད། ཁ་ཅིག་གིས“འཇམ་པ་”ཞེས་པ་ནི་ཀློག་པའི་སྒྲ་མ་དག་པ་སྟེ་“འཇང་པ”ཡིན་པར་འདོད། ཡང་ཁ་ཅིག་གིས་“འགྲམ་པ”ཞེས་པའི་སྒྲ་འགྱུར་བ་སྟེ། རྨ་ཆུའི་འགྲམ་རྒྱུད་དུ་སྡོད་པའི་མི་ལ་གོ་དགོས་ཟེར། གང་ལྟར་བཤད་ཀྱང་བདག་གིས་ནི་མིང་འདིའི་ནང་དུ་གནའ་བོའི་མེས་པོ་ཞིག་གི་གསང་རྣམ་ཡོད་པར་གདོན་མི་ཟ་སྙམ། ལོ་རྒྱུས་ཡིག་ཚང་ནང་དུ་རྗེས་འཇུག“ང”དང་“མ”གཉིས་ཀྱི་འཇུག་ཚུལ་ཕན་ཚུན་འགྱུར་འགྲོ་བའམ་བརྗེས་ནས་འབྲི་སྲོལ་ཡོད་ཀྱང་། འདིར་སྟག་རིག་གི་རྒན་ལྕགས་བྷེ་ལགས་ཀྱིས་བཤད་པ་ལྟར་འཇམ་པ་དང་འབྲོག་པ། རོང་བ་གསུམ་ནི་སའི་ཆགས་བབས་ལ་བལྟས་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཡིན་ལ། རི་མཐོ་ཞིང་ས་གཙང་བའི་དབེན་པའི་གནས་ལ“འབྲོག”ཟེར་བ་དང་། ལུང་མཐིལ་དང་གཤོང་སའི་གནས་ལ“རོང”ཟེར། དེ་གཉིས་ཀྱི་བར་མཚམས་སུ་ཆགས་པའི་ཁོད་ཡངས་ཤིང་ཡུལ་མཛེས་པ་ལ“འཇམ”ཞེས་ཟེར། གནས་དེ་དག་ཏུ་འཚོ་བཞེས་བྱེད་པའི་མི་ལ་“འབྲོག་པ”དང་“རོང་བ”དང“འཇམ་པ”ཞེས་བྱུང་བ་ཡིན་ཟེར།
སྤྱི་ཚོགས་རྙིང་བར་སྡེ་བ་འདིས་ཕྱུགས་ལས་གཙོར་གཉེར་བ་དང་ད་ལྟ་ཞིང་ལས་གཙོར་གཉེར་བྱེད་བཞིན་ཡོད། དེ་བས། སྡེ་བ་འདི་གྱོད་སྣ་ཁ་མཆུ་དང་འཕྲད་སྐབས་འབྲོག་པའི་དཔེ་ལྟར་མི་ཤ་སྟོང་འཇལ་གྱི་གྱོད་བཤད་སྲོལ་ཡོད་ལ། རོང་བའི་དཔེ་ལྟར་རྐུས་པ་ཉིས་འཇལ་དང་འཕྲོག་པ་དགུ་འཇལ་གྱི་གྱོད་བཤད་སྲོལ་ཡང་ཡོད། ད་ལྟ་རྒྱལ་ཁབ་ཀྱི་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པའི་གྱོད་གཞིའང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད།
དང་བོ། སྟག་རིག་གིས་འབྲོག་པའི་དཔེ་ལྟར་གྱོད་བཤད་སྲོལ།
འབྲོག་པས་གྱོད་བཤད་སྐབས། “གྱོད་ཕར་འགེལ་ཕོ་རོག་མདའ་ཁུར་དང་། གྱོད་ཚུར་འགེལ་དགེ་འདུན་སྤྱི་འཁུར”ཞེས་པའི་ཁ་དཔེ་ལྟར། རང་དོན་ཁོ་ནའི་ཆེད་དུ་གཞན་སྡེ་བཙན་གཉོམ་གང་རུང་ལ་ཉེས་པ་བཟོས་ཏེ་འཇལ་བཤགས་སྤྲོད་དགོས་ཚེ། དེ་ནི་རང་ཚོད་མ་ཟིན་པས་ཕར་བཀལ་ཡིན་པས། སྡེ་བ་ཚོ་ཁག་དང་ཤོག་པ་སྤྱི་སྡེ་གང་རུང་གིས་དེ་ལ་རོགས་རམ་དང་རྒྱབ་སྐྱོར་ཅི་ཡང་བྱ་མི་ཆོག་པ་སྟེ། དཔེར་ན་ཕོ་རོག་རྒྱབ་ལ་མདའ་ཕོག་པ་ནང་བཞིན་རང་སྡུག་རང་གིས་འཁུར་དགོས་པ་ལས་ཉེ་རིང་སྤུན་མཆེད་སུས་ཀྱང་སྟོང་འཇལ་རོགས་བྱ་མི་ཆོག་པ་རེད། དེ་ལས་ལྡོག་སྟེ། གཞན་བཙན་པོ་སུ་ཞིག་གིས་རྒྱུ་རྐྱེན་གང་ཡང་མེད་པར་བརྙས་བཅོས་བྱས་པའམ་ཡང་ན་སྡེ་བ་དང་ཚོ་བ་སྤྱི་གཞུང་གི་དོན་དུ་ཕ་རོལ་བོ་ལ་མི་ལེགས་པའི་མཇུག་འབྲས་བཟོས་ཏེ་འཇལ་བཤགས་སྟོང་གསུམ་སྤྲོད་དགོས་ཐུག་ཚེ། དེ་ནི་རང་ལ་རང་དབང་མེད་པར་གཞན་གྱིས་གྱོད་ཚུར་བཀལ་བ་ཡིན་པས། དགེ་འདུན་སྤྱི་འཁུར་ཞེས་པའི་དཔེ་སྲོལ་ལྟར་ཚོ་བའམ་སྡེ་བ་སྤྱི་གཞུང་ནས་འཁུར་དགོས་སོ། །
སྟག་རིག་སྡེ་བར་མཚོན་ན། མེས་པོ་སྔ་མ་སྔ་མ་རྣམས་ཀྱིས་ས་ཆུ་དང་རི་ལུང་མང་པོ་བདག་གིར་བཟུང་མྱོང་ཞིང་། རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་ནས་རྗེས་རབས་པ་རྣམས་ལ་ཕྱི་སྣོད་ཀྱི་ཁོར་ཡུག་དང་ནང་བཅུད་ཀྱི་སེམས་ཅན་མོད་པོས་ཡིད་ཚིམས་པ་ཞིག་བཞག་ཡོད་ཀྱང་། དུས་རབས་ཀྱི་འགྱུར་ལྡོག་ནི་བཤད་མི་ཤེས་བྱིས་པའི་སེམས་འདྲ་འདྲ། ཚོད་མི་ཐུག་དབྱར་ཁའི་ཆར་འདྲ་འདྲ་ཞིག་ཡིན་པས། སྟག་རིག་གི་ས་ཆུ་སྐོར་ཞིག་གྱོད་སྣ་ཁ་མཆུའི་བར་ནས་སྟོང་ལ་ཤོར་བ་དང་། འགའ་ཞིག་རང་ཉིད་ཀྱིས་བདག་གཉེར་དོ་དམ་མ་བྱས་པས་གཞན་ལ་ཤོར་བ་རེད། དཔེར་ན། དུས་རབས་སྔ་མ་ཞིག་ལ། སྟག་རིག་དང་བདུད་ཤུལ་བར་ལ་འཁྲུག་རྩོད་བྱུང་ནས་མཚོན་འཛིང་བྱས་ཏེ། སྟག་རིག་གིས་བདུད་ཤུལ་དཔོན་ཕྲུག་ཆེ་གེ་མོ་ཞིག་བསད་པས། འབྲོག་པའི་སྟོང་འཇལ་སྲོལ་ལྟར། “དཔོན་བཙན་པོ་བསད་ན་ས་ཡིས་འཇལ། ས་སེར་བོའི་སྟེང་ལ་གསེར་གྱིས་བཀང”ཞེས་པ་ལྟར་སྟག་རིག་ཀ་ཙེ་ཐང་གོང་མ་དེ་དཔོན་ཕྲུག་བསད་པའི་མྱི་ཤ་རུ་སྟེར་དགོས་བྱུང་བ་དང་། རྗེས་རབས་པ་རྣམས་ཀྱིས་དེ་ལ་ངན་དམས་ཀྱི་ཚུལ་དུ“ཤི་བོའི་ཐང”ཞེས་བཏགས་པས་ད་ལྟའང་ཐང་དེ་ལ“ཤི་བོའི་ཐང”ཞེས་འབོད་བཞིན་ཡོད་པ་ལྟར་རོ། །
བཅིངས་འགྲོལ་བྱས་པའི་ཚུན་ཆད་ནས། སྟག་རིག་འདི་སྡེ་བ་གཞན་པ་དང་མ་འགྲིག་པའི་འཁྲུག་རྩོད་ཆེན་པོ་བྱུང་མ་མྱོང་ལ། མྱི་ཤ་སྟོང་འཇལ་གྱི་ལས་ལ་མཁས་པའི་མི་བུ་འཇོན་ཐང་ཅན་ཡང་ཇེ་ཉུང་ཇེ་ཉུང་རེད། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ནང་དུ། རྨོ་སྐྱུར་ནགས་འདེབས་དང་ཕྱུགས་སྐྱུར་རྩྭ་འདེབས་ཀྱི་སྲིད་ཇུས་བཟང་པོ་ལག་བསྟར་བྱེད་ཆེད། སྟག་རིག་གིས་སྒམ་ལུང་བའི་ཉིན་ངོར་ནགས་ཕྲུག་འཛུགས་སྐབས། བདུད་ཤུལ་གྱི་གསར་བུ་འགའ་རྒྱུགས་ཡོང་ནས་མཚོན་འཛིང་བྱས་ཏེ་སྟག་རིག་གི་གསར་བུ་ལོ་ཆུང་ཞིག་བསད་པས་མྱི་ཤ་སྟོང་འཇལ་གྱི་གཡུལ་བཤམས་དགོས་བྱུང་། དེ་དུས་འབྲོག་པའི་དཔེ་ལྟར་དགྲ་ཕྱོགས་ལ་རྫིག་འཕེན་སྐབས། ན་གཞོན་ཚོའི་ནང་དུ་རྫིག་གཏམ་སྤེལ་ཤེས་མཁན་གཅིག་ཀྱང་མ་བྱུང་བ་དང་། ལས་འཁྱུར་ངལ་གསོ་ལ་གནས་པའི་རྒད་པོ་ཁ་མཁས་ཤིག་གིས་རྫིག་བག་གི་གཏམ་ཞིག་བསྐུར་བ་འདི་ལྟ་སྟེ།
ང་སྟག་རིག་ཟེར་བ་སྟག་ཡིན། སྟག་འཛུམ་དྲུག་ཉིལ་ལེ་བསྡད་ཡོད་དུས། ཁྱོད་བདུད་ཤུལ་ཟེར་བ་བདུད་རེད། བདུད་སྟ་རེ་བཟུང་ནས་ཐོན་ཐལ། སྒམ་ལུང་བའི་ཉིན་ངོ་ནགས་ཡིན། ནགས་རྒྱ་རྫོང་སྲུང་ནོ་ང་ཡིན། ང་ལྷ་ཆེན་ཚངས་པའི་སྒོ་ཟོག་ཡིན། ཁྱོད་ལྷར་མཇལ་རྒྱུ་ཡིན་ནམ་འབྲོ་རྒྱུ་ཡིན་ཞེས་དྲིས་པར། རྫིག་ལན་དུ།
ཁྱོད་སྟག་རིག་ཟེར་བ་སྟག་རེད། སྟག་བསད་ན་པགས་པ་གདན་རེད། ང་བདུད་ཤུལ་ཟེར་བ་བདུད་རེད། བདུད་བཙན་པོ་ཞིག་གི་ཤུལ་རེད། ལྷ་ཚངས་པའི་སྒོ་ཟོག་སྟག་རེད། སྟག་སྒོ་ཁར་བཏགས་ན་ཁྱི་རེད། ཁྱི་བསད་ན་རོ་བདག་སུ་རེད། ཅེས་ལན་བརྒྱབ་ཡོང་བས་སྟག་རིག་གི་རྒད་པོ་རྣམས་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། རང་ལོ་བཅོ་ལྔ་ཡན་ཆད་དང་དྲུག་ཅུའི་མན་ཆད་ཀྱི་སྐྱེས་ཕོ་རབ་ཐམས་ཅད་ལ་དམག་བརྡ་བཏང་ནས་ཤ་འཁོན་རྩོད་དུ་བརྒྱུག་རྩིས་བྱས་པ་ན། ས་གནས་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས་ཀྱིས་ཚོར་ནས། སྟག་རིག་སྡེ་བ་ཕྱི་ནང་རིམ་པ་གསུམ་དུ་བསྐོར་ནས་མི་གཅིག་ཀྱང་ཕྱིར་འགྲོ་མི་ཐུབ་པར་བྱས། དེ་ནས་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། ལག་དམར་བཟུང་ནས་ཉེས་ཆད་གཅོད་རྒྱུ་དང་སྡེ་བ་གཉིས་ཀྱིས་བོད་ཀྱི་ཡུལ་སྲོལ་ལྟར་དུ་མྱི་ཤ་སྟོང་འཇལ་གྱི་གྱོད་བཤད་རྒྱུར་ཐག་བཅད།
ཟླ་བ་གཅིག་གི་དུས་ཡུན་ཙམ་ལ་ཕྱོགས་གཉིས་ཀྱི་གཟུ་བ་དང་གྱོད་པ་ཚང་མ་ཁྲི་ཀ་རྫོང་མཁར་ལ་འདུས་ནས། འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་སྣེ་ཁྲིད་འོག་དཀར་པོ་གྱེན་འདེད་དང་ནག་པོ་ཐུར་འདེད་བྱས་ཏེ། མཇུག་མཐར་གྱོད་བཤད་ན་འགྲིག་དགོས། མེ་སྒྲོན་ན་འབར་དགོས་ཞེས་པའི་དཔེ་ལྟར། བདུད་ཤུལ་གྱིས་སྟག་རིག་ལ་མྱི་ཤ་སྤྲོད་དགོས་པ་དང་། དེ་ལ་ཡང་འབྲོག་པའི་དཔེ་ལྟར་དམག་བཟློག་དང་ཆིངས་རྟེན། མགོ་བཀུག་དང་བདན་བཏིངས། སྡིག་བོའུ་རྭ་དམར། སྡིག་རྟ་རྨིག་དམར། སྡིག་གྲི་སོ་དམར་དང་བཅས་པའི་གཤིན་སྟོང་གི་རྨང་འདིང་དགོས་པ་དང་། ཕ་མའི་སྙིང་གནོན་དང་ཡུགས་མོའི་མིག་ཕྱིས། དྭ་ལུའི་བྲང་རྡུང་། ཕུ་ནུའི་ཟུར་ཤ ཉེ་བོའི་ཐོང་ཤ སྨན་རིན་དང་ལམ་གླ། དུར་འཇུག་དང་འདས་མཆོད་སོགས་དགེ་སྟོང་གི་གནད་ཆ་ཚང་བ་དགོས་པར་མ་ཟད། སྟོང་གི་རྔ་མ་ཆོས་ཀྱིས་བསྡུམས་ཞེས་པ་ལྟར་གླེགས་ཤིང་དང་གདོང་དར་བཅས་པའི་ཐར་མདོ་སྤུས་ལེགས་ཤིག་བླུ་དགོས་པ་ཐག་བཅད།
གྱོད་འདི་འདྲ་ཞིག་ལ་མཚོན་ན། ལག་དམར་གྱི་ཕྱོགས་ནས་རྫིག་གཏམ་ཐལ་ཆེ་བ་ལ་རྫིག་བཤགས་དང་མི་བསད་པ་ལ་སྡིག་བཤགས་བཅས་དགོས་པར་མ་ཟད། ཤི་བོའི་ཕྱོགས་ནས་སྡེ་བ་དང་ཚོ་བ་སྤྱིའི་དོན་དུ་རང་སྲོག་འབེན་ལ་བཞག་པ་ཡིན་པས། “གྱོད་ཚུར་འགེལ་དགེ་འདུན་སྤྱི་འཁུར་”གྱི་དཔེ་ལྟར་སྡེ་བ་ཡོངས་ཀྱིས་ཁྱིམ་ཚང་དེ་ལ་འོས་འཚམ་གྱི་ནང་སྟོང་འཇལ་བའི་སྲོལ་ཀྱང་ཡོད།
གཉིས་པ། སྟག་རིག་གིས་རོང་བའི་དཔེ་ལྟར་གྱོད་བཤད་སྲོལ།
སྟག་རིག་སྡེ་བ་ནི་རོང་འབྲོག་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་པས། རྐུ་ཁྱེར་འཕྲོག་བཅོམ་སོགས་ཀྱི་གྱོད་སྣ་ཁ་མཆུ་ལ་འཕྲད་སྐབས། རོང་བའི་དཔེ་ལྟར་རྐུས་པ་ཉིས་འཇལ་དང་འཕྲོག་ན་དགུ་འཇལ་གྱིས་གྱོད་བཤད་སྲོལ་ཡོད་ལ། དེ་ནི་ཕལ་ཆེར་སྡེ་བའི་ནང་ཁུལ་ནས་ཕན་ཚུན་ཕུ་ནུའི་བར་དུ་རྐུ་འཕྲོག་བྱེད་ན་སྔོན་འགོག་དང་གཏན་འགོག་བྱེད་པའི་ཆེད་དུ་ལོས་ཡིན་སྙམ། རྒྱུ་མཚན་ནི་སྟག་རིག་སྡེ་བས་གནའ་ནས་ད་བར་དུ་ནང་རྐུས་མི་བྱེད་ལ། ནང་རྐུས་བྱེད་པ་ནི་ཐན་ལྟས་ངན་པ་ཐ་ཤལ་དུ་རྩི་བཞིན་ཡོད། དུས་རབས་ཉི་ཤུ་བའི་དུས་མཇུག་ཅིག་ཏུ་བྱིས་པ་བསམ་མེད་འགའ་ཡིས་ཕྱི་རྐུན་ནང་འདྲེན་དང་ཁྱི་སྤྱང་ངན་འབྲེལ་བྱས་ཏེ། སྡེ་བའི་ནང་གི་བ་ལང་བོང་ལུ་དང་ར་མ་རེའུ་སྐོར་ཞིག་རྐུན་ལ་ཤོར་བས། རྒན་པ་ཚོས་སྡེ་མི་ཡོངས་རྫོགས་སྒྲིག་འཛུགས་བྱས་ནས་བོད་ཀྱི་ཡུལ་སྲོལ་ལྟར་ལྷ་འབོད་ཀླུ་འབོད་དང་བསང་ཁ་མཆོད་འབུལ་རྒྱ་ཆེན་པོ་བྱས་ཏེ། ནང་རྐུ་མི་བྱེད་པའི་དམ་བཅའ་རུ་བཞག་སྐད། དུས་དེ་ནས་བཟུང་སྟག་རིག་སྡེ་བར་རྒན་མོ་གསེར་འཁུར་ཞིག་གཉིད་ལ་ཤོར་ཀྱང་བརྣབ་སེམས་དང་གནོད་སེམས་སྐྱེ་མཁན་གཅིག་ཀྱང་མེད་པའི་རྫོགས་ལྡན་གྱི་བསྐལ་བ་ཡག་པོ་ཞིག་ཆགས་སོང་བ་རེད།
སྟག་རིག་གིས་རོང་བའི་དཔེ་ལྟར་རྩྭ་འཁྱིག་དང་ཆུ་འཁྱིག ཞིང་འཁྱིག ནགས་འཁྱིག་སོགས་གཏན་གཡོ་གཉིས་ཀྱིས་གྲུབ་པའི་རྒྱུ་ནོར་མཐའ་དག་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ཐད་དུ་གང་ལ་གང་འཚམ་ཀྱི་སྒྲིག་ལམ་དང་སྲོལ་ཡིག་སྣ་ཚོགས་ལག་ལེན་བསྟར་བཞིན་ཡོད་ལ། གཞན་ལ་ཕྲ་མ་བྱེད་པ་དང་ཚིག་རྩུབ་སྨྲ་བ། ངག་འཁྱལ་བྱེད་པ་སོགས་ངག་གི་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་དགེ་བའི་ལས་བྱས་པ་ལ“ངག་འཁྱིག”གམ“ཁ་འཁྱིག”འཇོག་པའི་སྒྲིག་ལམ་ཡང་ཡོད་དེ། དཔེར་ན། Aཚང་གི་མནའ་མ་རྐྱེན་ངན་དང་འཕྲད་ནས་ཤི་བའི་དོན་དེར། Bཚང་གི་བུ་མོས་ཚིག་འཁྱལ་བཤད་ནས་ཁྱད་གསོད་བྱས་པས། ཁྱིམ་ཚང་གཉིས་ཀྱི་བར་དུ་འགལ་བ་བྱུང་སྟེ་གྱོད་དུ་གྱུར་བ་དང་། སྡེ་བའི་གཟུ་བཤད་ཨུ་ཡོན་ལྷན་ཁང་གིས་དུས་ལྟར་གྱོད་དེ་བཤད་ནས་གྱོད་རྔ་ཆོས་ཀྱིས་བཟླུམ་སྐབས། ཐར་མདོ་དང་ལྟུང་བཤགས། གནད་བཤགས་བཅས་ལ་སྒོར་ཁྲི་བཅུ་ཐམ་པས་འཇལ་བ་ལྟར་རོ། །
དུས་རབས་ཉི་ཤུ་བའི་དུས་མཇུག་དང་དུས་རབས་ཉེར་གཅིག་པའི་དུས་མགོ་དག་ཏུ། སྟག་རིག་གིས་ད་རུང་སྔར་སྲོལ་ལྟར“བཟུང་བཀྱིགས་བཅད་ཀྱི་ཁྲིམས”ལག་ལེན་བསྟར་བཞིན་ཡོད་པ་དང་། རྐུན་མ་བཟུང་ནས་བཀྱིགས་པ་དང་དཔྱངས་པ། གཅར་རྡུང་བྱེད་པ་སོགས་ལ་སྡེ་བའི་རྒན་དར་གཞོན་གསུམ་ཚང་མ་སྤྲོ་བ་ཆེན་པོ་ཡོད་པ་རེད། དེ་ཡང་སྟག་རིག་གིས་རྐུན་མ་ལ་རིགས་གཉིས་སུ་དབྱེ་ཡོད་དེ། རྒྱུ་རྐུ་བ་དང་མྱི་རྐུ་བ་གཉིས་སོ། ། རྒྱུ་རྐུ་བ་ནི་ཕྱིའི་སྣོད་ཀྱི་འཇིག་རྟེན་དུ་ཆགས་པའི་རྒྱུ་རྫས་གང་ཞིག་བདག་གིར་དབང་བཞིན་དུ་གཞན་གྱིས་རྐང་འཇབ་ལག་འཇབ་ཀྱིས་ཁྱེར་བ་ལ་ཟེར་ཞིང་། དེ་འདྲའི་མ་བྱིན་ལེན་གྱི་བྱ་སྤྱོད་ནི་མ་རབས་ཐ་ཤལ་ཏུ་རྩི་བཞིན་ཡོད་པས། སུ་ཞིག་གིས་རྒྱང་ནས་མཐོང་བའམ་སྐབས་ཐོག་འཕྲད་པའམ། རྗེས་དཔག་སྒོས་ཤེས་པ་སོགས་བྱུང་ན་མྱུར་དུ་སྡེ་བའི་གསར་བུ་ཚོར་བཤད་ནས་ཚགས་སྒྲིག་དང་བཟུང་བཀྱིགས་བྱེད་པའི་སྲོལ་ཡོད་པ་རེད། དུས་རབས་ཉེར་གཅིག་པའི་དུས་མགོར། སྟག་རིག་གི་ར་ལུག་སྐོར་ཞིག་དང་བ་ལང་སྐོར་ཞིག་གཅིག་རྗེས་གཉིས་མཐུད་དུ་བོར་བརླག་བྱུང་བ་དང་། མི་རྣམས་ཀྱིས་རྐུན་མ་ནི་བདུད་ཤུལ་གྱི་“རི་སྤྱང་སྔོན་མོ”ཟེར་བ་དེ་ཡིན་པར་དོགས་ནས་ལམ་སྒུག་སྟེ་འཇུ་བཟུང་བྱས། “རི་སྤྱང་སྔོན་མོ”ཟེར་བ་དེས་རེ་ཞིག་སྟག་རིག་གི་ར་ལུག་རྐུ་ཁྱེར་བྱས་པ་ཁས་མི་ལེན་པར་མ་ཟད། ཁ་ཕོ་ཆེན་པོ་བསྒྲགས་ནས་སྟག་རིག་ལ་ཁྱད་གསོད་བྱས་པས། གསར་བུ་ཚོས“རི་སྤྱང་སྔོན་མོ”འབྲེང་བས་བཀྱིགས་ཤིང་སྤྱི་ཁང་གི་གདུང་མར་དཔྱངས་ནས་ཚ་འདྲི་ནན་འདྲི་བྱས་མཐར་རྐུན་མ་ཡིན་པ་ཁས་བླངས་པ་རེད། ཕྱི་ཉིན་བཀྱིགས་ཐག་མ་གྲོལ་བར་སྤྱི་བདེ་ལ་སྤྲད་ཀྱང་ཚ་འདྲི་བྱས་པའི་བྱ་སྤྱོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡོད་པས། སྟག་རིག་གི་གསར་བུ་བརྒྱད་སྐྱོན་ལ་ཐོགས་པ་རེད་ཟེར། དེ་ནས་བཟུང་སྟག་རིག་གི་གསར་བུ་རྣམས་ལ་མི་གཞན་གང་དགར་བཟུང་བཀྱིགས་མི་བྱེད་པ་དང་མི་མང་དཔུང་བསྡེབས་ཀྱིས་གཞན་ལ་གཅར་རྡུང་བྱེད་མི་ཉན་པའི་ངོས་ཟིན་ཟབ་མོ་ཐོབ་ཡོད་པ་རེད།
མྱི་རྐུ་བ་ཞེས་པ་ནི་གཞན་པའི་ཆུང་མའམ་མོ་ཧྲེང་གི་སེམས་བཀུག་ནས་ལུས་འབྲེལ་བྱེད་པ་ལ་ཟེར་ཞིང་། སྟག་རིག་གི་ཡུལ་མི་རྣམས་ཀྱིས“ཕོ་ལོ་བཅོ་ལྔ་བུད་ན་བློ་ཕ་ལ་མི་འདྲི། མོ་ལོ་བཅོ་ལྔ་བུད་ན་བྲོ་མ་ལ་མི་སློང”ཞེས་རང་ལོ་བཅོ་ལྔ་ནི་ནར་སོན་པའི་དུས་ཚིགས་ཤིག་ལ་ངོས་འཛིན་བཞིན་ཡོད་པ་དང་། རང་ལོ་བཅོ་ལྔར་བུད་རྗེས་བུ་མོ་རྣམས་ལ་སྐྲ་སྟོན་བྱས་ནས་སྡེ་བ་ཡོངས་ལ་བསྒྲགས་པ་དང་། དགོང་མོ་མལ་གཟིམ་གྱི་དུས་སུའང་རང་རང་ཕ་མ་དང་ཁ་བྲལ་ནས་ཁེར་རྐྱང་དུ་ཉལ་སྲོལ་ཡོད། བུ་མོ་གཞོན་ནུ་མ་ཚོ་ཁེར་རྐྱང་དུ་ཉལ་སའི་ཁང་པ་དེ་ལ་ཁྲོང་ཙེ་ཟེར་བ་དང་། ཕལ་ཆེར་ཁྱིམ་ཚང་རེ་ལ་ཁྲོང་ཙེ་གཅིག་གཉིས་རེ་ཡོད། དེ་ནི་ཕ་མ་ཚོས་རང་གི་བུ་མོ་ནར་སོན་པར་གྲ་སྒྲིག་བྱས་པའི་ཆེས་དྲོད་འཁོལ་ལྡན་པའི་ལེགས་སྐྱེས་ཤིག་ཡིན་པ་རེད། རང་ལོ་བཅོ་ལྔར་བུད་པའི་བུ་ཚ་རྣམས་ལ་རང་ཁྱིམ་གྱི་དྲོད་འཁོལ་བསྲུངས་ནས་འདུག་ས་མེད་ལ། བུ་མོ་རྣམས་དང་འདྲ་བར་ཁེར་རྐྱང་དུ་ཉལ་ས་དེ་བས་ཀྱང་མེད། རང་ལོ་བཅོ་ལྔར་བུད་པའི་བུ་ཚ་རྣམས“ས་རུབ་ན་འགྲོ་ས་མེད་རུང་བཞའ་ས་ཞིག ནམ་ལངས་ན་ཡོང་ས་མེད་རུང་སྐུང་ས་ཞིག”ཅེས་པའི་དཔེ་ལྟར་དགོང་མོ་རང་ཁྱིམ་ནས་ཉལ་བའི་དཔེ་མེད་ལ། ས་རུབ་མ་ཐག་སྲང་མྱུལ་ལ་འགྲོ་དགོས་པ་རེད།
དེ་ལྟར་སྡེ་བ་གཞན་པའི་སྲང་མྱུལ་བ་རེ་རང་སྡེ་ལ་ཐོན་ཚེ་བཟུང་བཀྱིགས་བྱེད་པའི་དཔེ་ཞིག་གནའ་ནས་ད་བར་དུ་ཡོད་པ་དང་། སྡེ་བ་གཞན་པའི་སྲང་མྱུལ་བ་ལ་ཧྲི་སྡེ་ནས་ཐོན་པའི་མྱི་རྐུན་ཟེར། མྱི་རྐུན་གང་ཡིན་པ་དེ་ལ་ཞེ་མཐུན་དགའ་རོགས་ཤིག་ཡོད་པའམ་ཡང་ན་ཡུན་རིང་འགྲོགས་རྩིས་ཡོད་པ་ཞིག་ཡིན་ཕྱིན་མྱུར་དུ་ཆང་ཕང་ཁ་བཏགས་བཟུང་ནས། སྟག་རིག་གི་སྐྱེས་པ་རྣམས་ལ་ལམ་བཤགས་འབུལ་དགོས་པ་དང་། སྟག་ཤར་ཚོས་ཆང་དེ་འཐུངས་རྗེས་ལམ་ཡངས་བྱ་དགོས། ལམ་ཡངས་བྱས་ཟིན་པའི་མི་དེ་ནམ་ཡོང་ཡང་སྟག་རིག་གི་ཕུ་ནུ་ཚོ་དང་ལྷན་དུ་མཉམ་འགྲོ་མཉམ་འདུག་བྱས་ཀྱང་ཧྲི་སྡེ་ནས་ཡོང་བའི་མྱི་རྐུན་ལ་རྩི་བཞིན་མེད། ལམ་བཤགས་མ་འབུལ་ཞིང་ལམ་ཡངས་མ་ཐོབ་པའི་མི་ཞིག་ཡིན་ཕྱིན། སྡེ་བའི་སྟག་ཤར་ཚང་མ་ཚོགས་ནས་དེ་ལ་བཟུང་བཀྱིགས་བྱེད་པ་དང་། ཁྱིམ་ཚང་གི་མཁར་ཁ་འགོས་ཤིང་མཁར་སྒོ་གཏོར། བུ་མོའི་རུམ་ནས་ཕྱུང་སྟེ་བཟུང་སོང་རུང་། ཁྱིམ་ཚང་དེའི་ཕ་མ་དང་ཉེ་རིང་སུ་ཞིག་གིས་ཀྱང་བཀག་འགོག་བྱ་མི་ཆོག་པ་ཞིག་རེད། དེ་ལྟར་བཟུང་བའི་མི་དེས་མྱུར་དུ་ལམ་བཤགས་མ་འབུལ་ཚེ། མི་མང་ལག་རུབ་ཀྱིས་གཅར་རྡུང་བྱེད་པ་དང་སྒྱིད་པའི་ཉྭ་ཁུག་ལ་ཚེར་མས་རྒྱག་པ། ལུས་གཅེར་བུར་ཕུད་ནས་དར་ཐོག་ཏུ་འདྲུད་པ་སོགས་ངམ་ནག་ཅིང་གདུག་རྩུབ་ཆེ་བའི་མནར་གཅོད་སྣ་ཚོགས་སྤེལ་ནས་རྗེས་ཕྱོགས་འདི་ཕྱོགས་སུ་ཡོང་མི་ཕོད་པ་ཞིག་བྱེད་ངེས་རེད།
གསུམ་པ། སྟག་རིག་གིས་ཁྲིམས་ལྟར་གྱོད་བཤད་སྲོལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་སྒྲིག་བཅའ་ཁྲིམས་དང་ཉེས་ཁྲིམས། སྤྱི་ཚོགས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་ཀྱི་རྩ་ཚིག་ནང་དུ་གཏན་འབེབས་བྱས་ཡོད་པར་གཞིགས་ན། རྐུ་ཁྱེར་དང་འཕྲོག་བཅོམ། གསོད་པ་དང་རྨས་པ་སོགས་ནི་བྱ་སྤྱོད་གདུག་རྩུབ་ཆེ་ཞིང་བྱེད་ལས་ཡང་བ། བྱས་འབྲས་གཉིས་ཕུང་གི་རྒྱུ་ཁོ་ན་ཡིན་པས། བྱ་སྤྱོད་དེའི་རིགས་མང་ཆེ་ཤོས་ནག་ཉེས་ཀྱི་ཁུངས་སུ་ཚུད་ཡོད་ལ་ཉེས་ཆད་ལྕི་མོ་གཅོད་བཞིན་ཡོད། དེ་ལས་རྐུ་ཁྱེར་གྱི་བྱ་སྤྱོད་དང་གཞན་ལ་རྨས་སྐྱོན་བཟོས་པའི་བྱ་སྤྱོད་འགའ་ཤས་ཤིག་རྐུས་པའི་རྒྱུ་རྫས་ཀྱི་རིན་ཐང་ངམ་རྨས་སྐྱོན་གྱི་ཚད་ངེས་ཅན་ཞིག་ལ་མ་ཐོན་ཚེ། ནག་ཉེས་ཀྱི་ཁུངས་སུ་མི་ཐེ་ལ་གཞུང་ཕྱོགས་ནས་སྤྱི་ཚོགས་བདེ་འཇགས་དོ་དམ་ཆད་གཅོད་ཀྱི་གཏན་འབེབས་ལྟར་ཉིན་བཅོ་ལྔའི་མན་གྱི་སྲིད་འཛིན་བཀག་སྐྱིལ་བྱེད་པ་དང་རྒྱུ་ཆད་གཅོད་པ། ཁ་ཏ་སློབ་གསོ་དང་བསླབ་འདོམས་ནན་མོ་གཏོང་བ་སོགས་ཀྱིས་ཆོག་པར་བྱེད། དེ་འདྲའི་དོན་རྐྱེན་དང་འཕྲད་ཚེ། སྟག་རིག་གིས་ནམ་ཡང་ཡུལ་གྱི་དམངས་སྲོལ་ལས་རྒྱལ་ཁབ་ཀྱི་ཁྲིམས་གཙོ་བོའི་ངེས་ཤེས་ཟབ་མོ་རྙེད་ཡོད་ལ། ཁྲིམས་ཀྱི་བདའ་འདེད་ཅིག་ལ་ནམ་ཡང་བཀག་འགོག་དང་བར་ཆད་བཟོས་མ་མྱོང་།
བཅོས་སྒྱུར་སྒོ་འབྱེད་ཀྱི་སྒོ་གླེགས་ཆེས་ཆེར་ཕྱེས་པ་དང་བསྟུན་ནས། ཕྱི་ལོག་གི་གོམས་གཤིས་ངན་པ་དང་བྱ་སྤྱོད་ངན་པ་སོགས་བཟང་ངན་ལ་དབྱེ་འབྱེད་མེད་པར་སྟག་རིག་གི་ན་གཞོན་སྐོར་ཞིག་གི་སེམས་ཁམས་མག་མོག་ཏུ་སྒྱུར་བཞིན་ཡོད་ནའང་། ན་གཞོན་མང་ཆེ་ཤོས་ཀྱིས་ཡ་རབས་ཀྱི་དཔྱངས་ཐག་ལ་ཨུ་ཚུགས་ཀྱིས་འཇུས་ནས་ཡུལ་སྲོལ་བཟང་པོ་མ་ཉམས་ཟོ་ཆུན་འཁྱུད་མོའི་ངང་ཚུལ་རྒྱུན་སྐྱོང་ཅི་ཐུབ་བྱེད་བཞིན་མཆིས། དེ་ཡང་རྒྱུ་ནོར་གཡོར་བསྐྱིས་འཇལ་བའི་ཁ་མཆུ་དང་བཟའ་ཟླ་མ་འགྲིག་ཐོར་བའི་ཁ་མཆུ། ཁྱིམ་མཚེས་མ་འགྲིག་སྙོམས་པའི་ཁ་མཆུ་སོགས་དམངས་དོན་གྱི་གྱོད་སྣ་ཁ་མཆུ་ཡོད་ཚད་སྡེ་བའི་ནང་གི་གཟུ་བཤད་ཨུ་ཡོན་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར་གྱོད་བཤད་ནས་ཟླུམ་བཞིན་ཡོད་པ་དང་། བཟླུམ་མ་ཐུབ་པ་དག་རང་རང་གི་འདོད་བློ་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པ་དང་གོང་རིམ་མགོ་ཁྲིད་དག་ལ་ཡར་ཞུ་བྱེད་པར་གེགས་རྒྱ་ཅི་ཡང་མེད་པར་བྱས་ཡོད། དཔེར་ན། ཀ་བ་ཚང་དང་ཁ་བ་ཚང་བར་གྱི་བཟའ་ཐོར་གྱོད་གཞི་དེ་ཐོག་མར་སྡེ་བའི་གཟུ་བཤད་ཨུ་ཡོན་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་སྲོལ་ལྟར་བཤད་པ་དང་། རྒྱུ་ནོར་བགོ་བཤའ་རྒྱག་སྐབས་སུ་ཡང་མིན་ན“སྒོ་ར་ཁ་མཚམས”དང་ཡང་མིན་ན“མདའ་མོ་ལྟུང་གཤགས”ཀྱི་དཔེ་སྲོལ་ལྟར་ཁྱིམ་ཚང་དེའི་རྒྱུ་ནོར་ཅི་ཡོད་ཉིས་བགོ་བྱེད་རྒྱུ་ཡིན་ཟེར་བས། ཨ་ཚང་གིས་བལྟས་ན“ཕ་རྒྱུ་གསེར་གྱི་ཀ་བ་དང་། མ་རྒྱུ་དངུལ་གྱི་གདུང་མ”ནི་ཕ་མེས་ཡང་མེས་ཚོས་བཞག་པའི་ཤུལ་ནོར་ཡིན་པས་རང་གི་བུ་རབས་ཚ་རྒྱུད་མ་གཏོགས་གཞན་མི་སུ་ཞིག་གིས་ཀྱང་བདག་འཛིན་དང་བགོ་བཤའ་བརྒྱབ་མི་ཆོག་པར་འདོད། ལྷག་པར་དུ་མནའ་མ་དང་མག་པ་ཚོ་མ་འགྲིག་པར་བཟའ་ཐོར་བྱུང་སྐབས་ཁྱིམ་ཚང་དེའི་ཡབ་མེས་ཀྱི་ཤུལ་བཞག་རྒྱུ་ནོར་ལ་བརྣབ་སེམས་སྐྱེས་ནས་བགོ་བཤའ་རྒྱག་པ་ནི་ལས་རྒྱུ་འབྲས་ལ་མི་མཐུན་པ་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་མི་མཐུན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཡང་མི་མཐུན་པས། སྡེ་བའི་གཟུ་བཤད་ཨུ་ཡོན་ལྷན་ཚོགས་ཀྱིས་གཟུ་བཅད་པ་ལ་མ་འཐད་ནས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་ལྟར་རོ། །
ད་སྐབས་གཞི་རིམ་གྱི་རྒན་གསུམ་དང་ཁ་མགོ་བ། གཟུ་བ། སྡེ་དཔོན་དང་ཧྲུའུ་ཅི་སོགས་མིང་བཏགས་སུ་ཡིན་ཡང་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཤེས་བྱ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཡོད་པ་དང་། བོད་སྐད་དང་བོད་ཡིག་གི་ལམ་ནས་ཤེས་བྱ་འདི་དག་ངོ་སྤྲོད་རྒྱག་པའི་བརྙན་འཕྲིན་དང་རླུང་འཕྲིན། སྐད་འཕྲིན་དང་པོད་འཕྲིན་སོགས་མང་པོ་ཡོད་པས། དེང་རབས་ཁྲིམས་ལ་རྨོངས་པའི“རྒན་གསུམ”དང་། ཏང་གི་སྲིད་ཇུས་ལ་རྨོངས་པའི“ཁ་མགོ་བ”། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་རྨོངས་པའི“གཟུ་བ”བཅས་ཀྱི་དཔུང་ཁག་དེ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་འདི་འགའི་རིང་ལ་སྟག་རིག་སྡེ་བ་ནས་རྒྱལ་ཁབ་ཀྱི་སྲིད་ཁྲིམས་དང་འགལ་བའི་གྱོད་དོན་ཆེར་མ་བྱུང་ལ། ཁྲིམས་འགལ་ལུགས་འགལ་དང་དཀར་ནག་གོ་ལྡོག་གི་གཏམ་ངན་ཡང་འདི་ཟེར་རྒྱུ་ཞིག་ཐོས་མ་མྱོས་བས། དེ་ནི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་འགྲོས་དང་བསྟུན་ནས་མི་རྣམས་ཀྱི་གོ་རྟོགས་ཀྱང་ཇེ་མཐོར་འགྲོ་བཞིན་པའི་རྟགས་ལོས་ཡིན་སྙམ།
སྟག་རིག་གིས་སྟོང་འཇལ་སྐབས་དགུ་ཚན་དང་ལྔ་ཚན་གྱི་འཇལ་སྤྲོད་བྱེད་སྲོལ་ཞིག་ཀྱང་ཡོད་པ་ཁོ་ཐག་རེད། ལོ་ལོན་ཚོས་སྒོ་ཟོག་ལ་སྡིག་དམོད་བྱེད་སྐབས“ལྔ་ཚན་ནང་དུ་རྒྱག་རྒྱུའོ”དང་ཡང་ན“དགུ་ཚན་ནང་དུ་རྒྱག་རྒྱུའོ”ཞེས་རྒྱུན་དུ་ངལ་ལས་ཐོལ་བྱུང་དུ་འབྱུང་བཞིན་ཡོད་ལ། ཕྱུགས་ཟོག་དཀའ་བོ་དང་གྱོལ་བོ། ཞ་ར། གཟའ་རོ་བཅས་ཡན་ལག་ལ་སྐྱོན་ཤོར་བའམ་ཕྱུགས་ཁྱུ་ལ་མི་ཆུགས་པའི་ངན་ཤོར་གྱི་སྐོར་ལ“སྟོང་ཟོག”གམ་“དགུ་ཟོག”ཅེས་སྡིག་དམོད་བྱེད་བཞིན་པར་བརྟག་ན། སྤྱི་ཚོགས་རྙིང་བར་སྟག་རིག་འདི་སྟོང་འཇལ་བའི་ལས་ལ་རྒྱུན་དུ་འཕྲད་བཞིན་ཡོད་པ་དང་། སྟོང་འཇལ་བ་ལའང་དགུ་ཚན་དང་ལྔ་ཚན་གྱི་འཇལ་སྲོལ་ཡོད་པ། དུས་རྒྱུན་དུ་ཕྱུགས་ཟོག་དཀའ་བོ་དང་གྱོལ་བོ། ཞ་ར། གཟའ་རོ་སོགས་ཡན་ལག་སྐྱོན་ཅན་དང་ངན་པ་ཁྱུ་ཤོེར་གྱི་རིགས་ནི་སྟོང་ཟོག་ནང་དུ་བརྩིས་ཆོག་པ་བཅས་གསལ་བོར་མངོན་བཞིན་ཡོད་ནའང་། མིག་སྔར་འདིའི་སྐོར་གསལ་བོར་བཤད་ཤེས་མཁན་ཞིག་གམ་ལག་ལེན་གྱི་ཉམས་མྱོང་ཡོད་པའི་མི་ཞིག་ལ་མ་འཕྲད་པར་མ་ཟད། འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆའང་རིན་ཐང་ཅན་ཞིག་ལག་ཏུ་སོན་མེད་པས། ཚིག་ངོས་ཀྱི་ངོ་སྤྲོད་ཙམ་ལས་ཆེར་དཔྱད་མ་ཕོད། རྗེས་ཕྱོགས་འདིའི་སྐོར་གྱི་དཔྱད་ཡིག་རེ་ལོན་ནས་ཁ་གསབ་ཅིག་རྒྱག་ཐུབ་ན་ཅི་མ་རུང་སྙམ་མོ། །