Skip to main content Skip to search
རྒན་པོའི་ནད་མེད་ཚེ་བསྲིང་གི་སྐོར་མདོར་ཙམ་གླེང་བ།

       དེ་ཡང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་འགྲོ་བའི་དུས་དང་བསྟུན་ནས་ཕྱི་ནོར་གྱི་བདེ་བ་ཙམ་ཁོ་ནའི་མི་ཆོག་པར་ནང་སེམས་ཀྱི་ལོངས་སྤྱོད་དང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་ཐད་ལ་དེ་ལས་ཀྱང་རེ་འདུན་དང་འཚོལ་སྙེགས་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཚང་མས་རང་ཉིད་ལ་བདེ་ཐང་གི་སེམས་ཁམས་ཤིག་དང་བདེ་ཐང་གི་ལུས་པོ་ཡག་པོ་ཞིག་ཡོད་དགོས་པའི་འདུ་ཤེས་བཟང་པོ་ཞིག་ད་ལྟའི་དུས་རབས་འདིར་ཀུན་གྱིས་དོ་སྣང་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ནི་སྤྱིར་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ལས་བྱུང་བའི་རྟགས་མཚན་ཞིག་དང་ཡང་ན་དཔལ་འབྱོར་དར་རྒྱས་ཀྱི་འབྲས་རྟགས་གང་ཞིག་གི་སྣང་ཚུལ་ཡིན་ནའང་འདྲ། གང་ལྟར་གོམ་གང་མདུན་སྤོས་ཀྱི་རྟགས་མཚན་བཟང་པོ་འདི་དང་འབྲེལ་ནས་འཇིག་རྟེན་གྱི་ཕ་མ་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་པའི་ཐད་ལ་རང་གི་ཞིབ་འཇུག་གི་ཁ་ཕྱོགས་དང་མཐུན་པའི་སྒོ་ནས་བསམ་ཚུལ་མདོར་བསྡུས་ཤིག་རང་དང་སྐལ་བ་མཉམ་པའི་གྲོགས་པོ་ལྷན་རྒྱས་དག་ལ་དྲན་སྐུལ་གྱི་ཚུལ་དུ་གླེང་ཁུལ་བྱས་པ་ཡིན།

   དང་པོ། རྒན་པོའི་མིང་གི་གོ་དོན་དང་ན་ཚོད་ཀྱི་དབྱེ་མཚམས།

    རྒན་པོ་ཞེས་པ་ནི་དཔལ་ལྡན་གསོ་བ་རིགས་པའི་གཞུང་ལས། འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་སྟེ།། དེ་ལས་ཟད་པ་ཕན་ཆད་རྒན་པོ་ཡིན།།ཞེས་གསུངས་པ་ལྟར་ལོ་ན་བདུད་ཅུ་ལས་འདས་ཏེ་ལུས་ཀྱི་ཟུངས་སྟོབས་དང་དབང་པོའི་ནུས་པ་རྣམས་བྲི་བའམ་ཡང་ན་ཟད་པས་ཕན་ཆད་ནི་རྒན་པོ་ཡིན་ཞེས་འདོད་པ་རྣམས་ནི་ཚེ་ལོ་བརྒྱ་བའི་དབང་དུ་མཛད་པ་ཡིན།དེང་སྐབས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་ན་ལོ་༦༥མན་གཞོན་ནུ་དང་། ལོ་༦༥ནས་༧༤བར་དར་མ། ལོ་༧༥ནས་༩༠བར་རྒན་པོ། ལོ་༩༠ནས་༡༢༠བར་ཤིན་ཏུ་རྒན་པོའི་ཁོངས་སུ་བརྩི་བཞིན་ཡོད་པས་སྐྱེ་ཁམས་རིག་པའི་ཆེད་མཁས་པ་སོགས་ཀྱིས་ཕྱོགས་བསྡོམས་བྱས་པ་ལྟར་ན་མིའི་ཚེ་ཚད་ཐུང་ཤོས་ཡང་ལོ་༡༠༠དང་རིང་ཤོས་༡༥༠བར་ཡིན་པར་འདོད་དེ། བོད་ལུགས་གསོ་རིག་གི་ཚིག་མཛོད་ཆེན་མོ་ལས། རྒན་པོ་ཞེས་པ་ནི་མི་ཕྱུགས་སོགས་ན་ཚོད་ཡོལ་བའམ་ལུས་ཀྱི་འབྱུང་ཁམས་རྒུད་པའི་རྒ་བའི་མིང་། ཅེས་གསུངས་པ་དང་། གནོད་བྱ་གནོད་བྱེད་ལ་སོགས་པས་གྲུབ་པའི་མིའི་ལུས་ཕུང་འདི་ཉིད་ལོ་ཟླ་དུས་ཀྱི་འཁོར་ལོ་རིམ་གྱིས་བགྲོད་པ་དང་འབྲེལ་འབྱུང་བའི་སྟོབས་རྣམས་ཀྱང་རིམ་པར་འགྲིབས་པས་ལུས་ཀྱི་དབྱིབས་དང་ནུས་པའི་སྟོབས། དབང་པོའི་ཚོར་བ་སོགས་རིམ་གྱིས་ཟད་ནས་སྔོན་རྟགས་སུ་ལུས་ཁམས་ཀྱི་ཤེད་ཤུགས་ཉམས་པ་དང་པགས་པའི་བཀྲག་མདངས་ཤོར་བ། ངོ་གདོང་གཉེར་མས་ཁྱབ་པ། ཤེས་པ་རྨོངས་ཤིང་འདོད་པའི་བྱ་བ་ཉམས་པ་སོགས་པའི་རྟགས་རྣམས་མངོན་པ་ལ་རྒས་པ་ཞེས་བརྗོད། གང་ལྟར་ཀྱང་ལུས་ཟུངས་ཀྱི་སྟོབས་བྲི་བའི་འགོ་ཚུགས་པ་ནས་བཟུང་རྒན་པོའི་དུས་རིམ་ལ་ངོས་འཛིན་གྱིན་ཡོད་པ་ནི་གཞུང་ཚད་མར་འཛིན་པ་མང་པོ་ཞིག་གི་ནང་དུ་གསལ་བོར་བསྟན་ཡོད་པས་ན། སྐབས་འདིའི་གླེང་བྱ་དང་དམིགས་ཡུལ་ནི་རྒན་པ་རྣམས་ཀྱི་ལུས་སེམས་བདེ་བར་གནས་པ་དང་ནད་མེད་ཚེ་རིང་ཡོང་བར་བསྲུང་འཛིན་བྱེད་ཐུབ་པའི་ཐབས་ཤེས་གང་ཡོད་ལག་ཏུ་བསྟར་རྒྱུ་ནི་བརྗོད་བྱ་དོན་གྱི་སྙིང་བོ་ཡིན།

     གཉིས་པ། རྒན་པོའི་ནད་མེད་བདེ་ཐང་གི་ཐབས་ཤེས་དང་ལག་ལེན།

   ༡  སེམས་ཁམས་ཀྱི་སྤྱོད་ལམ།

       རྒན་པོ་ཞེས་པ་ནི་རླུང་གི་རང་བཞིན་གྱི་མི་ཡིན་པས་ལོ་ན་ཆེར་བགྲེས་པ་དང་ལྷན་དུ་སེམས་ཁམས་མི་སྙོམས་པ་དང་མིག་ལ་ སོགས་པའི་དབང་པོ་མི་གསལ་བ་བཅས་ཀྱི་དབང་གིས་རྒན་པ་ཚོའི་སེམས་ཁམས་ལ་ཚད་མི་འདྲ་བའི་གནོད་པ་གང་མང་ཞིག་ངང་ངམ་ཤུགས་ཀྱིས་ཐེབས་བཞིན་ཡོད་པ་རེད། རྒྱུ་མཚན་དེའི་ཕྱིར་དུ་རྒན་པོའི་སེམས་ཁམས་བདེ་ཐང་གི་ཐད་ལ་རང་གི་ལྟ་ཚུལ་འགའ་རེ་བཏོན་ཡོད་པ་གཤམ་གསལ་ལྟར།

    རྒན་པོའི་སེམས་ཁམས་བདེ་ཐང་ཡོང་དང་མི་ཡོང་པ་ལ་རྐྱེན་གཉིས་ཀྱི་སྒོ་ནས་འཇོག་དགོས་ཏེ། དང་པོ་ནི་ཕྱིའི་རྐྱེན་དང་གཉིས་པ་ནི་ནང་གི་རྐྱེན་གཉིས་ལ་རག་ལས་ཡོད་པར་བསམ། ཕྱི་རྐྱེན་ནི་བུ་ཕྲུག་ཡ་རབས་རྣམས་ཀྱིས་རང་གི་ཕ་མའི་སེམས་ཁམས་སུ་ཕོག་ཐུག་རང་བཞིན་གྱི་གནོན་ཤུགས་སོགས་མི་སྟེར་པར་སེམས་ཁམས་བདེ་བོ་དང་འཚོ་བ་སྐྱིད་པོ་ཞིག་གི་ངང་ནས་ཕ་མའི་སེམས་ཁམས་བདེ་ཐང་ཡོང་པར་དོ་སྣང་དང་ཁག་ཐེག་ཡག་པོ་ཞིག་བྱེད་རྒྱུ་དེ་གལ་ཆེ་ལ། གང་སྒོས་སུ་དུས་རྒྱུན་གྱི་འཚོ་བའི་ནང་དུ་གཞོན་པ་རྣམས་ཀྱིས་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གཙང་མ་ཞིག་གི་སྒོ་ནས་རྒན་པོའི་རིགས་ལ་བཀུར་བསྟི་དང་ཞབས་ཞུ་གང་ལེགས་བྱས་ན་ད་གཟོད་འཇིག་རྟེན་གྱི་ཕ་མ་ཡོངས་ཀྱི་ལུས་སེམས་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བར་ཕན་པ་ཆེན་པོ་འབྱུང་གི་རེད།

     ནང་རྐྱེན་ནི་རྒན་པ་རང་ཉིད་ཀྱི་སེམས་ཁམས་དང་འགྲོ་འདུག་ལ་སོགས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལ་རག་ལས་ཡོད་པ་རེད། དེ་ནི་རྟག་ཏུ་རྒན་པ་རང་ངོས་ནས་སེམས་ཁམས་དྭངས་མོ་ཞིག་ཡོད་དགོས་པ་ནི་སེམས་ཁམས་བདེ་ཐང་གི་གཞི་རྩ་ཡིན་པ་དང་། ད་དུང་ཨུ་ཚིགས་ཆེ་བའི་གཤིས་ཀ་གྱོང་པོ་དང་། ཡིད་མུག་པོ། དོགས་པ་སྣ་དགུ་ཅན། ཁེར་འགྲོ་ཁེར་འདུག གཤིས་ཀ་མི་ཁྱུ་དང་མི་འདྲེས་མཁན། ལས་ཀ་གང་བྱས་ཀྱང་ཐེ་ཚོམ་ཆེ་བ། རང་གཤིས་རང་གི་ཁྱིམ་མི་དང་ཡང་ན་མཐའ་འཁོར་གྱི་མི་དང་འགལ་བར་གྱུར་བའི་རྒན་པོ་སོགས་ནི་ནམ་ཞིག་རང་ཉིད་སེམས་སྡུག་དང་ཞེ་སྡང་ཁོང་ཁྲོའི་རྒྱུ་རུ་ཟད་འགྲོ་བས་ངེས་པར་དུ་རྒན་པ་རྣམས་ཀྱིས་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་སྟེ། རབ་ཡིན་ན་ཉིན་རེར་ཞིབ་གཤེར་ཐེངས་རེ་བྱེད་རྒྱུ་མ་ཟད་རང་གིས་རང་གི་སེམས་ཁམས་སྙོམ་སྒྲིག་བྱེད་ཐབས་ཀྱི་ཐབས་ཤེས་གང་ལེགས་ཤིག་བསྟེན་དགོས། དེང་གི་དུས་འདིར་ཕྱོགས་སྒོ་མོ་ནས་སེམས་ཁམས་རིག་པ་སྨྲ་བ་དག་གིས་སེམས་ཁམས་བདེ་ཐང་གི་སྐོར་ལ་ཞིབ་འཇུག་གི་ཐབས་ལམ་མང་པོ་ཞིག་བཏོན་ཡོད་ནའང་དམིགས་ཚད་ཆེས་མཐོ་བའི་སེམས་ཁམས་བདེ་ཐང་གི་ཐབས་ཤེས་ནི། ནང་པ་སངས་རྒྱས་པའི་དགོངས་པ་ལྟར་ཐོག་མར་སྐྱབས་འགྲོ་དང་། སེམས་བསྐྱེད་ལ་སོགས་པའི་བསླབ་བྱ་དག་ལ་བློ་སྦྱོང་དང་ཚོགས་བསགས་སྒྲུབ་སྦྱོང་གི་ལས་གང་རུང་ལ་བློ་གཅིག་སེམས་གཅིག་གིས་འབད་པ་བྱས་ན་རང་གི་སེམས་ཁམས་སྐྱིད་པོ་དང་སྣང་བ་སྤྲོ་པོ་ཞིག་ཡོང་ཐུབ་པ་ལས་གཞན། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་སེམས་ཁམས་བདེ་ཐང་གི་ཐད་ལའང་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཐོན་ཐུབ་ཀྱིན་ཡོད། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། ངས་ནི་ཁྱེད་ལ་ཐར་བའི་ལམ་སྟོན་གྱིས།། ཐར་བ་རང་ལ་རག་ལས་ཤེས་པར་གྱིས།། ཅེས་གསུངས་པ་ནང་བཞིན་སེམས་ལས་བྱུང་བའི་ནད་རིགས་ཡོད་ཚད་དེ་གཙོ་བོ་རང་གི་སེམས་ལ་ཐུག་ཡོད་པ་ནི་ཤེས་དགོས།

  ༢ ཟས་སྐོམ་གྱི་བདེ་སྲུང་།

    རྒན་པོ་ནི་རླུང་གི་རང་བཞིན་ཅན་ཡིན་པས་ན་ཟས་སྐོམ་གྱི་རིགས་ཡང་ནུས་པ་དྲོད་བཅུད་དང་ལྡན་པའི་ཟས་སྐོམ་རིགས་རི་དེའི་རང་བཞིན་དང་ལུས་ཁམས་སོགས་ལ་བསྟུན་ནས་གང་ལ་གང་འཚམ་རེ་བསྟེན་དགོས་རྒྱུ་རེད། དཔེར་ན། ལུག་ཤ་དང་། ཚགས་ཤ ཁྱིམ་བྱའི་ཤ་སོགས་འོས་ཤིང་འཚམ་པ་རེ་བསྟེན་ན་བཟང་ལ། གལ་ཏེ་ཤ་ཡི་རིགས་སྤང་ནས་དཀར་ཟས་ཁོ་ན་ལ་རོལ་ནའང་ལུས་ཟུངས་ལ་མི་གནོད་པའི་གཏན་ཚིགས་རང་བཞིན་གྱི་རྒྱུ་མཚན་གླེང་མཁན་ནི་དེང་དུས་ཀྱི་རིག་པ་སྨྲ་བ་དག་གིས་གསུང་གི་བདུད་རྩི་མང་པོ་བསྩལ་ཡོད་པ་དེ་དག་ལ་གཟིགས་ན་ཤེས་ཐུབ་ལ། ཟས་ནི་སྤྱིར་ན་གྲོ་ནས་སྲན་གསུམ་དང་སྲོ་བ་སྲེ་ད་སོགས་རྒན་པོའི་ལུས་ཁམས་སུ་ཤིན་ཏུ་འཕྲོད། ལྷག་པར་དུ་ནངས་སྔ་མོ་སྦྲང་དཀར་རྩམ་པ་དང་སྤྲི་ཞོགས་ལ་སོགས་བཅུད་ལྡན་གྱི་རིགས་ཅུང་ཟད་རེ་བསྟེན་པ་དང་། ཉིན་གུང་ཁྱིམ་བྱའི་སྒོང་ཁུ་དང་དཀར་ཤ། རྩམ་ཁུ་དང་བག་ལེབ་བཅས་བསྟེན་པ། དགོང་མོ་འབྲས་ཐུག་དང་སྔོ་ཚོད་བཅུད་ལེན་གྱི་ནུས་པ་དང་ལྡན་པའི་ཟས་རིགས་ཏེ་རང་གི་ལུས་ཟུངས་ཀྱི་ཁམས་དང་བསྟུན་ནས་མཁྲེགས་པོ་དང་ཁོངས་པོ་རུལ་སུངས་དང་སྔོ་ངན་རློན་པ་སོགས་ཀྱི་རིགས་མ་ཡིན་པ་དག་བསྟེན་དགོས།

  རྒན་པོའི་སྐོམ་གྱི་རིགས་ནི། གོང་དུ་གསུངས་པ་བཞིན་བུར་ཆང་དང་རུས་ཆང་ལ་སོགས་ཆང་གི་རིགས་གང་ལ་གང་འཚམ་རེ་དང་། དུས་རྒྱུན་དུ་ཞོགས་པ་སྔ་མོར་ཆུ་བསྐོལ་ཕོར་གང་རེ་རྒྱུད་མཐུད་ཀྱིས་བསྟེན་ན་ཁྲག་གི་ནད་རིགས་སྤྱི་དང་སྒོས་སུ་ཕོ་བའི་མེ་དྲོད་སྐྱེད་ཅིང་ཕོ་རྒྱུ་ དྭངས་གཙང་དང་ལུས་ཁམས་ཡོངས་ཀྱི་རླན་གཤེར་གྱི་ཆ་གཟུང་འཛིན་བྱེད་ཐུབ་པ་ལས་ཆམ་པ་ལ་སོགས་པའི་ནད་རིགས་མང་པོ་སྔོན་འགོག་བྱེད་པར་ཡང་དགེ་མཚན་ཆེན་པོ་ཡོད། སློབ་དཔོན་ཕ་ཁོལ་གྱིས། འོ་མའི་སྦྱོར་བ་ཡང་སེང་ལྡེང་གི་ཁུ་བ་མ་གཏོགས་པ་མར་དང་སྦྲང་རྩི་དང་ལྡན་པ་བཏུང་ཞིང་ཁ་ཟས་སུ་ཤ་ཁུ་ཉི་ཚེ་འཐུངས་ན་ལོ་ཉིས་བརྒྱ་ཐུབ་པར་འགྱུར་རོ།། ཞེས་གསུངས་པ་ལྟར་བ་འབྲི་མཛོ་གསུམ་གྱི་འོ་མ་དང་ཞོ་ཕྲུམ་ལ་སོགས་རང་གི་རང་བཞིན་དང་ཡུལ་དུས། གཟུགས་པོའི་གནས་ཚུལ་སོགས་ལ་གཞིགས་ནས་བསྟེན་ན་ལུས་ཕུང་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་པར་ནུས་པ་བླ་ན་མེད་པ་འབྱུང་ངོ་།།

   ༣ སྤྱོད་ལམ་གྱི་བདེ་སྲུང་།

    སྤྱིར་སྤྱོད་ལམ་ཞེས་པ་ནི་མི་ཞིག་གིས་སྤྱི་ཚོགས་སྟེང་ལུས་ངག་ཡིད་གསུམ་གང་རུང་གི་སྒོ་ནས་འཚོ་བ་སྐྱེལ་བ་དང་ཡང་ན་བྱ་བ་གང་སྒྲུབ་པའི་འགུལ་སྐྱོད་ཀྱི་རྣམ་པ་རེ་རེ་ལ་སྤྱོད་ལམ་ཞེས་བརྗོད་ན་ཆོག་ལ། ལྷག་པར་དུ་སྐབས་རུ་བབ་པ་ནི་བགྲེས་པོ་དག་གི་སྤྱོད་ལམ་ཡིན་པས་ན་ཐོག་མར་ཁོ་རང་ཚོའི་རང་བཞིན་དང་གཟུགས་པོའི་གནས་ཚུལ་སོགས་ལ་བསྟུན་ནས་གང་ལ་གང་འཚམ་གྱི་སྤྱོད་ལམ་ཞིག་བསྟེན་ཤེས་ན་ཁོ་རང་ཚོའི་ལུས་སེམས་གཉིས་ཀྱི་བདེ་ཐང་གི་ཕྱོགས་ལ་ཕན་པ་རྒྱ་ཆེན་པོ་ཡོད་པ་མ་ཟད་རང་གི་ཚེ་མཇུག་གི་བྱ་གཞག་གང་ལའང་ཐད་ཀར་འབྲེལ་བ་ཟབ་མོ་ཞིག་ཡོད་པ་རེད།

  ༡ འགྲོ་འདུག་གི་སྤྱོད་ལམ།

   རྒན་པོའི་རིགས་ནི་ལོ་ན་བགྲེས་པའི་དབང་གིས་བྱིས་པ་དང་དར་མ་ལས་ཅུང་འགྲོ་འདུག་གི་ཚད་ནི་ཇེ་ཉུང་དགོས་པ་ཞིག་རེད་མོད།འོན་ཀྱང་དེང་སྐབས་གྲོང་གསེབ་དང་གྲོང་ཁྱེར་གང་ན་ཡང་རྒན་པོའི་འགྲོ་འདུག་གི་ཚད་ནི་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱུ་མཚན་དེ་ནི་གྲོང་ཁྱེར་དུ་རྒན་པ་རྣམས་ཀྱིས་རང་གི་ཚ་བོ་དང་ཚ་མོ་དེ་དག་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་གྲྭར་ཡར་བསྐྱེལ་མར་ལེན་བྱེད་པའི་འགན་ཁུར་ཡོད་པར་མ་ཟད། དར་མ་རྣམས་ལས་ཀར་སོང་རྗེས་ཁྱིམ་ཚང་ཞིག་གི་ལས་ཀ་ཆེ་ཆུང་ཐམས་ཅད་ལོ་ན་དྲུག་ཅུ་ནས་བདུན་ཅུ་ཡན་གྱི་རྒན་པ་ཚོའི་ཕྲག་ཐོག་ཏུ་བབས་ཡོད་པས་ན་ཁོ་རང་ཚོའི་འགྲོ་འདུག་གི་ཚད་དང་སེམས་ཁུར་ཧ་ཅང་ཉུང་ཉུང་མ་རེད། དེའི་སྟབས་ཀྱིས་རྒན་པ་རྣམས་ཀྱི་གཟུགས་པོ་ཡམ་ཡོམ་དང་གོམ་པ་ཁྱར་ཁྱོར་གྱི་ངང་ནས་སྲང་ལམ་ག་གེ་མོ་རུ་རླངས་འཁོར་སོགས་ཀྱི་འཇིགས་སྐྲག་དང་བདེ་འཇགས་ཀྱི་ཉེན་ཁ་སོགས་མང་བོར་ཕྲད་དང་འཕྲད་བཞིན་ཡོད་པས། ཕ་བཟང་གི་བུ་དང་མ་བཟང་གི་བུ་མོ་རྣམས་ཀྱིས་རང་གི་ཕ་མའི་འགྲོ་འདུག་གི་བདེ་ཐང་ལ་སེམས་ཁུར་དང་དོ་སྣང་བྱེད་དགོས་ལ། ལྷག་པར་དུ་འཇིག་རྟེན་གྱི་རྒན་པོ་ཡོངས་ཀྱི་འགྲོ་འདུག་གི་བདེ་ཐང་ཐད་ལ་དོ་སྣང་དང་སེམས་ཁུར་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།།

  ༢ གཉིད་ལོག་གི་སྤྱོད་ལམ།

     རྒན་པོ་རྣམས་དུས་རྒྱུན་གྱི་འཚོ་བའི་ནང་གཉིད་ལོག་ཆེས་དྲགས་པ་ཡང་མ་ཡིན་པར་ཆུང་བ་ཡང་མ་ཡིན་པར་རང་གི་ལུས་སྟོབས་ཀྱི་ཁམས་དང་འཚམ་པའི་གཉིད་ལོག་ཐབས་ཤིག་དགོས་ལ། ཁྱད་པར་དུ་ཉིན་མཚན་གཅིག་གི་ནང་མ་མཐའ་ཡང་ཆུ་ཚོད་༧-༨བར་གཉིད་དགོས་པ་རེད། དཔལ་ལྡན་གསོ་བ་རིག་པའི་རྒྱུད་ལས། སྤྱོད་ལམ་གཉིད་ལོག་དལ་དང་སེམས་དགའ་བརྟ།། ཞེས་གསུངས་པ་ལྟར། གཉིད་ལོག་གི་སྤྱོད་ལམ་དེ་དུས་རྟག་ཏུ་བདེ་བར་གཉིད་ལོག་ཅིང་འགྲོ་འདུག་དལ་བར་འདུག་པ་བཅས་ཀྱི་གཉིད་ལོག་ཐབས་ཤིག་དུས་རྒྱུན་དུ་གོམས་པར་བྱས་ན་རང་གི་སེམས་དགའ་བར་བྱེད་པ་དང་ནད་མི་འབྱུང་བ་སོགས་གཉིད་ཀྱི་བརྟ་བའི་མཆོག་ཏུ་གྱུར་རོ།།

   ༣ ཁྲུས་བྱེད་ཐབས།

   དུས་རྒྱུན་དུ་རྒན་པོའི་ལག་པ་དང་རྐང་པ་བཀྲུ་པ་དང་། ད་དུང་མགོ་བོ་དང་ཁ་སྣ་སོགས་གཙང་མར་བྱེད་པ། སེན་མོ་གཅོད་པ། རྣ་སྤབས་ལེན་པ། མ་མཐའ་ཡང་གཟའ་འཁོར་གཅིག་གི་ནང་དུ་ཆེས་ཉུང་ནའང་ཁྲུས་ཐེངས་གཅིག་རེ་བྱེད་དགོས།

   ༤ ལུས་སྦྱོང་བྱེད་ཐབས།

   རྒན་པོ་དར་མ་དང་བསྡུར་ན་འབྱུང་བའི་ཁམས་དང་ལུས་སྟོབས་སོགས་རིམ་གྱིས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་ན། ལུས་སྦྱོང་གི་གདམ་ག་ནི་རང་གི་གཟུགས་པོའི་གནས་ཚུལ་དང་། དུས་རྒྱུན་གྱི་འཚོ་བའི་གོམས་གཤིས། ཁོར་ཡུག་གི་གནས་ཚུལ། དུས་ཚིགས་ཀྱི་རང་བཞིན། གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ལ་གཞིགས་ནས་ལུས་སྦྱོང་བྱེད་ཐབས་ཀྱི་ཆོ་ག་དངོས་སུ་ལག་ཏུ་ལེན་དགོས་པ་ནི་ཐོག་མའི་སྔོན་འགྲོ་རེད། སྤྱིར་བ་གང་ཡིན་རུང་རྒྱུན་མཐུད་རང་བཞིན་གྱི་གོམས་གཤིས་བཟང་པོ་ཞིག་ཡོད་དགོས་པ་ནི་གཙོ་བོ་ཡིན་ལ། དེ་བཞིན་དུ་ལུས་སྦྱོང་བྱེད་ཐབས་དེ་ཡང་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ནས་དཔེར་ན། ཞོགས་རྩལ་རྒྱུག་སྦྱོང་བྱེད་པ་དང་། ལྒང་གི་རྩེ་བ། བསྐོར་བ་བྱེད་པ། ཕྱག་འཚལ་བ། མ་ཎི་བསྐོར་བ། སྐེ་སྦྱོང་བ། ལག་པ་སྦྱོང་བ། གཞན་ཡོ་གའམ་སྒོམ་རྒྱག་པ་སོགས་གང་ཡིན་རུང་འོས་ཤིང་འཚམ་པ་དང་། རྙོག་དྲ་མེད་པ། སྟབས་བདེ་བོ་ཡིན་པ་སོགས་ཀྱི་སྒོ་ནས་ལུས་སྦྱོང་བྱེད་ཐབས་ཤིག་རྒྱུན་འཁྱོངས་བྱེད་དགོས།

  ༤  སྨན་གྱི་བདེ་སྲུང་།

   རྒན་པོ་གང་ཞིག་འབྱུང་བ་རྒུད་པའི་ནད་ཀྱིས་གདུངས་ཏེ་རྒས་མགྱོགས་སུ་འགྲོ་བ་ལས་ཚེ་བསྲིང་བར་བྱ་བ་ནི་འོག་ནས་འབྱུང་བར་གྱུར་པའི་སྨན་སྦྱོར་གྱི་ཆོ་ག་ཚུལ་བཞིན་བསྟེན་ན་ཕན་པར་འགྱུར་བ་སྟེ། དཔེར་ན།ནད་དྲག་པོས་ཡུན་དུ་མནར་བ་དང་། ལྟོ་གོས་ཀྱིས་འཕོངས་པ། དཀའ་ངལ་གྱིས་མནར་ཏེ་ཟུངས་སྟོབས་ཇེ་ཞན་དུ་སོང་བ་རྣམས་ཀྱིས་ཀྱང་བཅུད་ལེན་སྨན་སྦྱོར་རིགས་བསྟེན་དགོས་ལ་ལྷག་པར་དུ་རྒན་པོའི་ ཟུངས་སྟོབས་གསོ་བའི་སྨན་ཡང་ཐོག་མར་རྒས་པ་ཉིད་ཀྱི་རང་བཞིན་དང་ཡུལ་དུས། ལུས་ཁམས་དང་ཟུངས་སྟོབས་ཆེ་ཆུང་། གཟུགས་པོའི་གནས་ཚུལ་སོགས་ལ་བལྟས་ནས་གང་ལ་གང་འཕྲོད་པའི་བཅུད་ལེན་སྨན་སྦྱོར་གྱི་རིགས་གང་རུང་ཞིག་བསྟེན་དགོས་རྒྱུ་རེད། སྨན་བསྟེན་ཐབས་ནི་དགུན་ཉི་ལྡོག་གི་ཉིན་དང་པོ་ནས་བཟུང་ཉིན་རེར་འབའ་སམ་སྨན་མར་དང་སྒོག་སྐྱའི་སྨན་མར།ཡང་ན་དབང་ལག་སྨན་མར་དང་མཁལ་གསོ་སྨན་མར་སོགས་ལས་གང་རུང་ཞིག་རྒྱུན་དུ་བསྟེན་ན་ཟུངས་སྟོབས་རྒྱས་ཤིང་ལུས་མདངས་འཕེལ་བ་དང་། ལྷག་པར་དུ་མིག་ལ་སོགས་པའི་དབང་པོ་རྣོ་ལ་དབང་ཤེས་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བ་ལས་ལུས་སྟོབས་ནི་སེང་གེའི་རྩལ་དང་ལྡན་པ་ཞིག་ཏུ་གྱུར་ཡོང་གི་རེད། དུས་ཚིགས་གཞན་དུ་ཡང་མཚམས་མཚམས་སུ་གསོ་བྱེད་ཉི་མའི་དཀྱིལ་འཁོར་དང་ཟླ་ཤེལ་བདུད་རྩི་མ། གྲུབ་ཐོབ་རིལ་དཀར། ཨ་གར་སོ་ལྔ་། དཀར་པོ་དྲུག་སྦྱོར། ནོར་བུ་བདུན་ཐང་སོགས་ཅུང་ཙམ་རེ་བསྟེན་ཤེས་ན་ཕོ་བའི་མེ་དྲོད་སྲུང་བ་དང་ཁྲག་ནད་ཀྱི་རིགས་མི་འབྱུང་བར་སྔོན་འགོག་བྱེད་ཐུབ་པར་མ་ཟད། འབྱུང་ཁམས་བདེ་ཞིང་རྒས་ཀ་སྲ་ལ་གཉེར་མ་དང་སྐྲ་དཀར་མི་འབྱུང་བ། དྲན་པ་སྔར་བས་གསལ་ཞིང་བློ་རིག་སྔར་ལས་རྣོ་བ་སོགས་ཀྱི་དགེ་མཚན་བླ་ན་མེད་དོ།།

  ༤ དཔྱད་ཀྱི་བདེ་སྲུང་།

   རྒན་པོ་གང་ཞིག་ལ་ནད་མེད་ཚེ་བསྲིང་གི་དཔྱད་བཅོས་ཤིག་བསྟེན་དགོས་བྱུང་ན་ཐོག་མར་མི་དེའི་རང་བཞིན་དང་ལུས་སྟོབས་ལ་འཚམ་པའི་དཔྱད་བཅོས་ཀྱི་ཕྱག་ལེན་ཞིག་བེད་སྤྱོད་བྱེད་དགོས་པ་རེད། དཔེར་ན། རླུང་མཁྲིས་བད་ཀན་གྱི་རང་བཞིན་ལ་བལྟས་ནས་ཞུན་མར་དང་ཏིལ་མར་ལ་སོགས་པའི་སྣུམ་རིགས་བཞིས་རྐང་མཐིལ་དང་ལག་མཐིལ། ཡང་ན་ཟུངས་ཟད་ཀྱི་རླུང་གསང་དྲུག་ཏེ་སྤྱི་གཙུག་ལ་སོགས་པ་སྣུམ་བྱུག་དང་བསྐུ་མཉེ་བྱེད་པ་དང་། དབྱུག་བཅོས་བྱེད་པ། མེ་བུམ་རྒྱག་པ། རླུང་གསང་ལ་མེ་བཙས་གསོ་བ་སོགས་བདེ་ཐང་དཔྱད་བཅོས་ཀྱི་ཐབས་ཤེས་རྣམས་ཁོང་དུ་ཆུད་པར་བྱས་ཏེ། རྒྱུད་ལས། སྨན་དཔྱད་ཤེས་ལོ་མ་བྱེད་རྟོག་དཔྱོད་གཟོབས།། མི་སྲོག་ཚོད་ལེན་མ་བྱེད་གདེངས་ལྡན་སློབས།། ལག་འཛུད་མ་སྔ་ནད་ཀྱི་སྐད་ལ་དྲིས།། དཔྱད་སྙིང་མ་ཆེ་སྨན་པས་ལག་དགྲས་འཕུང་།། ཞེས་གསུངས་པ་རྣམས་ཡིད་ལ་དམ་པོར་བཟུང་ནས་དེའི་ཕྱོགས་ལ་གཞོལ་བའི་འཚོ་བྱེད་པ་དག་གིས་སྔ་མོ་ནས་སྨན་དཔྱད་ཀྱི་ཕྱོགས་ལ་སློབ་སྦྱོང་དང་ལག་ལེན་ནང་བྱན་ཆུབ་པ་ཞིག་བྱས་ཏེ་བདེ་ཐང་དཔྱད་བཅོས་ཀྱི་མན་ངག་རྣམས་རྒན་པོ་ཚོའི་ལུས་སྟོབས་དང་གཟུགས་པོའི་གནས་ཚུལ་སོགས་ལ་བསྟུན་ནས་གང་ལ་གང་འཚམ་རེ་བསྟེན་རྒྱུ་ནི་རྒན་པ་ཚོའི་ལུས་སེམས་སྐྱིད་པོ་དང་ནད་མེད་ཚེ་རིང་ཡོང་ཐབས་ཀྱི་ཐབས་ཤེས་མེད་དུ་མི་རུང་བ་ཞིག་ཡིན་ནོ།།

   གསུམ་པ། མཇུག་བསྡུ་བའི་མཆིད།

     རྒན་པོའི་ནད་མེད་ཚེ་བསྲིང་སྐོར་གྱི་རྩོམ་ཡིག་འདི་ནི་《ཕྲེང་བ་དམར་པོ》ཞེས་པའི་རིག་གཞུང་དུས་དེབ་སྤེལ་ནས་བགྲང་བྱ་བཅུའི་འཁྲུངས་སྟོན་ལ་ཕུལ་བའི་ལེགས་སྐྱེས་ཤིག་དང་ལྷག་པར་དུ་སྟག་རིག་རྒན་བཀུར་ལོ་སར་ལ་ཕུལ་བའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན་པས། ལྗགས་རྩོམ་འདིའི་རྩོམ་སྟངས་ནི་བོད་ཀྱི་གསོ་བ་རིག་པའི་དཔྱད་རྩོམ་འབྲི་སྟངས་ལྟར་བྲིས་ཡོད་པ་དང་ཚིག་སྦྱོར་དང་བརྡ་ཆད་མང་པོ་ཞིག་སྤྱིར་ཡིན་ན་གསོ་བ་རིག་པའི་སྐོར་ནས་འབྲི་དགོས་བ་ཞིག་རེད། འོན་ཀྱང་ད་རེས་བདག་གིས་ཅི་ནུས་གང་ཐུབ་ཀྱིས་གསོ་རིག་སྐོར་གྱི་ཐ་སྙད་མང་པོ་ཞིག་བེད་སྤྱོད་མ་བྱས་པར་གསོ་རིག་སྐོར་མ་སྦྱངས་ཀྱང་བོད་ཡིག་ཤེས་པ་ཙམ་གྱིས་དོན་གོ་སླ་ལ་ཡིད་ལ་འཛིན་བདེ་བ་ཞིག་འབྲི་ཁུལ་བྱས་ཡོད་པས་དཔྱད་བརྗོད་འདིས། རྗེ་གཡུ་ཐོག་པའི་ལུང་བསྟན་བཞིན། ནམ་མཁའ་དང་མཉམ་པའི་སེམས་ཅན་ལ།། ནམ་མཁའ་དང་མཉམ་པའི་ཕན་ཐོགས་པར་ཤོག། ཅེས་གསུངས་པ་ལྟར་འཇིག་རྟེན་གནམ་འོག་གི་ཕ་མ་རྒན་པ་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་ཡོང་བ་དང་། ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བའི་ཐད་ལ་ཅུང་ཙམ་སྨན་ཐོགས་པར་སྨོན།

 

Personal Events Amdo Ziling
རྒན་པོའི་ནད་མེད་ཚེ་བསྲིང་གི་སྐོར་མདོར་ཙམ་གླེང་བ།
Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Chaktar Gyel
Year published 2018
Subjects
Places
UID mandala-texts-49896
DOI
PDF View | PDF icon Download (100.55 KB)
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence